Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྤྱིར་ན་སངས་རྒྱས་བསྟན་པའི་ཉམས་ལེན་གནད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྤྱིར་ན་སངས་རྒྱས་བསྟན་པའི་ཉམས་ལེན་གནད། next

སྤྱིར་ན་སངས་རྒྱས་བསྟན་པའི་ཉམས་ལེན་གནད།

༄༅། །སྤྱིར་ན་སངས་རྒྱས་བསྟན་པའི་ཉམས་ལེན་གནད། མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྤྱིར་ན་སངས་རྒྱས་བསྟན་པའི་ཉམས་ལེན་གནད། །ངེས་འབྱུང་བྱང་ཆུབ་སེམས་ཀྱིས་གཞི་བཟུང་ནས། །མདོ་སྔགས་ལམ་ལ་རང་བློས་གང་ནུས་བསླབ། །ཁྱད་པར་འོད་གསལ་སྙིང་པོའི་ལམ་གྱི་སྲོག །བླ་མ་སངས་རྒྱས་མངོན་སུམ་མཐོང་བའི་བློས། །གསོལ་བཏབ་དབང་བླང་ཐུགས་ཡིད་དབྱེར་མེད་བསྲེས། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པ། །མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་ལ་བཞག །གཞི་གནས་རིག་པ་རང་བྱུང་རྫོགས་པ་ཆེ། །ལྟ་བས་མ་བསླད་སྒོམ་གྱིས་མ་བཅིངས་ཤིང་། །བློ་དང་ཡིད་དཔྱོད་ཉམས་གྱིས་མ་བསླད་པར། །མངོན་སུམ་རྗེན་པར་ངོ་སྤྲོད་གནད་དུ་ཆེ། །རང་རིག་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །རང་བཞིན་གསལ་ལ་འཛིན་བྲལ་ལོངས་སྤྱོད་རྫོགས། །ཐུགས་རྗེའི་རིག་རྩལ་མ་འགགས་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་རང་གི་རིག་པར་རྫོགས། །དེ་ཕྱིར་གནས་ལུགས་བཞི་ཆ་གསུམ་བྲལ་བའི། །ད་ལྟའི་རིག་པ་དྭངས་སང་རྗེན་ནེ་བ། །འདི་ཉིད་རྒྱལ་བའི་དགོངས་པར་ཐག་ཆོད་ལ། །སྒོམ་མེད་ངང་དུ་ཡེངས་མེད་བཙན་ས་ཟུང་། །རྩལ་གྱི་རྟོག་ཚོགས་བཟང་ངན་ཅི་ཤར་ཡང་། །ཤར་རྗེས་མ་གཅོད་ཤར་མཁན་རང་ངོར་ལྟོས། །སྦྲུལ་གྱི་མདུད་པ་ཆུ་ཡི་རི་མོ་བཞིན། །རང་ཡལ་རྗེས་མེད་ངང་དུ་བོར་ལ་ཐོངས། །དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་སྟེ། །ཅིར་སྣང་ཀུན་བཟང་སྤྱོད་པའི་རྒྱན་དུ་ཤར། །དེ་ལྟར་མ་རྟོགས་སྒོམ་ཆེན་འོ་རེ་བརྒྱལ། །ཡིད་དཔྱོད་འཛིན་པས་གཉུག་མའི་དོན་ལ་སྒྲིབ། །སྤྲོས་བྲལ་ཆོས་ཉིད་སྤྲོས་པའི་གཞི་མར་སོང་། །ཁོ་ཐག་མ་ཆོད་ཐ་མ་ཡི་མུག་རྒྱུ། །དེས་ན་སྤྲ་སྤྲོའི་བློ་མང་མ་བསྐྱེད་པར། །བླ་མ་སངས་རྒྱས་དངོས་མཐོང་མོས་གུས་དང་། །རང་རིག་ཟང་ཐལ་གཉུག་མའི་རང་མདངས་སྐྱོངས། །བཟང་རྟོག་ཉམས་ལ་མ་ཞེན་ཕཊ་ཀྱིས་ཆོད། །ངན་རྟོག་ཐམས་ཅད་རང་གྲོལ་ལམ་དུ་ཁྱེར། །ཇི་ལྟར་བྱུང་ཡང་གཉུག་མའི་རང་ཚོད་ཟུངས། །རེ་དོགས་གཉིས་འཛིན་སྤྲོས་པ་རྒྱངས་ཀྱིས་སྐྱུངས། །དེ་ལྟར་མཛད་ན་བླ་མའི་བྱིན་རླབས་དང་། །རང་གི་སྒོམ་སྟོབས་ལྷན་ཅིག་ཚོགས་པའི་རྒྱུས། །རེ་ཞིག་དུས་ན་བྱིས་པ་ནར་སོན་བཞིན། །ཁོ་ཐག་ནང་ནས་ཆོད་པའི་དུས་ཤིག་མཆིས། །དེ་སླད་མི་བསྐྱུར་བརྩོན་འགྲུས་རྒྱུན་སྲིང་འཚལ། །ཚུལ་འདི་འབྲས་སྒྲུབ་ཚེ་དབང་དཔལ་འབྱོར་ངོར། །སྔགས་བཙུན་རྨོངས་པ་པདྨ་རྣམ་རྒྱལ་གྱིས། །མོན་ཡུལ་མཚོ་སྣའི་གྲོང་དུ་འཕྲལ་མར་བྲིས། །དགེ་བས་འགྲོ་ཀུན་གཏད་མེད་ཡོངས་གྲོལ་ཤོག །
༄༅། །སྟོང་ཉིང་སྙིང་རྗེ་ཟབ་མོའི་གྲུ་ཆེན་གྱིས། །སྲིད་མཚོར་དུབ་པའི་ཉམ་ཐག་འགྲོ་བ་རྣམས། །རྣམ་གྲོལ་རིན་ཆེན་གླིང་དུ་འགོད་མཛད་པ། །བླ་མ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ངོ་བོ་རྒྱུ་རྐྱེན་དཔེ་གྲངས་གང་བསམས་ཀྱང་། །རྙེད་དཀའ་དོན་ཆེན་ལྷ་ལས་ལྷག་པའི་རྟེན། །སྔོན་བསགས་མཐུ་ཡིས་ལན་གཅིག་རྙེད་དུས་འདིར། །མདོ་མེད་སྟོང་ལོག་མ་བྱེད་ཡིག་དྲུག་སྒྲོངས། །ཚེ་ནི་དགོངས་ཀའི་ཉི་བཞིན་ཕར་ཕར་འགྲོ། །འཆི་བདག་གྲིབ་སོ་བཞིན་དུ་ཚུར་ཚུར་འོངས། །དོ་ནུབ་ཙམ་ཡང་མི་འཆིའི་གདེང་མེད་པས། །མི་རྟག་རྟག་འཛིན་སྤོངས་ལ༴ ཚོང་འདུས་མགྲོན་འདྲའི་མཛའ་བཤེས་སོ་སོར་གྱེས། །ནོར་རྫས་སྦྲང་བུའི་རྩི་འདྲ་གཞན་གྱིས་སྤྱོད། །ལང་ཚོའི་མེ་ཏོག་རྒ་བའི་བ་མོས་བཅོམ། །ཚུལ་འདིར་སོམས་ལ་བརྩོན་པས༴ རིགས་གཟུགས་དཔལ་འབྱོར་འཁོར་འབངས་ལྟ་ཅི་སྨོས། །གཅེས་པར་བསྐྱངས་པའི་ལུས་ཀྱང་བཞག་ནས་ནི། །རྣམ་ཤེས་བར་དོར་གཏད་མེད་འཁྱམས་དགོས་པས། །འདིར་སྣང་ཞེན་པ་ཐོངས་ལ༴ འདི་ལྟར་འགྲོ་བའི་བདེ་སྡུག་ལེགས་ཉེས་སོགས། །སྣང་སྲིད་ཆོས་ཀུན་ལས་ཀྱིས་སྤྲུལ་པ་སྟེ། །ལས་འབྲས་མི་བསླུ་ཐུབ་གསུང་གཅེས་པའི་མཛོད། །ཤེས་ནས་ཡིད་ཆེས་བསྐྱེད་ལ་ཡིག་དྲུག་སྒྲོངས། །ཀུན་སློང་ཆགས་སྡང་རྨོངས་པས་མ་བསླད་པའི། །རང་གཞན་ཕན་བདེའི་རྒྱུ་ཀུན་བླང་བྱ་སྟེ། །དེ་ལས་ལྡོག་རྣམས་སྤང་བྱ་ཁོ་ན་ཡིན། །བླང་དོར་ཚུལ་བཞིན་གྱིས་ལ༴ འཇིག་རྟེན་ཕྱི་མར་ཆོས་ཀྱིས་ཕན་ནོ་ཞེས། །གནག་རྫི་རྒན་པོ་ཡན་ཆོད་སྒྲོགས་བྱེད་ཀྱང་། །ལག་ཏུ་མ་ལོན་རང་རེ་བསླུས་པར་སྣང་། །ལག་ལེན་གནད་དུ་དྲིལ་ལ༴ ཟླ་བྲལ་བསོད་ནམས་བསགས་པའི་རྟེན་གྱི་མཆོག །སྟོན་པའི་ཞལ་སྐྱིན་ཇོ་ཞལ་མཆེད་ཀྱི་གཙོས། །ངོ་མཚར་ཁྱད་འཕགས་སྤྲུལ་པའི་གནྡྷོ་ལར། །སྲི་ཞུ་ལྷོད་མེད་མཛོད་ལ༴ མ་རིག་ལྕགས་སྒྲོག་དམ་པོས་རབ་བཅིངས་ནས། །སྡུག་བསྔལ་གསུམ་གྱི་ཆད་པས་རྟག་གཙེས་པའི། །སྲིད་པའི་བཙོན་རར་འགྲོ་ཀུན་ཉམ་རེ་ཐག །ངེས་འབྱུང་སྐྱོ་བ་སྐྱེད་ལ་ཡིག་དྲུག་སྒྲོངས། །འཕགས་ཡུལ་ཐུབ་བསྟན་རིན་ཆེན་མཚོ་ཆེན་ལས། །གངས་ལྗོངས་དད་བསོད་ཡུར་བར་དྲངས་པའི་ཆབ། །གསར་རྙིང་གྲུབ་མཐའི་རྫིང་བུ་མང་ཙམ་བྱུང་། །དག་སྣང་ཕྱོགས་མེད་སྦྱོངས་ལ༴ བླ་མ་མཆོག་གསུམ་རིགས་ཀྱི་ལྷ་བཞིན་བཀུར། །འབངས་འཁོར་བྲན་གཡོག་བྱམས་པས་བུ་བཞིན་སྐྱོངས། །ཅི་བྱེད་འདུན་མ་དགེ་བའི་ལམ་ལ་དྲིལ། །གཡོ་སྒྱུ་ཟོལ་ཟོག་སྤོངས་ལ༴ གང་ལ་བསྟེན་ན་སྲིད་ཞིའི་འཇིགས་འཕྲོག་ཅིང་། །ཕན་བདེའི་འདོད་དགུ་ཡིད་བཞིན་འཇོ་མཛད་པའི། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་གསུམ། །རྣམ་ཀུན་སྐྱབས་སུ་ཟུངས་ལ༴ རྒྱལ་དང་རྒྱལ་སྲས་ཀུན་གྱི་བགྲོད་གཅིག་ལམ། །ཡོན་ཏན་དཔག་ཡས་བསམ་མི་ཁྱབ་པའི་གཏེར། །ཐེག་ཆེན་ཆོས་ཀྱིས་ཉིང་ཁུ་ཟླ་མེད་པ། །བྱང་ཆུབ་སེམས་མཆོག་སྐྱེད་ལ༴ མཁའ་མཉམ་འགྲོ་ཀུན་ཕ་མའི་རང་བཞིན་ལ། །མ་རིག་དབང་གིས་དགྲ་གཉེན་སོ་སོར་བཟུང་། །སྡུག་བསྔལ་སྲིད་མཚོར་ཉམ་ཐག་སྙིང་རེ་རྗེ། །ཕན་འདོགས་སྙོམས་པར་མཛོད་ལ༴ སྙིང་རྗེའི་ངོ་བོ་སྟོང་ལ་རང་བཞིན་མེད། །སྟོང་པའི་རང་མདངས་མ་འགགས་སྙིང་རྗེར་ཤར། །ཐབས་ཤེས་ཟུང་འབྲེལ་རྒྱལ་བ་དགྱེས་པའི་ལམ། །བློ་སྦྱོང་རྒྱུན་དུ་སྒོམས་ལ༴ འགྲོ་དོན་རྫོག་པའི་སངས་རྒྱས་ཐོབ་འདོད་བློས། །གཞན་གནོད་གཞི་དང་བཅས་པ་ཡོངས་སྤོང་ངོས། །གཞན་ཕན་ཡོངས་སྒྲུབ་དགེ་ཆོས་ཀུན་སྡུད་པའི། །རྒྱལ་སྲས་ལག་ལེན་སློབས་ལ༴ རྒྱལ་ཀུན་བརྩེ་ཆེན་ཐུགས་རྗེའི་ཆུ་གཏེར་ལས། །ཉེར་འཁྲུངས་གངས་ཅན་བླ་མ་ཀུ་མུཏ་གཉེན། །ཕན་བདེའི་འོད་དཀར་སྲིད་ཞིའི་གདུང་སེལ་མཆོག །འབྲལ་མེད་སྙིང་དབུས་ཆོངས་ལ༴ གཟུངས་སྔགས་རྒྱལ་པོ་ཡི་གེ་དྲུག་མ་མཆོག །ལན་གཅིག་བརྗོད་པས་སྲིད་ལམ་རྒྱུ་བ་གཅོད། །དུས་གསུམ་རྒྱལ་བའི་སྙིང་པོ་འདིར་འདུ་བས། །ཡིད་ཆེས་སྤྲོ་བ་སྐྱེད་ལ༴ སྣང་བ་ལྷ་སྐུར་ཤར་བའི་བསྐྱེད་རིམ་འདི། །ཐ་མལ་དངོས་ཞེན་སྦྱོང་ལ་མེད་ཐབས་མེད། །ཅིར་སྣང་ལྷ་སྐུ་སྒྱུ་མར་གསལ་ཐོབ་ལ། །སྣང་སྟོང་གཉིས་མེད་ངང་ནས༴ སྒྲ་གྲགས་སྔགས་སུ་རྫོགས་པའི་བཟླས་བརྗོད་འདི། །གྲུབ་གཉིས་འདོད་དགུར་བསྒྱུར་ལ་མེད་ཐབས་མེད། །འཕྲོ་འདུ་དམིགས་པའི་བསྒྱུར་ཁ་ཟབ་མོ་ཡིས། །གྲགས་སྟོང་སྐྱེ་མེད་ངང་ནས༴ དྲན་རྟོག་ཆོས་སྐུར་སྦྱོང་བའི་ཉམས་ལེན་འདི། །ངེས་དོན་སྙིང་པོ་སྒྲུབ་ལ་མེད་ཐབས་མེད། །གང་ཤར་རང་གྲོལ་སྤང་བླང་བྱར་མེད་དང་། །རང་བབས་གཉུག་མར་ལྷོད་ལ༴ སྦྱོར་དངོས་རྗེས་གསུམ་ཚང་བའི་ཉམས་ལེན་འདི། །རྣམ་མཁྱེན་རྫོགས་བྱང་སྒྲུབ་ལ་མེད་ཐབས་མེད། །དམ་པ་གསུམ་ལྡན་གསེར་འགྱུར་རྩི་མཆོག་གིས། །དགེ་ཚོགས་ལྕགས་ཁམས་བསྒྱུར་ལ༴ མདོར་ན་དྲན་ཤེས་ལྕགས་ཀྱུ་རྣོན་པོ་ཡིས། །མི་བསྲུན་སེམས་ཀྱི་གླང་པོ་ཐུལ་མཛོད་དང་། །ལུས་ངག་ཁོལ་པོ་དགེ་ལ་གཞོལ་ངེས་པས། །རྣམ་ཀུན་རང་སེམས་ཐུལ་ལ༴ རང་སེམས་གྱོང་པོ་ཆོས་ཀྱིས་ཐུལ་གྱུར་ན། །རྟགས་དང་ཆོ་ག་ཇི་ལྟར་གནས་ཀྱང་རུང་། །ངེས་པར་ཡང་དག་ལམ་དུ་འགྲོ་མཆི་བས། །འདི་དོན་ཉམས་སུ་ལོངས་ལ་ཡིག་དྲུག་སྒྲོངས། །ཚུལ་འདི་མདོ་ཁམས་སྔགས་བཙུན་ཞེ་ཆེན་པ། །འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོས། །བོད་ཡུལ་ས་ཡི་ལྟེ་བ་རྡོ་རྗེ་གདན། །འཕྲུལ་སྣང་གཙུག་ལག་ཁང་གི་ཉེ་གམ་དུ། །སྡིངས་མཁར་གནས་མོ་ཚེ་བརྟན་སྒྲོན་དཀར་ལ། །ཉུང་བསྡུས་ཚིག་གིས་གང་དྲན་ཤར་མར་གདམས། །དགེ་བས་འགྲོ་ཀུན་མངོན་པར་སངས་རྒྱས་ཤོག །

༄༅། །དཔག་མེད་མཁྱེན་བརྩེའི་སྤྲིན་ཆེན་ལས། །གང་འདུལ་ཐེག་གསུམ་ཆོས་ཆར་གྱིས། །རྣམ་གྲོལ་མྱུ་གུ་སྐྱེད་མཛད་པའི། །སྐྱོབ་པ་མཆོག་ལ་ཕྱག་བྱས་ནས། །སྙིང་ནས་བརྩེ་བའི་གྲོགས་པོ་མཆོག །བློ་གསལ་དཔལ་ལྡན་ནོར་བུ་ཡི། །ཤོག་བུ་གཏད་ནས་བསྐུལ་བའི་ངོར། །ཕན་པའི་བསླབ་བྱ་མདོ་ཙམ་བརྗོད། །མི་ལུས་ཐོབ་པ་ཤིན་ཏུ་དཀའ། །བསྟན་དང་མཇལ་བ་ད་རེས་ཙམ། །ད་ལྟ་རང་དབང་སྤྱོད་དུས་འདིར། །སྙིང་ནས་བརྩོན་པ་སྐྱེད་རེ་རན། །མི་རྟག་འཆི་བ་མྱུར་དུ་འོང་། །ལས་འབྲས་མི་བསླུ་སོ་སོར་སྨིན། །འཁོར་བའི་སྡུག་བསྔལ་བཟོད་པར་དཀའ། །འཆི་ཚེ་ཕན་པ་དམ་པའི་ཆོས། །དེ་ཕྱིར་སྙིང་ལ་རུས་པ་སྐྱེད། །མྱུ་གུ་གསར་པ་ལྟ་བུ་ཡི། །ལང་ཚོའི་དུས་འདིར་དམན་མཆོག་ཀུན། །གྲོགས་ཀྱི་བྱེད་པས་བསྒྱུར་ངེས་པས། །སྡིག་གྲོགས་སྤོངས་ལ་དགེ་བཤེས་བསྟེན། །ཆོས་ལ་འཇུག་རྒྱུ་ངེས་འབྱུང་སྟེ། །ཆོས་དཀར་སྣང་སྒོ་དག་སྣང་ཡིན། །ཡོན་ཏན་གཞི་རྟེན་ཚུལ་ཁྲིམས་མཆོག །ཡོན་ཏན་དངོས་གཞི་ཐོས་བསམ་སྒོམ། །ཀུན་གྱི་གྲོགས་སུ་བརྩོན་འགྲུས་གཅེས། །ཐོག་མར་ངེས་འབྱུང་བློ་མེད་ན། །བབ་ཅོལ་རྩོམ་པ་ལྷུར་བླངས་ཀྱང་། །རྫ་སོ་མ་བཏང་ཆུ་བླུགས་བཞིན། །ངེས་པར་སྐྱོན་གྱིས་མ་རུངས་འགྱུར། །ངེས་འབྱུང་གཤའ་མ་སྐྱེས་གྱུར་ན། །བཅོས་ལེགས་བྱས་པའི་གྲུ་བོ་བཞིན། །ཉེས་པའི་སྐྱོན་གྱིས་གོས་མིན་པར། །ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ། །དག་སྣང་བློ་མིག་མི་ལྡན་ན། །རྒྱལ་ཆོས་ཉིན་བྱེད་འབུམ་བརྡལ་ཡང་། །ལོག་ལྟའི་བྱང་བལྟས་ཕུག་པ་རུ། །ཇི་ལྟ་བུར་ནི་འཆར་བར་འགྱུར། །གང་ལ་དད་པའི་བློ་མཚོ་ཡོད། །དེ་ལ་སྲས་བཅས་རྒྱལ་རྣམས་ཀྱི། །ཐུགས་རྗེའི་གདེངས་ཀ་རྣམ་གཡོ་ཞིང་། །ལེགས་ཚོགས་ཆུ་ཕྲན་ངང་གིས་འདུ། །ཚུལ་ཁྲིམས་ནོར་དང་བྲལ་གྱུར་ན། །ཐོས་སོགས་མང་པོས་ཅི་བྱར་ཡོད། །སྐྱེ་བ་འབུམ་ཕྲག་བརྒྱར་ཡང་ནི། །བདེ་བའི་ངལ་སྟེགས་ཐོབ་མི་འགྱུར། །གང་ལ་ཚུལ་ཁྲིམས་ས་གཞི་ཡོད། །དེ་ལ་ཡོན་ཏན་ལོ་ཐོག་སྨིན། །ལྷར་བཅས་སྐྱེ་དགུས་བསྔགས་འོས་ཕྱིར། །སེམས་ལྡན་སུ་ཞིག་ཅིས་མི་བརྩོན། །ཐོས་སོགས་ཡོན་ཏན་མི་ལྡན་ན། །རིགས་གཟུགས་དཔལ་འབྱོར་ཕུན་ཚོགས་ཀྱང་། །ངེས་པར་བ་གླང་གསེར་རྒྱན་ཅན། །དཔྱོད་ལྡན་སུ་ཡིད་འགུགས་པར་འགྱུར། །གང་ལ་ཤེས་རབ་མཆོག་ལྡན་པ། །དེ་ཡིས་འགྲོ་ཀུན་དགའ་སྐྱེད་ནུས། །ཉིན་མོར་བྱེད་པ་གཅིག་པུ་ཡིས། །ས་སྟེང་མུན་པ་སེལ་ལ་ལྟོས། །གང་ལ་བརྩོན་འགྲུས་མི་ལྡན་ན། །བདག་པོ་ངན་པའི་རྫས་བཞིན་དུ། །ལེ་ལོའི་རྐུན་བུ་མི་བཟད་པས། །ལེགས་ཚོགས་མ་ལུས་འཇོམས་པར་བྱེད། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་ན། །བདུད་ཚོགས་བྱེ་བས་འཕྲོག་མི་ནུས། །རིགས་སྔགས་གྲུབ་པའི་མཆིལ་ལྷམ་བཞིན། །འདོད་སར་བདེ་མྱུར་ཕྱིན་པར་འགྱུར། །རྒྱལ་བ་ཐུབ་པའི་བསྟན་པ་ནི། །ལུང་དང་རྟོགས་པའི་བདག་ཉིད་ཅན། །དེར་འཛིན་བྱེད་པ་སྨྲ་བ་དང་། །སྒྲུབ་པར་བྱ་བ་ཁོ་ནར་གསུངས། །རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། །དེ་ནི་འགའ་ཡང་ཡོད་མིན་ཕྱིར། །འབྲི་ཀློག་སྒྲ་ཚད་བཟོ་གསོ་དང་། །སྙན་ངག་སྡེབ་སྦྱོར་དཀར་ནག་རྩིས། །མངོན་བརྗོད་ཟློས་གར་ལ་སོགས་པ། །ཆེ་ཕྲའི་རིག་པའི་གནས་མཐའ་དག །འབད་པས་ཉན་ཞིང་བརྩོན་པས་སྦྱངས། །ཁྱད་པར་མདོ་རྒྱུད་མན་ངག་གི། །བསྟན་བཅོས་མ་ལུས་ཐོས་བྱས་ཤིང་། །ལེགས་པར་བསམ་པས་སྒྲོ་འདོགས་བཅད། །གང་ཤེས་རང་གི་རྒྱུད་ལ་དྲིལ། །རྟོགས་པ་ཀློང་དུ་གྱུར་པ་ན། །ཟང་ཟིང་མེད་པའི་བརྩེ་སེམས་ཀྱིས། །བསྟན་དང་འགྲོ་ལ་གང་ཕན་བྱ། །དེ་ཡིས་དོན་གཉིས་འགྲུབ་འགྱུར་མོད། །དེ་ལྟའི་བློ་སྟོབས་མི་ལྡན་ན། །རྟག་པར་རང་གི་རྒྱུད་ལ་རྟོག །དགེ་བར་འདུག་ན་གཟེངས་བསྟོད་ལ། །ཉེས་པར་འདུག་ན་སྨ་དབབ་བྱོས། །ཐོག་མ་མེད་ནས་ད་ལྟའི་བར། །རང་ཉིད་གཅེས་པར་འཛིན་པ་ཡི། །བློ་ངན་འདི་ཡིས་སྲིད་པར་བཅིངས། །དེ་ཕྱིར་འཁོན་གྱིས་མཛད་པར་རིགས། །ཐུབ་རྣམས་རང་དོན་ཡལ་བོར་ནས། །གཞན་ཕན་མཛད་པ་གཅིག་པུ་ཡིས། །རྣམ་གྲོལ་ཡོན་ཏན་གཏེར་ཁ་བརྙེས། །འགྲོ་ཁམས་སྨིན་པར་མཛད་ལ་ལྟོས། །སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་མཉེས་པའི་ཐབས་མེད་ཕྱིར། །རང་ཉིད་ཇི་ལྟར་འདོད་པ་བཞིན། །འགྲོ་བ་ཀུན་ལ་སྦྱོར་བར་མཛོད། །ཐབས་དང་བྲལ་བའི་ཤེས་རབ་དང་། །ཤེས་རབ་བྲལ་བའི་ཐབས་དག་ཀྱང་། །འཆིང་བྱེད་ཉིད་ཕྱིར་བསོད་ནམས་དང་། །ཡེ་ཤེས་ཚོགས་གཉིས་འབྲལ་མེད་མཛོད། །ཡེ་ནས་བཅིང་གྲོལ་ལས་འདས་པའི། །དྲི་མེད་དག་པའི་སངས་རྒྱས་དངོས། །འོད་གསལ་བདེ་གཤེགས་སྙིང་པོའི་ངང་། །བློ་ཡི་སྤྲོས་པ་བྲལ་བར་ཞོག །འདི་ལ་མཐོང་དང་མཐོང་བྱེད་མེད། །རྟོག་བྲལ་ནམ་མཁའི་རང་བཞིན་དུ། །མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །རྗེས་ཐོབ་སྒྱུ་མའི་རྣལ་འབྱོར་གྱིས། །མ་རྟོགས་འགྲོ་ལ་སྙིང་རྗེ་སྐྱེད། །རྟག་པར་དྲན་ཤེས་བག་ཡོད་ཀྱིས། །སྤྱོད་ཡུལ་ཡོངས་སུ་དག་པར་མཛོད། །དེ་སྐད་པདྨ་བི་ཛ་ཡིས། །ལྷག་པའི་བསམ་པས་མདོ་ཙམ་བརྗོད། །དགེ་འབྲས་ཁྱེད་ཐུགས་ལ་གནས་ནས། །བྱང་ཆུབ་ལམ་ལ་གཞོལ་གྱུར་ཅིག །


previousསྤྱིར་ན་སངས་རྒྱས་བསྟན་པའི་ཉམས་ལེན་གནད། next