Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒོ་མེ་བླ་མ་ཆོས་འབྱོར་མཚན་ཅན་གྱི་བཞེད་ངོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒོ་མེ་བླ་མ་ཆོས་འབྱོར་མཚན་ཅན་གྱི་བཞེད་ངོར། next

སྒོ་མེ་བླ་མ་ཆོས་འབྱོར་མཚན་ཅན་གྱི་བཞེད་ངོར།

༄༅། །སྒོ་མེ་བླ་མ་ཆོས་འབྱོར་མཚན་ཅན་གྱི་བཞེད་ངོར། ན་མོ་གུ་རུ། བསྒྲང་ཡས་བསྐལ་བའི་གོང་ནས་ཚོགས་གཉིས་ཀྱི་གྲུ་གཟིངས། །རྣམ་གྲོལ་རིན་ཆེན་གླིང་དུ་ལེགས་ལམ་དུ་བསྒྱུར་ཟིན། །དེད་དཔོན་འཇམ་དབྱངས་གཞོན་ནུའི་མཁྱེན་བརྩེ་ཡི་ཟློས་གར། །མཚུངས་མེད་དྲིན་ཅན་བླ་མ་སྙིང་དབུས་སུ་བཞུགས་ཤིག །ཚེ་སྔོན་བསོད་ནམས་བསགས་པའི་བརླན་ལྡན་གྱི་ས་བོན། །ལེགས་སྨོན་དྲོད་ཀྱིས་བསྐྱངས་པའི་མངོན་མཐོ་ཡི་སྙེ་མ། །དལ་འབྱོར་འབྲས་ཁུལ་ལྕི་བའི་ཕུན་ཚོགས་འདི་རྙེད་ཚེ། །ངེས་ལེགས་ཐར་པ་སྒྲུབ་པའི་ཆོ་ག་རེ་མཛད་འཚལ། །ལང་ཚོའི་མེ་ཏོག་མགུལ་རྒྱན་ཕལ་ཆེར་ཞིག་རྙིང་ཟིན། །འཆི་བདག་བཟློག་དཀའི་གྲིབ་སོ་སྒོ་དྲུང་ན་ལྷགས་པས། །ཚེ་སྲོག་གློག་གི་གར་མཁན་ནམ་གཡོ་ནི་མི་ཤེས། །འབུངས་གསུམ་དམ་པའི་ཆོས་ལ་འདོན་རན་དུ་གདའོ། །མ་རིག་ཆུ་སྲིན་གཏུམ་པོས་བདག་གིར་རང་བཟུང་ཞིང་། །ལས་ཉོན་རླུང་གིས་རབ་དཀྲུག་འཁོར་བ་ཡི་མཚོ་ཆེན། །སྡུག་བསྔལ་གསུམ་གྱི་རྦ་རླབས་འཁྲུགས་ཚུལ་འདི་མཐོང་བཞིན། །རྣམ་གྲོལ་སྐམ་སར་སྙོགས་ལ་མི་བརྩོན་འདི་སྨྱོས་སམ། །སོར་གསུམ་ལྕང་ལོའི་ཟར་བུ་མཁན་སློབ་ལ་ཕུལ་ཕྱིན། །མ་རབས་སྐྱེ་བོའི་བསམ་སྤྱོད་དུག་ཆུ་ཡི་སླད་མིན། །བག་ཡོད་བདུད་རྩིས་འཚོ་བའི་ཁྱད་ཆོས་ཤིག་མེད་ན། །མཐུ་ལྡན་དཀར་ཕྱོགས་ལྷ་ཀླུའི་དམོད་ངན་གྱིས་