Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཚོ་སྣ་འབྲས་སྒྲུབ་དཔོན་ཚེ་དབང་དཔལ་འབྱོར་ལགས་ཀྱི་བཞེད་སྐོང་དུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཚོ་སྣ་འབྲས་སྒྲུབ་དཔོན་ཚེ་དབང་དཔལ་འབྱོར་ལགས་ཀྱི་བཞེད་སྐོང་དུ། next

མཚོ་སྣ་འབྲས་སྒྲུབ་དཔོན་ཚེ་དབང་དཔལ་འབྱོར་ལགས་ཀྱི་བཞེད་སྐོང་དུ།

༄༅། །མཚོ་སྣ་འབྲས་སྒྲུབ་དཔོན་ཚེ་དབང་དཔལ་འབྱོར་ལགས་ཀྱི་བཞེད་སྐོང་དུ། ཚད་མའི་སྐྱེས་བུའི་བདེན་གསུང་སེང་གེའི་སྒྲས། །ཆེས་ཆེར་བསྔགས་པ་སྣང་མཛད་སྒྱུ་མའི་གར། །ཟླ་བྲལ་གཙུག་གི་ནོར་བུར་གུས་བཏུད་ནས། །ཁྱེད་གསུང་མི་ལྡོག་ཕན་པའི་མཆིད་འདི་གསོལ། །སྔོན་བསགས་རྣམ་དཀར་ས་བོན་ལས་འཁྲུངས་པའི། །མི་ཁོམ་བརྒྱད་སྤང་དལ་བའི་ལྗོན་བཟང་མཆོག །རང་གཞན་འབྱོར་བཅུའི་མེ་འབྲས་རྒྱས་དུས་འདིར། །དོན་མེད་བྱ་བས་རང་མགོ་མི་བསྐོར་འཚལ། །ཕྱི་སྣོད་འཇིག་རྟེན་དུས་བཞིའི་འགྱུར་ལྡོག་ངོམ། །ནང་བཅུད་འགྲོ་ཀུན་སྐྱེ་རྒ་ན་འཆིས་གཙེས། །གསང་བ་ཕུང་ལྔའི་ཚོགས་པ་རྒུད་ཅིང་རྙིང་། །ཚུལ་འདི་དགོངས་ལ་ངེས་འབྱུང་བློ་སྣ་སྟུངས། །ཀུན་གཞིའི་ངོ་བོ་ཞིང་ས་གཤིན་པོ་ལ། །དཀར་ནག་ལས་ཀྱི་ས་བོན་གང་བཏབ་པར། །བདེ་སྡུག་འབྲས་བུར་མི་སླུ་སོ་སོར་སྨིན། །འཇུག་ལྡོག་ཚུལ་བཞིན་བྱེད་པ་གནད་དུ་ཆེ། །ལས་ཉོན་རླུང་གིས་དཀྲུགས་པ་སྲིད་པའི་མཚོར། །སྡུག་བསྔལ་གསུམ་གྱི་རྦ་ཀློང་འཁྲུགས་པ་ཆེར། །ཐོག་མེད་དུས་ནས་བྱིང་བས་ཉམ་རེ་ཐག །མི་ལུས་གྲུ་བོ་ཐོབ་དུས་སྒྲོལ་བར་རིགས། །གང་གི་ཐུགས་རྗེའི་གྲིབ་མ་བསིལ་པོ་ཡིས། །སྲིད་པའི་སྡུག་བསྔལ་ཚ་གདུང་གཞིལ་ནུས་པའི། །དཀོན་མཆོག་རིན་ཆེན་གསུམ་གྱི་གདུགས་དཀར་པོ། །བྱང་ཆུབ་བར་དུ་སྐྱབས་ཀྱི་སྙིང་པོར་ཟུངས། །སྟོང་ཉིད་སྙིང་རྗེ་ཟབ་མོའི་གྲུ་ཆེན་གྱི། །སྲིད་མཚོར་བྱིང་བའི་འགྲོ་རྣམས་སྒྲོལ་འདོད་བློ། །ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་སེམས། །ཐབས་ཚུལ་དུ་མས་རྒྱུད་ལ་སྒོམ་པར་འཚལ། །གཉེན་པོ་སྟོབས་བཞི་ཚང་བའི་ཉིན་བྱེད་གཟིས། །ལས་ཉོན་སྒྲིབ་པའི་མུན་ཚོགས་མ་བསལ་ན། །དོན་གཉིས་འདོད་དགུའི་པད་ཚལ་མི་བཞད་པས། །རྡོར་སེམས་སྒོམ་བཟླས་ཟབ་མོར་བརྩོན་པ་གནད། །ཚོགས་གཉིས་ཤིང་རྟའི་ཁ་ལོ་མ་བསྒྱུར་ན། །རྣམ་མཁྱེན་ཐར་པའི་གྲོང་ལ་མི་ཕྱིན་པས། །ཀུན་མཁྱེན་རིན་ཆེན་མཛོད་ལ་དབང་བསྒྱུར་ཕྱིར། །སྐུ་གསུམ་ཞིང་ཁམས་འབུལ་བ་གནད་དུ་ཆེ། །རིག་འཛིན་བརྒྱུད་པའི་བྱིན་རླབས་ཉིན་མོར་བྱེད། །དད་མོས་སྐྱ་རེངས་ཁ་ལོས་བསུ་མཁས་ན། །ཟབ་གསང་རྟོགས་པའི་པད་ཚལ་རྒྱས་ངེས་པས། །བླ་མའི་རྣལ་འབྱོར་སྒོམ་པ་ལམ་གྱི་བཅུད། །སྨིན་བྱེད་དབང་བཞིས་དུལ་བའི་ཞིང་ས་ལ། །གྲོལ་བྱེད་རིམ་གཉིས་ས་བོན་ལེགས་བཏབ་པར། །དམ་ཚིག་རྣམ་པར་དག་པའི་བརླན་དྲོད་ཀྱིས། །བསྐྱངས་ན་སྐུ་བཞིའི་འབྲས་བུ་ཅིས་མི་སྨིན། །རྣམ་དག་ཁྱེར་སོ་གསུམ་གྱི་གསེར་འགྱུར་རྩིས། །མ་དག་སྒོ་གསུམ་འཁྲུལ་བའི་ལྕགས་ཁམས་ཆེ། །ཡོངས་གྲུབ་རྡོ་རྗེ་གསུམ་དུ་བསྒྱུར་བའི་ཐབས། །གསང་ཆེན་ཐེག་པའི་ཉམས་ལེན་འདི་རྨད་བྱུང་། །སྣང་བ་ལྷ་སྐུར་ཤར་བ་བསྐྱེད་པའི་རབ། །གྲགས་སྟོང་སྔགས་སུ་རྫོགས་པ་བཟླས་བརྗོད་རྩེ། །གཟུང་འཛིན་རྟོག་ཚོགས་རང་གྲོལ་རྫོགས་རིམ་བཅུད། །རྡོ་རྗེ་ཐེག་པའི་ཉམས་ལེན་འདི་ལ་འདུ། །དམ་པ་གསུམ་ལྡན་དགེ་ཚོགས་དཔག་བསམ་དབང་། །ཕན་བདེའི་གྲིབ་བསིལ་ཤིན་ཏུ་རྒྱ་ཆེ་ཞིང་། །བྱང་ཆུབ་མཆོག་གི་འབྲས་བཟང་སྨིན་ངེས་པས། །ཁྱེད་བློ་ཟག་མེད་དགེ་ལ་གཞོལ་བར་མཛོད། །དེ་སྐད་དམ་པའི་གསུང་ནན་དབྱར་གྱི་རྔས། །བསྐུལ་ཚེ་ཤཱཀ་བཙུན་རྨ་བྱ་གཞོན་ནུ་དེས། །གང་དྲན་འཕྲལ་མར་སོར་མོས་ཟློས་གར་བསྒྱུར། །དགེ་བས་རྣམ་མཁྱེན་གྲོང་ཁྱེར་མཛེས་བྱེད་ཤོག །ཅེས་པའང་ཆོས་སྲིད་ཕྲིན་ལས་ཀྱི་ཡལ་འདབ་རྣམ་པར་བཀྲ་བ་མཚོ་སྣ་འབྲས་སྒྲུབ་དཔོན་ཚེ་དབང་དཔལ་འབྱོར་ལགས་ཀྱི་བཞེད་སྐོང་དུ། ཞེ་ཆེན་རྒྱལ་ཚབ་སྤྲུལ་མིང་འཛིན་པ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོའི་སྡེས་མོན་བོད་ཀྱི་ས་མཚམས་མཚོ་སྣའི་གྲོང་དུ་གང་དྲན་ཤར་མར་བྲིས་པ་དགེ།


previousམཚོ་སྣ་འབྲས་སྒྲུབ་དཔོན་ཚེ་དབང་དཔལ་འབྱོར་ལགས་ཀྱི་བཞེད་སྐོང་དུ། next