Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒོ་མེ་དིང་ཀྱཱ་མཆོག་སྤྲུལ་རིན་པོ་ཆེའི་བཞེད་སྐོང་དུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒོ་མེ་དིང་ཀྱཱ་མཆོག་སྤྲུལ་རིན་པོ་ཆེའི་བཞེད་སྐོང་དུ། next

སྒོ་མེ་དིང་ཀྱཱ་མཆོག་སྤྲུལ་རིན་པོ་ཆེའི་བཞེད་སྐོང་དུ།

༄༅། །སྒོ་མེ་དིང་ཀྱཱ་མཆོག་སྤྲུལ་རིན་པོ་ཆེའི་བཞེད་སྐོང་དུ། དཔག་མེད་མཁྱེན་བརྩེའི་འོད་སྟོང་གིས། །ཉེས་པའི་མུན་པ་ཀུན་བཅིལ་ནས། །ཕན་བདེའི་པད་ཚལ་བཞད་མཛད་པའི། །མཚུངས་མེད་བླ་མའི་ཞབས་ལ་འདུད། །རང་ལུགས་བསྟན་པའི་གསལ་བྱེད་ཆེ། །མཆོག་སྤྲུལ་རིག་སྔགས་འཆང་བ་ཡིས། །ཞལ་གདམས་དགོས་ཞེས་ནན་བསྐུལ་ངོར། །ཉུང་ངུའི་ཚིག་འདི་གསོལ་གྱིས་དགོངས། །དལ་འབྱོར་ཨུ་དུམྦཱ་ར་འདྲ། །ཡང་ཡང་ཕྱིས་ནས་རྙེད་པར་དཀའ། །ད་རེས་ཕུན་ཚོགས་འབྱོར་དུས་འདིར། །གཏན་གྱི་འདུན་མ་སྒྲུབ་རེ་རན། །འཆི་བདག་བཟློག་དཀའི་གྲིབ་སོ་འདྲ། །ཡུན་རིང་མི་སྡོད་མྱུར་དུ་འོངས། །རྟག་འཛིན་བདུད་པོས་མ་བསླུ་བར། །སྙིང་ནས་བརྩོན་པའི་དཔུང་བསྐྱེད་འཚལ། །དགེ་སྡིག་དཔྱིད་བཏབ་ས་བོན་འདྲ། །བདེ་སྡུག་འབྲས་བུ་མི་འཁྱོལ་སྨིན། །ཤེས་ལོ་ཙམ་དུ་མི་འཇོག་པར། །བླང་དོར་ལག་ལེན་བྱ་བ་གནད། །འཁོར་བ་མེ་ཡི་འོབས་དང་འདྲ། །ནམ་ཡང་བདེ་བའི་གོ་སྐབས་མེད། །སྡུག་བསྔལ་བདེ་བར་མ་འཛིན་པར། །ངེས་འབྱུང་བསྐྱེད་ཅིག་སྙིང་གི་བུ། །དང་པོ་ཡར་ངོའི་ཟླ་གཞོན་འདྲ། །དཀར་ཆོས་སྣང་བ་གོང་འཕེལ་བྱེད། །རིས་སུ་མ་ཆད་ཐུབ་བསྟན་ལ། །དག་སྣང་སྦྱོངས་ཤིག་བརྩེ་བའི་གྲོགས། །བཤེས་གཉེན་སྨན་པ་མཁས་པ་འདྲ། །གཟུང་འཛིན་ཉོན་མོངས་ནད་ཚོགས་བཅོམ། །འབྲལ་མེད་སྙིང་ལ་ལེགས་འཆང་ནས། །ཞུན་ཐར་ཆོད་ཅིག་རིག་སྔགས་འཆང་། །ཚུལ་ཁྲིམས་ཞིང་ས་དུལ་བ་འདྲ། །ཡོན་ཏན་མྱུ་གུ་མཐའ་དག་སྨིན། །དུས་རྒྱུན་དྲན་ཤེས་བརྟན་པོ་ཡིས། །ཁས་བླངས་དམ་བཅའ་མ་ཉམས་ཨང་། །ཏིང་འཛིན་རྡོ་རྗེའི་མཁར་རྫོང་འདྲ། །ཉེས་པའི་དགྲ་ཡིས་བརྫི་བ་མེད། །རྟག་ཏུ་གཡེང