Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤར་རྒྱལ་མོ་རོང་པ་བླ་མ་ཆོས་དབྱིངས་རང་གྲོལ་ལགས་ཀྱི་བཞེད་སྐོང་དུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤར་རྒྱལ་མོ་རོང་པ་བླ་མ་ཆོས་དབྱིངས་རང་གྲོལ་ལགས་ཀྱི་བཞེད་སྐོང་དུ། next

ཤར་རྒྱལ་མོ་རོང་པ་བླ་མ་ཆོས་དབྱིངས་རང་གྲོལ་ལགས་ཀྱི་བཞེད་སྐོང་དུ།

༄༅། །ཤར་རྒྱལ་མོ་རོང་པ་བླ་མ་ཆོས་དབྱིངས་རང་གྲོལ་ལགས་ཀྱི་བཞེད་སྐོང་དུ། དཔལ་ལྡན་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན་ནས་མཛེས་འབར་གསེར་སྦྱངས་ཁམས། །རྨད་བྱུང་ཐོས་བསམ་སྒོམ་པའི་ཚད་མེད་བུམ་བྲེ་ཆོས་འཁོར་ཏོག་གིས་མཛེས། །རླབས་ཆེན་འཆད་རྩོད་རྩོམ་པའི་ཕྲིན་ལས་རིན་ཆེན་བྱེ་བའི་རྒྱན་གྱིས་སྤྲས། །ས་གསུམ་འགྲོ་བའི་མཆོད་སྡོང་མཚུངས་མེད་དཔལ་མགོན་བླ་མའི་ཞབས་ལ་འདུད། །སྔོན་བསགས་ལེགས་སྨོན་ཚུལ་ཁྲིམས་རྣམ་པར་དག་པའི་ཞིང་ས་གཤིན་པོ་ལ། །རབ་དཀར་དགེ་བཅུའི་ས་བོན་བཏབ་གང་དེང་འདིར་དུས་སུ་སྨིན་པ་ལས། །རྨད་བྱུང་དལ་བ་བརྒྱད་ཀྱི་སྙེ་མ་འབྱོར་བཅུའི་འབྲས་བཟང་གཡུར་སྨིན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་དཀའ་གྲོགས་དག་བག་མེད་མ་བྱེད་ཅིག །མི་ཚེའི་ཉིན་བྱེད་སྐད་ཅིག་མི་སྡོད་ཆུ་ལྷའི་ས་འཛིན་རྩེ་མོར་གཞོལ། །ལང་ཚོའི་མེ་ཏོག་ཡུན་དུ་མི་བརྟན་རྒ་དང་ན་བའི་བ་མོས་བཅོམ། །སྐྱེ་བའི་ལྗོན་ཤིང་འདི་ནི་འཆི་བདག་སྟ་གྲི་འཛིན་པའི་ཁར་གནས་པས། །ཀྱེ་ཧུད་སོས་དལ་བྱེད་པ་འདི་རྣམས་ངེས་པར་ཕྱུགས་ལས་བླུན་པར་སེམས། །ས་དང་ལྷུན་པོ་རིར་བཅས་འབར་ཞིང་གཡོ་བས་མཁའ་ལ་འགྲོ་སྲིད་ཀྱང་། །ཀུན་མཁྱེན་ལེགས་གསུངས་རྒྱུ་འབྲས་ཟབ་མོའི་ཚུལ་ལ་བསླུ་བ་ནམ་ཡང་མིན། །དེ་སླད་དགེ་ལེགས་རྩི་ཤིང་སྲེག་བྱེད་སྡིག་པའི་མེ་ཚོགས་རབ་གཞིལ་ལ། །དམ་པ་གསུམ་ལྡན་དགེ་ཚོགས་ཆར་གྱིས་རྣམ་གྲོལ་མྱུ་གུ་བསྐྱེད་པར་མཛོད། །མ་རིག་གཟུང་འཛིན་འཛིན་ཁྲིས་དབང་བྱས་སྡུག་བསྔལ་གསུམ་གྱི་རྦ་རླབས་ཅན། །ཐར་དཀའ་གཏིང་ཟབ་སྲིད་མཚོ་འདིར་བྱིངས་ཐོག་མེད་དུས་ནས་ཉམ་ཐག་པས། །ད་རེས་དལ་