Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གྲོགས་པོ་ལ་གདམས་པ་སྙིང་གཏམ་སོ་བཞི་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགྲོགས་པོ་ལ་གདམས་པ་སྙིང་གཏམ་སོ་བཞི་པ། next

གྲོགས་པོ་ལ་གདམས་པ་སྙིང་གཏམ་སོ་བཞི་པ།

༄༅། །གྲོགས་པོ་ལ་གདམས་པ་སྙིང་གཏམ་སོ་བཞི་པ་བཞུགས་སོ། །ན་མོ་གུ་རུ། སྐྱབས་གཅིག་བཀའ་དྲིན་མཚུངས་མེད་གར་གྱི་དབང་། །འབྲལ་མེད་སྤྱི་བོའི་རྒྱན་དུ་ལེགས་མཆོད་ནས། །ཆུང་ནས་འགྲོག་པའི་བཙུན་པ་རྣམ་རོལ་ལ། །བན་ཆུང་ང་ཡི་སྙིང་གཏམ་གླུ་རུ་ལེན། །ཤིན་ཏུ་རྙེད་དཀའི་དལ་འབྱོར་རྟེན་ཐོབ་ཚེ། །དོན་མེད་ཚེ་འདིའི་བྱ་བར་མི་གཡེང་བར། །རྙེད་དཀའི་རྟེན་ལ་སྙིང་པོ་ལེན་པའི་བློས། །དོན་ཆེན་དམ་ཆོས་སྒྲུབ་པ་སྙིང་གཏམ་ཡིན། ༡ །འཆི་བ་འོང་སྙམ་མེད་པའི་བློ་རྒྱ་འདིས། །མི་ཚེ་ཕལ་ཆེར་དོན་མེད་ལས་ལ་ཟད། །ད་ནི་ཚེ་མཇུག་སྤྲིན་བར་ཉི་ཞུར་ཙམ། །བརྩོན་པས་བྱང་ཆུབ་སྒྲུབ་པ་སྙིང་གཏམ་ཡིན། ༢ །རྒྱུ་འབྲས་ལས་ཀྱི་དབྱེ་བ་ཅུང་ཤེས་ཀྱང་། །ཉམས་སུ་མ་ལོན་རང་རེ་སྔར་ཕན་བསླུས། །ད་ནི་རང་སེམས་རང་ལ་དཀར་གྱུར་ན། །དཀར་ནག་འཇུག་ལྡོག་བྱེད་པ་སྙིང་གཏམ་ཡིན། ༣ །ཐོག་མ་མེད་ནས་སྲིད་པའི་བཙོན་རར་འཆིང་། །འགྱུར་དང་འདུ་བྱེད་སྡུག་བསྔལ་ཆད་པས་གཙེས། །ད་ནི་སྲིད་པ་འདི་ལ་ཡིད་སྐྱོ་ནས། །ཞི་བའི་བདུད་རྩི་བསྟེན་པ༴ ༤ །གངས་ཅན་ལྗོངས་འདིར་བསྒྱུར་བཤད་སྔ་ཕྱི་ཡི། །གསར་རྙིང་གྲུབ་མཐའི་དབྱེ་བ་མང་ཞིག་བྱུང་། །ཀུན་ཀྱང་འཁྲུལ་མེད་རྒྱལ་བའི་བསྟན་པ་ལ། །ཕྱོགས་རིས་ཆགས་སྡང་སྤོང་བ༴ ༥ །མཁྲིས་ནད་ཅན་ངོར་དུང་མདོག་སེར་པོ་བཞིན། །རང་སྐྱོན་ངན་པའི་དྲྭ་བས་མིག་སྒྲིབ་ཕྱིར། །འཕགས་པའི་ཡོན་ཏན་ཇི་བཞིན་མཐོང་དཀའ་བས། །ཀུན་ལ་དག་སྣང་སྦྱོང་བ་སྙིང་༴ ༦ །རྒྱལ་དང་རྒྱལ་སྲས་འཕགས་པའི་ཚོགས་རྣམས་ཀྱིས། །གང་འདུལ་སྒྱུ་མའི་རོལ་གར་ཅིར་ཡང་སྟོན། །ཀུན་མཁྱེན་མ་གཏོགས་གང་ཟག་ཚོད་འཛིན་དཀའ། །ཀུན་ལ་གཤེ་སྐུར་སྤངས་པ་སྙིང་༴ ༧ །ཆེན་པོ་གསུམ་གྱི་གྲུབ་མཐའ་གར་ཞུགས་ཀྱང་། །རྣམ་མཁྱེན་གོ་འཕང་མཆོག་ལ་སྦྱོར་ནུས་མོད། །རིག་གདངས་ལམ་དུ་ཁྱེར་བའི་ཉེ་ལམ་མཆོག །རྫོགས་ཆེན་རང་ལུགས་སྐྱོང་བ༴ ༨ །དབང་བསྐུར་རྒྱུད་བཤད་མན་ངག་ལུང་འབོགས་པའི། །མཚན་ཉིད་ཀུན་ལྡན་དགེ་བའི་བཤེས་གཉེན་ནི། །རང་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ། །ཅི་གསུང་ཚད་མར་འཛིན་པ༴ ༩ །ཚོང་དུས་ཆེན་པོར་འཚོགས་པའི་མགྲོན་པོ་བཞིན། །ཡུན་རིང་མི་སྡོད་མྱུར་དུ་འབྲལ་ངེས་པས། །དམ་ཚིག་གཅིག་གིས་སྦྲེལ་བའི་མཆེད་གྲོགས་ལ། །ངན་སེམས་འཐབ་རྩོད་མ་བྱེད༴ ༡༠ །གང་ཞིག་རང་དང་ཉེ་བའི་མི་མཆིས་ན། །ཐབས་ཀྱིས་དེ་བློ་ཆོས་བསྐུལ་མ་ནུས་རུང་། །འདིར་སྣང་ཁ་ཏ་བདུད་ཀྱིས་གསང་ཚིག་གིས། །དགེ་བའི་གེགས་སུ་མ་གཏོང་༴ ༡༡ །ཇི་ཙམ་འབྱོར་ཡང་སེམས་ལ་ངོམས་དུས་མེད། །འཚོ་སྐྱོང་སྲུང་བསྲེལ་ངལ་བརྒྱས་བསྒྲུབས་པའི་ནོར། །རང་ལ་མི་ཕན་ཐ་མ་གཞན་གྱིས་སྤྱོད། །ཆོག་ཤེས་ནོར་མཆོག་བསྟེན༴ ༡༢ །གཅིག་སེམས་ཟིན་ཀྱང་ཀུན་ངོ་ཟིན་དུས་མེད། །དེ་རིང་མགུ་ཡང་སང་ཉིན་འགྱུར་ནས་ཡོད། །ཐམས་ཅད་མགུ་ཡང་རང་འཆིར་ཕན་མི་འདོགས། །དེ་བས་རང་ཚུགས་བཟུང་བ༴ ༡༣ །དེང་སང་སྐྱེ་བོ་ཆགས་སྡང་གདོན་གྱིས་རློམ། །ལེགས་ལམ་མི་སྟོན་ཉེས་པ་འབའ་ཞིག་སློབ། །བླུན་པོའི་ཁ་ཏ་ནམ་ཕུག་གནོད་པའི་གཞི། །གྲོས་ཐག་རང་གིས་གཅོད་པ༴ ༡༤ །ཀྱེ་མ་དེང་སང་སྣོད་བཅུད་སྡིག་པས་གང་། །སུ་ལ་བལྟས་ཀྱང་ཆོས་བརྒྱད་དོན་དུ་གཉེར། །གང་དང་འགྲོགས་ཀྱང་ཆོས་འགལ་འབའ་ཞིག་སློབ། །དེ་ཕྱིར་གཅིག་པུར་གནས་པ་སྙིང༴ ༡༥ །དབེན་པ་བསྟེན་ཀྱང་རྣམ་གཡེང་མ་ཞི་བར། །འཇིག་རྟེན་འཁྲུལ་བའི་བྱ་བྱེད་གཞན་བས་མང་། །དགོས་དགོས་མང་པོ་འཛོམས་པའི་དུས་མེད་འདིས། །རང་མགོ་རང་གཡོགས་མ་གཏོང་༴ ༡༦ །ནང་དུ་ཉོན་མོངས་གཉེན་པོས་མ་ཐུལ་ན། །ལྟར་སྣང་མི་སྔར་ལེགས་པའི་ཨོ་ཟོབ་འདིས། །འཆི་ཁར་བྲང་ལག་འཐབ་མོ་འཆོར་ཉན་གདའ། །བློ་ཁ་ནང་དུ་བཀུག་པ༴ ༡༧ །ནག་ཕྱོགས་གདུག་པའི་ཟེར་རླངས་འཐུལ་བ་ཡིས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཆེས་མང་བས། །བློ་སྣ་ཚབ་ཚུབ་སྤྲོས་པ་ཀུན་བཅད་ནས། །དམ་བཅའི་གོ་ཆ་བརྟན་པ༴ ༡༨ །བདེ་ན་ཆོས་འཕེལ་སྡུག་ན་ལས་ངན་འཛད། །འབྱོར་ན་ཚོགས་གསོག་དབུལ་ན་ལན་ཆགས་བྱང་། །དེ་བས་སྐྱིད་སྡུག་ལེགས་ཉེས་ཤི་གསོན་སོགས། །གང་བྱུང་ལམ་དུ་ཁྱེར་བ་སྙིང་༴ ༡༩ །སྟོན་སྒོམ་ཁ་ཅིག་ཐོས་པ་དགྲར་ལྟ་མོད། །ཐོས་ཅུང་བླུན་རྨོངས་སྒོམ་པ་གོལ་བའི་རྒྱུ། །དེ་ཕྱིར་མཚན་ལྡན་བླ་མའི་ཞབས་བསྟེན་ནས། །ཉམས་ལེན་སྒྲོ་འདོགས་གཅོད་པ༴ ༢༠ །ཁ་ཅིག་གནས་ལུགས་བསྒོམ་པ་ནན་བཀག་ནས། །ཡང་དག་དོན་རློམ་རྟོག་གེའི་དགག་སྒྲུབ་མཁན། །རྒྱ་མཚོའི་རྒྱུད་དུ་སྐོམ་གྲིར་འཆི་བར་ཟད། །ཐོས་དོན་ཉམས་སུ་ལེན་པ༴ ༢༡ །བསླུ་མེད་དཀོན་མཆོག་གསུམ་ལ་ཡིད་ཆེས་ནས། །སྡུག་བསྔལ་སྲིད་པའི་མཚོ་ལས་སྒྲོལ་བའི་ཕྱིར། །སྐྱབས་འགྲོ་ཚིག་ཙམ་བརྗོད་པས་མི་ངོམས་པར། །བློ་སྙིང་བྲང་གསུམ་གཏད་པ༴ ༢༢ །ཐུབ་པའི་བསྟན་སྒོར་རབ་ཏུ་བྱུང་བ་འདི། །བསྐལ་མང་བསོད་ནམས་བསགས་པའི་འབྲས་བུ་ལགས། །དེ་ཕྱིར་འབྲེལ་མེད་ཐོ་ཅོའི་སྤྱོད་སྤོངས་ལ། །ཚངས་སྤྱོད་མིག་ལྟར་བསྲུང་བ༴ ༢༣ །མཐའ་ཡས་འགྲོ་རྣམས་དྲིན་ཆེན་ཕ་མ་ལ། །བྱས་པ་ཤེས་ཤིང་དྲིན་གཟོའི་བསམ་པ་ཡིས། །ཉེ་རིང་ཆགས་སྡང་བློ་ངན་ཀུན་སྤོངས་ནས། །བྱམས་དང་སྙིང་རྗེ་སྒོམ་པ༴ ༢༤ །སྡུག་བསྔལ་མགོན་མེད་ཉམ་ཐག་འགྲོ་མཐོང་ཚེ། །རང་ནུས་དང་བསྟུན་ཕན་འདོགས་གནོད་ལས་སྐྱོབས། །ཕན་མ་ཐོགས་ཀྱང་གནོད་པ་མི་སྐྱེལ་བར། །སྨོན་ལམ་བཟང་པོས་རྒྱས་འདེབས༴ ༢༥ །དཔལ་ལྡན་སྲས་བཅས་རྒྱལ་བའི་བགྲོད་གཅིག་ལམ། །ཟབ་རྒྱས་ཆོས་ཀྱི་ཉིང་ཁུ་ཨ་མྲྀ་ཏ། །བཀའ་གདམས་དྲང་སྲོང་ཚོགས་ཀྱི་ཐུགས་བཅུད་ཆེ། །བྱང་ཆུབ་སེམས་མཆོག་བསྐྱེད་པ༴ ༢༦ །སྙིང་རྗེའི་ངོ་བོ་སྟོང་ལ་རང་བཞིན་མེད། །སྟོང་པའི་རང་མདངས་མ་འགགས་སྙིང་རྗེར་ཤར། །དོན་ལ་དབྱེར་མེད་ཟུང་འཇུག་རྒྱལ་སྲས་ལམ། །ཉིན་མཚན་ཀུན་ཏུ་བློ་སྦྱོང་སྙིང་༴ ༢༧ །སྨིན་བྱེད་དབང་བཞིས་དུལ་བའི་ཞིང་ས་ལ། །གྲོལ་བྱེད་རིམ་གཉིས་མྱུ་གུ་ལེགས་བསྐྱེད་པས། །ས་ལམ་འབྲས་བཟང་ཡོན་ཏན་མྱུར་སྨིན་ཕྱིར། །དམ་ཚིག་རྣམ་པར་དག་པ༴ ༢༨ །ཕུང་ཁམས་སྐྱེ་མཆེད་འཁྲུལ་པའི་དྲི་སྦྱངས་ཤིང་། །ཡོངས་གྲུབ་གདན་གསུམ་འཁོར་ལོ་མངོན་བྱེད་ཐབས། །གསལ་བརྟན་དག་གསུམ་འཛོམས་པ་བསྐྱེད་པའི་རིམ། །གཡེང་བ་སྤོངས་ལ་སྒོམ་པ༴ ༢༩ །སྲོག་སྡོམ་གཟེར་བཞིའི་མན་ངག་གནད་ལྡན་ན། །དཀའ་བ་མེད་པར་གྲུབ་གཉིས་འདོད་དགུར་བསྒྱུར། །དེ་ཕྱིར་དོན་མེད་ལོངས་གཏམ་སྨྲ་བ་སྤོངས། །ཛབ྄་བསྙེན་རྒྱུན་དུ་བཟླ་བ༴ ༣༠ །འཁོར་འདས་ཆོས་ཀུན་རང་གི་སེམས་སུ་རྫོགས། །རང་བྱུང་རིག་པ་སྐུ་གསུམ་གདོད་མའི་གཤིས། །ཀློང་ཡངས་ཕྱམ་བརྡལ་ཡེ་གྲོལ་ཀ་ནས་དག །ལྟ་བའི་གོ་ཆ་ཡངས་པ༴ ༣༡ །སེམས་ཀྱི་གོས་བྲལ་རིག་སྟོང་རྗེན་ནེ་བ། །བྱིང་རྒོད་རྟོག་པས་མ་བསླད་དྭངས་སང་ངེ་། །གང་ཤར་རང་གྲོལ་རྟོགས་པའི་རྩལ་སྦྱང་བའི། །ཉམས་ལེན་རྒྱུན་དུ་སྐྱོང་བ༴ ༣༢ །ཇི་སྲིད་གཟུང་འཛིན་འཁྲུལ་པ་མ་ཞིག་བར། །དེ་སྲིད་ཀུན་རྫོབ་ལས་འབྲས་བསླུ་མེད་པས། །སྟོང་ལྟ་ཧད་པོས་ཁྱད་དུ་མི་གསོད་པར། །བཀའ་གདམས་རྣམ་ཐར་སྐྱོང་བ་སྙིང་༴ ༣༣ །གཟུང་འཛིན་གཉིས་སྣང་གློ་བུར་འཁྲུལ་པའི་སྤྲིན། །ཡེ་གྲོལ་ཀ་དག་གདོད་མའི་དབྱིངས་ཐིམ་ནས། །མ་བཙལ་ལྷུན་རྫོགས་འབྲས་བུའི་རྒྱལ་ཐབས་ཆེར། །ཚེ་འདིར་མངའ་དབང་བསྒྱུར་མཛོད་སྙིང་གཏམ་ཡིན། ༣༤ །དེ་སྐད་འཕྲལ་དུ་གང་དྲན་སྙིང་གཏམ་ཕྲེང་། །གོ་སླ་ཚིག་གི་སྲད་བུར་བརྒྱུས་པའི་གླུ། །ཅུང་ཟད་ཉན་དུ་རེ་ནས་ཕུལ་བ་ཡིན། །འདི་དོན་ལག་ཏུ་ལེན་པའི་བཀའ་དྲིན་ཞུ། །ཞེས་པའང་རྨོངས་པ་པདྨ་རྣམ་རྒྱལ་གྱིས་སྨྲས་པ་དགེ།
༄༅། །ན་མོ་གུ་རུ་བཛྲ་དྷཱ་ར་ཡེ། ཕུལ་བྱུང་དུས་གསུམ་གཤེགས་པའི་རྒྱལ་རྣམས་ཀྱི། །མཁྱེན་ནུས་བརྩེ་བའི་ཡེ་ཤེས་གཅིག་བསྡོམས་པ། །དབང་བཅུ་མཐར་ཕྱིན་པདྨ་ཐོད་ཕྲེང་དང་། །དབྱེར་མེད་དཔལ་ལྡན་བླ་མ་གཙུག་ན་བསྙེན། །མཚན་ལྡན་བཤེས་གཉེན་བསྟེན་ཡང་མོས་གུས་ཞན། །གདམས་ངག་ཟབ་དགུ་ཐོས་ཀྱང་མྱོང་བ་ཕྲ། །བསྟན་སྒོར་ཞུགས་པར་རློམ་ཡང་ཚེ་འདིར་ཞེན། །བདག་འདྲ་སྙིགས་མའི་འགྲོ་ལ་ཐུགས་རྗེས་གཟིགས། །སྟོན་དང་བསྟན་འཛིན་འཕགས་པའི་ཚོགས་རྣམས་ཀྱིས། །ལེགས་གསུང་ཟབ་རྒྱས་གདམས་པ་ཀུན་ཡོད་བཞིན། །བདག་འདྲས་བསླབ་བྱ་བྲི་ལ་དགོས་མེད་ཀྱང་། །ཁྱོད་གསུང་མི་ལྡོག་ཙམ་དུ་ཅུང་ཟད་སྨྲ། །མི་ཁོམ་ལས་ཐར་དལ་བའི་ལྗོན་བཟང་ལ། །རྨད་བྱུང་འབྱོར་བཅུའི་ལོ་འབྲས་ཆེར་སྨིན་པ། །སྔོན་ལས་དཀར་པོས་བདག་གིར་བཞེས་པའི་ཚེ། །འཁོར་བ་འདི་ལ་ཕྱི་ཕྱག་འཚལ་བར་རིགས། །བརྟན་དང་གཡོ་བའི་དངོས་པོ་གང་ལ་ཡང་། །ལེགས་པར་བརྟགས་ན་མི་རྟག་མཐའ་བཞིས་བསྡུས། །སང་ཙམ་མི་འཆིའི་གདེང་ཚད་ཅང་མཆིའམ། །བློ་སྣ་མང་པོ་བསྐྱུར་ལ་ལྷ་ཆོས་མཛོད། །སྲིད་པའི་གྲོང་ནི་སྡུག་བསྔལ་དུ་མའི་སྣོད། །དེ་རྒྱུ་མངོན་པར་འདུ་བྱེད་ལས་ཉོན་གྱི། །གཉེན་པོར་ཆེ་བ་ལམ་བདེན་ལ་གོམ་པས། །འགོག་པ་མངོན་དུ་གྱུར་པར་འབད་འཚལ་ལོ། །སྡོམ་པ་ཀུན་གྱི་རྟེན་གཞི་བླ་མེད་པ། །ནང་པའི་ཁྱུར་འགྲོ་ཉེས་ཀུན་འཇོམས་པའི་མཚོན། །དཀོན་མཆོག་གསུམ་ཞེས་སྐྱབས་ཀྱི་ཡུལ་མཆོག་ཆེ། །བྱང་ཆུབ་བར་དུ་མི་འབྲལ་བསྟེན་པར་འཚལ། །མི་ཡི་སེང་གེ་མཆོག་རྣམས་གཤེགས་པའི་ཤུལ། །ཇི་སྙེད་རྒྱལ་བའི་མྱུ་གུའི་ཐུགས་ནོར་མཆོག །ཟབ་རྒྱས་ཆོས་ཀྱི་སྙིང་པོའི་ཡང་བཅུད་ཆེ། །བྱང་ཆུབ་སེམས་མཆོག་རྒྱུད་ལ་བསྐྱེད་འཚལ་ལོ། །གང་ལ་བྱང་ཆུབ་སེམས་སྐྱེས་བདེ་གཤེགས་སྲས། །ལས་ཉོན་སྒྲིབ་པའི་བུད་ཤིང་ཀུན་བསྲེགས་པས། །རྣམ་སྨིན་ངན་འགྲོར་འཆིང་བར་མི་འགྱུར་ལ། །ལྷར་བཅས་སྐྱེ་དགུ་ཀུན་གྱི་བསྟི་སྟང་བྱེད། །སྨོན་པའི་སེམས་ལས་དགེ་བའི་ལོ་ཏོག་ཆེ། །སྦོམ་པོར་བསྐྱེད་ཅིང་ཞི་བའི་བར་དུ་འཕེལ། །འཇུག་སེམས་ལ་ཞུགས་མ་ཉམས་སྐྱེས་བུ་དེ། །བག་མེད་གྱུར་ཀྱང་བསོད་ནམས་དཔག་མེད་བསྐྱེད། །མདོར་ན་མཐའ་གཉིས་སྤངས་པའི་རྫོགས་བྱང་ཆེར། །འཇུག་འདོད་སྐྱེས་བུ་ཆེ་རྣམས་འདི་ལ་ཞུགས། །ལམ་འདིར་མ་བརྟེན་རྫོགས་བྱང་ཐོབ་འདོད་པ། །བྱང་ལྟས་ཕུག་པར་ཉི་ཟེར་བསྒུགས་དང་མཚུངས། །དེ་ཡང་སྔོན་འགྲོ་ཁྱད་པར་བཞི་ལྡན་ལ། །དངོས་གཞི་སྨོན་འཇུག་སེམས་བསྐྱེད་སྟབས་གཅིག་བླངས། །རྗེས་སུ་རང་གཞན་དགའ་བ་བསྒོམ་པ་སྟེ། །གཞན་རྐྱེན་ལྟོས་དང་རང་སྟོབས་གང་རུང་ལེན། །འཐོབ་བྱའི་ངོ་བོ་སྲོལ་གཉིས་ལྡན་པ་སྟེ། །སྙིང་རྗེས་འགྲོ་དང་ཤེས་པས་རྫོགས་བྱང་དམིགས། །དེ་ལ་འབྲས་བུར་དམ་བཅའ་སྨོན་པ་དང་། །རྒྱུ་ལ་དམ་བཅའ་འཇུག་པའི་སེམས་ཡིན་ནོ། །ངེས་ཚིག་བྱང་ཆུབ་ལམ་ལ་འཇུག་པའི་སེམས། །མི་སྐྱོའི་སེམས་སྟོབས་བརྟན་པའི་དཔའ་བོའོ། །དབྱེ་ན་རགས་པ་ཀུན་རྫོབ་སེམས་བསྐྱེད་དང་། །ཕྲ་བ་ཆོས་ཉིད་དོན་དམ་སེམས་བསྐྱེད་གཉིས། །ཚོགས་སྦྱོར་གཉིས་ན་མོས་པས་སྤྱོད་པ་དང་། །མ་དག་ས་བདུན་ལྷག་བསམ་རྣམ་པར་དག །དག་ས་གསུམ་ན་རྣམ་པར་སྨིན་པའི་སེམས། །མི་སློབ་ཐུགས་ཆེན་སྒྲིབ་པ་སྤང་པ་བཞི། །གཞན་ཡང་བསླབ་གསུམ་ཕྱིན་དྲུག་ལམ་ལྔའི་གྲངས། །ས་མཚམས་དབྱེ་བ་ཉེར་གཉིས་ལ་སོགས་སོ། །བསླབ་བྱ་སྲུང་ཐབས་དྲན་ཤེས་བག་ཡོད་དེ། །འདི་མེད་བསླབ་གསུམ་སྲུང་བར་ག་ལ་ནུས། །སྨོན་པའི་བསླབ་བྱ་སེམས་ཅན་བློས་མི་འདོར། །དེ་ཡང་མར་ཤེས་དྲིན་དྲན་དྲིན་གཟོ་བའི། །སེམས་ལས་བྱམས་སོགས་ཚད་མེད་བཞི་བསྒོམས་ཤིང་། །བདག་གཞན་མཉམ་རྗེ་བདག་བས་གཞན་གཅེས་པས། །དཀར་ནག་ཆོས་བཞིར་འཇུག་ལྡོག་བྱེད་པའོ། །འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་པ་དྲུག །ངོ་བོ་ཁྱད་ཆོས་བཞི་ལྡན་དགེ་བ་སྟེ། །ཡོན་ཏན་བཞི་ལྡན་ཆགས་བདུན་སྤངས་པས་སྒྲུབ། །དེ་ཡང་གཏོང་དང་གཏོང་བ་ཆེན་པོ་དང་། །ཤིན་ཏུ་གཏོང་བ་ཟང་ཟིང་སྦྱིན་པ་ཡིན། །གང་ཞིག་འཇིགས་པས་ཉེན་པའི་སེམས་ཅན་དག །བདེ་བའི་གནས་ལ་དབུགས་དབྱུང་སྐྱབས་ཀྱི་སྦྱིན། །ཆོས་ཀྱི་སྦྱིན་པ་ཆུང་འབྲིང་ཆེན་པོ་གསུམ། །རང་སྐལ་འཚམས་པས་འགྲོ་ལ་སྦྱིན་པའོ། །རྩ་ལྟུང་བཅུ་བཞི་ཉི་ཤུའི་གྲངས་ངེས་པ། །སྤོང་བ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡིན། །ཕ་རོལ་ཕྱིན་པ་དྲུག་ལྡན་རྣམ་དཀར་ཆོས། །རྒྱུན་ཆགས་རྒྱུད་ལ་སྦྱོར་བ་དགེ་ཆོས་སྡུད། །བསྡུ་དངོས་བཞི་ཡི་ཕྲིན་ལས་རླབས་ཆེན་གྱི། །གཞན་ཕན་སྒྲུབ་པ་དོན་བྱེད་ཚུལ་ཁྲིམས་སོ། །ཟབ་རྒྱས་ཆོས་ཚུལ་ཐོས་བསམ་སྒོམ་པའི་ཚེ། །ན་ཚ་བཀྲེས་སྐོམ་དཀའ་བ་དང་ལེན་བཟོད། །གཞན་གྱིས་རང་ལ་བརྡེག་བརྡུང་གཏམ་ངན་སྒྲོགས། །ཀ་ཅ་འཕྲོག་ཀྱང་ཁྲོ་བ་སྤོང་ལ་བཟོད། །ཤིན་ཏུ་ཟབ་མོའི་ལྟ་སྤྱོད་དོན་མཐོང་ཡང་། །སྐྲག་པ་སྤོང་བ་ངེས་སེམས་བཟོད་པའོ། །ལེ་ལོ་གསུམ་དང་བདུད་བཞི་ལས་རྒྱལ་བའི། །སྙིང་སྟོབས་གོ་ཆ་ཆེན་པོའི་བརྩོན་འགྲུས་དང་། །ས་བཅུ་ལམ་ལྔའི་ཡོན་ཏན་གོང་མ་ལ། །མངོན་པར་སྦྱོར་བ་སྦྱོར་བའི་བརྩོན་འགྲུས་ཆེ། །བྱ་དཀའི་གནས་ལ་མི་འགོང་རྐྱེན་ངན་གྱིས། །མི་ལྡོག་ཆོག་ཤེས་མེད་པའི་བརྩོན་འགྲུས་སོ། །ལམ་ལ་མ་ཞུགས་སོ་སྐྱེའི་རྒྱུད་ཏིང་ནི། །བསམ་གཏན་གཟུགས་མེད་བྱིས་པ་ཉེར་སྤྱོད་ཡིན། །ལམ་ཞུགས་གང་ཟག་རྒྱུད་ཀྱི་ཏིང་ངེ་འཛིན། །ཞི་ལྷག་ཟུང་འབྲེལ་དོན་རབ་འབྱེད་པ་ཡིན། །འཕགས་ས་ཐོབ་ནས་ཟག་མེད་ཏིང་འཛིན་ནི། །དེ་བཞིན་གཤེགས་དགེའི་བསམ་གཏན་ཞེས་བྱའོ། །དྲང་ངེས་ལྡེམ་དགོངས་ཆོས་ཚུལ་དཔག་ཡས་ཀུན། །ཉན་པར་བྱེད་པ་ཐོས་པའི་ཤེས་རབ་ཡིན། །ཆོས་ཀུན་དཔྱད་པའི་མཐའ་བཞི་ལས་གྲོལ་བའི། །རང་བཞིན་ཉིད་དུ་ཤེས་པ་བསམ་བྱུང་ངོ་། །བློ་དང་ཡིད་དཔྱོད་ལས་འདས་ངེས་པའི་དོན། །རྒྱལ་ཡུམ་མངོན་དུ་རྟོགས་དེ་སྒོམ་བྱུང་ངོ་། །དེ་ལྟའི་ཕར་ཕྱིན་དྲུག་གི་གཞུང་ལམ་ཆེར། །སྐལ་བཟང་མཆེད་ཁྱོད་ཡང་དག་ཞུགས་མཛོད་དང་། །ཚོགས་སྦྱོར་མཐོང་སྒོམ་ལམ་རྣམས་ཉེར་བགྲོད་ནས། །མི་རིང་རྒྱལ་བའི་དབང་པོ་ཉིད་དུ་འགྱུར། །ཚུལ་འདི་བླ་མ་བསམ་གཏན་ནོར་བུ་ཡིས། །ཡང་ཡང་བསྐུལ་ངོར་པདྨ་བི་ཛ་ཡིས། །ཡིད་ལ་གང་ཤར་འཕྲལ་མར་བྲིས་པ་ཡི། །དགེ་བའི་འབྲས་བུ་ཁྱེད་ཐུགས་ལ་སྨིན་ཤོག །
༄༅། །ༀ་སྭསྟི། མཆོག་བྱིན་ཉི་མ་འབར་བའི་གཟི་བརྗིད་ཀྱིས། །རྨོངས་ཆེན་བློ་ཡི་མུན་སྟུག་སེལ་མཛད་ཅིང་། །རྣམ་དཔྱོད་བློ་གྲོས་པད་ཚལ་བཞད་པའི་གཉེན། །ཀུན་མཁྱེན་བླ་མ་འཇམ་པའི་དབྱངས་དེས་སྐྱོངས། །ཁོ་བོའི་བློ་གྲོས་རྫིང་བུ་དང་འཚམ་པའི། །ལེགས་པར་འདོམས་པ་ཨུཏྤལ་གཞོན་ནུའི་ཕྲེང་། །སྡེབ་ལེགས་ཚིག་གི་སྲད་བུར་བརྒྱུད་པ་འདི། །བློ་གསལ་མགུལ་བའི་རྒྱན་དུ་སྤ་བར་མཛོད། །ཚེ་སྔོན་རྣམ་དག་ཚུལ་ཁྲིམས་གྲུ་གཟིངས་མཆོག །ལེགས་སྨོན་བཟང་པོའི་བ་དན་གྱིས་བསྐུལ་བས། །ཉེར་ཐོབ་དལ་བརྒྱད་འབྱོར་བཅུའི་དགོས་འབྱུང་དབང་། །འདིར་སྣང་ལེ་ལོའི་དགྲ་ལ་མི་བསྐུར་འཚལ། །སྣོད་བཅུད་མི་རྟག་སྒྱུ་མའི་ལྡིང་ཁང་དུ། །ཚེ་སྲོག་གཡོ་བ་གློག་གི་གར་མཁན་བཞིན། །དཔལ་འབྱོར་རྩྭ་རྩེའི་ཟིལ་བ་ལྟར་གཟིགས་ལ། །མྱུར་བར་མྱུར་བར་དམ་པའི་ཆོས་མཛོད་ཅིག །ཇི་ལྟར་ས་བོན་མངར་ཁ་གང་བཏབ་པར། །འབྲས་བུ་མི་འཆོལ་སོ་སོར་སྨིན་པ་བཞིན། །ནམ་ཡང་མི་བསླུ་རྒྱུ་འབྲས་ཟབ་མོའི་ཚུལ། །ངེས་ཤེས་བརྟན་པོས་འཇུག་ལྡོག་ལྷོད་མེད་འཚལ། །ཤིན་ཏུ་མི་བཟད་སྲིད་པའི་བཙོན་ཁང་དུ། །བདག་འཛིན་ལྕགས་སྒྲོག་སྲ་བས་དམ་བཅིངས་ནས། །སྡུག་བསྔལ་གསུམ་གྱི་ཆད་པས་རྟག་གཙེས་པའི། །ཚུལ་འདི་གཟིགས་ནས་དགེ་ལ་གཞོལ་བར་རིགས། །ལྷ་མིའི་སྟོན་པ་ཆོས་ཀྱི་སྤྲིན་ཆེན་ལས། །ལེགས་འོང་བསྟན་མཆོག་དུག་སེལ་བདུད་རྩིའི་ཆབ། །འགྲོ་བསོད་འཛིན་མའི་ཕང་པར་བསྐྱིལ་དུས་འདིར། །སྲིད་པའི་སྐོམ་པ་མ་ལུས་སེལ་བར་མཛོད། །རྣམ་གཡེང་མི་བཟད་སྤྲིན་ནག་ལས་འོངས་པའི། །འཁྲུལ་གཏམ་ཆར་གྱིས་དུག་ལྔའི་ལོ་ཏོག་བསྐྱེད། །རྣམ་དཀར་དགེ་བའི་རི་མོ་འཁྲུད་ངེས་པས། །མང་པོའི་ཚོགས་གྲལ་ངག་ལ་བརྟག་པ་གཅེས། །བདེར་གཤེགས་སྲས་བཅས་དཀར་ཕྱོགས་ལྷ་ཀླུའི་ཚོགས། །མཁན་སློབ་ཡེ་ཤེས་གཟིགས་པ་ཟབ་མོའི་ངོར། །ལྐོག་གྱུར་ཆོས་ཀུན་མ་འདྲེས་མཁྱེན་ངེས་པས། །གཅིག་པུར་འདུག་ཀྱང་རང་གི་སྤྱོད་ལ་བརྟག །མི་བསྲུན་སེམས་ཀྱི་གླང་པོ་ཡན་བཏང་ན། །མནར་མེད་ལ་སོགས་སྡུག་བསྔལ་བརྒྱ་ཕྲག་གི། །བཟོད་དཀའི་གཡང་ས་གཏིང་རིང་བསྐྱུར་ངེས་པས། །རྣམ་པ་ཀུན་ཏུ་རང་གི་སེམས་འདི་སྲུངས། །སྡོམ་གསུམ་རྣམ་དག་གསེར་གྱི་ས་གཞི་ལ། །ཐོས་བསམ་སྒོམ་པའི་རི་གླིང་བཀོད་ལེགས་ཤིང་། །གཞན་ཕན་ཐུགས་བསྐྱེད་ཉི་ཟླའི་བགྲོད་པ་ཅན། །མཚུངས་མེད་ཆོས་རྗེ་བླ་མ་སྤྱི་བོས་བསྟེན། །གང་གི་ཐུགས་རྗེའི་གྲིབ་བསིལ་ལ་བརྟེན་ན། །འཇིགས་ཚོགས་ཚ་གདུང་དྲག་པོ་གཞིལ་མཛད་པ། །དཀོན་མཆོག་གསུམ་ཞེས་གྲགས་པའི་གདུགས་དཀར་པོ། །བྱང་ཆུབ་བར་དུ་སྐྱབས་སུ་བསྟི་བར་མཛོད། །འགྲོ་བའི་དུག་གསུམ་ནད་ཀུན་གཞིལ་མཛད་པའི། །སྨན་པའི་རྒྱལ་པོ་མཚུངས་མེད་ཐུབ་ཆེན་གྱིས། །ལན་བརྒྱར་བསྔགས་པའི་ཆོས་འདུལ་རིན་པོ་ཆེ། །དྲི་མེད་ཚུལ་ཁྲིམས་མིག་བཞིན་བཙའ་བར་མཛོད། །སྙིགས་དུས་དམ་ཆོས་ནམ་པར་འཇིག་ཉེའི་ཚེ། །བསླབ་ཁྲིམས་ཉིན་གཅིག་བསྲུང་བའི་ཕན་ཡོན་ཡང་། །སྟོང་གསུམ་གསེར་བཀང་སྦྱིན་པ་བྱས་ལས་ལྷག །དེ་ཕྱིར་རྩ་བཞི་ཆང་ལྔ་སྲོག་ལྟར་སྲུངས། །དུས་གསུམ་གཤེགས་པའི་རྒྱལ་རྣམས་འབྱུང་བའི་གནས། །རྒྱལ་སྲས་ཀླུ་མཆོག་རྣམས་ཀྱིས་ཡོངས་བཟུང་བ། །སྲིད་ཞིའི་འཇིགས་པའི་མེ་ཚོགས་གཞིལ་བའི་ཆབ། །ཐེག་ཆེན་བྱང་ཆུབ་སེམས་མཆོག་བསྐྱེད་པར་མཛོད། །འགྲོ་བ་མཐའ་དག་ཕ་མའི་རང་བཞིན་ལ། །དགྲ་གཉེན་ཆགས་སྡང་འཁྲུལ་བའི་བློ་བཏང་སྟེ། །བྱམས་དང་སྙིང་རྗེ་དགའ་བ་ཚད་མེད་པས། །ཀུན་རྫོབ་བྱང་སེམས་བློ་སྦྱོང་སྙིང་པོར་མཛོད། །རང་སྲོག་རང་ལ་ཕངས་པ་ཇི་བཞིན་ལ། །གཞན་གྱི་སྲོག་ཀྱང་དེ་བས་གཅེས་ངེས་པས། །རྣམ་གསུམ་དག་པའི་ཤ་ཡིས་ཚིམས་བྱོས་ལ། །སྲོག་ལ་བབས་ཀྱང་གཞན་གནོད་བསམ་སྦྱོར་སྤོངས། །སྨིན་བྱེད་དབང་བཞིའི་ས་བོན་བཏབ་པ་ལ། །གྲོལ་བྱེད་རིམ་གཉིས་འབྲས་བཟང་གཡུར་ཟ་བར། །དམ་ཚིག་རྣམ་དག་བརླན་དྲོད་གཙོ་ཆེ་བས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་མེད་མཛོད། །གངས་ལྗོངས་གྲུབ་མཐའི་ཆུ་ཀླུང་ཇི་སྙེད་པ། །ཐུབ་བསྟན་ངེས་དོན་རྒྱ་མཚོར་རོ་གཅིག་ཕྱིར། །སྡང་ཞེན་འཁྲུལ་པས་ཆོས་སྤོང་མི་གསོག་པར། །དད་དང་དག་སྣང་ནོར་གྱིས་ཕྱུག་པར་མཛོད། །ཐོས་པ་མ་རིག་མུན་སེལ་ཉིན་མོར་བྱེད། །རྐུན་པོས་མི་འཕྲོག་རིན་ཆེན་གཏེར་གྱི་མཆོག །འདོད་དགུ་འབྱུང་བའི་བུམ་བཟང་དཔག་བསམ་ཤིང་། །ཟླ་བྲལ་ཡིད་བཞིན་ནོར་དེ་སྤྱི་བོས་ལོངས། །དྲི་མེད་བསམ་བྱུང་ལྷ་གོས་པཉྩ་ལིས། །ཐོས་མཆོག་བཻཌཱུར་དབང་པོ་ལེགས་ཕྱིས་ཏེ། །འཁྲུལ་བའི་གཡའ་བྲལ་འཕྲོག་མིན་གཟི་འབར་བས། །ཀུན་རྨོངས་མུན་པ་མ་ལུས་མིང་མཐར་བྱོས། །དབེན་པ་གསུམ་གྱི་གོ་ཆ་ཆེར་བགོས་ནས། །སོར་རྟོགས་ཡེ་ཤེས་རང་རིག་མདའ་རྣོན་པོས། །བདག་འཛིན་ཉོན་མོངས་དགྲ་ཀུན་ཕམ་བྱས་ཏེ། །གདོད་མའི་རྒྱལ་ས་ཚེ་འདིར་སྙོགས་པར་མཛོད། །དེ་སྐད་བསླབ་བྱ་ཨུཏྤལ་གསར་པའི་ཕྲེང་། །དོན་གཉེར་བློ་གསལ་གཞོན་ནུའི་མགུལ་རྒྱན་དུ། །པདྨ་བི་ཛའི་བློ་ཡི་མཚོ་ལས་ཕྱུང་། །དགེ་བས་དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག །
༄༅། །ན་མོ་གུ་རུ། དྲན་པས་སྲིད་ཞིའི་འཇིགས་འཕྲོག་ཅིང་། །མཆོག་ཐུན་དངོས་ཀུན་སྩོལ་བའི་དཔལ། །བླ་མ་སྦྱན་རས་གཟིགས་དབང་ལ། །བཏུད་ནས་བསླབ་བྱ་མདོ་ཙམ་བརྗོད། །ཤིན་ཏུ་རྙེད་པར་དཀའ་བ་ཡི། །དལ་འབྱོར་དབུལ་པོས་གཏེར་རྙེད་འདྲ། །དོན་མེད་ཚེ་འདིར་མ་ཞེན་པར། །དོན་ཆེན་ཡི་གེ་དྲུག་མ་སྒྲོངས། །ཚེ་ནི་རླུང་གསེབ་མར་མེ་འདྲ། །བློ་བུར་འཆི་རྐྱེན་རླུང་དམར་འཁྲུགས། །སང་ཙམ་མི་འཆིའི་གདེང་མེད་པས། །བརྩོན་པས་ཡིག་གེ་དྲུག་མ་སྒྲོངས། །དཀར་ནག་ལས་བསགས་ལུས་གྲིབ་འདྲ། །ནམ་ཡང་མི་འབྲལ་ཕྱི་བཞིན་འབྲང་། །བདེ་དང་སྡུག་བསྔལ་སོ་སོར་སྨིན། །ཡིད་ཆེས་སྐྱེད་ལ་ཡིག་དྲུག་སྒྲོངས། །ངན་སོང་སྡུག་བསྔལ་བཟོད་གླགས་{བླག}མེད། །མཐོ་རིས་བདེ་སྐྱིད་མི་རྟག་འགྱུར། །འཁོར་བ་མེ་ཡི་འོབས་འདྲ་བས། །ངེས་འབྱུང་བློ་ཡིས་ཡིག་དྲུག་སྒྲོངས། །ཉེ་འབྲེལ་ཚོང་དུས་མགྲོན་པོ་འདྲ། །རིང་པོར་མི་ཐོགས་སོ་སོར་འབྲལ། །ཡུད་ཙམ་འགྲོགས་ཀྱང་རྟག་མི་ཐུབ། །གཉེན་སྲེད་སྤོངས་ལ་ཡིག༴ ནོར་རྫས་སྦྲང་བུའི་རྩི་དང་འདྲ། །རང་གིས་གསོག་པ་གཞན་གྱིས་ཁྱེར། །འབྱོར་ཡང་སྡིག་སྡུག་གཏམ་ངན་རྒྱུ། །ཆོག་ཤེས་བསྟེན་ལ་ཡིག༴ ལང་ཚོ་དབྱར་གྱི་མེ་ཏོག་འདྲ། །རིང་མིན་ན་རྒའི་བ་མོས་བཅོམ། །མཛེས་ཀྱང་ཚུལ་ཁྲིམས་འཆལ་བའི་རྒྱུ། །སྒེག་ཆོས་སྤོངས་ལ་ཡིག་དྲུག༴ སྙན་གྲགས་ནམ་མཁའི་འབྲུག་དང་འདྲ། །འུར་སྒྲ་ཆེ་ཡང་སྙིང་པོ་མེད། །གྲགས་པ་ཕལ་ཆེར་ཕུང་བའི་རྒྱུ། །ཆོས་བརྒྱད་མགོ་སྙོམས་ཡིག༴ ལོག་འཚོ་དུག་ཅན་ཟས་དང་འདྲ། །འཕྲལ་དུ་ཞིམ་ཡང་ཕུགས་སུ་ཕུང་། །ཆང་དང་བསྔོས་ཤའི་དུག་སྤོངས་ལ། །སྡིག་མེད་ཟས་བསྟེན་ཡིག༴ ཚུལ་ཁྲིམས་ཞིང་ས་གཤིན་པོ་འདྲ། །ཡོན་ཏན་ཀུན་གྱི་རྟེན་ཡིན་པས། །དྲན་ཤེས་བྱ་ར་རྟག་བརྩོན་ལ། །སྡོམ་གསུམ་དག་པས་ཡིག༴ ཏིང་འཛིན་ཞི་བསིལ་ཆབ་དང་འདྲ། །ཉོན་མོངས་མེ་ཡི་མགོ་བོ་གནོན། །དེ་སླད་དམིགས་པ་རྩེ་གཅིག་པའི། །ཏིང་འཛིན་བརྟན་པས་ཡིག༴ ཤེས་རབ་དུག་སེལ་སྨན་དང་འདྲ། །དུག་གསུམ་རྒྱུ་འབྲས་ནད་ཀུན་འཇོམས། །དེ་ཕྱིར་ཐོས་བསམ་སྒོམ་པ་ཡི། །ཤེས་རབ་བསྐྱེད་ལ་ཡིག༴ མཆོག་གསུམ་སྐྱེལ་མ་དཔའ་བོ་འདྲ། །ཁམས་གསུམ་འཁོར་བའི་འཕྲང་ལས་སྒྲོལ། །ཁ་ཙམ་མིན་པའི་གདུང་ཤུགས་ཀྱིས། །སྐྱབས་སུ་སོངས་ལ་ཡིག༴ བྱང་སེམས་ཡིད་བཞིན་ནོར་བུ་འདྲ། །དོན་གཉིས་འདོད་དགུའི་ཆར་རྒྱུན་འབེབས། །འགྲོ་ཀུན་རྫོགས་བྱང་སར་སྒྲོལ་བའི། །སེམས་མཆོག་བསྐྱེད་ལ་ཡིག༴ བྱམས་དང་སྙིང་རྗེ་དྲོད་གཤེར་འདྲ། །བྱང་ཆུབ་ལམ་གྱི་མྱུ་གུ་བསྐྱེད། །མེད་ཐབས་མེད་པའི་ཆོས་གཉིས་ལ། །བློ་སྦྱོང་ངང་ནས་ཡིག༴ བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས། །འགྲོ་བ་སྐྱོབ་པའི་མ་དང་མཚུངས། །རྣམ་ཐར་བཀའ་དྲིན་བསམ་མི་ཁྱབ། །དད་པ་བརྟན་པོས༴ གསང་སྔགས་རྒྱལ་པོ་མཚོན་རྣོན་འདྲ། །རིགས་དྲུག་འཁོར་བའི་རྒྱུན་ཐག་གཅོད། །རྒྱལ་ཀུན་སྙིང་པོ་འདི་རུ་འདུ། །ངེས་ཤེས་བརྟན་པོས་ཡིག༴ སྣང་བ་སྐུ་ཡི་ལམ་ཁྱེར་འདི། །འཁྲུལ་སྣང་གཞོམ་པའི་ཐོ་བ་ཡིན། །གང་སྣང་ཐུགས་རྗེ་ཆེན་པོའི་སྐུ། །བསྐྱེད་རིམ་བརྟན་པོས་ཡིག༴ གྲགས་པ་གསུང་གི་ལམ་ཁྱེར་འདི། །བྱིན་རླབས་འགུགས་པའི་ལྕགས་ཀྱུ་ཡིན། །སྒྲ་གྲགས་ཐུགས་རྗེ་ཆེན་པོའི་གསུང་། །སྨྲ་བ་ཆོད་ལ་ཡིག༴ དྲན་རྟོག་ཐུགས་ཀྱི་ལམ་ཁྱེར་འདི། །མཆོག་དངོས་འགུགས་པའི་རིག་སྔགས་ཡིན། །གང་ཤར་རང་གྲོལ་རྒྱལ་བའི་ཐུགས། །རིག་ངོར་ལྟོས་ལ་ཡིག་དྲུག་སྒྲོངས། །རང་སེམས་ཡིད་བཞིན་ནོར་བུ་ལ། །མ་བཙལ་འབྲས་བུ་གཞི་ལ་རྫོགས། །བྱར་མེད་རང་བབ་གཉུག་མའི་ངང་། །བློ་འདས་སྐྱོངས་ལ༴ བྱང་ཆུབ་ཡོངས་བསྔོའི་གསེར་འགྱུར་རྩིས། །དགེ་ཚོགས་ཡང་དག་ལམ་ལ་བསྒྱུར། །ཀུན་ཏུ་བཟང་པོའི་སྤྱོད་པ་བཞིན། །དགེ་རྩ་བསྔོས་ལ་ཡིག་དྲུག་སྒྲོངས། །དེ་ལྟར་ཟབ་དོན་སྙིང་པོའི་བཅུད། །ཚུལ་བཞིན་ཉམས་སུ་ལེན་མཁས་ན། །མི་ལུས་ཐོབ་པ་དོན་ལྡན་ཞིང་། །རིང་མིན་སངས་རྒྱས་མངོན་བྱེད་འགྱུར། །དེ་སྐད་བསླབ་བྱ་ཉུང་ངུའི་ཕྲེང་། །བཙུན་པ་པདྨ་བི་ཛ་ཡས། །གང་ཤར་སྐད་ཅིག་ཉིད་ལ་འདོམས། །དགེ་བས་འགྲོ་ཀུན་ཡོངས་གྲོལ་ཤོག །
༄༅། །དང་པོར་དྲི་མེད་ཐོས་བསམ་རྒྱ་ཆེན་མཛད། །བར་དུ་དབེན་པར་སྒྲུབ་པའི་རྒྱལ་མཚན་བཙུགས། །ཐ་མར་རིས་མེད་བསྟན་འགྲོའི་དོན་ཆེན་བསྒྲུབས། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་བྱས་ནས། །ཕན་པའི་བསླབ་བྱ་མདོ་ཙམ་བཤད་ཀྱིས་གསོན། །ད་རེས་དལ་འབྱོར་མི་ལུས་ཐོབ་པ་འདི། །ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུར་གདའ། །ཕྱིས་ནས་འདི་འདྲའི་རྟེན་ཐོབ་ཤིན་ཏུ་དཀའ། །དལ་འབྱོར་དོན་ལྡན་མཛོད་ཅིག་བཙུན་ཆུང་པོ། །ཚེ་ནི་སྣོན་མེད་རྟག་ཏུ་འགྲིབ་པའི་ཆོས། །གློ་བུར་འཆི་རྐྱེན་མ་ངེས་ཆར་བཞིན་འབེབས། །དོ་ནུབ་ཙམ་ཡང་མི་འཆིའི་གདེང་མེད་ན། །ཆོས་ལ་བརྩོན་འགྲུས་རྩོམས་ཤིག་བཙུན་ཆུང་པོ། །དགེ་ལས་འདི་དང་གཏན་དུ་བདེ་འགྱུར་ཞིང་། །སྡིག་པའི་ལས་ཀྱིས་འདི་ཕྱིར་སྡུག་བསྔལ་བསྐྱེད། །ནམ་ཡང་ལས་འབྲས་བསླུ་བ་མི་སྲིད་པས། །དགེ་སྒྲུབ་སྡིག་སྤོང་མཛོད་ཅིག་བཙུན་ཆུང་པོ། །ཁམས་གསུམ་འཁོར་བའི་གནས་ན་བདེ་བ་མེད། །ཐར་མཆོག་ཞི་བའི་དགའ་བདེ་བསམ་མི་ཁྱབ། །དེ་སླད་བློ་སྣ་ནང་དུ་ཁུག་མཛོད་ལ། །བཅོས་མིན་ངེས་འབྱུང་སྐྱེད་ཅིག༴ མང་པོར་སྨྲ་བའི་ཁ་ནི་བདུད་ཀྱིས་ཕྱེས། །རྣམ་གཡེང་ཆགས་སྡང་ཉོན་མོངས་དུག་རོ་སློང་། །དེ་སླད་མང་པོའི་ཚོགས་གྲལ་ངག་ལ་བརྟགས། །སྨྲ་བ་ཉུང་ངུར་མཛོད་ཅིག༴ གཅིག་པུར་འདུག་ཀྱང་རང་གི་སྤྱོད་ལ་བརྟགས། །དཀོན་མཆོག་ལྷ་ཡི་ཐུགས་ཀྱི་མ་ཁྲེལ་བྱ། །རྣམ་པ་ཀུན་ཏུ་རང་གི་སེམས་ལ་བརྟགས། །དྲན་ཤེས་ཉམས་མེད་མཛོད་ཅིག༴ དགེ་བའི་བཤེས་གཉེན་ཡོན་ཏན་ཀུན་གྱི་མཛོད། །ཅུང་ཟད་བསྟེན་ཀྱང་བཟང་སྤྱོད་ཤུགས་ཀྱིས་འགོ། དེ་ཕྱིར་སྡིག་པའི་གྲོགས་པོ་རབ་སྤངས་ལ། །ཡང་དག་བཤེས་གཉེན་བསྟེན་ཅིག༴ ཁམས་གསུམ་འཁོར་བའི་སྡུག་བསྔལ་མི་བཟོད་ལས། །སྐྱོབ་པར་ནུས་པ་བླ་མ་དཀོན་གསུམ། །སྐྱབས་དེས་ནམ་ཡང་བསླུ་བ་མི་སྲིད་པས། །གཏན་གྱི་སྐྱབས་སུ་ཟུངས་ཤིག༴ ཐུབ་པས་ང་ནི་མྱ་ངན་འདས་འོག་ཏུ། །རྗེས་འཇུག་རྣམས་ཀྱི་སྟོན་པ་འདི་ཡིན་ཞེས། །ཡོངས་སུ་བསྔགས་པ་སོ་ཐར་རིན་པོ་ཆེ། །ཚངས་སྤྱོད་གནས་ལ་འདུན་མཛོད༴ སྙིགས་མར་དམ་ཆོས་རྣམ་པར་འཇིག་ཉེའི་ཚེ། །རྩ་བཞི་ཆང་ལྔ་ཡང་དག་བསྲུང་བ་ལ། །ཁྲིམས་ལྡན་ཡིན་པར་དམ་པ་རྣམས་ཀྱིས་བཞེད། །དེ་སླད་ཁྲིམས་ལྔ་སྲུངས་ཤིག༴ ཕྱོགས་བཅུའི་བདེ་གཤེགས་སྲས་དང་བཅས་པ་རྣམས། །གཤེགས་པའི་ལམ་མཆོག་ཟླ་མེད་བྱང་ཆུབ་སེམས། །ཐེག་ཆེན་ཆོས་ཀྱི་ཉིང་ཁུ་བླ་མེད་པས། །སྨོན་འཇུག་སེམས་བསྐྱེད་མཛོད་ཅིག༴ གང་ཞིག་སེམས་ཅན་གཅིག་གི་སྲོག་བཅད་ཀྱང་། །བར་སྐལ་གཅིག་ཏུ་དམྱལ་བར་གནས་ཞེས་གསུངས། །དེས་ན་བསྔོས་ཤའི་ལོག་འཚོར་མི་རྔམ་པར། །སྨོན་སེམས་སྲོག་ལྟར་སྲུངས་ཤིག༴ གསང་སྔགས་ལམ་གྱི་རྩ་བ་སྨིན་བྱེད་དབང་། །དེ་ཡི་སྲོག་ནི་དམ་ཚིག་ལ་ཐུག་པས། །ཤིན་ཏུ་ཁེ་ཉེན་ཆེ་བའི་ཚུལ་སོམས་ལ། །དམ་ཚིག་གཙང་མར་མཛོད་ཅིག༴ ཀུན་གྱི་མཆོག་ནི་ཤེས་རབ་རིན་པོ་ཆེ། །དེ་ཡི་རྒྱུ་ནི་ཐོས་བསམ་ལ་ཐུག་པས། །ཐུན་མོང་ཐུན་མིན་གཙུག་ལག་གཞུང་ཀུན་ལ། །ཐོས་བསམ་སྒྲོ་འདོགས་ཆོད་ཅིག༴ སྣང་བ་ཐབས་མཆོག་བདེ་ཆེན་བསྐྱེད་པའི་རིམ། །སྟོང་པ་ཤེས་རབ་སྐྱེ་མེད་རྫོགས་རིམ་སྟེ། །ཟུང་འཇུག་རྒྱལ་བ་དགྱེས་པའི་ལམ་བཟང་ཆེར། །ཐོས་དོན་སྒྲུབ་ལ་གཞོལ་ཅིག༴ དེ་སྐད་འདོམས་པ་གོ་སླ་གྲོང་ཚིག་ཕྲེང་། །ཚིག་མ་སྙན་ཡང་དོན་མཆོག་དགོས་པ་ཚང་། །ཞིབ་མོར་སེམས་ལ་སྐོར་དང་འབབ་མོར་མཆིས། །འདི་དོན་ལག་ཏུ་ལོངས་ཤིག་བཙུན་ཆུང་པོ། །དེ་སྐད་བན་དེ་པདྨ་རྣམ་རྒྱལ་གྱིས། །བཙུན་ཆུང་ཚུལ་ཁྲིམས་ཆོས་འཕེལ་བཞེད་སྐོང་དུ། །འབྲུ་མར་སྣང་བའི་ངོགས་སུ་བྲིས་པ་སྟེ། །དགེ་བས་ཁྱོད་བློ་དགེ་ལ་གཞོལ་གྱུར་ཅིག །
༄༅། །བླ་མའི་ཞབས་ལ་བཏུད་ནས་བསླབ་བྱ་ཚིག་གསུམ་བརྗོད། །དལ་འབྱོར་རྙེད་པར་དཀའོ་སྒོ་གསུམ་ཆོས་ལ་དྲིལ། །ནམ་འཆི་ཆ་མེད་ཡིན་ནོ་བརྩོན་འགྲུས་ལྕག་གིས་བྲོབ། །ལས་འབྲས་བསླུ་མེད་ངེས་སོ་འཇུག་ལྡོག་ཚུལ་བཞིན་བྱོས། །འཁོར་བ་སྡུག་བསྔལ་ཡིན་ནོ་ངེས་འབྱུང་སྐྱོ་བ་སྐྱེད། །གཏན་གྱི་འདུན་མ་ཡིན་ནོ་བློ་ཕུག་ཆོས་ལ་གཏོད། །ཆོས་པའི་གཏད་ས་ཡིན་ནོ་བྱ་བཏང་སྒྲུབ་ལ་དྲིལ། །དམ་བཅའ་མཐར་ཕྱིན་དགོས་ཀྱི་སྒྲུབ་མཐའ་འཆི་ལ་གཏོད། །དམ་པའི་རྣམ་ཐར་ཡིན་གྱི་མི་ཚེ་རི་ལ་སྐྱོལ། །ཤེས་མཐའ་ཐུག་པ་མེད་ཀྱི་ངེས་དོན་སྙིང་པོ་བསྡུས། །ནམ་ཡང་བསླུ་བ་མེད་དོ་དཀོན་མཆོག་སྐྱབས་སུ་བསྟེན། །ཐེག་ཆེན་ལམ་རྩ་ཡིན་ནོ་བྱང་ཆུབ་སེམས་བསྐྱེད་འཚལ། །འགྲོ་ཀུན་ཕ་མ་ཡིན་ནོ་བྱམས་དང་སྙིང་རྗེ་སྒོམས། །སོ་ཐར་སྡོམ་པ་ཡིན་ནོ་གཞན་ལ་གནོད་པ་སྤོངས། །བྱང་སེམས་བསླབ་པ་ཡིན་ནོ་གཞན་ཕན་རྟག་ཏུ་སྒྲུབས། །གསང་སྔགས་དམ་ཚིག་ཡིན་ནོ་ཁྱེར་སོ་གསུམ་ལྡན་གྱིས། །བྱིན་རླབས་རྩ་བ་ཡིན་ནོ་བླ་མར་མོས་གུས་རེམ། །དངོས་གྲུབ་གཏེར་མཛོད་ཡིན་ནོ་ཡི་དམ་བསྙེན་སྒྲུབ་འབུངས། །ཕྲིན་ལས་འབྱུང་གནས་ཡིན་ནོ་མཁའ་འགྲོ་ཆོས་སྐྱོང་མཆོད། །ཆོས་སྐུ་མཉམ་པ་ཉིད་དོ་ལྷག་ལྷ་གཅིག་ལ་དྲིལ། །སངས་རྒྱས་རང་ལ་གནས་ཀྱི་ལྟ་རྟོག་སེམས་ལ་གྱིས། །སྣང་བ་བདེན་མེད་ཡིན་གྱི་དགག་སྒྲུབ་འཛིན་ཞེན་ཐོངས། །ལམ་ཁྱེར་རྩ་བ་ཡིན་གྱི་དྲན་ཤེས་རྟག་ཏུ་བརྟེན། །ཉམས་ལེན་གཞི་རྟེན་ཡིན་ནོ་ཞི་གནས་བརྟན་པོ་སྒོམས། །ཆོས་རྣམས་བདག་མེད་ཉིད་དོ་སྤྲོས་བྲལ་གཏན་ལ་ཕོབས། །དབུ་མའི་བདེན་དོན་ཡིན་ནོ་སྣང་སྟོང་རྟེན་འབྲེལ་སྒོམས། །ཕྱག་ཆེན་ཉམས་ལེན་ཡིན་ནོ་གང་ཤར་གསལ་མདངས་སྐྱོངས། །རྫོགས་ཆེན་དགོངས་པ་ཡིན་ནོ་རིག་པ་རྗེན་ལ་ཕུད། །ལྟ་བའི་རྩེ་མོ་ཡིན་ནོ་ཡིད་དཔྱོད་བློ་དང་ཕྲོལ། །ཅོག་བཞག་སྒོམ་པ་ཡིན་ནོ་དབྱིངས་རིག་འབྲལ་མེད་སྐྱོངས། །ལམ་ཁྱེར་སྤྱོད་པ་ཡིན་ནོ་རང་གྲོལ་ལམ་དུ་ཁྱེར། །འབྲས་བུ་མངོན་དུ་བྱེད་ཀྱི་རེ་དོགས་ཆེད་འཛིན་དོར། །ཟབ་གདམས་གནད་དོན་ལགས་ཀྱི་ལག་ལེན་སྙིང་པོར་མཛོད། །བརྩེ་བའི་སྙིང་གཏམ་ཡིན་ནོ་སྙིང་དབུས་བཅང་བར་རིགས། །སྙིང་གཏམ་དེ་ལས་མེད་དོ་སྐལ་ལྡན་སྙིང་གི་བུ། །དགེ་ཚོགས་འགྲོ་ལ་བསྔོའོ་མངོན་པར་སངས་རྒྱས་ཤོག །ཅེས་པའང་པདྨ་བི་ཛས་འཕྲལ་མར་བྲིས་པ་དགེ།

