Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རང་གྲོལ་རིག་པ་ཕྱམ་བརྡལ་ཨ་ཏིའི་སྲོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརང་གྲོལ་རིག་པ་ཕྱམ་བརྡལ་ཨ་ཏིའི་སྲོགnext

རང་གྲོལ་རིག་པ་ཕྱམ་བརྡལ་ཨ་ཏིའི་སྲོག

༄༅། །རང་གྲོལ་རིག་པ་ཕྱམ་བརྡལ་ཨ་ཏིའི་སྲོགན་མོ་རཏྣ་ཏྲ་ཡཱ་ཡ། །ཚོགས་གཉིས་ཆུ་གཏེར་བརྒལ་པའི་དཔལ་ཡོན་གྱིས། །དོན་གཉིས་འདོད་དགུའི་ནོར་མཆོག་ཐོབ་ནས་སླར། །བཅུ་གཉིས་མཛད་པས་འགྲོ་ཚོགས་རེ་སྐོང་བའི། །རྐང་གཉིས་གཙོ་ལ་གུས་པས་ཕྱག་འཚལ་ལོ། །གང་གི་ཞལ་ལུང་བདེན་གསུང་བདུད་རྩིའི་སྤྲིན། །སྲིད་གསུམ་གདུང་སེལ་ཕན་བདེའི་ཆར་བཟང་པོར། །ཐོག་མར་འདུས་བྱས་ཆོས་ཀུན་མི་རྟག་ཅེས། །ལན་བརྒྱར་བཀའ་སྩལ་ཁྱོད་ཀྱིས་མ་གཟིགས་སམ། །ཀུན་ལ་འབྱུང་ངེས་བཟློག་ཏུ་མེད་པའི་ཆོས། །ཐོག་ཏུ་བབས་ལ་མི་དགའ་བྱས་ཅིས་ཕན། །དུས་ཀྱི་ཞགས་པས་མ་བཅིངས་འགྲོ་བ་འགའ། །སྔར་ཕན་ཁྱོད་ཀྱིས་མཐོང་ཐོས་ཡོད་དམ་ཅི། །བསོད་ནམས་བྱེ་བ་བརྒྱ་ཡིས་བྲིས་པའི་སྐུ། །མཚན་དཔེའི་རང་བཞིན་སྐྱེ་དགུའི་མཆོད་སྡོང་ཀྱང་། །རྩྭ་མཆོག་དྲུང་གི་ས་གཞི་གཙང་མ་རུ། །ཐ་མའི་གཟིམས་ཁྲིར་མནལ་མའི་ངང་ཚུལ་སོམས། །སྟོན་པའི་ཞལ་ཚབ་བསྟན་པའི་སྒྲོན་མེ་མཆོག །རྒྱན་མཆོག་འཕགས་བོད་མཁས་དང་གྲུབ་རྣམས་ཀྱི། །ངོ་མཚར་རྣམ་ཐར་གཏམ་གྱིས་ལྷག་མ་ཙམ། །དེང་དུས་གནའ་སྒྲུང་ཙམ་དུ་འཆད་ལ་གཟིགས། །ལྷ་དབང་ལྷ་ཡི་གཙོ་བོས་ཕྱག་བྱས་པའི། །མི་དབང་རིན་ཆེན་བདུན་གྱི་འབྱོར་པ་ཡིས། །ཆ་ཙམ་མ་ངོམས་འཚོ་བའི་ལྷག་མ་ཙམ། །ལས་ཀྱི་ཞགས་པས་ས་འདིར་དྲངས་ཞེས་གྲགས། །སྲིད་པའི་མེས་པོ་ཚངས་ཆེན་རྒན་པོ་དེ། །རིག་བྱེད་ཀུན་གྱི་དྲན་པོ་ལགས་མོད་ཀྱི། །གང་དུ་འཆི་བས་མི་བརྫི་འཇིགས་མེད་པའི། །ས་དེར་བགྲོད་པའི་བློ་མཐུ་རྙེད་མ་གྱུར། །དབང་ཕྱུག་འཕྲུལ་མཁས་སྒྱུ་མའི་བཀོད་པ་བརྒྱས། །འཇིགས་བྱེད་དུས་ལ་མགོ་བསྐོར་གཏུབ་མིན་ཞིང་། །དམ་བཅའ་བདུན་ལྡན་བརྒྱ་བྱིན་ལག་ཉལ་ཡང་། །འདི་དང་འཕྲད་ཚེ་འཇིམ་པའི་བུམ་པ་དངོས། །རབ་བརྟན་ལྕགས་རིས་བསྐོར་བའི་རི་གླིང་མཚོ། །རབ་འབར་དུས་མཐའི་མེ་དང་འཕྲད་པའི་ཚེ། །རབ་ཕྲའི་རྡུལ་ཕྲན་ཙམ་ཡང་ལུས་མིན་ན། །རབ་གཡོ་སྒྱུ་མའི་ལྡིང་ཁང་ལོས་ཀྱང་འཇིག །འཇིགས་པ་མི་ཟད་སྲིན་མོ་ཁྲོས་པའི་ཁས། །སྔར་ཡང་སྟོང་ཁམས་བྱེ་བ་གྲངས་མེད་པ། །ཟོས་པའི་སྒྲེགས་སྐད་རྒྱུན་མི་ཆད་སྒྲོགས་བཞིན། །ད་དུང་ངོམས་མེད་དྲུང་ནས་སྒུག་ལ་གཟིགས། །ཉེ་དུའི་ཁྲག་གི་མྱོས་པའི་ང་རོ་ཅན། །བརྩེ་བྲལ་ལྷོ་ཕྱོགས་བདག་པོའི་མཆེ་སྡེར་དཔུང་། །སྔོན་དུ་ཁྱེད་ཀྱི་བུ་ལ་བཏབ་ཟིན་མོད། །རང་རེ་རྣམས་ལའང་ནམ་འདེབས་ཆ་ཡོད་དམ། །མི་རྟག་འདི་ཞེས་སྟོན་པའི་སློབ་དཔོན་བརྒྱ། །ན་མ་རེ་བཞིན་གྲོང་སྒོར་ཕེབས་མཐོང་ཀྱང་། །རྒྱུན་རིང་སྡོད་གྲབ་བྱེད་པའི་བློ་ངན་པོ། །ཀྱི་ཧུད་མ་རུངས་སེམས་འདི་ཅི་ཞིག་ཡིན། །དབང་མེད་མཆིལ་བས་ཉ་ལ་འདེབས་པ་བཞིན། །མི་བསྲུན་འཆི་བདག་དགོད་པའི་ཁ་ཆུ་དཀར། །གནས་ལྔའི་རྩེ་ལ་ཕེབས་པ་མཐོང་བཞིན་དུ། །ད་དུང་གཞོན་པར་རློམ་འདི་ཕྱུགས་པས་བླུན། །ལེགས་ཏེ་ལེགས་ན་དགོང་གཅིག་ལྟོ་འགྲང་ཙམ། །ཉེས་ཏེ་ཉེས་ན་སྲོག་གི་སྤུ་གྲི་དངོས། །ཟང་ཟིང་སྒྱུ་མའི་མགོ་བསྐོར་མཐོང་བཞིན་དུ། །ད་དུང་སྡུག་གསོག་བྱེད་པ་འདི་ཅི་ཞིག །སྲིད་ན་བརྟན་པར་གྲགས་པའི་ནོར་འཛིན་མ། །མི་བརྟན་གཡོ་བའི་གོམ་སྟབས་གཅིག་ཉིད་ཀྱིས། །གྲོང་ཡུལ་བརྒྱ་ཕྲག་རྡུལ་དུ་གཏུབས་པའི་ཚུལ། །མཐོང་བཞིན་མི་སྐྱོ་བརྩོན་འདི་སྨྱོན་པ་དངོས། །སྟོན་ཀ་སྨིན་པའི་འབྲས་བུ་ཟ་བའི་ཤོམ། །སོས་ཀ་འབྱུང་བ་དར་བའི་གནས་སྐབས་འདིར། །སྒྲུབ་མོད་བཟུར་མེད་འཆི་བདག་གྲིབ་སོ་དེ། །གློ་བུར་ཐོག་ཏུ་མི་འབབས་ཤེས་སམ་ཅི། །ལང་ཚོའི་མེ་ཏོག་རྒ་ནའི་བ་མོས་བཅོམ། །འཚོ་བའི་པད་རྩ་འཆི་བདག་སེར་བས་བཅད། །མཛའ་བཤེས་འདབ་ཕྲེང་ལས་རླུང་འཚུབས་མ་ཡིས། །དབང་མེད་སོ་སོར་བྲལ་ཚེ་ཅི་ཙུག་བྱེད། །འོང་བར་ངེས་པ་འཆི་བདག་བདུད་པོ་ཡིན། །འདོར་བར་ངེས་པ་ཟག་བཅས་སྒྱུ་མའི་ལུས། །འབྲལ་བར་ངེས་པར་གཉེན་གྲོགས་ལོངས་སྤྱོད་དཔལ། །མྱོང་བར་ངེས་པ་ལས་སྣང་བག་ཆགས་གཟུགས། །ཚེ་གང་ཚེ་འདིའི་ཕྱོགས་སུ་དྲིལ་བའི་ལས། །བྱས་པ་དོན་མེད་སྔ་མ་དེ་ཙམ་ལགས། །ད་ནི་ཚེ་མཇུག་གཏན་དུ་ཕན་པ་ཡི། །དམ་པའི་ཆོས་ཤིག་རན་ལས་འཕྱིས་པ་ཙམ། །ཡ་ཀི་དགའ་ལྡན་ལྷ་ཡི་ཡུལ་ནས་བཟུང་། །མ་ཀི་མནར་མེད་དམྱལ་བ་ཡན་ཆོད་དུ། །སྡུག་བསྔལ་གསུམ་གྱིས་དམ་ལ་མ་བཞག་པའི། །ལུས་ཅན་གང་དེ་འགའ་ཡང་ཡོད་མ་ཡིན། །པདྨའི་སྟན་ལ་འཁྲས་པའི་རེག་བྱ་ཡང་། །ལུས་ལ་རྩུབ་སྙོམས་བྱེད་པ་བདུད་རྩིའི་ཟས། །རོ་མྱགས་མེ་འོབས་རལ་གྲིའི་ནགས་ཚལ་དུ། །ཞུགས་མཐོང་ཡིད་ཀྱི་གདུང་བ་སུ་ཡིས་བཟོད། །དཔུང་པ་གཏུམ་པོ་ཁྲོས་པའི་རུ་