འབྱོར་གྲུ་རྙེད་མཚན་ལྡན་དེད་དཔོན་མཁས་པས་རྗེས་བཟུང་ནས། །གདམས་ཟབ་སྐྱ་བ་ལེགས་པར་ཐོབ་དུས་བརྩོན་པས་ཕ་རོལ་བརྒལ་བར་མཛོད། །ཐུབ་བསྟན་མ་དྲོས་འགྲོ་བསོད་རྫིང་བུར་འཁྱིལ་བའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད། །ཀུན་ཀྱང་ལུང་རྟོགས་འཛུམ་དཀར་གྲོལ་ལ་མཁས་གྲུབ་ངང་པའི་རྒྱལ་པོ་རྣམས། །བཤད་སྒྲུབ་ཕྲིན་ལས་ངོ་མཚར་བྱེ་བའི་ཟློས་གར་བསྒྱུར་བའི་དཔལ་གྱིས་རྩེན། །མཐར་ཐུགས་ངེས་དོན་རྒྱ་མཚོར་རོ་གཅིག་དེ་སླད་དག་པའི་བློ་མིག་སྦྱོངས། །དྲི་མེད་ཐོས་བསམ་ཡོན་ཏན་ཤིན་ཏུ་རྒྱ་ཆེ་ལུང་གི་མཁའ་དབྱིངས་སུ། །ཟབ་གསང་ཉམས་མྱོང་རྟོགས་པའི་ཆུ་འཛིན་ཕྲེང་བས་ཕྱོགས་ཀྱི་མཐར་ཁྱབ་ལས། །གཞན་ཕན་ཐུགས་རྗེའི་ཕྲིན་ལས་ཆར་གྱིས་ཕན་བདེའི་ལོ་ཏོག་རྒྱས་མཛད་པའི། །མཚུངས་མེད་ཡིད་བཞིན་རྒྱན་གྱུར་མཉེས་པ་གསུམ་གྱི་དད་བརྒྱའི་གཙུག་ན་བསྟེན། །ངེས་འབྱུང་མཚོ་རྫིང་ལས་འཁྲུངས་སོ་ཐར་རིགས་བདུན་པུཎྜ་རི་ཀ་རྒོད། །རྨད་བྱུང་བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཚོགས་གཉིས་དགེ་བའི་གྲུ་ཆར་འཇོ། །དབང་བཞིའི་བང་རིམ་མཛེས་འབར་རིམ་གཉིས་རྣལ་འབྱོར་ཉི་ཟླའི་རྣ་ཆ་ཅན། །སྡོམ་གསུམ་འགལ་མེད་གནད་དུ་དྲིལ་བའི་ཚུལ་ཁྲིམས་ཕུང་པོ་རྒྱས་པར་མཛོད། །ཕས་རྒོལ་ལྷ་མིན་དཔུང་ཚོགས་བཟློག་སླད་སྒྲ་ཚད་ཕ་ལམ་རྡོ་རྗེ་ཐོགས། །གདུལ་བྱའི་ལྷ་ཕྲུག་རྗེས་སུ་སྐྱོངས་ལ་བཟོ་གསོ་བདུད་རྩིའི་བུམ་བཟང་མཛེས། །རང་རྒྱུད་འགྲོལ་ཕྱིར་མདོ་རྒྱུད་མན་ངག་ཟབ་མོའི་མིག་སྟོང་རྣམ་བཀྲ་བའི། །མང་ཐོས་ཤེས་རབ་རྒྱ་ཆེ་འཆི་མེད་དབང་པོ་མཆོག་གི་གནས་ཐོབ་མཛོད། །འདིར་སྣང་ཆོས་བརྒྱད་ཞེན་པའི་སྦྲུལ་གདུག་ང་རྒྱལ་མགོ་འཕང་བསྟོད་པ་ཡིས། །ཆོས་སྤང་ལྕེ་གཉིས་བསྐྱོད་པའི་དུག་གིས་ཐར་པའི་སྲོག་ལ་གཟན་མཆི་བས། །བློ་ལྡོག་བཞི་དང་དད་གསུམ་ཚད་མེད་རྣམ་བཞི་བྱང་ཆུབ་སེམས་ལ་སོགས། །བསམ་བྱུང་སྨན་གྱིས་རང་རྒྱུད་ཉོན་མོངས་ཟུག་རྔུ་མ་ལུས་གཞིལ་བར་མཛོད། །རྒྱལ་བས་ལེགས་བསྔགས་དགྲ་མེད་མི་གཡོ་ཞི་བའི་ནགས་ཁྲོད་ཉམས་དགའ་བར། །འདིར་སྣང་ཚེ་འདིར་ཞེན་པའི་སྤྲོས་པའི་འཁོར་ལོ་མ་ལུས་རིང་བཏང་ནས། །བསྐྱེད་རྫོགས་རྫོགས་ཆེན་ཟབ་མོའི་རྣལ་འབྱོར་མཆོག་ལ་བརྩོན་པ་ལྷུར་བཞེས་ནས། །གདོད་མའི་གསང་ཆེན་ཚེ་འདིར་མངོན་བྱས་དོན་གཉིས་ལྷུན་གྱིས་འགྲུབ་པར་མཛོད། །དལ་འབྱོར་ཡོན་ཏན་ཀུན་ནས་རྫོགས་པའི་བརྟན་ལྡན་ནོར་བུ་འཛིན་མའི་གཞིར། །དྲི་མེད་བསླབ་གསུམ་རྩ་བ་རབ་བརླིང་དད་པའི་ཡལ་འདབ་ཕྱོགས་བཅུར་རྒྱས། །ཐོས་བསམ་སྒོམ་པའི་མེ་ཏོག་ཆེས་བཀྲ་འཆད་རྩོད་རྩོམ་པའི་གྲིབ་བསིལ་གྱིས། །ཐུབ་བསྟན་རྒུད་པའི་ཚ་གདུང་ཀུན་བཅིལ་འགྲོ་ཀུན་ངལ་གསོའི་གཞིར་གྱུར་ཅིག །ཅེས་པའང་ཤར་རྒྱལ་མོ་རོང་པ་བླ་མ་ཆོས་དབྱིངས་རང་གྲོལ་ལགས་ཀྱི་བཞེད་སྐོང་དུ། དབྱིངས་ཕྱུག་ཡེ་ཤེས་ཌཱ་ཀི་འགྱུར་མེད་བདེ་ཆེན་ཆོས་སྒྲོན་གྱི་ཞལ་རྡུལ་སྤྱི་བོས་ལེན་པའི་སྔགས་བཙུན་ཞེ་ཆེན་པ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོའི་སྡེས་གངས་རིའི་ཁྲོད་ཀྱི་པདྨ་འོད་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་བྲིས་པ་སརྦ་མངྒལཾ།
༄༅། །གང་གི་མཚན་ཙམ་ཐོས་པའི་གཟི་བྱིན་གྱིས། །སྲིད་ཞིའི་རྒུད་པའི་མུན་ཚོགས་སེལ་མཛད་པའི། །བླ་མ་སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །གུས་པས་བཏུད་ནས་བསླབ་བྱ་མདོ་ཙམ་བརྗོད། །ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུ་ཡིས། །ད་རེས་དལ་འབྱོར་ཚང་པའི་རྟེན་རྙེད་ཅིང་། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་དུས་འདིར། །མྱུར་དུ་བརྩོན་པས་བྱང་ཆུབ་སྒྲུབ་པར་འཚལ། །ཚེ་ནི་མེ་ལྕེས་འཐུང་བའི་ཞུན་མར་བཞིན། །སྣོན་པ་མེད་པར་རྟག་ཏུ་འགྲིབ་གྱུར་ལ། །གློ་བུར་འཆི་རྐྱེན་རླུང་དམར་དྲག་འཁྲུགས་པས། །དོ་ནུབ་ཙམ་ཡང་མི་འཆིའི་གདེང་ཡོད་མིན། །རིགས་གཟུགས་དབང་ཐང་འཁོར་འབངས་ལྟ་ཅི་སྨོས། །གཅེས་པར་བསྐྱང་བའི་ལུས་ཀྱང་བཞག་ནས་ནི། །རྣམ་ཤེས་བར་དོར་རྟེན་མེད་འཁྱམས་དགོས་ཚེ། །ཕན་ངེས་དམ་པའི་ཆོས་ལས་གཞན་ཡོད་མིན། །ཆོས་སྒྲུབ་སྙམ་པ་ཀུན་ལ་ཡོད་མོད་ཀྱང་། །ལག་ཏུ་མ་ལོན་འཇིག་རྟེན་འཁྲུལ་བས་བསླུས། །སྲིད་པའི་གནས་སུ་སྡུག་བསྔལ་བརྒྱ་ཕྲག་གིས། །རབ་གཙེས་འགྲོ་བ་འདི་རྣམས་ཉམ་རེ་ཐག །འདི་ལས་སྐྱོབ་ནུས་བླ་མ་དཀོན་མཆོག་གསུམ། །སྐྱབས་དེས་ནམ་ཡང་བསླུ་བ་མ་མཆིས་པས། །ཡིད་ཆེས་དད་པ་བརྟན་པོས་གཞི་བཟུང་ལ། །སྐྱབས་འགྲོ་སྡོམ་པ་ཀུན་གཞིར་མེད་ཐབས་མེད། །ཁམས་གསུམ་འཁོར་བ་མེ་ཡི་འོབས་ལྟར་མཐོང་། །རང་གི་དོན་དུ་ཞི་བ་དོན་གཉེར་བློས། །དུས་དང་གཏན་དུ་བླངས་པའི་སོ་ཐར་གྱི། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་དག་པར་མཛོད། །ཆོས་ཀུན་སྒྱུ་མ་ལྟ་བུར་རྟོགས་པའི་ངང། །མ་རྟོགས་འགྲོ་ལ་སྙིང་རྗེས་ཀུན་བསླངས་ནས། །རྫོགས་བྱང་དོན་གཉེར་ཕྱིན་དྲུག་སྤྱོད་པའི་སྲོག །རྨད་བྱུང་རྒྱལ་སྲས་ལམ་ལ་བསླབ་པར་མཛོད། །གཞི་རྒྱུད་དབང་བཞིས་དུལ་བའི་ཞིང་ས་ལ། །གྲོལ་བྱེད་རིམ་གཉིས་ས་བོན་ལེགས་བཏབ་པར། །དམ་ཚིག་རྣམ་དག་བརླན་དྲོད་ཀྱིས་བསྐྱངས་པས། །སྐུ་བཞིའི་འབྲས་བཟང་སྨིན་པའི་སོ་ནམ་མཛོད། །མདོར་ན་དགེ་བའི་བཤེས་ལས་ཐོས་པའི་དོན། །བསམ་དང་སྒོམ་པས་རྒྱུད་ལ་ལེགས་སྦྱར་ནས། །ཐབས་དང་ཤེས་རབ་ཚོགས་གཉིས་ཟུང་འབྲེལ་བའི། །རྒྱལ་བ་དགྱེས་པའི་ལམ་ལ་སློབ་པར་མཛོད། །དེ་སྐད་རྣམ་པར་དཀར་བའི་ཐུགས་སྨོན་ཅན། །སྨིན་དྲུག་སྦུག་པ་བློ་བཟང་རྡོ་རྗེའི་ངོར། །ཞེ་སྤྲུལ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས། །འཕྲལ་མར་བྲིས་དགེས་འགྲོ་ཀུན་སྨིན་གྲོལ་ཤོག །
༄༅། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དལ་འབྱོར་རྙེད་དཀའ་སྒོ་གསུམ་ཆོས་ལ་དྲིལ། །ནམ་འཆི་ངེས་མེད་རྣམ་གཡེང་ཁར་མི་གཏོང་། །ལས་འབྲས་མི་བསླུ་བླང་དོར་ཚུལ་བཞིན་བྱོས། །འཁོར་བའི་སྡུག་བསྔལ་བཟོད་དཀའ་སྐྱོ་བ་སྐྱེད། །ཕུང་ཁྲོལ་རྩ་བ་ཚེ་འདིའི་ཞེན་པ་ཐོངས། །ཆོས་པའི་དགྲ་ཟླ་ཆོས་བརྒྱད་ཆོམ་ལ་ཕོབ། །དབེན་པའི་རི་བོར་སྒྲུབ་མཐའ་འཆི་ལ་གཏོད། །སྐྱིད་སྡུག་གང་བྱུང་རོ་སྙོམ་ལམ་དུ་ཁྱེར། །ནམ་ཡང་བསླུ་མེད་མཆོག་གསུམ་སྐྱབས་སུ་བསྟེན། །ཐེག་ཆེན་ལམ་རྩ་བྱང་ཆུབ་སེམས་མཆོག་བསྐྱེད། །འགལ་རྐྱེན་སྦྱོང་བྱེད་རྡོར་སེམས་སྒོམ་བཟླས་བརྩོན། །མཐུན་རྐྱེན་སྒྲུབ་པ་ཚོགས་བསགས་མཎྜལ་ཕུལ། །བྱིན་རླབས་འཇུག་བྱེད་བླ་མའི་རྣལ་འབྱོར་སྒོམས། །ཡོན་ཏན་གཞི་མ་ཚངས་སྤྱོད་མིག་ལྟར་སྲུངས། །ཡོན་ཏན་འཇུག་སྒོ་དག་སྣང་ཕྱོགས་མེད་སྦྱོངས། །ཡོན་ཏན་དངོས་གཞི་ཐོས་བསམ་སྒོམ་ལ་དྲིལ། །ཡོན་ཏན་མཐར་འདོན་བརྩོན་འགྲུས་ལྕག་གིས་བྲོབས། །བྱིན་རླབས་འཇུག་འདོད་བླ་མའི་སྒྲུབ་པ་ཟབ། །དངོས་གྲུབ་ཐོབ་འདོད་ཡི་དམ་བསྙེན་སྒྲུབ་འབུངས། །མཁའ་འགྲོ་ཆོས་སྐྱོང་མཆོད་དང་ཕྲིན་ལས་འགྲུབ། །ཁྱད་པར་འོད་གསལ་སྙིང་པོའི་ལམ་གྱི་སྲོལ། །བླ་མ་སངས་རྒྱས་དངོས་མཐོང་མོས་གུས་ཀྱིས། །གསོལ་བཏབ་དབང་བླང་ཐུགས་ཡིད་བསྲེས་ལ་སྒོམས། །རང་རིག་ངོ་བོ་སྟོང་ལ་རང་བཞིན་གསལ། །རིག་རྩལ་མ་འགགས་སྐུ་གསུམ་དགོངས་པའི་གཤིས། །ཡེ་ནས་གནས་ཀྱང་རང་ངོ་མ་ཤེས་པས། །གཟུང་འཛིན་ནད་ཀྱིས་སྲིད་པར་རྒྱུན་རིང་གནར། །ད་ནི་བླ་མའི་མན་ངག་སྨན་ཆེན་གྱིས། །གཉིས་འཛིན་བློ་ཡི་ཟུག་རྔུ་ཀུན་བསལ་ནས། །རང་རིག་མ་བཅོས་བཞི་ཆ་གསུམ་བྲལ་འདི། །ཀུན་བཟང་ཆོས་སྐུའི་དགོངས་པར་ཐག་ཆོད་ལ། །ཟང་ཐལ་ཀློང་དུ་གུ་ཡངས་གཏན་སྲིད་ཟུངས། །རྩལ་གྱི་རྟོག་ཚོགས་བཟང་ངན་གང་ཤར་ཡང་། །དགག་སྒྲུབ་མ་བྱེད་ཤར་མཁན་རང་ངོ་ལྟོས། །སྦྲུལ་གྱི་མདུད་པ་ཆུ་ཡི་རི་མོ་བཞིན། །རང་གིས་རང་གྲོལ་གཉེན་པོ་གཞན་མི་དགོས། །དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་སྟེ། །ཅིར་སྣང་ཀུན་བཟང་སྤྱོད་པའི་རྒྱན་དུ་ཤར། །ཐུན་མཚམས་ཀུན་ཏུ་ཚོགས་དྲུག་ལྷུག་པར་སྐྱོངས། །ཡིད་དཔྱོད་འཛིན་པའི་ལྟ་སྒོམ་ཅི་བདེར་བོར། །ཉམས་ལ་མ་ཞེན་ཡང་དང་ཡང་དུ་ཤིགས། །རྣམ་ཀུན་མ་བརྗེད་ཆོས་ཉིད་དྲན་པ་བརྟེན། །གེགས་སེལ་སྙིང་པོ་རེ་དོགས་ཞེན་འཛིན་དོར། །བོགས་འདོན་རྒྱལ་པོ་བླ་མར་མོས་གུས་རེམས། །མ་རྟོགས་འགྲོ་ལ་དམིགས་མེད་སྙི་རྗེ་སྒོམས། །སྤྱོད་ཡུལ་ཡོངས་སུ་དག་པ་དྲན་བྱས་ནས། །རླབས་ཆེན་ཚོགས་གཉིས་བསགས་ལ་གོམས་པར་མཛོད། །དེ་སྐད་མདོ་ཁམས་ཞེ་ཆེན་རྒྱལ་ཚབ་པས། །སྒྲུབ་བརྩོན་དགེ་སློང་བྱམས་པ་དར་རྒྱས་ལ། །ལྷོ་བྲག་མཁར་ཆུའི་སྒྲུབ་གནས་ཆེན་པོར་གདམས། །དགེ་བས་འགྲོ་ཀུན་རྣམ་མཁྱེན་གྲོང་འཇུག་ཤོག །