གཟེར་ཡོང་། །ལྟ་དགོངས་ཚད་དུ་འཁྱོལ་བའི་ཁྱད་ཆོས་ཤིག་མེད་ན། །ཨོ་ཟོབ་རལ་རྫིང་འཐུག་པོ་ཤིག་སྲོ་ཡི་མཁར་རྫོང་། །སྦྱོར་སྒྲོལ་རང་མཚན་སྤྱོད་པ་གསང་སྔགས་ཀྱི་གོལ་ས། །རྒྱུ་འབྲས་ཁྱད་དུ་གསོད་པ་ཆད་ལྟ་ཡི་མུར་ཐུག །གཙང་རྨེ་གཉིས་འཛིན་བྲལ་ལ་གསང་སྔགས་ཀྱི་དམ་རྫས། །གནང་མོད་སྲེད་ལེན་ཞེན་པས་ཉམ་ཐག་གི་མ་རྒན། །བསད་པའི་ཤ་ཁྲག་དྲོན་མོར་སྲིན་པོ་བཞིན་རོལ་བ། །རྒྱལ་བ་རྡོ་རྗེ་འཆང་གིས་ག་ཤེད་ནས་བསྟན་འདུག །ཆོས་ལ་སྐྱབས་སུ་སོང་བཞིན་སེམས་ཅན་ལ་འཚེ་བ། །སྤོང་བར་ཞལ་བཞེས་གྲུབ་ན་ཐེག་ཆེན་གྱི་སློབ་དཔོན། །ཆེན་པོར་རློམ་དག་ཚུལ་འདིར་འཇུག་པ་འདི་ཅི་ཞིག །སྡེ་སྣོད་གང་ནས་བསྟན་འདུག་ཐུགས་གཞིག་རེ་གནང་འཚལ། །བག་མེད་ཤ་ཆང་ལོག་འཚོ་འཛེམ་མེད་དུ་སྤྱོད་པ། །འཕྲལ་སྣང་རོ་འཛིན་སྲབ་མོའི་དགའ་སྟོན་དུ་བྲིམ་ཡང་། །ནམ་ཕུག་བུ་ལོན་འཇལ་བའི་གཟུགས་ཕུང་གིས་མི་རོགས། །ཡུལ་སྲོལ་ངན་པའི་ཚུལ་ལ་བག་ཡོད་ཅིག་གནང་རན། །རྫོང་འཕྲང་སྲོག་གསུམ་དགོངས་པས་འཚེངས་གསུམ་གྱི་འབྲས་བུར། །སྦྱོར་ནུས་དམ་ལྡན་སྔགས་པར་བདུན་ལྡན་གྱི་ཉམས་པ། །ཤུགས་སྒྲོལ་དམོད་པའི་མཚོན་འདི་རྒྱལ་རྣམས་ཀྱིས་གནང་མོད། །རང་དོན་ཉི་ཚེ་སྒྲུབ་པའི་བསམ་བརླག་ལ་མ་ཡིན། །བསམ་ནག་ཁོང་དུ་བཅུག་པའི་ལས་ནག་གི་ངན་སྦྱོར། །མི་ནག་སྐྱེ་བོ་མགུ་བའི་རྣོ་སོ་ཞིག་ཡོད་ཀྱང་། །སྨོན་སེམས་སྲོག་རྩ་བྲལ་བའི་སྡིག་པ་ཡི་རང་གཟུགས། །བཟོད་དཀའ་དམྱལ་མེར་འཚེད་ལ་ཕྱི་གཞིག་རེ་གཏོང་འཚལ། །ཅིར་སྣང་རྒྱན་དུ་ཤར་བའི་དབང་རབ་ཀྱི་ངོ་སྐལ། །འདོད་ཡོན་ལམ་དུ་ཁྱེར་བའི་ཉེ་ལམ་ཞིག་ཡོད་ཀྱང་། །ཐ་མལ་ཁྱི་ཕག་ལྟ་བུའི་སྤྱོད་ངན་དེ་མ་ཡིན། །སྤངས་བསྒྱུར་ཁྱེར་གསུམ་རང་གི་བློ་ནུས་དང་བསྟུན་འཚལ། །དམ་ཆོས་རྫོགས་པ་ཆེན་པོ་ཐེག་ཀུན་གྱི་རྩེ་རྒྱལ། །རྩོལ་མེད་ཨ་ཏིའི་མན་ངག་ཇི་ཙམ་དུ་ཟབ་ཀྱང་། །རང་གི་རྒྱུད་ལ་མ་སྦྱོར་ཕན་པ་ཞིག་མི་འདུག །དབང་རབ་སྦྱངས་པ་སྔོན་སོང་ཅིག་ཅར་བའི་རིགས་ཅན། །སྲིད་མཐའ་ཙམ་ལས་དང་པོའི་ལས་ཅན་གྱི་རིགས་ལ། །འོད་གསལ་བཅར་ཕོག་ངོ་འཕྲོད་འཆུགས་མེད་ཞིག་དཀའ་བས། །རིམ་བགྲོད་ཐེག་པའི་འཇུག་སྒོ་ཟླ་མེད་འདིར་ཞུགས་ནས། །རིམ་གྱིས་རྒྱལ་བ་དགྱེས་པའི་ལམ་བཟང་ལ་སློབ་འཚལ། །རྒྱགས་སོགས་ཉོན་མོངས་སྦྲུལ་གདུག་མགོ་འཕང་དེ་བཏོད་པའི། །མོ་རྨིས་པྲ་བརྟག་རྣོན་པོའི་ཨོ་ཟོབ་ཀྱི་འབྲུག་སྒྲ། །འདིར་སྣང་རྙེད་པ་སྒྲུབ་པའི་ཟོང་མཆོག་ཞིག་ལགས་མོད། །སྡིག་འབྲས་ལྕེ་ལ་རྨོ་བའི་ཉེར་ལེན་དེས་ཅི་བྱེད། །ཟག་མེད་མངོན་ཤེས་འཆར་བ་མཐོང་ལམ་གྱི་ཡོན་ཏན། །ད་ལྟ་ཚོགས་ལམ་ཆུང་ངུའི་སྣེ་ཟིན་ཙམ་མེད་བཞིན། །ཉམས་སྣང་རྫུན་གྱི་རི་མོས་ཅོལ་ཆུང་རིགས་འབྲིད་འདི། །མི་ཆོས་བླ་མའི་རྒྱ་ལས་འདའ་ས་ཞིག་རྙེད་དམ། །འཇིག་རྟེན་ཚེ་འདིའི་བྱ་བཞག་རྣམ་གཡེང་གི་ཆུ་རིས། །ནམ་ཡང་ཟིན་མེད་སྡིག་སྡུག་གཏམ་ངན་གྱི་རང་བཞིན། །ཟིན་ཀྱང་དོན་ཆུང་མདང་གི་རྨི་ལམ་དང་འདྲ་བས། །དོན་ཆེན་དམ་ཆོས་སྒྲུབ་པ་འདུན་མ་ཡི་ཡང་རྩེ། །འདུལ་རྒྱུའི་དགྲ་བོ་ཟད་མེད་ཞེ་སྡང་གི་བུད་ཤིང་། །བསྐྱང་རྒྱུའི་གཉེན་གྲོགས་མགུ་མེད་ལན་ཆགས་ཀྱི་སྙགས་འདེད། །ཚོང་དང་སོ་ནམ་ཟིན་མེད་སྡིག་སྡུག་གི་བསུ་སྐྱེལ། །བྱས་མང་འབྲས་ཉུང་འཁོར་བའི་སྣང་ཚུལ་ལ་གཟིགས་དང་། །སྐྱེས་མཐའ་འཆི་བར་ངེས་ན་འདིར་སྣང་གིས་ཅི་བྱེད། །འདུས་མཐའ་འབྲལ་བར་ངེས་ན་གཉེན་གྲོགས་ཀྱིས་