༄༅། །ཀ་མ་ལ་ལྟར་ཡིད་འོང་སྐུ་ཅན་འཇམ་དཔལ་མཁྱེན་པའི་གཏེར་ལ་འདུད། །ཁ་ཙམ་མིན་པར་གྲོགས་ཁྱེད་སྙིང་ནས་དམ་པའི་ཆོས་ཤིག་མཛད་བཞེད་ན། །ག་ནས་བསམས་ཀྱང་ཤིན་ཏུ་རྙེད་དཀའ་དལ་འབྱོར་བཟང་པོའི་གྲུར་རྟེན་ཚེ། །ང་བདག་གཟུང་འཛིན་འཛིན་ཁྲིས་དབངས་བྱས་སྡུག་བསྔལ་སྲིད་མཚོ་ལས་བརྒལ་མཛོད། །ཅ་ཅོ་འཁྲུལ་པའི་གཏམ་རྗེས་མ་འབྲངས་བློ་འདི་ནང་དུ་ཁུག་མཛོད་དང་། །ཆ་ལུགས་རྟགས་སོགས་ཇི་ལྟར་གནས་རུང་རང་རྒྱུད་ཆོས་ཀྱིས་ཐུལ་འདུག་ན། །ཇ་དངུལ་ལོག་འཚོ་སྡུག་པའི་སྙན་གྲགས་འདུ་འཛིའི་བསླུ་བྲིད་མེད་ཀྱང་བཟོད། །ཉ་རྒྱས་ཟླ་འདྲ་སྲས་བཅས་རྒྱལ་བ་དགྱེས་པའི་ཞལ་རས་སྟོན་པར་ངེས། །ཏ་ཐཱ་ག་ཏའི་བསྟན་ལ་ཞུགས་འདི་བསྐལ་མང་བསོད་ནམས་བསགས་པའི་མཐུ། །ཐ་སྙད་བྱིས་པ་འབྲིད་པའི་ཚིག་ལ་མི་ཚེའི་ཉི་མ་མ་བསྐྱལ་བར། །ད་ལྟ་ཉིད་ནས་ཐུབ་གསུང་ངེས་དོན་སྙིང་པོའི་ལམ་ལ་དྲིལ་མཛོད་དང་། །ན་རྒ་འཆི་བས་གཏུགས་ཚེ་མི་འགྱོད་བློ་བདེ་ཁོང་ནས་རྙེད་དེ་མཆི། །པཱ་ར་མི་ཏའི་གཞུང་དང་ངེས་གསང་འབྲས་བུའི་མན་ངག་བདུད་རྩིའི་བཅུད། །ཕ་མཆོག་བླ་མའི་ལུང་བཞིན་བདག་འཛིན་གཅོང་ནད་གཞིལ་སླད་བརྟེན་མཛོད་དང་། །བ་མོར་ཉིན་བྱེད་གཟི་ཡིས་རེག་བཞིན་མ་རིག་གཟུང་འཛིན་འཁྲུལ་པའི་དཔུང་། །མ་ལུས་ལྷག་མེད་གཞིལ་ལས་ཡ་མཚན་ངོ་མཚར་ཅིར་ཡང་སྣང་བར་འགྱུར། །ཙ་ར་དཀོར་ནོར་བསྲུང་བསྲེལ་འཇིག་རྟེན་འཁྲུལ་བའི་ལས་ལ་མ་ཡེངས་པར། །ཚ་གྲངས་དཀའ་སྤྱད་བཟོད་པའི་ཁུར་ཁྱེར་ཚེ་གཅིག་སྒྲུབ་པའི་རྒྱལ་མཚན་གྱིས། །ཛ་ལང་གདུག་པའི་རང་སེམས་གྱོང་པོ་བྱང་ཆུབ་སེམས་ཀྱིས་འདུལ་སླད་དུ། །ཝ་ཆུའི་རྒྱུན་བཞིན་དྲན་ཤེས་བརྟན་པོས་ཡང་དང་ཡང་དུ་བརྩོན་འཚལ་ལོ། །ཞ་ལོངས་འོན་ལྐུག་གཞན་དབང་གྱུར་སོགས་ཆོས་ཀྱི་འགལ་ཟླ་རྣམས་སྤོངས་ཤིང་། །ཟ་གོས་གནས་མལ་ལ་སོགས་མཐུན་རྐྱེན་ཀུན་ཚང་རང་དབང་ཡོད་དུས་འདིར། །འ་ཅག་སྒོ་གསུམ་གཡོ་ཟོལ་སྤོང་བའི་དམ་པའི་ཆོས་ཤིག་མ་འགྲུབ་ན། །ཡ་མ་རཱ་ཛའི་ཕོ་ཉས་ཟིན་ཚེ་དེ་དུས་འགྱོད་ཀྱང་ཅི་བྱར་ཡོད། །ར་གན་གསེར་དུ་རློམ་པའི་རང་མཐོང་བཟང་བརྫུ་འདི་ཡིས་མ་བསླུ་བར། །ལ་འུར་ངེས་འབྱུང་དད་དང་བྱམས་སྙིང་བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ངོས། །ཤ་བ་རི་བཞིན་སྨིན་གྲོལ་བསྐྱེད་རྫོགས་རིམ་གཉིས་ཟབ་མོའི་གསང་ལམ་ནས། །ས་བཅུ་ལམ་ལྔའི་ཡོན་ཏན་མཐའ་དག་ཚེ་འདི་ཉིད་ལ་རྫོགས་པར་མཛོད། །ཧ་པོ་གངས་ལས་ཆེས་དཀར་ལྷག་པའི་བསམ་པ་བཟང་པོས་ཀུན་བསླངས་ནས། །ཨ་ཏི་ཡོ་གར་མོས་པ་ལམ་བྱེད་པདྨ་བི་ཛར་འབོད་དེ་ཡིས། །བསླབ་གསུམ་ནོར་བུའི་རྒྱན་གྱིས་རབ་མཛེས་འདུལ་བ་འཛིན་པ་ཁྱེད་ལ་གདམས། །དགེ་བས་ཁྱེད་བློ་ཚུལ་གནས་ཐོས་བསམ་སྒོམ་པའི་ཡོན་ཏན་གྱིས་ཕྱུག་ཤོག །
༄༅། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཐབས་ལ་མཁས་པའི་རྒྱལ་བ་ཡི། །གདུལ་བྱའི་ཁམས་དབང་བསམ་པ་དང་། །སྐལ་བའི་ཁྱད་པར་ལེགས་གཟིགས་ནས། །བརྒྱད་ཁྲི་བཞི་སྟོང་ཆོས་སྒོ་ཕྱེས། །ཀུན་ཀྱང་སེམས་ལ་ཕན་ཐབས་ཏེ། །གཅིག་དཔེ་ཀུན་ལ་མཚུངས་པ་མིན། །རང་རང་བློ་དང་གང་མཐུན་གཅེས། །དེ་ཡང་དོན་གྱི་རོ་མྱོང་ན། །སེམས་ཐུལ་འགྱུར་གྱི་ཐོས་པས་མིན། །ཆུ་བོ་བཏུང་བས་སྐོམ་སེལ་གྱི། །ཐོས་པ་ཙམ་གྱིས་ཅི་ཞིག་འགྱུར། །དེ་སླད་བློ་དང་ལྡན་ཁྱོད་ཀྱི། །ཚིག་གི་སྤུན་པ་མི་གསོག་པར། །དོན་གྱི་འབྲས་བཟང་མྱོང་བ་ཡིས། །སེམས་ནི་རབ་ཏུ་དུལ་བར་མཛོད། །འཇིག་རྟེན་འདྲེན་པ་མཆོག་རྣམས་ཀྱི། །གཞུང་ལུགས་དྲི་མ་མེད་པ་རྣམས། །གནད་ཀྱི་སྙིང་པོར་དྲིལ་བ་ལ། །སེམས་འདུལ་རྣམ་པ་གསུམ་དུ་འདུ། །ཐོག་མར་ངེས་འབྱུང་བློ་ཡིས་འདུལ། །དལ་འབྱོར་རྙེད་པར་དཀའ་བ་དང་། །མི་རྟག་ནམ་འཆི་ཆ་མེད་ཚུལ། །འཁོར་བའི་སྡུག་བསྔལ་མཐའ་མེད་པ། །ལས་འབྲས་བསླུ་མེད་ངེས་པའི་ལུང་། །ཐབས་ཚུལ་དུ་མས་བློ་ལ་སྦྱར། །ཐུན་དུ་བཅད་དེ་བརྩོན་པས་སྒོམ། །དེ་ཡང་ཞག་དང་དུས་ཀྱིས་མིན། །མྱོང་བ་ནང་ནས་སྐྱེས་མིན་བརྟག །ཚེ་འདི་བློ་ཡིས་ཐོང་གྱུར་ན། །ངེས་པར་བློ་འབྱོང་ཚད་དུ་བསྟན། །འདི་ཡོད་ཡང་དག་ལམ་དུ་འགྲོ། །འདི་མེད་ཚེ་འདིའི་དབང་དུ་འཆོར། །འཁོར་བ་པ་དང་ཁྱད་པར་མེད། །སྡིག་སྡུག་གཏམ་ངན་རྒྱུན་མི་འཆད། །བསྙེན་སྒྲུབ་ཚོགས་གསོག་བརྩོན་ལོ་ཡང་། །འཁོར་འདས་གང་རྒྱུར་ཆ་མ་འཚལ། །བར་དུ་བྱང་ཆུབ་སེམས་ཀྱིས་འདུལ། །འགྲོ་ཀུན་ཕ་མར་ཤེས་བྱས་ཏེ། །དྲིན་དྲན་དྲིན་གཟོའི་བསམ་པ་ཡིས། །བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་བདག་བས་གཞན་གཅེས་དང་། །བདག་གཞན་བརྗེ་བའི་དམིགས་པ་སོགས། །ཐབས་ཚུལ་དུ་མས་སྙིང་རྗེ་སྒོམས། །རང་དོན་ཡིད་བྱེད་བློ་ཟད་ནས། །ཅི་བྱེད་གཞན་དོན་འགྱུར་བ་ན། །སྙིང་རྗེ་འབྱོང་བའི་ཚད་དུ་བསྟན། །སྙིང་རྗེའི་ངོ་བོ་སྟོང་པར་བསྲེ། །སྟོང་འཛིན་གཉེན་པོའི་ཞེན་པ་དགག །ཟུང་འཇུག་ཁས་ལེན་ཀུན་བྲལ་བ། །འོད་གསལ་འདུས་མ་བྱས་པའི་དབྱིངས། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུར། །སྤྲོས་བྲལ་དབུ་མའི་དེ་ཉིད་སྒོམས། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ན། །ཐེག་ཆེན་ལམ་ལས་འགྱུར་བ་མེད། །འདི་མེད་ལྟ་བ་མཐོ་མཐོ་དང་། །སྤྱོད་པ་ཞིབ་ཞིབ་འདྲ་ན་ཡང་། །སྦྱང་ཆུབ་ལམ་དུ་འགྲོ་བ་དཀའ། །འདི་ནི་ཆོས་ཀུན་སྙིང་པོ་ཡིན། །ཉམས་ལེན་དངོས་གཞི་འདི་ལ་མཛོད། །ཐ་མ་བསྐྱེད་རྫོགས་ལམ་གྱིས་འདུལ། །སྦྱང་གཞི་བདེ་གཤེགས་སྙིང་པོའི་ཁམས། །སྦྱང་བྱ་གཟུང་འཛིན་འཁྲུལ་བས་སྒྲིབ། །སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་གྱིས། །སྦྱངས་འབྲས་སྐུ་བཞི་མངོན་བྱེད་ཚུལ། །ཤེས་ནས་བྱ་སྤྱོད་རྣལ་འབྱོར་དང་། །མ་ཧཱ་ཨ་ནུ་ཨ་ཏི་ཡི། །བསྐྱེད་རྫོགས་མཚན་བཅས་མཚན་མེད་རྣམས། །རང་གི་བློ་ནུས་དང་བསྟུན་སྒོམས། །དེ་ཡང་ལོ་ཟླ་ཙམ་གྱིས་མིན། །སྒྲུབ་མཐའ་དམ་བཅའ་འཆི་ལ་གཏོད། །ཚེ་འདིར་གྲོལ་མིན་འདི་ལ་རག །ལྟ་བ་ཆོས་ཉིད་ཡིད་དཔྱོད་ཕྲོལ། །སྒོམ་པ་བློ་བྲལ་རང་བབས་སྐྱོངས། །སྤྱོད་པ་རང་གྲོལ་ལམ་དུ་ཁྱེར། །འབྲས་བུ་སྐུ་གསུམ་གཞི་ལ་རྫོགས། །ཐེག་མཆོག་སྙིང་པོའི་གཅེས་གནད་ཡིན། །བྱང་ཆུབ་ཕྱི་དུས་རེ་མ་དགོས། །ཡེ་གྲོལ་གདོད་མའི་ཀློང་དུ་ཕྱིན། །ཐག་ཆོད་བློ་བདེ་ནང་ནས་རྙེད། །རྣལ་འབྱོར་སྐྱིད་པའི་དུས་ཤིག་མཆིས། །ཚུལ་འདི་བློ་ལྡན་རྣམ་དཔྱོད་ཅན། །ཡོན་ཏན་རྒྱ་མཚོས་ལྷ་རྫས་ཀྱི། །སྐྱེས་བཅས་ནན་གྱིས་བསྐུལ་བའི་ངོར། །པདྨ་བི་ཛས་འཕྲལ་མར་བྲིས། །དགེ་བས་འགྲོ་ཀུན་རྣམ་གྲོལ་ཤོག །
༄༅། །བླ་མའི་ཞབས་ལ་བཏུད་ནས་ཕན་པའི་མཆིད་འདི་གསོལ། །དལ་འབྱོར་རྙེད་པར་དཀའ་འོ་སྒོ་གསུམ་ཆོས་ལ་འབུངས། །ནམ་འཆི་ཆ་མེད་ཡིན་ནོ་བརྩོན་འགྲུས་ལྕག་གིིས་བྲོབས། །སྐྱེས་མཐའ་འཆི་བར་ངེས་སོ་རྟག་འཛིན་རི་བོ་ཤིགས། །འདུས་མཐའ་འབྲལ་བར་ངེས་ཀྱིས་ཕྱོགས་འཛིན་སྡེེ་འཁྲུགས་སྤོངས། །བསགས་མཐའ་མཛད་པར་ངེས་སོ་སྦྱིན་པའི་རྒྱགས་ཕྱེ་སྒྲུབས། །མཐོ་མཐའ་དམའ་བར་ངེས་ཀྱི་དམན་ལ་ཁྱད་གསོད་སྤོངས། །བརྩེགས་མཐའ་འགྱེལ་བར་ངེས་སོ་གནས་ཀྱི་ཞེན་པ་ཐོངས། །འགྲོ་ཀུན་ཕ་མ་ཡིན་ནོ་ཕན་འདོགས་སྙོམས་པར་མཛོད། །ལས་འབྲས་བསླུ་བ་མེད་དོ་འཇུག་ལྡོག་ཚུལ་བཞིན་གྱིས། །རང་དྲིན་རང་ལ་ཆེའོ་བདེན་བཞིའི་འཇུག་ལྡོོག་རེམ། །བཟང་སྤྱོད་ཤུགས་ཀྱི་འགྲོ་ཡི་དམ་པའི་གྲོགས་བསྟེན་གཅེས། །ནམ་ཡང་བསླུ་རུ་འོང་གི་གཡོན་ཅན་འཁོར་མ་བརྟེན། །རྣམ་ཀུན་འགྱོད་མེད་ཡིན་ནོ་བརྟག་གཞིག་ཞིབ་མོར་མཛོད། །མི་ཆོས་གཞི་མ་ཡིན་ནོ་ཀུན་དང་མཐུན་པར་གྱིས། །ལྷ་ཆོས་རྩ་བ་ཡིན་ནོ་ལྷག་པའི་བསམ་པ་ཆོངས། །ཆོས་སྤོང་སྒྲིབ་པས་གོས་ཀྱི་གྲུབ་མཐའི་ཕྱོགས་འཛིན་དོར། །འཁོར་བ་སྡུག་བསྔལ་ཡིན་ནོ་ངེས་འབྱུང་སྐྱོ་བ་སྐྱེད། །དཀར་ཆོས་སྣང་སྒོ་ཡིན་ནོ་དག་སྣང་ཕྱོགས་མེད་སྦྱོངས། །ཐར་པའི་ལམ་སྟོན་ལགས་ཀྱི་དགེ་བའི་བཤེས་གཉེན་བསྟེན། །གདམས་ཟབ་བདུད་རྩི་ལགས་ཀྱི་སྙིང་གི་དབུས་སུ་ཆོངས། །ནམ་ཡང་བསླུ་བ་མེད་དོ་མཆོག་གསུམ་སྐྱབས་སུ་བསྟེན། །ཐེག་ཆེན་ལམ་རྩ་ཡིན་ནོ་བྱང་ཆུབ་སེམས་མཆོག་བསྐྱེད། །བློ་སྦྱོང་སྙིང་པོ་ཡིན་ནོ་སྟོང་ཉིད་སྙིང་རྗེ་སྒོམས། །བྱང་སེམས་འགལ་ཟླ་ལགས་ཀྱི་ནག་པོའི་ཆོས་བཞི་སྤོངས། །རྒྱལ་སྲས་ལག་ལེན་ཡིན་ནོ་ཕྱིན་དྲུག་ལམ་ལ་སློབས། །གསང་སྔགས་ལམ་སྲོག་ཡིན་ནོ་དབང་བཞིས་རྒྱུད་སྨིན་བྱོས། །དབང་སྲོག་དམ་ཚིག་ལ་ཐུག་སྲོག་བཞིན་བཙའ་བར་རིགས། །གཞན་གནོད་གཞིར་བཅས་སྤོངས་ལ་སོ་ཐར་སྡོམ་པ་འདུ། །གཞན་ཕན་ཡོངས་སུ་སྒྲུབ་པ་བྱང་སེམས་བསླབ་པ་ཡིན། །སྒོ་གསུམ་རྡོ་རྗེར་ཤེས་ན་གསང་སྔགས་དམ་ཚིག་ལགས། །བླ་མར་གསོལ་བ་བཏབ་ན་བྱིན་རླབས་སེམས་ལ་འཇུག །ཡི་དམ་བསྙེན་སྒྲུབ་འབུངས་དང་མཆོག་ཐུན་དངོས་གྲུབ་འགྲུབ། །མཁའ་འགྲོ་ཆོས་སྐྱོང་མཆོད་ན་ཕྲིན་ལས་ཐོགས་མེད་སྒྲུབ། །སྣང་སྟོང་ལྷ་སྐུར་ཤར་བ་བུམ་དབང་ལམ་ཁྱེར་ཡིན། །གྲགས་སྟོང་སྔགས་སུ་རྫོགས་པ་གསང་བའི་དབང་གི་ལམ། །དྲན་རྟོག་བདེ་སྟོང་ཡེ་ཤེས་ཤེར་དབང་དགོངས་པའི་བཅུད། །རིག་གདངས་ཟང་ཐལ་སྐྱོང་བ་བཞི་བའི་ཡེ་ཤེས་ལགས། །སྣང་སྟོང་རྟེན་འབྲེལ་སྒོམ་པ་དབུ་མའི་བདེན་དོན་ཡིན། །ཐ་མལ་ཤེས་པ་སྐྱོང་ལ་ཕྱག་ཆེན་ཉམས་ལེན་འདུ། །དབྱིངས་རིག་འབྲལ་མེད་སྐྱོང་བ་རྫོགས་ཆེན་ཁྱད་ཆོས་མཆོག །ལྟ་བའི་རྩེ་མོ་ཡིན་ནོ་བློ་བྲལ་རང་ངོར་ལྟོས། །སྒོམ་པའི་སྙིང་པོ་ཡིན་ནོ་ཅོག་བཞག་གཏན་སྲིད་ཟུངས། །སྤྱོད་པའི་སྲོག་ཤིང་ལགས་ཀྱི་རང་གྲོལ་ལམ་དུ་ཁྱེར། །འབྲས་བུ་གཞི་ལ་རྫོགས་ཀྱི་རེ་དོགས་ཆེད་འཛིན་དོར། །བློས་བྱས་འཁྲུལ་པ་ཡིན་གྱི་གྲུབ་མཐའི་གཟེབ་ནས་དོན། །སྣང་བ་སྒྱུ་མ་ཡིན་གྱི་ཞེན་པའི་ཕྲེང་ཐག་ཆོད། །ཉམས་ལ་ངེས་པ་མེད་ཀྱི་གང་ཤར་ཤར་མཁན་ལྟོས། །གེགས་སེལ་སྙིང་པོ་ཡིན་ནོ་གཟུང་འཛིན་དགག་སྒྲུབ་ཤིགས། །བོགས་འདོན་རྒྱལ་པོ་ཡིན་ནོ་དད་མོས་སྲོག་མཁར་ཚུགས། །ལྟ་སྤྱོད་ཟུང་འབྲེལ་ཡིན་གྱི་ཚོགས་གཉིས་རྒྱུན་མ་བཅད། །ལམ་ཁྱེར་གནད་ཀུན་འདུ་ཡི་རྩོལ་མེད་དྲན་པ་བསྟེན། །བྱ་བྱེེད་ཟིན་དུས་མེད་པས་ཅམ་གྱིས་བཞག་ན་བདེ། །སེམས་ལ་ངོམས་དུས་མེད་པས་ཆོག་ཤེས་བརྟེན་ན་ཕྱུག །འདི་དང་གཏན་དུ་འཚེང་ངོ་ཆོས་བརྒྱད་རླུང་ལ་སྐུར། །ཇི་ལྟར་བྱས་ཀྱང་སྐྱིད་དོ་ཚེ་འདི་བློ་ཡིས་ཐོངས། །འཕྲལ་དང་ཡུན་དུ་དགེ་འོ་རང་ཐག་རང་གིས་ཆོད། །གོང་མའི་རྣམ་ཐར་ཡིན་ནོ་མི་ཚེ་རི་ལ་སྐྱོལ། །ཀུན་གོ་གཅིག་ཆོད་ཡིན་ནོ་དབྱིངས་རིག་འབྲལ་མེད་སྐྱོངས། །བདག་དང་རྒྱུན་དུ་འགྲོགས་ཀྱང་བསླབ་བྱ་དེ་ལས་མེད། །སྙིང་གཏམ་ནང་མ་ཡིན་ནོ་བཤད་མགྲོན་རྫོང་དྲུང་པ། །གདམས་ངག་ཟགས་སུ་མ་འཇུག་ཐུགས་དབུས་བསྟིམ་པར་ཞུ། །དགེ་ཚོགས་འགྲོ་ལ་བསྔོ་འོ་རྣམ་མཁྱེན་མྱུར་ཐོབ་ཤོག །ཅེས་པའང་ངེས་གསང་སྙིང་པོའི་ལམ་ལ་མི་འཕྲོག་པའི་དད་པ་བརྟན་པོ་དང་ལྡན་པ་མཚོ་སྣ་རྫོང་དྲུང་བཤད་མགྲོན་དོན་འགྲུབ་ཕུན་ཚོགས་ལགས་ཀྱི་བཞེད་སྐོང་དུ་མདོ་ཁམས་ཞེ་ཆེན་རྒྱལ་ཚབ་སྤྲུལ་མིང་པ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོས་མོན་བོད་ས་མཚམས་མཚོ་སྣ་བཤད་མགྲོན་ཁང་དུ་འཕྲལ་མར་བྲིས་པ་དགེ།