༄༅། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྤྱིར་ན་དལ་འབྱོར་རྙེད་པར་དཀའ་བ་དང་། །མི་རྟག་འཆི་བ་སྙིང་ནས་དྲན་བྱས་ཏེ། །རྒྱུ་འབྲས་ཟབ་མོར་འཇུག་ལྡོག་ལྷོད་མེད་ངོས། །མདོ་སྔགས་ལམ་ལ་རང་བློས་གང་ནུས་བསླབ། །ཁྱད་པར་འོད་གསལ་སྙིང་པོའི་ལམ་གྱི་སྲོག །ད་ལྟའི་རིག་པ་ཟང་ཐལ་རྫོགས་པ་ཆེ། །ལྟ་བས་མ་བསླད་སྒོམ་གྱིས་མ་བཅིངས་ཤིང་། །བློ་དང་ཡིད་དཔྱོད་ཉམས་ཀྱིས་མ་བསྒྲིབས་པར། །མངོན་སུམ་རྗེན་པར་ངོ་འཕྲོད་གནད་དུ་ཆེ། །རང་རིག་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །རང་བཞིན་གསལ་ལ་འཛིན་བྲལ་ལོངས་སྤྱོད་རྫོགས། །ཐུགས་རྗེ་རིག་རྩལ་མ་འགགས་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་རང་གི་རིག་པར་རྫོགས། །དེ་ལྟར་རྟོགས་ན་བཟང་ངན་རྟོག་ཚོགས་ཀུན། །ཇི་ལྟར་ཤར་ཡང་ཆོས་སྐུའི་རང་རྩལ་ཏེ། །གང་ལྟར་སྣང་ཡང་ཀུན་བཟང་རོལ་པའི་རྒྱན། །ཡིན་ལུགས་ཤེས་ན་ཐམས་ཅད་ཀ་ནས་དག །སྤང་བླང་འཛིན་བྲལ་བྱར་མེད་ནམ་མཁའི་ཀློང་། །སྐྱིད་ཉལ་ཆོག་པའི་རྣལ་འབྱོར་བློ་རེ་བདེ། །གཅིག་ཐོག་ཐག་བཅད་མཛོད་ཅིག་སྒྲུབ་པ་པོ། །སྒོམ་པ་བརྟན་ཀྱང་གྲོལ་ས་མ་ཤེས་ན། །བསམ་གཏན་ལྷ་དང་འདྲ་བར་གསུངས་དེའི་ཕྱིར། །བཟང་རྟོག་ཉམས་ལ་མ་ཞེན་ཕཊ་ཀྱིས་ཆོད། །ངན་རྟོག་ཐམས་ཅད་རང་གྲོལ་ལམ་དུ་ཁྱེར། །གང་ལྟར་ཤར་ཡང་གཉུག་མའི་ངང་དུ་ཤིགས། །གཟུང་འཛིན་བློ་ཡུལ་ལས་འདས་ལྟ་བའི་རྩེ། །ཡིན་ལུགས་ཅོག་གེར་འཇོག་པ་སྒོམ་པའི་བཅུད། །ཤར་གྲོལ་རྗེས་མེད་སྤྱོད་པའི་སྲོག་གཅིག་སྟེ། །རང་རིག་མངོན་དུ་གྱུར་ཚེ་འབྲས་བུ་ལགས། །དེ་ལས་གཞན་པའི་གདམས་ངག་ཡོད་མི་དགོས། མཚུངས་མེད་དྲིན་ཆེན་བླ་མའི་ཞལ་ལུང་ཡིན། །འདི་དོན་ལག་ཏུ་ལོངས་ཤིག་རྟོགས་ལྡན་པ། །དེ་སྐད་སྔགས་བན་པདྨ་བི་ཛ་ཡས། །སྒྲུབ་བརྩོན་རྣལ་འབྱོར་ཆོས་འཕེལ་བཟང་པོ་ལ། །གང་ཤར་སྐད་ཅིག་ཉིད་ལ་འདོམས་པ་སྟེ། །དགེ་བས་འགྲོ་ཀུན་ཀུན་བཟང་ཀློང་གྲོལ་ཤོག །


previousཤར་རྒྱལ་མོ་རོང་པ་བླ་མ་ཆོས་དབྱིངས་རང་གྲོལ་ལགས་ཀྱི་བཞེད་སྐོང་དུ། next