་བ་སྤངས་ནས་ནི། །མཉམ་པར་ཞོག་ཅིག་རྣལ་འབྱོར་པ། །ཤེས་རབ་ཉིན་མོར་བྱེད་པ་འདྲ། །རྨོངས་པའི་མུན་ཚོགས་དྲུང་ནས་འབྱིན། །ཕྱོགས་མེད་ཐོས་བསམ་སྒོམ་གསུམ་ལ། །གནད་དུ་དྲིལ་ཅིག་ནིརྨ་ཀ། སྙིང་རྗེ་ས་གཞིའི་བརླན་དང་འདྲ། །བྱང་ཆུབ་མྱུ་གུ་སྨིན་པར་བྱེད། །ཐེག་ཆེན་བློ་སྦྱོང་གདམས་ཟབ་ཕུལ། །ཐུན་དུ་བཅད་ལ་སྒོམས་ཤིག་གུ། །སྟོང་ཉིད་མཚོན་ཆའི་འཁོར་ལོ་འདྲ། །སྲིད་རྩའི་བདག་འཛིན་དྲྭ་བ་གཅོད། །ཞི་ལྷག་ཟུང་འབྲེལ་འཕགས་པའི་ལམ། །རྒྱུད་ལ་སྦྱོར་ཅིག་སྙིང་བརྩེའི་གྲོགས། །ལྟ་བའི་རྒྱལ་པོ་ནམ་མཁའ་འདྲ། །བལྟ་བྱ་ལྟ་བྱེད་གཉིས་སུ་མེད། །བློ་བྲལ་རིག་སྟོང་རྗེན་པ་ཉིད། །རང་བབས་ཞོག་ཅིག་སྐལ་ལྡན་པ། །སྒོམ་པའི་རྒྱལ་པོ་རི་བོ་འདྲ། །དགག་སྒྲུབ་འཛིན་པས་མ་བསྐྱོད་པར། །ལྷུན་མཉམ་རྫོགས་པ་ཆེན་པོའི་དོན། །མ་བཅོས་གཉུག་མར་ཀློད་ཅིག་ཨང་། །སྤྱོད་པའི་རྒྱལ་པོ་སྦྲུལ་མདུད་འདྲ། །གང་ཤར་རང་གྲོལ་ལམ་ཁྱེར་ངང་། །ཆོས་བརྒྱད་ཞེན་པས་མ་བཅིངས་པར། །ཕྱིན་དྲུག་ལམ་ལ་སློབ་ཅིག་གུ། །འབྲས་བུ་ཉི་ཟླ་སྤྲིན་བྲལ་འདྲ། །ཡོན་ཏན་ཐམས་ཅད་རང་ལ་རྫོགས། །རེ་དོགས་འཚུབ་མས་མ་བསྒྲིབས་པར། །ཟང་ཐལ་རྗེན་ལ་ཕུད་པ་གནད། །ལྷག་བསམ་ཡིད་བཞིན་ནོར་བུ་འདྲ། །ཕན་བདེའི་འདོད་པ་ཡིད་བཞིན་འཇོ། །གཡོ་སྒྱུ་མེད་པའི་བརྩོན་འགྲུས་ཀྱིས། །བསྟན་འགྲོར་གང་ཕན་མཛད་པར་ཞུ། །མདོར་ན་དུས་དང་གནས་སྐབས་ཀུན། །བྱང་ཆུབ་སེམས་གཉིས་ཡི་དམ་དུ། །ལེགས་པར་བཅངས་ནས་རང་གཞན་གྱི། །དོན་གཉིས་མཐར་ཕྱིན་མཛད་པར་འཚལ། །ཚིག་སྦྱོར་མེ་ཏོག་འཛེས་མིན་ཡང་། །ལྷག་བསམ་མཚོ་ལས་འཁྲུངས་གྱུར་པའི། །དགེ་ཚོགས་དྲི་བསུང་དངར་པོ་དེས། །དོན་གཉིས་དགའ་སྟོན་འཕེལ་གྱུར་ཅིག །བསྟན་པའི་གསལ་བྱེད་སོགས་སྒོ་མེ་དིང་ཀྱཱལ་མཆོག་སྤྲུལ་རིན་པོ་ཆེའི་བཞེད་སྐོང་དུ། ཤཱཀྱའི་བཙུན་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་བྲིས་པ་དགེ།


previousསྒོ་མེ་དིང་ཀྱཱ་མཆོག་སྤྲུལ་རིན་པོ་ཆེའི་བཞེད་སྐོང་དུ། next