༄༅། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཐུབ་དབང་བསྟན་པའི་རྩ་བ་མཆོག །ཆོས་འདུལ་ཡིད་བཞིན་རིན་པོ་ཆེ། །ངེས་འབྱུང་མཚོ་ལས་འཁྲུངས་པར་སྣང་། །ཆོས་མགོ་མཐའ་རུ་ཕྱིན་མི་ཕྱིན། །ངེས་འབྱུང་གཅིག་པུའི་ཐོག་ན་གདའ། །ངེས་འབྱུང་སྒོམས་ཤིག་སྐལ་བཟང་གྲོགས། །ཐེག་པ་ཆེན་པོའི་ལམ་གྱི་བཅུད། །བྱང་ཆུབ་སེམས་མཆོག་དཔག་བསམ་དབང་། །ཕན་སེམས་གཞི་ལས་འཁྲུངས་པར་སྣང་། །བྱང་ཆུབ་ལམ་དུ་འགྲོ་མི་འགྲོ། །གཞན་ཕན་ཁོ་ནའི་ཐོག་ན་གདའ། །ཕན་སེམས་ཆོངས་ཤིག་སྐལ་བཟང་གྲོགས། །དབང་རྣོན་སྐལ་བ་མཆོག་གི་ཡུལ། །གསང་སྔགས་འབྲས་བུའི་སྨིན་བྱེད་དབང་། །དག་སྣང་མཁའ་ལ་འཆར་བར་སྣང་། །དམ་ཚིག་རྣམ་པར་དག་མི་དག །ཁྱེར་སོ་གསུམ་གྱི་ཐོག་ན་གདའ། །དག་སྣང་སྦྱོངས་ཤིག་སྐལ་བཟང་གྲོགས། །དམ་པ་རྣམས་ཀྱིས་བསྔགས་འོས་པའི། །ཐོས་བསམ་སྒོམ་པའི་ཤེས་རབ་མཆོག །བརྩོན་འགྲུས་མཐུ་ལས་བྱུང་བ་སྣང་། །བསླབ་སྦྱང་མཐའ་རུ་ཕྱིན་མི་ཕྱིན། །བརྩོན་འགྲུས་ཁོ་ནའི་ཐོག་ཏུ་གདའ། །བརྩོན་པ་སྐྱེད་ཅིག་སྐལ་བཟང་གྲོགས། །སྔགས་ལམ་གྲུབ་པ་ཀུན་གྱི་ནོར། །དོན་གཉིས་འདོད་དགུར་བསྒྱུར་བ་དེ། །གཅིག་པུར་སྒྲུབ་ལས་བྱུང་བར་སྣང་། །གྲུབ་གཉིས་གཏེར་ཁ་འབྱེད་མི་འབྱེད། །སྒོམ་སྲན་ཆེ་ཆུང་ཐོག་ན་གདའ། །སྒོམ་སྲན་བསྐྱེད་ཅིག་སྐལ་བཟང་གྲོགས། །འོད་གསལ་ཐེག་པ་མཆོག་གི་རྩེ། །རྟོགས་པ་དོན་བརྒྱུད་ཡེ་ཤེས་དེ། །བྱིན་རླབས་སྟོབས་ལས་བྱུང་བར་སྣང་། །རྒྱུད་ལ་བྱིན་རླབས་ཞུགས་མི་ཞུགས། །དད་མོས་ཆེ་ཆུང་ཐོག་ན་གདའ། །དད་གུས་བསྐྱེད་ཅིག་སྐལ་བཟང་གྲོགས། །ཆོས་ཀུན་རྩ་བ་རང་གི་སེམས། །འོད་གསལ་བསམ་མི་ཁྱབ་པའི་གདངས། །རང་བབས་བཞག་ན་འཆར་གྱིན་སྣང་། །སྣང་སེམས་འཛིན་པ་དག་མི་དག །ཀ་དག་གྲོལ་སའི་ཐོག་ན་གདའ། །བློ་བྲལ་སྐྱོངས་ཤིག་སྐལ་བཟང་གྲོགས། །རོ་སྙོམས་སྐོར་དྲུག་ལ་སོགས་པའི། །ལམ་ཁྱེར་གདམས་པའི་ཟབ་ཁྱད་ཀུན། །དྲན་ཤེས་མཐུ་ཡིས་ཐོན་པར་སྣང་། །ཐུན་མཚམས་དགེ་རྒྱུན་འཕེལ་མི་འཕེལ། །དྲན་ཤེས་གཅིག་པུའི་ཐོག་ན་གདའ། །ཤེས་བཞིན་བརྟེན་ཅིག་སྐལ་བཟང་གྲོགས། །མདོར་ན་ཆོས་ཀུན་རྩ་བ་ནི། །རང་སེམས་འདུལ་ཐབས་ཁོ་ནར་བརྟེན། །རང་རྒྱུད་ཆོས་ཀྱིས་ཐུལ་འདུག་ན། །རྟགས་དང་ཆོ་ག་ཅིར་གནས་ཀྱང་། །ངེས་པར་ཡང་དག་ལམ་དུ་འགྲོ། །འདི་ཡང་གནད་ཀྱི་གདམས་པ་ཡིན། །ཐུགས་ལ་ཆོངས་ཤིག་སྐལ་བཟང་གྲོགས། །དེ་སྐད་མདོ་མེད་སྙོམ་ལས་མཁན། །འགྱུར་མེད་པདྨ་རྣམ་རྒྱལ་གྱིས། །སྐལ་བཟང་དགྱེས་པའི་གསོས་སུ་བྲིས། །འགྲོ་བློ་དགེ་ལ་གཞོལ་གྱུར་ཅིག །
༄༅། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ལེགས་པར་ཉོན་དང་བཞིན་བཟང་པོ། །ཞལ་གདམས་སྙད་པའི་ཡིག་ཕྲེང་འགའ། །མགུལ་བར་བཅངས་པས་ཅི་ལ་ཕན། །དོན་མེད་ཁྱི་རྐེ་རྡོ་བཏགས་འདྲ། །སྣག་ཤོག་དྲོན་པའི་རྒྱུ་རུ་ཟད། །འོན་ཀྱང་ནན་ཏན་ཆེ་བའི་ངོར། །གང་དྲན་འཆལ་གཏམ་ཚིག་འདི་བརྗོད། །རང་རྒྱུད་ཆོས་དང་འགལ་བའི་གཏམ། །ནེ་ཙོའི་འདོན་པ་འདྲ་བ་ཡིས། །གཞན་རྒྱུད་ཆོས་ལ་བསྐུལ་བསྐུལ་ལོ། །འདིས་ཀྱང་ཡོང་ཡོང་མི་འདྲའོ། །བསམ་སྦྱོར་སྡིག་པའི་ཕྱོགས་སུ་འཇུག །རྣམ་དཀར་ལས་ལ་ཡི་ག་འགགས། །འདི་ཕྱིའི་བདེ་སྐྱིད་འདོད་འདོད་ལོ། །འདིས་ཀྱང་ཡོང་༴ ཞེ་ལ་རྒྱ་བོད་ནོར་སྣ་བརྣག །ལག་ལེན་གསོད་རྐུ་འཕྲོག་ལ་བརྩོན། །གནས་བསྐོར་གྲྭ་ས་འགྲིམ་འགྲིམ་ལོ། །འདིས་ཀྱང་ཡོང་༴ ཕར་གཅིག་སྟེར་ན་ཚུར་གཉིས་རེ། །རང་བས་གཞན་དག་གྲགས་ཀྱིས་དོགས། །མཆོད་སྦྱིན་མང་འགྱེད་བྱས་བྱས་སོ། །འདིས་ཀྱང་ཡོང་༴ བསམ་པ་ཚེ་འདིའི་ཕྱོགས་སུ་བཏང་། །ལག་ལེན་འཁོར་བའི་ལས་ལ་བརྩོན། །ཚེ་གཅིག་སངས་རྒྱས་འདོད་འདོད་ལོ། །འདིས་ཀྱང་ཡོང་༴ ཉིན་པར་རྣམ་གཡེང་ལས་ལ་བྲེལ། །མཚན་མོ་གཏི་མུག་གཉིད་ལ་ཞེན། །ཐོས་བསམ་མཐར་ཕྱིན་འདོད་འདོད་ལོ། །འདིས་ཀྱང་ཡོང་༴ བློ་གཏད་འདིར་སྣང་དཔོན་ལ་དྲིལ། །མཆོད་པ་འདྲེ་ཡི་ཕྱོགས་སུ་འབུལ། །དཀོན་མཆོག་ཐུགས་རྗེས་སྐྱོབ་སྐྱོབ་ལོ། །འདིས་ཀྱང་ཡོང་༴ སྲེད་ཞེན་འཁོར་བའི་ཕྱོགས་སུ་འཆེལ། །སྒྲུབ་པ་ཆོས་བརྒྱད་འབའ་ཞིག་སྒྲུབ། །ཚུལ་ཁྲིམས་རྣམ་པར་དག་དག་ལོ། །འདིས་ཀྱང་ཡོང་༴ ཞེ་ལ་རང་དོན་འབའ་ཞིག་བརྣག །སྤྱོད་པ་བདག་རྒྱལ་གཞན་ཕམ་བརྩོན། །བྱང་ཆུབ་སེམས་གཉིས་སྒོམ་སྒོམ་ལོ། །འདིས་ཀྱང་ཡོང་༴ སྣོད་བཅུད་ཨ་འཐས་ཞེན་པས་བཅིངས། །དུག་ལྔ་རང་མཚན་པ་ལ་སྤྱོད། །གསང་སྔགས་དམ་ཚིག་གཙང་གཙང་ལོ། །འདིས་ཀྱང་ཡོང་༴ རི་ཁྲོད་དབེན་པར་ལྐོག་ཉལ་བྱས། །སེམས་ཀྱིས་རྒྱ་བོད་ཚོང་དུས་འགྲིམ། །སྨྲ་བཅད་འདག་སྦྱར་བྱས་བྱས་ལོ། །འདིས་ཀྱང་ཡོང་༴ ལེགས་ན་མགུ་ཞིང་ཉེས་ན་འཁང་། །ངོས་ནས་བསྟོད་ཅིང་ལྐོག་ནས་སྨོད། །རྒྱུད་ལ་བྱིན་རླབས་ཞུགས་ཞུགས་ལོ། །འདིས་ཀྱང་ཡོང་༴ ལྷག་མཐོང་གསལ་བའི་གདེང་དང་བྲལ། །ཞི་གནས་ཉམས་ཀྱི་རོ་ལ་ཞེན། །སྒོམ་མེད་ཆོས་སྐུ་རྟོགས་རྟོགས་ལོ། །འདིས་ཀྱང་ཡོང་༴ ཀོ་ལོང་གདུག་རྩུབ་བཙན་པས་ཆེ། །འདྲེ་འཛིན་རྣམ་རྟོག་གཞན་བས་རགས། །སྤྱོད་ཡུལ་རོ་སྙོམས་བྱས་བྱས་ལོ། །འདིས་ཀྱང་ཡོང་ཡོང་མི་འདྲའོ། །གྲོགས་ཁྱོད་ཆོས་ཤིག་བྱེད་འདོད་ན། །སྲིད་པ་འདི་ལ་སྐྱོ་བ་སྐྱེད། །མི་རྟག་དྲན་པའི་ལྕག་གིས་བསྐུལ། །ལས་འབྲས་བླང་དོར་ཚུལ་བཞིན་བྱོས། །བློ་གཏད་ཀོན་མཆོག་གསུམ་ལ་ཞུས། །འགྲོ་དོན་སེམས་བསྐྱེད་ལྡན་པར་གྱིས། །སྡོམ་དང་དམ་ཚིག་གཙང་མ་སྲུངས། །ཐོས་བསམ་སྒོམ་གསུམ་བསྙེན་སྒྲུབ་དང་། །བསྐྱེད་རྫོགས་བཟླས་བརྗོད་ལ་སོགས་པ། །རང་གི་བློ་དང་བསྟུན་ཏེ་སྤྱད། །དེ་ཡང་སྦྱོར་དངོས་རྗེས་གསུམ་གྱིས། །ཐེག་ཆེན་ལམ་དུ་འགྲོ་ངེས་མཛོད། །དེ་སྐད་མདོ་མེད་སྙོམ་ལས་མཁན། །འགྱུར་མེད་པདྨ་རྣམ་རྒྱལ་གྱིས། །ལྷོ་སྟོད་ནང་ཆེན་སྒར་དུ་བྲིས། །ཁྱེད་བློ་དགེ་ལ་བཞོལ་གྱུར་ཅིག །


previousགྲོགས་པོ་ལ་གདམས་པ་སྙིང་གཏམ་སོ་བཞི་པ། next