Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐོས་བསམ་སྒོམ་ལས་འཕྲོས་པའི་གཏམ་ཉུང་ངུ་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐོས་བསམ་སྒོམ་ལས་འཕྲོས་པའི་གཏམ་ཉུང་ངུ་། next

ཐོས་བསམ་སྒོམ་ལས་འཕྲོས་པའི་གཏམ་ཉུང་ངུ་།

༄༅། །ཐོས་བསམ་སྒོམ་ལས་འཕྲོས་པའི་གཏམ་ཉུང་ངུ་། ན་མོ་གུ་རུ། དཔལ་ལྡན་ཡོན་ཏན་ཕན་བདེའི་སྤྲིན་ཚོགས་ཅན། །སྙན་པའི་འབྲུག་སྒྲས་ཕྱོགས་ཀྱི་མཐར་ཁྱབ་བཞིན། །ཞི་བསིལ་ཆོས་ཆར་འགྲོ་ལ་འབེབས་མཛད་པའི། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དཔག་མེད་ཡོན་ཏན་འོད་སྟོང་དྲྭ་བ་ཡིས། །ཉེས་པའི་མུན་སེལ་ཐར་གྲོལ་པདྨོའི་ཚལ། །ཅིག་ཅར་བཞད་མཛད་ཐུབ་གསུང་ཉིན་མོར་བྱེད། །འགྲོ་བསོད་དགེ་བའི་མཁའ་ལ་དེང་འདིར་ཤར། །མཁན་སློབ་ཆོས་གསུམ་ཐུགས་བསྐྱེད་སྐྱ་རེངས་ཀྱིས། །ཐུབ་བསྟན་ཉིན་བྱེད་དྲངས་པའི་དགེ་མཚན་གཟིས། །བཤད་སྒྲུབ་འདབ་སྟོང་གཡོ་བའི་འཛུམ་དཀར་ལ། །སྐལ་བཟང་རྐང་དྲུག་ཚོགས་རྣམས་དགའ་བས་རྩེན། །དེ་སླད་རྣམ་དག་དལ་རྟེན་ཨུཏྤ་ལ། །རྨད་བྱུང་འབྱོར་བཅུའི་ཀེ་སར་ཆེས་མཐོ་ཞིང་། །མཁན་སློབ་ཐུགས་རྗེའི་འོད་སྟོང་འཇུག་པའི་སྐབས། །རྣམ་གསུམ་ཤེས་རབ་སྦྲང་རྩིའི་ཕྱུག་པར་མཛོད། །ཚུལ་ཁྲིམས་རྣམ་པར་དག་པའི་ཞིང་ས་ལ། །ལེགས་ཚོགས་ཡོན་ཏན་མྱུ་གུ་ཀུན་འཁྲུངས་ཤིང་། །ཐར་གྲོལ་འབྲས་བཟང་མཆོག་ཀྱང་སྨིན་ངེས་པས། །ཐོག་མར་ཚུལ་ཁྲིམས་ཕུང་པོ་དག་པར་མཛོད། །རྒྱ་ཆེན་མཁྱེན་པའི་ཆ་ཤས་ཡོངས་སུ་རྫོགས། །བརྩེ་ཆེན་ཐུགས་རྗེའི་འོད་དཀར་ཕྱོགས་བཅུར་འགྱེད། །རླབས་ཆེན་ཕྲིན་ལས་གདུལ་འགྲོ་ཀུ་མུཏ་གཉེན། །དྲིན་ཆེན་ཡིད་བཞིན་རྒྱན་གྱུར་གཙུག་ན་བསྙེན། །མང་ཐོས་རྒྱ་མཚོའི་ཕ་མཐར་མ་བརྒལ་ན། །བསམ་དང་སྒོམ་པའི་རིན་ཆེན་མི་ཐོབ་པས། །སྲིད་པའི་གནས་སུ་དབུལ་བ་རྒྱུན་མི་ཆད། །དེ་སླད་ཐོག་མར་ཐོས་པའི་ཤེས་རབ་ཚོལ། །འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི། །སྒྲ་ཚད་བཟོ་གསོ་ཚར་གཅོད་རྗེས་འཛིན་ཆེད། །རང་རྒྱུད་གྲོལ་ཕྱིར་སྡེ་སྣོད་རྒྱུད་སྡེའི་ཚུལ། །ཕྱོགས་རེར་མ་ལུས་ཐོས་པའི་ནོར་སྣ་ཚོལ། །དེ་དག་ལས་ཀྱང་གཙོ་བོ་མདོ་སྔགས་གཞུང་། །རྒྱུད་དང་ལུང་དང་གྲུབ་པའི་མན་ངག་བཅུད། །ཡང་དག་རྟོན་པ་བཞི་ཡིས་ལེགས་མྱོང་ནས། །འཆད་རྩོད་རྩོམ་པའི་བྱ་བ་ལྷུར་ལེན་མཛོད། །ཇི་ལྟར་ཆུ་ཡི་ཐིགས་པ་ཕྲ་མོས་ཀྱང་། །སྣོད་ཆེན་རི་ཙམ་རིམ་གྱིས་འགེང་བར་བྱེད། །དེ་བས་ཐོས་པ་ཉུང་ངུ་ནས་བསགས་ན། །རིང་པོར་མི་ཐོགས་ཡོན་ཏན་མཛོད་དུ་འགྱུར། །དེ་ཡང་གནད་དུ་འགྲོ་བ་ཤིན་ཏུ་གཅེས། །གནད་དུ་མ་སོང་མ་རྟོག་ལོག་རྟོག་དང་། །ཕྱོགས་རྟོགས་སྤྲོས་པའི་དྲྭ་བས་མིག་སྒྲིབ་ནས། །ཆོས་སྤངས་ངན་འགྲོའི་གཡང་ལ་འཕྱན་པ་རྣམས། །རང་གི་རང་བསླུས་དམྱལ་བ་སྒྲུབ་པར་ཟད། །བསྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་གྲུབ་མཐའི་སྲོལ། །མཐར་ཐུག་དགོངས་བཞེད་གཅིག་ཏུ་འབབས་པའི་ཚུལ། །ལེགས་པར་ཤེས་ནས་དག་པའི་བློ་མིག་མཆོག །ཡངས་པོར་བསྐྱོད་ཚེ་གནད་དུ་སོང་བ་སྟེ། །ཐོས་པས་རང་རྒྱུད་གྲོལ་བ་ཞེས་བྱ་ཞིང་། །ཐོས་རྟགས་ང་རྒྱལ་ཞི་བ་དེ་ག་ལགས། །འདིར་སྣང་ཆོས་བརྒྱད་ཞེན་པའི་སྦྲུལ་གདུག་ཆེ། །ང་རྒྱལ་མགོ་འཕང་བསྟོད་པའི་དུག་རླངས་ཀྱིས། །ཐར་པའི་སྲོག་ལ་རྒོལ་བའི་ཉེན་ཆེ་བས། །བསམ་བྱུང་བདུད་རྩིས་རང་རྒྱུད་དུལ་བ་གནད། །དལ་འབྱོར་རྙེད་དཀའ་ནམ་འཆི་ཆ་མེད་དང་། །ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །གོ་ཡུལ་ཐོས་ལོ་ཙམ་དུ་མ་བཞག་པར། །ཐབས་ཚུལ་དུ་མས་རྒྱུད་ལ་གོམས་པར་བྱ། །དད་པའི་ས་བོན་རྣམ་དག་མ་བཏབ་པར། །དཀར་པོའི་རིགས་ཀྱི་སྙེ་མ་འཁྲུང་མིན་པས། །ཐོག་མར་དང་འདོད་ཡིད་ཆེས་མི་ལྡོག་པའི། །དད་པ་བརྟན་པོས་རང་རྒྱུད་འདུལ་བར་གཅེས། །སྙིང་རྗེའི་བརླན་དང་བྲལ་བའི་བྱིན་ཟའི་གཞིར། །རྣམ་མཁྱེན་གསེར་གྱི་པདྨ་འཁྲུངས་མི་སྲིད་། །དེ་སླད་མར་ཤེས་དྲིན་དྲན་དྲིན་གཟོ་བའི། །བྱམས་སོགས་ཚད་མེད་བཞི་ལ་བློ་སྦྱོང་མཛོད། །ཐོས་པས་ཆོས་ཀྱིས་ཉམས་ལེན་གནད་ཤེས་ཤིང་། །བསམ་བྱུང་མཐུ་ཡིས་ཚེ་འདིའི་ཞེན་པ་ཆོད། །ངེས་འབྱུང་དད་དང་མོས་གུས་བྱང་ཆུབ་སེམས། །བཅོས་མིན་རྒྱུད་ལ་སྐྱེས་ནས་སྒོམ་ལ་ཞུགས། །ཆུ་བོ་ཐོས་དང་སྨན་ཡིག་བཀླག་ཙམ་གྱིས། །སྐོམ་དང་ནད་ཀྱི་ཟུག་རྔུ་མི་སེལ་བཞིན། །ཐོས་པ་ཙམ་གྱིས་ཉོན་མོངས་གྲོལ་མི་ནུས། །དེ་སླད་ཐོས་དོན་རྩེ་གཅིག་སྒོམ་པ་གནད། །རྒྱལ་བས་ལེགས་བསྔགས་དགྲ་མེད་ཞི་བའི་གནས། །དམ་པས་བྱིན་རླབས་ཉམས་དགའ་དབེན་པའི་རི། །སྐལ་བཟང་སྐྱེས་བུའི་ཉམས་ལེན་འཕེལ་བ་རུ། །རྣམ་གཡེང་སྤྲོས་པ་བཅད་ནས་སྒོམ་ལ་དྲིལ། །དད་བརྩོན་མོས་པ་བརྟན་པོའི་གང་ཟག་གིས། །དངོས་གཞི་ཤེར་ཏིང་ཆོ་ག་ཕུན་ཚོགས་པས། །བསྙེན་སྒྲུབ་ཡན་ལག་བཞི་ལ་འབད་བརྩོན་ན། །རིག་འཛིན་རྣམ་བཞིའི་འབྲས་བཟང་མྱོང་བར་ངེས། །སྒྱུ་ལུས་ལྷ་སྐུར་སྦྱོང་བྱེད་བསྐྱེད་པའི་རིམ། །ལས་རླུང་རྒྱུ་བ་དག་བྱེད་རླུང་སྔགས་བཟླས། །དྲན་རྟོག་འོད་གསལ་སྦྱོང་བ་རྫོགས་རིམ་བཅུད། །རྡོ་རྗེ་གསུམ་གྱི་ཉམས་བཞེས་གཡེལ་མེད་མཛོད། །དེ་ཡང་རང་རྒྱུད་ཉོན་མོངས་ཆེར་བསྐྱེད་བའི། །སྒོམ་སྒོམ་བཟླས་བཟླས་བྱས་ཡུས་མི་འདྲེན་པར། །བསྐྱེད་བཟླས་རྫོགས་གསུམ་ཞི་ལྷག་རོ་སྙོམ་སོགས། །རང་བློར་བསྟུན་ནས་གནད་དུ་གང་འགྲོ་གཅེས། །རང་རྒྱུད་ཉོན་མོངས་ཟུག་རྔུ་གཞིལ་ནུས་ན། །སྒོམ་པ་གནད་དུ་སོང་བ་ཞེས་བྱ་སྟེ། །གདམས་ངག་སྨན་མཆོག་ཐོབ་པའི་དགོས་པའང་དེ། །སྒོམ་རྟགས་ཉོན་མོངས་མེད་ཅེས་མཁས་རྣམས་བཞེད། །གཉིས་འཛིན་བློ་ཡིས་གཞན་དུ་བྱས་པ་ཡི། །ཨ་འཐས་མཚན་མའི་ཞལ་མཐོང་མེད་ཀྱང་བཟོད། །གཉུག་མའི་རང་ཞལ་མཇལ་ན་དེ་ཀ་ཡིན། །ཉམས་སྣང་རྫུན་གྱི་རི་བོར་མ་ཞེན་པར། །རང་རྒྱུད་ཆོས་དང་འདྲེས་པའི་ཉམས་ལེན་ཞུ། །དེ་ལྟར་ཐོས་བསམ་སྒོམ་ལས་འཕྲོས་པའི་གཏམ། །ཉུང་ངུ་འདི་ཡང་མོས་ལྡན་འགྱུར་སྐལ་ངོར། །བཙུན་ཆུང་བདྨ་བི་ཛས་བྲིས་པའི་དགེས། །རང་རྒྱུད་གྱོང་པོ་ཆོས་ཀྱིས་ཐུལ་བར་ཤོག །

༄༅། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་ཐབས་ལ་མཁས་པ་ཡི། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བསྟན། །འཕགས་བོད་མཁས་པའི་ཚོགས་ཀྱིས་བཀྲལ། །ཀུན་ཀྱང་བདག་འཛིན་འདུལ་ཐབས་ཏེ། །གདམས་ངག་མིན་པ་གཞན་ཡོད་མིན། །དེ་དོན་ཉམས་སུ་བླངས་བའི་མཐུས། །སྔོན་བྱོན་མཁས་གྲུབ་བགྲང་ཡས་བྱུང་། །དེང་སང་དུས་ཀྱི་ཐ་མ་འདིར། །ཆོས་དང་གདམས་ངག་བཞུགས་མོད་ཀྱང་། །ཚུལ་བཞིན་ཉམས་སུ་ལེན་མཁན་དཀོན། །དེ་ཡིས་གྲུབ་ཐོབ་ལྟ་ཅི་སྨོས། །ལམ་སྣ་ཟིན་ཙམ་དཀོན་པར་སྣང་། །གྲོགས་ཁྱེད་ཆོས་ཤིག་བྱེད་བཞེད་ན། །རན་པ་ལས་ཀྱང་འཕྱིས་པ་ཙམ། །མི་ངོ་འཛིན་པའི་དུས་མ་ཡིན། །རང་ཐག་གཅོད་བའི་དུས་སུ་གདའ། །གཉེན་འཁོར་སྐྱོང་བའི་དུས་མ་ཡིན། །རང་སེམས་སྲུང་བའི་དུས་སུ་གདའ། །དགྲ་བོ་འདུལ་བའི་དུས་མ་ཡིན། །ཉོན་མོངས་འདུལ་བའི་དུས་སུ་གདའ། །ནོར་རྫས་སྤེལ་བའི་དུས་མ་ཡིན། །དགེ་བ་སྤེལ་བའི་དུས་སུ་གདའ། །འཕྱོར་ཆས་སྒྲུབ་བའི་དུས་མ་ཡིན། །ཐར་པ་སྒྲུབ་བའི་དུས་སུ་གདའ། །གྲོང་ཆོག་ཉུལ་བའི་དུས་མ་ཡིན། །འཆི་ཆོས་སྒྲུབ་བའི་དུས་སུ་གདའ། །ཁ་བཤད་གཏོང་བའི་དུས་མ་ཡིན། །ལག་ལེན་བརྩོན་པའི་དུས་སུ་གདའ། །ཚིག་མཐའ་དེད་པའི་དུས་མ་ཡིན། །དོན་གནད་ཚོལ་བའི་དུས་སུ་གདའ། །ངོ་སོ་འདོན་པའི་དུས་མ་ཡིན། །གཅིག་པུར་སྒོམ་པའི་དུས་སུ་གདའ། །རང་སེམས་ཐུལ་ན་དེ་ཀ་ཡིན། །དང་པོ་ངེས་འབྱུང་བློ་ཡིས་ཐུལ། །བར་དུ་བྱང་ཆུབ་སེམས་ཀྱིས་ཐུལ། །ཐ་མ་བསྐྱེད་རྫོགས་ལམ་གྱིས་ཐུལ། །རང་རྒྱུད་ཆོས་དང་ཅི་འདྲེས་མཛོད། །གཞན་ཕན་བསམ་སྦྱོར་མི་དམན་འཚལ། །དེ་སྐད་པདྨ་བི་ཛ་ཡིས། །རྐེ་རྒྱུད་སྨན་མདའི་སྒར་དུ་བྲིས། །གཡུང་དྲུང་དགྱེས་པའི་དགའ་སྟོན་མཛོད། །དོན་གཉིས་བསམ་པ་ཀུན་འགྲུབ་ཤོག །


previousཐོས་བསམ་སྒོམ་ལས་འཕྲོས་པའི་གཏམ་ཉུང་ངུ་། next