མཚོན་གྱིས། །གནམ་ས་དབྲལ་བའི་འཇིགས་རྔམ་མི་བཟད་བཅས། །མཚོན་ཆའི་ཆད་པས་དུམ་བུ་བརྒྱ་སྟོང་དུ། །གཏུབ་གྱུར་སྦྱིན་སྐྱེས་ཚོར་བ་སུ་ཡིས་བཟོད། །སྐྱེ་རྒ་ན་སོགས་སྡུག་བསྔལ་བརྒྱ་ཕྲག་གི། །རྦ་རླབས་དྲག་པོ་རྒྱུན་མི་ཆད་པ་ཡིས། །འཆི་བདག་ཆུ་སྲིན་ཁ་རུ་སྐྱུར་བྱེད་ན། །རྐང་གཉིས་པ་ལ་བདེ་བའི་གོ་སྐབས་ཅི། །ཀུན་རྨོངས་སྤྲིན་ནག་འཐིབ་པོའི་མུན་ཁྲོད་དུ། །ངེས་མེད་སྡུག་བསྔལ་བྱེ་བའི་རྡོ་རྗེའི་ཆར། །བར་མེད་འབབས་པས་ཉམ་ཐག་དུད་འགྲོའི་རིགས། །བདེ་བར་བགྲོད་པའི་བློ་མཐུ་ཅུང་སྲིད་དམ། །སེར་སྣའི་རང་གཟུགས་འབར་བའི་སྡང་མིག་གིས། །བལྟས་པས་ཡུལ་གྱི་ཕུན་ཚོགས་འཇོམས་ནུས་ཤིང་། །ལྔ་སྟོང་ཁྲི་རུ་ཟས་སྐོམ་སྒྲ་ཙམ་ཡང་། །འཚོལ་བའི་གནས་མིན་ཡི་དྭགས་ཇི་ལྟར་བཟོད། །རབ་འབར་ལྕགས་ཁྱིམ་སོལ་མེས་བསྲེགས་པའི་ལུས། །མེ་དང་དབྱེར་མེད་སེམས་ཀྱི་རྒྱུན་ལྡན་པས། །ཚོར་བས་རབ་གདུང་མྱ་ངན་སྒྲ་ཙམ་ལ། །བརྟེན་གང་ལས་ཀྱི་ཞགས་པས་བསྐལ་པར་བཅིང་། །ཀྱེ་མ་ཀྱེ་མ་གྲོང་ཁྱེར་དྲུག་གི་ཁྱོན། །འཇིགས་པ་འཇིགས་པ་སྡུག་བསྔལ་བྱེ་བའི་སྣོད། །བསམ་བཞིན་བསམ་བཞིན་བདག་ཡིད་མ་རུངས་འདི། །དུམ་བུ་དུམ་བུར་མི་འགས་འདི་ཅི་ཞིག །ཡུ་བུའི་དོན་དུ་སྡིག་སྡུག་ངལ་བ་བརྒྱ། །བཟོད་བྱས་ཉེ་དུ་འཁོར་བའི་ཀློང་སྒོ་རུ། །བོར་ནས་རང་ཉིད་གཅིག་པུ་ཞི་བདེ་རུ། །བྲོས་འདོད་འདི་ལས་ཁྲེལ་བོར་སྲིད་ན་སུ། །མཁྱེན་ལྡན་སྲས་བཅས་རྒྱལ་བའི་སྤྱན་སྔ་རུ། །འགྲོ་སྒྲོལ་དམ་བཅའི་ཁུར་ཆེན་ཁྱེར་ནས་སླར། །རང་དོན་ཉི་ཚེ་སྒྲུབ་ལ་མངོན་དགའ་བའི། །བསམ་བརླག་དེས་ནི་ནོར་བུ་ཐོབ་ནས་བོར། །བདག་དང་གཞན་གཉིས་མཉམ་པར་མཐོང་བཞིན་དུ། །བདག་ཉིད་བསྲུང་ཕྱིར་གཞན་ལ་འཚེ་བཟོད་པའི། །བསམ་པ་བླུན་པོ་བདུད་ཀྱི་དབང་གྱུར་དེ། །ཐར་པའི་ལམ་ལ་ཇི་ལྟར་འཇུག་པར་འགྱུར། །ཕན་བདེའི་འབྲས་མང་བདེ་གཤེགས་དཔག་བསམ་དབང་། །བྱང་ཆུབ་སེམས་ཀྱི་ས་གཞིར་འཁྲུངས་གྱུར་ཅིང་། །དེ་ཡི་རྩ་བ་སྙིང་རྗེའི་བརླན་ཡིན་ཕྱིར། །ཕྱོགས་རིས་མེད་པའི་སྙིང་རྗེ་གོམས་པ་གལ། །མཁའ་མཉམ་འགྲོ་ཀུན་ཕ་མའི་རང་བཞིན་ལ། །བྱས་པ་ཤེས་ཤིང་དྲིན་གཟོའི་བསམ་པ་ཡིས། །བདག་གཞན་མཉམ་དང་བདག་བས་གཞན་གཅེས་ཀྱིས། །བདག་གཞན་བརྗེ་བ་རྒྱལ་སྲས་འཕགས་པའི་ལུགས། །ལམ་འདིར་མ་བརྟེན་རྒྱལ་དང་རྒྱལ་བའི་སྲས། །སྔར་ཡང་མ་བྱོན་ད་ཡང་མི་འབྱོན་ཕྱིར། །སྙིང་རྗེ་དང་བྲལ་སྟོང་ཉིད་འུད་གོག་གིས། །རྒྱུ་འབྲས་ཆེད་དུ་གསོད་རྣམས་བདུད་ཀྱིས་བསླུས། །དོ་ནུབ་འཆི་ཡང་ལོ་བརྒྱའི་སྡོད་གྲབ་ཤོམ། །དམྱལ་བ་མངོན་དུ་མཐོང་ཡང་སྡིག་ལ་འཇུག །བསམ་སྦྱོར་མཐའ་དག་གཞན་གནོད་འབའ་ཞིག་ཏུ། །འབྱུང་འདི་རང་རྒྱུད་མ་དུལ་ཁོ་ནའི་སྐྱོན། །རང་རྒྱུད་མ་རུངས་དངོས་ངན་གསེར་དགྲའི་གཤིས། །ངེས་འབྱུང་བྱམས་དང་སྙིང་རྗེའི་གསེར་འགྱུར་རྩིས། །རྣམ་གྲོལ་རིན་ཐང་བྲལ་བའི་དངོས་པོ་ཆེར། བསྒྱུར་བའི་ཐབས་ཚུལ་ཉིན་མཚན་མེད་པར་སྒོམས། །འཁོར་བ་མེ་འོབས་མཐོང་བའི་ངེས་འབྱུང་དང་། །བདག་བས་གཞན་གཅེས་གོམས་པའི་སྙིང་རྗེའི་ཤུགས། །ཁ་ཙམ་མིན་པར་རྒྱུད་ལ་གོམས་པའི་ཚེ། །ད་གདོད་དོན་དམ་སེམས་བསྐྱེད་སྒོམ་ལ་ཞུགས། །སྣང་བརྟག་ཆོས་ཀུན་མེད་སྣང་སྒྱུ་མ་འདྲ། །འཛིན་པའི་སེམས་མེད་བར་སྣང་བསིལ་བུ་བཞིན། །བདེན་གཉིས་ཟུང་འཇུག་ཆུ་ཟླ་འཇའ་ཚོན་ལྟའི། །མཐའ་བྲལ་དབུ་མ་ཆེན་པོའི་ངང་ལ་བཞག །བཞག་ཅེས་བྱ་བའང་ཐ་སྙད་ཚིག་ཙམ་སྟེ། །ཡང་དག་དོན་ལ་བཞག་དང་འཇོག་བྱེད་མེད། །བལྟར་མེད་སྒོམ་མེད་ཐོབ་དང་མ་ཐོབ་མེད། །ཆོས་ཉིད་ནམ་མཁའ་ལྟ་བུའི་གཤིས་ལུགས་སྐྱོངས། །དེ་བཞིན་ཉིད་དབྱིངས་གདོད་ནས་སྤྲོས་བྲལ་བ། །བློ་ཡི་ཡུལ་མིན་ཚིག་གིས་ཇི་ལྟར་མཚོན། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་མཆོག །ངང་དྭངས་མི་གཡོ་མ་བཅོས་ལྷུག་པར་སྐྱོངས། །མ་བཅོས་རྣལ་མ་དོན་གྱི་ཤེར་ཕྱིན་ཡུམ། །བཅོས་མའི་ལྟ་སྒོམ་ཕལ་གྱི་སྤྱོད་ཡུལ་ཅི། །ཡང་དག་དོན་ལ་བློ་ཡིས་སྤྲོས་བཞག་ན། །གཟུང་འཛིན་འཆིང་བ་ཀུན་ལས་ངེས་གྲོལ་བྱེད། །མཐའ་དབུས་ཕྱོགས་བྲལ་དབུ་མ་ཆེན་པོའི་སྦུབས། །རང་གསལ་མི་གཡོ་ཡེ་ཤེས་ཕྱག་རྒྱ་ཆེ། །རང་གྲོལ་རིག་པ་ཕྱམ་བརྡལ་ཨ་ཏིའི་སྲོག །ཟུང་འཇུག་འཕགས་པའི་ཡེ་ཤེས་མངོན་བྱེད་ལགས། །དེ་ལྟར་ཆོས་ཀུན་སྒྱུ་མའི་ཚུལ་རིག་པས། །མ་རྟོགས་འགྲོ་ལ་དམིགས་མེད་སྙིང་རྗེ་ཆེས། །སྤྱོད་ཡུལ་ཡོངས་དག་ཚོགས་གཉིས་རླབས་པོ་ཆེར། །འཇུག་རྣམས་མི་གནས་མྱ་ངན་འདའ་ཐོབ་ངེས། །དེ་སྐད་དད་དམ་ལྡན་པ་གཡུལ་རྒྱལ་གྱིས། །ནན་གྱིས་བསྐུལ་ངོར་ཆོས་མེད་སྙོམ་ལས་མཁན། །པདྨ་བི་ཛར་འབོད་པའི་སྡོམ་བུ་བས། །གང་དྲན་འཆལ་ཚིག་ཡི་གེར་བྲིས་པ་ལགས། །སྐྱོ་བའི་ཐུགས་སྣང་སྐད་ཅིག་ཉིད་ལ་སངས། །ངེས་འབྱུང་བྱམས་དང་སྙིང་རྗེའི་ཆུ་གཏེར་འཕེལ། །བདག་མེད་རྟོགས་པའི་པདྨོའི་དགའ་ཚལ་རྒྱས། །དོན་གཉིས་སྦྲང་རྩིའི་དགའ་སྟོན་འགྱེད་གྱུར་ཅིག །
