Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྟ་སྒོམ་སྤྱོད་པའི་གླུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྟ་སྒོམ་སྤྱོད་པའི་གླུ། next

ལྟ་སྒོམ་སྤྱོད་པའི་གླུ།

༄༅། །ལྟ་སྒོམ་སྤྱོད་པའི་གླུ། ཕ་དྲིན་ཆེན་ཆོས་རྗེའི་ཞབས་ལ་འདུད། །བུའི་བློ་སྣ་དམ་པའི་ཆོས་ལ་བསྒྱུར། །ཀྱེ་གསོན་དང་འདིར་ཚོགས་སྒོམ་ཕྲུག་ཚོ། །ད་ལྟ་ཡི་རིག་པ་སོ་མ་འདི། །ཀ་དག་ཆོས་ཟད་རྗེན་པ་རུ། །ངེས་ཤེས་བསྐྱེད་དེ་བལྟ་བ་ལ། །ཡིད་དཔྱོད་ཀྱི་འཛིན་པས་མ་བསླད་འཚལ། །འདི་སྒོམ་གྱི་དམིགས་གཏད་བྲལ་བའི་ངང་། །ཡེངས་པ་རུ་ཕྱལ་བར་མ་སོང་བར། །མ་བཅོས་རང་བབས་ཀྱི་སྒོམ་པ་ལ། །འཇུར་དྲན་གྱི་ཐག་པས་མི་འཆིང་འཚལ། །རང་གྲོལ་གྱི་གནད་དང་མ་བྲལ་བར། །རྟོག་ཚོགས་ཀུན་སྦྲུལ་མདུད་བཞིན་གྲོལ་ངང་། །རྒྱལ་སྲས་ཀྱི་སྤྱོད་ལ་བསླབ་པ་ལ། །ཚུལ་འཆོས་ཀྱི་འདྲ་འབག་མི་གསོལ་འཚལ། །ཡེ་གྲོལ་གྱི་རིག་པ་ཕྱམ་བརྡལ་འདི། །སྐུ་གསུམ་གྱི་ངོ་བོར་ལྷུན་གྲུབ་པས། །ད་འབྲས་བུ་གཞན་ནས་ཚོལ་མ་དགོས། །རེ་དོགས་ཀྱི་འཕྲང་ལ་མི་གཅུན་འཚལ། །ཚུལ་དེ་སྐད་ལྟ་སྒོམ་སྤྱོད་པའི་གླུ། །སྤྲང་ཆོས་གཟུགས་པདྨ་རྣམ་རྒྱལ་གྱིས། །བློར་གང་ཤར་སོར་མོའི་ཟློས་གར་བསྒྱུར། །ཁྱེད་དད་པ་ཅན་གྱིས་གཟིགས་མོར་ཞུ། །
༈ ཀྱེ་གསོན་དང་སྐལ་ལྡན་གྲོགས་པོ་རྣམས། །ཕྱི་རྣམ་རྟོག་སྣ་ཚོགས་འཁྲུལ་བའི་སེམས། དེ་བལྟས་པས་ཆོས་ཉིད་དོན་ལ་རིང་། །ནང་རིག་མཁན་སོ་མའི་ངོ་ལ་ལྟོས། །བློ་བྲལ་གྱི་དགོངས་པ་འཆར་ཏེ་མཆི། །སེམས་འཇུར་བུས་བཅིངས་པའི་སྒོམ་པ་འདིས། །དོན་གཉུག་མའི་རང་སོ་མི་ཟིན་པས། །མ་བཅོས་རྣལ་མ་ཡི་ངང་ལ་ཞོག །གང་ཤར་ཀུན་སྒོམ་དུ་འཆར་ཏེ་མཆི། །བློ་ཡུལ་ཕྱིར་འབྲེང་ན་དུག་རོ་ལྡང་། །རང་གྲོལ་གྱི་གནད་མེད་ཐ་མལ་པ། །བུ་ཤར་གྲོལ་རྗེས་མེད་ཀྱི་ངང་ལ་ཞོག །སྣང་རྐྱེན་ཀུན་གྲོགས་སུ་འཆར་ཏེ་མཆི། །སྒོམ་ཆེན་ཀུན་སྒོམ་གྱིས་བཅིངས་ནས་གདའ། །བདེ་གསལ་མི་རྟོག་གི་བསླུ་བྲིད་མཁས། །བུ་ཞེན་མེད་འཛིན་མེད་ཀྱི་ངང་དུ་ཞོག །དོན་རྟོགས་པའི་རང་ཞལ་མཇལ་ཏེ་མཆི། །ཚུལ་དེ་སྐད་གང་ཤར་ཡི་གེའི་ཕྲེང་། །སྤྲང་གཏད་མེད་ཀུན་བཟང་བསྟན་རྒྱལ་གྱིས། །གནས་ཡོན་ཏན་ཀུན་འཛོམས་སེང་གེ་རྫོང་། །དཔལ་པདྨ་འོད་གླིང་སྒྲུབ་སྡེར་བྲིས། །


previousལྟ་སྒོམ་སྤྱོད་པའི་གླུ། next