ཅི་ཕན། །བསགས་མཐའ་འཛད་པར་ངེས་ན་བསྲུང་བསྲེལ་དེས་ཅི་བྱ། །མཐོ་མཐའ་ལྟུང་བར་ངེས་ན་ཐོབ་ཐང་གིས་ཅི་མཁོ། །གཅེས་པར་བསྐྱངས་པའི་ལུས་ཀྱང་མལ་ས་རུ་བཞག་ནས། །དབང་མེད་འཆི་བདག་ཕོ་ཉའི་ཞགས་པ་ཡིས་དྲངས་ཚེ། །རིགས་གཟུགས་སྟོབས་འབྱོར་སྙན་པའི་ཁས་གྲགས་དེས་མ་ཕན། །བློ་བདེ་ཚགས་སུ་ཚུད་པ་ཕོ་རྒོད་ཀྱི་ཡང་རབ། །ད་ལྟ་ཁོམ་ལྡན་མི་ལུས་གྲུ་བོ་ལ་བརྟེན་ཅིང་། །དགེ་བའི་བཤེས་གྲོགས་མཉན་པ་མཁས་པ་ཡིས་ཟིན་ཏེ། །འཁོར་བའི་ཆུ་བོ་སྒྲོལ་བའི་སྐལ་བཟང་ཞིག་ཐོབ་ཚེ། །བརྒལ་མིན་རྣམ་རིག་བཀྲ་ཡང་སྨྱོན་པ་ཡི་ཡང་ཐ། །ཐུབ་བསྟན་ངེས་དོན་སྙིང་པོ་ཡིད་བཞིན་གྱི་ནོར་བུ། །གངས་ལྗོངས་དད་བསོད་རྒྱལ་མཚན་རྩེ་མོ་རུ་ཐོབ་པའི། །སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་འགལ་མེད་དུ་རྟོགས་པས། །དག་པའི་སྣང་དཀར་བསྐྱེད་པ་ཆོས་སྣང་གི་སྒོ་མོ། །མཁས་རྣམས་ཕན་ཚུན་ལུང་རིགས་ཡོན་ཏན་གྱི་གཏིང་དཔོག །བརྒལ་བརྟག་རིགས་ལམ་རྣོན་པོའི་སྤྲོས་པ་ཞིག་ཡོད་ཀྱང་། །བླུན་པོ་དེ་རྗེས་འབྲངས་ན་ཆོས་སྤང་གི་ཁུར་པོས། །མི་ཁོམ་རིན་གྱིས་ཉོ་བས་བག་གཟོན་ཞིག་མཛོད་ཅིག །དྲི་མེད་བསླབ་གསུམ་ཡོན་ཏན་འདབ་རྒྱས་ཀྱི་གེ་སར། །གཞན་ཕན་ཟིལ་དངར་འཇོ་བའི་བསྡུ་བཞི་ཡི་བསུང་ཞིམ། །སྐལ་བཟང་རྐང་དྲུག་ཚོགས་ཀྱི་ངལ་འཚོ་རུ་གྲུབ་པའི། །བཤེས་གཉེན་པདྨ་དཀར་པོ་མཉེས་གསུམ་གྱིས་བསྟེན་འཚལ། །མཆོག་བྱིན་དཔག་བསམ་ལྗོན་པའི་གྲིབ་བསིལ་ལ་བརྟེན་ན། །འཇིགས་ཚོགས་ཚ་གདུང་མཐའ་དག་ཅིག་ཅར་དུ་གཞིལ་ནུས། །བསླུ་མེད་གཏན་གྱི་སྐྱབས་གྱུར་རིན་ཆེན་ནི་རྣམ་གསུམ། །འབྲལ་མེད་སྐྱབས་སུ་བསྟེན་པ་སྡོམ་ཀུན་གྱི་རྟེན་གཞི། །ཐོག