༄༅། །ཀ་དག་ལྷུན་གྲུབ་ཟུང་འབྲེལ་གཉུག་མའི་གཤིས། །མ་བཅོས་རང་རིག་དོན་གྱི་བླ་མ་ལ། །བཏང་བཞག་འགྲོ་འོང་བྲལ་བས་ཉེར་བཏུད་ནས། །ཁྱེད་གསུང་མི་ལྡོག་གང་དྲན་མཆིད་འདི་གསོལ། །ཐོག་མེད་དུས་ནས་མ་རིག་གཉིས་འཛིན་མཐུས། །མེད་སྣང་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གིས། །རབ་མནར་སེམས་ཀྱི་གནད་གསང་མ་ཤེས་སྐྱོན། །དེ་ཕྱིར་མ་བཅོས་རྣལ་མའི་དོན་ལ་སྦྱོར། །འདི་ན་ཚིག་ལ་འཆེལ་བའི་སྟོན་སྒོམ་འགས། །དོན་དམ་གཉུག་མའི་རང་ཞལ་མ་མཇལ་ནས། །ཕྱག་རྫོགས་དབུ་སོགས་གྲུབ་མཐའི་ཆོས་སྐད་བརྒྱས། །སྤྲོས་བྲལ་གཤིས་ལུགས་སྤྲོས་པའི་གཞི་རུ་སོང་། །དགག་སྒྲུབ་བློ་ཡི་འཛིན་སྟངས་མང་པོ་ཡིས། །རང་མགོ་གདུགས་ལྟར་འཁོར་བ་མ་མཐོང་ནས། །གཞན་སུན་འབྱིན་པའི་ཆོ་ངེ་འབུམ་ཕྲག་གིས། གཉིས་ཕུང་སྒྲུབ་འདི་རང་རང་སྐྱོན་དུ་ཟད། །དེ་བས་སྐལ་ལྡན་སྔོན་སྦྱངས་ལས་འཕྲོ་ཅན། །ཐེག་པ་མཆོག་ལ་མོས་པའི་མི་ཡོད་ན། །བརྒྱུད་ལྡན་བླ་མའི་མན་ངག་བདུད་རྩིའི་རོས། །གཟུང་འཛིན་འཁྲུལ་བའི་གཅོང་ནད་གཞིལ་བར་མཛོད། །རང་བཞིན་འོད་གསལ་གདོད་མའི་གཤིས་ལུགས་མཆོག །དགོངས་བརྒྱུད་བླ་མའི་བྱིན་རླབས་འཕོས་པ་ཡི། །དབང་རྣོན་སྐལ་བ་ཅན་འགའི་སྤྱོད་ཡུལ་ལས། །གཉིས་སྣང་རྟོག་གེའི་བློ་ཡིས་ཇི་ལྟར་རྟོགས། །དེ་བས་ཚིག་གི་སྦུན་པ་མི་གསོག་པར། །དོན་དམ་རང་ངོ་སྤྲོད་པའི་དྲིན་ཆེན་རྗེ། །སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཀྱིས། །ཐུགས་ཡིད་དབྱེར་མེད་བསྲེས་ལ་མཉམ་བཞག་གཅེས། །ད་ལྟའི་ཤེས་པ་མ་བཅོས་གཉུག་མའི་ངང་། །ལྟ་སྒོམ་ཞེན་པའི་སྒྲོག་གིས་མ་བཅིངས་པར། །རང་བབས་རང་དྭངས་ཝལ་ལེ་ཡེ་རེ་བ། །ཡེ་ནས་གནས་པའི་ཆོས་ཉིད་ཟང་ཀ་མ། །འདི་ཀ་ཆོས་སྐུའི་དགོངས་པར་ངོས་ཟུངས་ཤིག །འདི་ནི་སྤྲོས་མཐའ་བྲལ་བས་དབུ་མ་དང་། །རང་བབ་གཉུག་མར་གློད་པས་ཕྱག་རྒྱ་ཆེ། །རིག་གདངས་ཟང་ཐལ་རྟོགས་པའི་རྫོགས་ཆེན་སོགས། །མིང་གི་རྣམ་གྲངས་ཙམ་ལས་དོན་དུ་གཅིག །རང་རིག་ངོ་བོ་སྟོང་ལ་རང་བཞིན་གསལ། །རིག་རྩལ་མ་འགགས་སྐུ་གསུམ་དགོངས་པའི་ཀློང་། །དགག་སྒྲུབ་སྤྲོས་པའི་མཚན་མས་མ་བཅིངས་པར། །བློ་བྲལ་གཉུག་མའི་གཤིས་སུ་ངལ་གསོས་ཤིག །རྩལ་རྟོག་ཅི་ཤར་རང་གྲོལ་ལམ་དུ་ཁྱེར། །དུག་ལྔ་མ་སྤངས་ཡེ་ཤེས་ལྔ་ཡི་ཀློང་། །ཅིར་སྣང་ཀུན་བཟང་སྤྱོད་པའི་རྒྱན་ཆེན་པོར། །ཁྱེར་འདི་རྡོ་རྗེ་རྩེ་མོའི་ཁྱད་ཆོས་ལགས། །གནད་འདི་མ་ཤེས་སེམས་གནས་ལྷ་དང་འདྲ། །འགྱུ་བ་རྗེས་མཐུད་ཕལ་དང་ཁྱད་པར་མེད། །རྐྱེན་དང་འཕྲད་ཚེ་ཆོས་པའི་མཚང་རྟགས་ངོམས། །དེ་ཕྱིར་གྲོལ་ལུགས་རྟོགས་པའི་གནད་འདི་གཅེས། །རྗེས་ཐོབ་ཆོས་ཀུན་སྒྱུ་མའི་ཚུལ་རིག་པས། །མ་རྟོགས་འགྲོ་ལ་དམིགས་མེད་སྙིང་རྗེའི་བློས། །སྤྱོད་ཡུལ་ཡང་དག་ཚོགས་གཉིས་རླབས་པོ་ཆེར། །སྦྱོར་འདི་རྒྱལ་བ་དགྱེས་པའི་ལམ་མཆོག་ལགས། །སྐྱེ་འཆི་བར་དོའི་ལམ་ཁྱེར་མཐའ་དག་གི། །གདམས་པའི་སྐྱེལ་སོ་མ་ལུས་གཅིག་ཡིན་པས། །ཡེ་གྲོལ་ཀློང་ཆེན་ཡངས་པའི་མཁའ་དབྱིངས་སུ། །གཟུང་འཛིན་སྤྲིན་ཚོགས་དེངས་པའི་ཉམས་ལེན་ཞུ། །དེ་སྐད་ཀུན་མཁྱེན་བླ་མའི་སློབ་ཐ་བ། །ཆོས་གཟུགས་འཇམ་དབྱངས་ཡེ་ཤེས་རྒྱ་མཚོ་ཡིས། །བགྲེས་པོ་གར་དབང་ཐུགས་འདོད་ཇི་བཞིན་བྲིས། །དགེ་བས་ཀུན་བཟང་ཆོས་སྐུའི་དོན་རྟོགས་ཤོག །
༄༅། །ཨ་ཧོ། རླབས་ཆེན་ཚོགས་གཉིས་ཤིང་རྟའི་རྒྱུ་ཐབས་ལ་བརྟེན་པའི། །བྲལ་སྨིན་ཡོན་ཏན་ཆ་རྫོགས་འདྲེན་མཆོག་གི་ཉི་མ། །འབྲལ་མེད་སྙིང་དབུས་དད་པའི་པད་མཚོ་རུ་མཆོད་ནས། །ཐར་འདོད་སྐལ་བཟང་གྲོགས་པོ་སྙིང་གྲོས་འདི་གསོལ་ལོ། །སྔོན་བསགས་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱི་ས་བོན། །དེང་དུས་དལ་འབྱོར་གསེར་གྱི་སྙེ་མ་རུ་འཁྲུངས་ཚེ། །འདིར་སྣང་ཞེན་པའི་རྣམ་གཡེང་སད་དབང་དུ་མ་བཏང་། །དྲི་མེད་ཐོས་བསམ་སྒོམ་པའི་འབྲུ་བཟང་འདི་ཚོལ་ཅིག །སྣོད་བཅུད་མི་རྟག་གཡོ་བའི་རྒྱ་མཚོ་ཡི་ཀློང་ན། །ཚེ་སྲོག་མི་བརྟན་འཇིག་པའི་ཆུ་བུར་དུ་འདུག་པ། །རྟག་འཛིན་སྲིན་མོས་བསླུས་པའི་མཚང་ཆེན་འདི་རིག་ནས། །ཡེངས་མེད་བརྩོན་འགྲུས་དྲག་པོས་དམ་ཆོས་རེ་སྒྲུབ་འཚལ། །སྡུག་བསྔལ་མུ་མཐའ་མེད་པ་སྲིད་པ་ཡི་མཚོ་རུ། །གཟུང་འཛིན་རྦ་ཀློང་འཁྲུགས་པས་ཐོག་མེད་ནས་མནར་འདུག །ད་ལྟ་དལ་འབྱོར་བཟང་པོའི་གྲུ་གཟིངས་ལ་བརྟེན་ཚེ། །ཐར་གྲོལ་བདེ་བའི་ཐང་ཆེན་རང་དབང་དུ་བསྒྱུར་མཛོད། །ཀུན་གཞིའི་ཞིང་ས་གཤིན་པོར་དཀར་ནག་གི་ས་བོན། །ཐོག་མ་མེད་ནས་བཏབ་པའི་བདེ་སྡུག་གི་འབྲས་བུ། །མ་འདྲེས་སོ་སོར་སྨིན་པའི་ངང་ཚུལ་འདི་གཟིགས་ལ། །འཇུག་ལྡོག་ལག་ལེན་ཞིབ་མོ་གནད་ཁེལ་རེ་མཛད་འཚལ། །བདེན་བཞིའི་མཚན་ཉིད་རྟོགས་པའི་ཆུ་གཏེར་ལས་འཁྲུངས་པའི། །ངེས་འབྱུང་རྣམ་པར་དག་པའི་འདབ་རྒྱས་ཀྱི་པདྨ། །ངོ་མཚར་སོ་ཐར་ཁྲིམས་ཀྱི་ཟིལ་དངར་གྱིས་ཕྱུག་ཚེ། །རྒྱལ་བ་དགྱེས་པའི་མཆོད་རྫས་ཕུལ་བྱུང་དུ་མངོན་ནོ། །གཞན་ཕན་སྙིང་རྗེའི་མཁའ་ལས་རྩོལ་མེད་ཀྱིས་སྣང་བའི། །རྨད་བྱུང་བྱང་ཆུབ་སེམས་མཆོག་འོད་དཀར་གྱི་དབང་པོ། །རླབས་ཆེན་ཚོགས་གཉིས་བསིལ་ཟེར་འབུམ་ཕྲག་ཏུ་འཕྲོ་ཚེ། །དོན་གཉིས་ཀུ་མུད་མི་བཞད་རང་དབང་དུ་ཅི་ཡོད། །གཞི་རྒྱུད་བདེ་གཤེགས་སྙིང་པོ་ས་ལུ་ཡི་འབྲས་བཟང་། །དབང་བཞིའི་ཕབས་ཀྱིས་བརླན་པའི་དགེ་མཚན་ལས་བྱུང་བའི། །བསྙེན་སྒྲུབ་ཡན་ལག་བཞི་ཡི་བདུད་རྩི་ལ་རོལ་དང་། །གྲུབ་གཉིས་ལུས་ཟུང་རྒྱས་པ་དངོས་གཤིས་སུ་གྲུབ་བོ། །གདོས་སྣང་ལྷ་སྐུར་སྦྱོང་བ་བསྐྱེད་རིམ་གྱི་རྣལ་འབྱོར། །སྒྲ་གྲགས་སྔགས་སུ་སྦྱོང་བ་རླུང་སྔགས་དང་བཟླས་པ། །དྲན་རྟོག་འོད་གསལ་སྦྱོང་བ་རྫོགས་རིམ་གྱི་ཟབ་གནད། །སྒོ་གསུམ་རྡོ་རྗེ་གསུམ་གྱི་ཉམས་བཞེས་སུ་གནང་འཚལ། །ཆོས་ཀུན་དབུ་མར་རྟོགས་པ་ལྟ་བ་ཡི་སྨན་ཆེན། །སྟོང་ཉིད་སྙིང་རྗེར་འབྲེལ་བ་བསྒོམ་པ་ཡི་ཡང་བཅུད། །གཞན་ཕན་ཚོགས་གཉིས་རྒྱུན་སྤེེལ་སྤྱོད་པ་ཡི་རྩེ་མོ། །ནོར་མེད་བྱང་ཆུབ་ལམ་བཟང་འདི་ཉིད་ལ་ཞུགས་མཛོད། །འདིར་སྣང་ཚེ་འདིར་ཞེན་པ་གཉིས་ཕུང་གི་རྩ་བ། །ཞེན་མེད་སྒྲུབ་ལ་གཞོལ་བ་གཉིས་འཚེངས་ཀྱི་ནོར་བུ། །རང་སེམས་རང་ལ་དཀར་ན་ནོར་བུ་འདི་ལོངས་མཛོད། །རང་དོན་རང་གི་འགྲུབ་པའི་ཕོ་རྒོད་ཞིག་ལགས་སོ། །དེ་སྐད་བསྔགས་འོས་ཡོན་ཏན་དྲིན་བསུང་གིས་བཏང་བས། །རང་རྒྱུད་ཤིང་ལྟར་རེངས་པའི་གཉིས་མེད་ནི་སེང་གེ། །ཉལ་སྟོང་ཁོང་རུལ་པདྨ་བི་ཛ་རུ་འབོད་དེས། །བྱུང་རྒྱལ་གཏམ་འདི་ཐོལ་བྱུང་མགྲིན་པ་ནས་ཐལ་ལོ། །
༄༅། །བླ་མ་ལ་ཕྱག་འཚལ་ལོ། །རྙེད་དཀའི་དལ་འབྱོར་ཕུན་ཚོགས་རྙེད་གྱུར་ཅིང་། །མཚན་ལྡན་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །ཟབ་རྒྱས་གདམས་པའི་བདུད་རྩིར་སྤྱོོད་དུས་འདིར། །སྙིང་ནས་བརྩོན་པས་བྱང་ཆུབ་སྒྲུབ་པར་འཚལ། །མི་རྟག་འཆི་བ་ནམ་འོངས་ཆ་མ་མཆིས། །འཆི་ཚེ་ཆོས་ལས་སྐྱབས་གཞན་མ་མཆིས་ན། །འདིར་སྣང་བྱ་གཞག་མང་པོས་ཅི་ཞིག་བྱ། །ད་ལྟ་ཉིད་ནས་བརྩོན་པའི་དཔུང་བསྐྱེད་འཚལ། །རྒྱལ་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་པོ། །བདག་འཛིན་ཉོན་མོངས་འདུལ་ཐབས་ཁོ་ནར་བསྟན། །དེ་ཕྱིར་ཞུས་ལོ་ཐོས་ལོར་མི་འཇོག་པར། །ཐོས་དོན་རྒྱུད་ལ་དྲིལ་བའི་ཉམས་ལེན་གལ། །དང་པོ་ངེས་འབྱུང་ཆོས་ཀྱི་མགོ་ཡིན་པས། །བློ་ལྡོག་བཞི་དང་དད་དང་མོས་གུས་སོགས། །ཐབས་ཚུལ་དུ་མས་རྒྱུད་ལ་གོམས་བྱས་ནས། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་དག་པ་གཅེས། །བར་དུ་བྱང་སེམས་ཐེག་ཆེན་ལམ་གྱི་སྲོག །འགྲོ་སྒྲོལ་དམ་བཅའི་གོ་ཆ་ཆེར་བགོས་ནས། །བདག་བས་གཞན་གཅེས་ཕྱིན་དྲུག་གཞུང་ལམ་ཆེར། །རང་ནུས་དང་བསྟུན་འབད་པ་གནད་དུ་ཆེ། །ཐ་མ་བསྐྱེད་རྫོགས་གསང་སྔགས་འབྲས་བུའི་ལམ། །དབང་ཐོབ་དམ་ཚིག་རྣམ་པར་དག་པའི་ངོས། །མཚན་བཅས་མཚན་མེད་བསྐྱེད་རྫོགས་ཟབ་མོའི་ཚུལ། །ཐབས་ཚུལ་དུ་མས་རང་གི་བློ་ལ་དྲིལ། །ཁྱད་པར་མོས་གུས་བླ་མའི་ལམ་ཁྱེར་གཅེས། །དོན་བརྒྱུད་མན་ངག་སྟོན་པའི་དྲིན་ཆེན་རྗེ། །སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཀྱིས། །གསོལ་བཏབ་དབང་བླང་ཐུགས་ཡིད་དབྱེར་མེད་བསྲེས། །ད་ལྟའི་ཤེས་པ་བཟོད་མེད་གཉུག་མའི་བབས། །ལྟ་སྒོམ་ཞེན་པའི་སྒྲོག་གིས་མ་བཅིངས་པར། །དད་དྭངས་མི་གཡོ་མ་ཡེངས་ལྷུག་པར་ཞོག །ངོ་བོ་སྤྲོོས་དང་བྲལ་བ་ཆོས་ཀྱི་སྐུ། །དེ་ཡི་རང་མདངས་འོད་གསལ་ལོངས་སྤྱོད་རྫོགས། །འགགས་མེད་ཅིར་ཡང་ཤར་གྲོལ་སྤྲུལ་པའི་སྐུ། །དེ་གསུམ་དབྱེར་མེད་ངོ་བོར་གདོད་ནས་གཅིག །གནས་འགྱུ་དགག་སྒྲུབ་རེ་དོགས་མ་བྱེད་པར། །གང་ཤར་ཐོག་དེར་འཛིན་མེད་ཁྲོལ་ལེར་ཞོག །མ་བཅོས་གཉུག་མ་དོན་གྱི་ཕྱག་རྒྱ་ཆེ། །བཅོས་ཤིང་སྒོམ་པ་ཐམས་ཅད་འཁྲུལ་བའི་རྒྱུ། །བྱ་རྩོལ་ལམ་གྱི་བྱར་མེད་དོན་མི་རིག །བཅོས་མའི་སྒོམ་གྱིས་མ་བཅོས་དོན་མི་རྟོགས། །བྱར་མེད་རང་བཞག་སྒོམ་པའི་རྒྱལ་པོ་མཆོག །གང་ཤར་རང་གྲོལ་རྟོགས་པའི་རྩལ་སྦྱོང་གཅེས། །རྗེས་ཐོབ་ཆོས་ཀུན་སྒྱུ་མར་རྟོགས་པའི་ངོས། །མ་རྟོགས་འགྲོ་ལ་དམིགས་མེད་སྙིང་རྗེ་ཆེས། སྤྱོད་ཡུལ་ཡང་དག་ཚོགས་གཉིས་རླབས་པོ་ཆེ། །རྒྱལ་བ་དགྱེས་པའི་ལམ་ལ་སློབ་པར་འཚལ། །དེ་སྐད་དམ་པའི་གསུང་ནན་ཆེ་བའི་ངོར། །ཤཱཀྱའི་དགེ་ཚུལ་པདྨ་བི་ཛ་ཡིས། །གང་དྲན་འཆལ་ཚིག་ཡི་གེར་བྲིས་པ་སྟེ། །དགེ་བས་འགྲོ་ཀུན་མངོན་པར་སངས་རྒྱས་ཤོག །ཅེས་པའང་དགེ་བའི་བཤེས་གཉེན་འཇམ་དཔལ་ཡེ་ཤེས་ཀྱི་བཞེད་སྐོང་དུ་བྲིས་པ་དགེ།


previousརང་གྲོལ་རིག་པ་ཕྱམ་བརྡལ་ཨ་ཏིའི་སྲོགnext