་མེད་དྲིན་གྱིས་བསྐྱངས་པའི་མཁའ་མཉམ་གྱི་ཕ་མ། །སྡུག་བསྔལ་མུ་མཐའ་མེད་པའི་སྲིད་མཚོ་ལས་བསྒྲལ་ཕྱིར། །རྫོགས་བྱང་དོན་དུ་གཉེར་བ་སྨོན་འཇུག་གི་སེམས་བསྐྱེད། །འབྲལ་མེད་རྒྱུད་ལ་གོམས་པ་ཐེག་ཆེན་གྱི་ལམ་སྲོག །དྲན་ཤེས་བག་ཡོད་བརྟན་པོའི་ལྕགས་ཀྱུ་ནི་རྣོན་པོས། །འཕྱོར་གཡེང་སེམས་ཀྱི་གླང་པོ་རྣམ་ཀུན་ཏུ་བཏུལ་ནས། །དགེ་བའི་ཀ་ཆེན་མཆོག་ལ་གཡོ་མེད་དུ་བཅིངས་པ། །བསླབ་གསུམ་བརྟུལ་ཞུགས་བརྟན་ལ་མེད་ཐབས་རང་མི་འདུག །ཚད་མེད་བཞི་ཡི་བློ་སྦྱོང་བདུད་རྩི་ལ་རོལ་བཞིན། །ཕྱིན་དྲུག་སྤྱོད་པ་རྒྱ་མཚོའི་ལང་ཚོ་ཡིས་སྒེག་སྟེེ། །གཞན་ཕན་རླབས་ཆེན་སྒྲུབ་པའི་རྩེ་འཇོ་ཡིས་བྲེལ་བའི། །རྒྱལ་སྲས་ལྷ་ཕྲུག་གཞོན་ནུའི་ཚོགས་གྲལ་ལ་ཕེབས་ཤོག །རྣམ་འབྱེད་སོ་སོར་རྟོག་པའི་ཤེས་རབ་ཀྱི་མཚོན་ཆས། །བདག་ལྟའི་ཉོན་མོངས་དགྲ་བོ་མིང་མཐའ་རུ་བཅོམ་ནས། །མཐའ་བརྒྱད་སྤྲོས་པ་ཀུན་བྲལ་དབུ་མ་ཡི་གྲོང་དུ། །ཆོས་ཉིད་རིག་པའི་ཁྱེའུ་ཆུང་ངལ་གསོ་ལ་བཞུགས་ཤིག །དངོས་འཛིན་མཚན་མ་དག་པ་ལྟ་བ་ཡི་སྨན་ཆེན། །སྟོང་ཉིད་སྙིང་རྗེར་ཤར་བ་སྒོམ་པ་ཡི་ཡང་བཅུད། །ཚོགས་གཉིས་ཟུང་འབྲེལ་གཞན་ཕན་སྤྱོད་པ་ཡི་རྩེ་མོ། །ལྟ་སྒོམ་སྤྱོད་པའི་ཉམས་ལེན་ཆིག་དྲིལ་རང་མཛད་འཚལ། །རྒྱལ་བས་ཆོས་རྣམས་བདག་འཛིན་གཉེན་པོ་རུ་གསུངས་ན། །ནང་དུ་རང་རྒྱུད་ཉོན་མོངས་གཉའ་རེངས་སུ་གཏོར་ནས། །ཕྱི་རུ་འདྲེ་བགེགས་གནོད་བྱེད་རང་མཚན་དུ་བཟུང་སྟེ། །ཞེ་སྡང་སྡང་མིག་གཡོ་བའི་དྲག་སྔགས་དེས་ཅི་བྱེད། །སྟོང་ཉིད་སྙིང་རྗེའི་ཉམས་ལེན་གནད་ཁེལ་ཞིག་མེད་ན། །རྣམ་འགྱུར་རྩུབ་མོ་ཙམ་གྱིས་འདྲེ་བདུད་ནི་མི་ཐུལ། །འཕྲལ་དུ་ཐུལ་ཐུལ་འདྲ་ཡང་ནམ་ཕུག་ནི་ལྡོག་ཡོང་། །དེ་བས་རང་རྒྱུད་འདུལ་བ་ལས་སྦྱོར་གྱི་རྒྱལ་པོ། །འདིར་སྣང་རྙེད་བཀུར་སྙན་གྲགས་མ་བྱུང་གིས་དོགས་པས། །མཇེ་གོག་སྤར་མོས་བསྡོམས་པའི་སྡུག་བཙིར་གྱི་ངང་ནས། །རང་རྒྱུད་ཤིང་ལྟར་རེངས་པའི་མཆོག་འཛིན་མཁན་ཕལ་ལས། །ཕན་སེམས་ཕྲ་མོ་རྒྱུད་ལ་གོམས་པ་འདི་དགའ་འོ། །སྟོང་ཉིད་ཚིག་ཏུ་ཁྱེར་བའི་ཡིད་དཔྱོད་ཀྱི་ངང་ནས། །རྒྱུ་འབྲས་ཁྱད་དུ་གསོད་པའི་རྟོགས་བརྫུ་མཁན་ཕལ་ལས། །འཆི་བ་སྙིང་ལ་ཟུག་བའི་བརྩོན་འགྲུས་ཀྱིས་བསྐུལ་ནས། །ལས་འབྲས་ཆ་ཙམ་གོ་འདི་བསོད་ཆེན་དུ་གདའ་འོ། །ཕྱོགས་ཞེན་དུག་ཆུས་མྱོས་པའི་བློ་གྲོས་ནི་བླུན་པོས། །ཆོས་དང་གང་ཟག་དཔྱས་བཏགས་{གདགས}ཆོས་སྤང་གི་ངང་ནས། །མི་ཚེ་སྟོང་ཟད་བྱེད་པའི་མཁས་རློམ་མཁན་ཕལ་ལས། །དད་པས་མ་ཎི་འདྲེན་རྣམས་འདུན་མ་རེ་བཟང་ངོ་། །ཐ་སྙད་སྤྲོས་པའི་ཚིག་ལ་ཟད་མཐའ་རང་མེད་ཀྱང་། །དོན་ཟབ་ཉམས་སུ་ལེན་ལ་གདམས་ངག་ནི་ཚིག་གཅིག །སྟོང་ཉིད་སྙིང་རྗེའི་བདུད་རྩིས་རང་རྒྱུད་འདི་ཐུལ་ན། །ཆོས་ཀུན་དགོངས་པ་དེ་ཡིན་གདམས་ཟབ་ཀྱང་དེ་ཀ། ཕ་གཅིག་བླ་མའི་ཞལ་ལུང་བྱིན་རླབས་ཀྱི་ངད་ལྡན། །བུ་གཅིག་སེམས་ཀྱི་གཏད་སོ་ཉམས་ལེན་གྱི་ཉིང་ཁུ། །སྐལ་བཟང་ཡིད་ཀྱི་གདུང་སེལ་བདུད་རྩི་ཡི་བཏུང་བ། །ཐར་འདོད་གྲོགས་མཆོག་ཁྱེད་ཀྱི་དགའ་སྟོན་དུ་བཞེས་ཤིག །བྱང་ཕྱོགས་མཚོ་སྔོན་རྒྱུད་ནས་ཆོས་འདོད་ཀྱིས་ལྷགས་པའི། །སྒོ་མེ་བླ་མ་ཆོས་འབྱོར་མཚན་ཅན་གྱི་བཞེད་ངོར། །མདོ་མེད་བྱུང་རྒྱལ་སྨྲ་བ་པདྨ་ནི་བི་ཛས། །ཐོལ་བྱུང་མགྲིན་པའི་རྒྱུད་མང་ཡུད་ཙམ་གྱིས་བརྡུངས་སོ། །


previousསྒོ་མེ་བླ་མ་ཆོས་འབྱོར་མཚན་ཅན་གྱི་བཞེད་ངོར། next