Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ངེས་འབྱུང་བསྐུལ་བའི་གླུ་དབེན་པ་ལ་འཇུག་པའི་རྒྱན
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousངེས་འབྱུང་བསྐུལ་བའི་གླུ་དབེན་པ་ལ་འཇུག་པའི་རྒྱནnext

ངེས་འབྱུང་བསྐུལ་བའི་གླུ་དབེན་པ་ལ་འཇུག་པའི་རྒྱན

༄༅། །ངེས་འབྱུང་བསྐུལ་བའི་གླུ་དབེན་པ་ལ་འཇུག་པའི་རྒྱན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ། ཕུལ་བྱུང་མཁྱེན་བརྩེ་ནུས་མཐུ་རྫོགས་ལྡན་གྱི་སྤྲིན་ལས། །གང་འདུལ་ཐབས་མཁས་ཐུགས་རྗེ་འདོད་དགུ་ཡི་ཆར་གྱིས། །འགྲོ་ལ་རྣམ་གྲོལ་མཆོག་སྦྱིན་དྲིན་ཆེན་གྱི་བླ་མ། །འབྲལ་མེད་སྙིང་དབུས་དད་བརྒྱའི་ཡིད་མཁའ་ལ་བཞུགས་ཤིག །ཀྱེ་མ་འཇིག་རྟེན་འཁྲུལ་སྣང་འཁོར་བ་ཡི་མཚོ་ཆེན། །རྣམ་གཡེང་རྦ་རླབས་འཁྲུགས་པ་ཟིན་མེད་ཀྱི་ཆུ་རིས། །དཔལ་འབྱོར་ལྦུ་ཕྲེང་གཡོ་བའི་ངང་ཚུལ་འདི་མཐོང་ནས། །མི་བསྲུན་སྲིན་མོའི་གླིང་ལ་བག་ཟོན་རེ་གནང་འཚལ། །རྣམ་རིག་མེ་ཏོག་བཀྲ་བའི་ལང་ཚོ་ཡི་འཁྲི་ཤིང་། །དཔལ་འབྱོར་ཐང་ཤིང་མཐོན་པོའི་རྩེ་མོ་ན་འཁྲིལ་ནས། །ལྡེམ་ལྡེམ་ཆོས་བརྒྱད་སྒྲུབ་པའི་རྩེ་བྲོ་ལ་ཕེབས་ཀྱང་། །རྒ་ཤིའི་སྟོན་བསིལ་རླུང་པོ་མི་རིང་བར་སླེབ་ཡོང་། །འདིར་སྣང་སྨིག་རྒྱུའི་ཐག་པ་ཆུ་བོ་རུ་བརླམས་ནས། །ཅོལ་ཆུང་སེམས་ཀྱི་རི་དྭགས་ཆོས་བརྒྱད་ཀྱི་ཚལ་ན། །དལ་མེད་ངལ་བརྒྱས་རྒྱུ་ཡང་འདོད་སྲེད་ཀྱི་སྐོམ་པ། །སངས་མིན་དུས་ཀྱི་ས་མདའ་ནམ་ཕོག་ནི་མི་ཤེས། །གསོད་བྱེད་དགྲ་སྟྭ་གདེངས་པ་འཇིགས་རུང་གི་གཤིན་རྗེ། །མིག་དམར་གློག་ཕྲེང་གཡོ་བའི་བཞིན་རས་ཀྱི་སྤྲིན་རུམ། །མི་སྡུག་སོ་ཞོ་ངོམ་པའི་ཁ་སྒོ་རུ་གནས་བཞིན། །སོས་དལ་བདེ་བར་སྡོད་པ་ཕྱུགས་ལས་ཀྱང་བླུན་ཨང་། །ཉམ་ཆུང་ཤ་ཡི་རྨེན་{རྨན}བུ་བདག་གི་རུ་བཟུང་ནས། །དར་ཟབ་རིན་ཆེན་རྒྱན་གྱི་བསྟི་སྟང་ལ་བརྩོན་ཡང་། །དབང་མེད་དུས་ཀྱི་རྒྱལ་པོའི་ཁྲིམས་བདག་གིས་བཅད་ཚེ། །སྡུག་ཡུས་མཆིས་རིས་ཙ་རེ་བྱ་ཁྱི་ལ་སྦྱིན་གཏོང་། །ལག་པའི་དབྱུག་གུས་བྲང་གི་རྔ་གོག་ལ་བསྣུན་བཞིན། །ངུ་གདངས་མཆི་མའི་རྒྱང་གླུ་ལྷང་ལྷང་དུ་ལེན་པའི། །གཉེན་བཤེས་བརྩེ་བའི་གྲོགས་ཀྱིས་མལ་མཐའ་ནས་བསྐོར་ཡང་། །བརྣག་དཀའི་སྲོག་ཆད་ཚོར་བའི་བགོ་སྐལ་ནི་མི་ལེན། །ལས་དབང་ཁྲིམས་ཁ་ཚ་མོའི་གཞན་དབང་དུ་གྱུར་ཚེ། །སྟོང་གསུམ་བདག་པོ་ཡིན་ཡང་ཕྱི་འགྱང་ནི་མི་ཡོང་། །བློ་རྩེ་སྨྲ་ལྕེ་བདེ་ཡང་མགོ་བསྐོར་ནི་མི་གཏུབ། །སྲིད་པའི་བདོག་དགུའི་འབྱོར་ཡང་བསླུ་རྒྱུ་ནི་མི་འདུག །ད་ལྟ་གཉེན་བཤེས་སྐྱིད་པོའི་མལ་ས་ན་གནས་ཀྱང་། །འཇིགས་དང་སྐྱོ་སྣང་ཤར་བའི་ཉམ་ཆུང་གི་བུས་པ། །འཕྲང་རིང་བར་དོའི་གནས་སུ་གྲོགས་མེད་ནི་གཅིག་པུར། །བགྲོད་ཚེ་འཇིགས་སྐྲག་འཁྲུལ་སྣང་ཇི་ལྟར་དུ་བཟོད་ཨང་། །འཇིགས་རུང་གཤིན་རྗེའི་ཁྲིམས་ལ་ཕྱིར་བཞག་ནི་མི་ཡོང་། །དགེ་སྡིག་རྡེའུ་འདྲེན་ཚེ་གཡོ་སྒྱུ་ནི་མི་ཚུད། །ལས་མཁན་གཏུམ་པོའི་སྡེ་ལ་ཕག་ནོར་ནི་མི་འགྲོ། །མྱོང་གྱུར་གཉའ་བར་བབས་ཚེ་ཅི་ཙུག་རང་བྱེད་ཨང་། །མེ་འབར་ལྕགས་སྲེག་གཞི་ལ་ཉམ་ཆུང་གི་ཤའུ། །བཅད་གཏུབ་བརྡེག་འཚོད་ཁྲག་སྦྱོར་བར་མེད་ཀྱིས་མནར་ཡང་། །ཞེ་སྡང་ལས་དབང་ཞགས་པའི་འཆིང་ཐག་འདི་སྲ་བས། །དམྱལ་གནས་ཚོར་བས་གདུང་ཡང་འཆི་འཕོ་ནི་མི་བཏུབ། །སེར་སྣའི་དུག་གིས་རིད་པའི་མི་སྡུག་གི་ཁ་སྒོར། །ནང་ཁྲོལ་གློ་སྙིང་འབར་བའི་མེ་ལྕེ་ནི་ལྷབ་ལྷབ། །ལྔ་སྟོང་ཁྲིར་ཡང་ཟས་སྐོམ་སྒྲ་ཙམ་ཡང་ཐོས་མིན། །ཕོངས་གྱུར་ཡི་དྭགས་ཚོར་བ་སུ་ཞིག་གིས་བཟོད་ཨང་། །གཏི་མུག་དུད་འགྲོའི་འགྲོ་བ་བཀོལ་སྤྱོད་ཀྱི་ཐ་མ། །བརྩེ་བྲལ་གདོང་དམར་སྲིན་པོས་ཐ་གུ་ཡིས་བསྡམས་ཤིང་། །དབང་མེད་སྤུ་གྲི་རྣོན་པོས་སྙིང་རྩ་ལ་གཟན་ཚེ། །རིག་རིག་ཕྱོགས་ཀུན་བལྟར་ཡང་མགོན་སྐྱབས་ནི་མི་རྙེད། །ཟག་བཅས་ཕུང་ལྔས་བསྡུས་པའི་རྐང་གཉིས་ཀྱི་འགྲོ་བ། །མྱ་ངན་ཡིད་མི་བདེ་དང་བྲེལ་ཕོངས་ཀྱི་ངང་ནས། །རྒ་དང་ན་བའི་ཆད་པ་མི་བཟད་ཀྱིས་མནར་བཞིན། །འཆི་བདག་ཆུ་སྲིན་གཏུམ་པོའི་གྲེ་བ་རུ་གཏོད་གཏོང་། །ཕྲག་དོག་མཚོན་ཆའི་འཁྲུལ་འཁོར་བར་མེད་དུ་བསྐོར་བས། །སྦྱིན་སྐྱེས་མགོ་ལུས་རྐང་ལག་འདམ་བུ་ཡི་ཕྲེང་བཞིན། །དུམ་བུ་དུམ་བུར་གཏུབ་པའི་ཁོང་ཁྲག་གི་ལྦུ་བས། །ཉེ་དུ་མྱ་ངན་ལྷོང་བའི་ངང་ཚུལ་ལ་སོམས་དང་། །སྐྱིད་པོ་ལྷ་ཡུལ་གྲགས་མོད་མེ་ཏོག་གི་སྟན་ལ། །ཡུན་རིང་འདོད་ལ་རྩེན་པའི་སྣང་གཡེང་གི་ཐ་མ། །ང་རྒྱལ་འཕོ་ལྟུང་གདུང་བས་སྤུ་གྲི་ཡི་ཚལ་ན། །བཅད་གཏུབ་ཉམས་སུ་མྱོང་ན་ཡིད་སྨོན་རང་སུས་བྱེད། །ཀྱི་ཧུད་སྲིད་པའི་གནས་རིས་སྲིན་མོ་ཡི་འཇོ་སྒེག །བག་མེད་འདོད་ལྔའི་གཡོ་སྒྱུའི་སྣང་ཤེས་ཀྱིས་བསླུས་བསླུས། །སྡུག་བསྔལ་མུ་མཐའ་མེད་པའི་ལྕགས་ཁྱིམ་གྱི་དོ་རར། །བཅིངས་ལས་འབྲོས་པའི་ཐབས་ཤིག་ད་ལྟ་རང་འཚོལ་རན། །འདིར་སྣང་ཚེ་འདིར་ཞེན་པའི་རང་རྒྱུད་ཀྱི་ཐ་རྒོད། །རྨོད་བྱེད་གདམས་ངག་སྟོང་གི་ཐོང་གཤོལ་གྱི་རྣོ་སོ། །སྲིད་འབྱོར་རྡུལ་དུ་ཞིག་པའི་སྣང་ཚུལ་གྱི་ལྟད་མོས། །མི་རྟག་སྲིན་མོའི་འཇབ་ཁུང་བུད་པ་ལ་གཟིགས་དང་། །སྲིད་ན་བརྟན་པར་གྲགས་པའི་ནོར་འཛིན་གྱི་དགའ་མ། །མི་བརྟན་གཡོ་བའི་གར་སྟབས་ཡང་ཡང་དུ་བསྒྱུར་ཏེ། །གྲོང་ཡུལ་བརྒྱ་ཕྲག་གཏུབ་པའི་རྡུལ་འཚུབ་ཀྱི་ཕྲེང་བས། །སེམས་ཤེས་སྐལ་བཟང་ཡོད་ན་ངེས་འབྱུང་གི་མགྲོན་འབོད། །ཡོན་པོའི་བཀའ་ལུང་གཏུན་བུས་མངའ་རིས་ཀྱི་སྐྱེ་འགྲོ། །ཉམ་ཐག་སྣུམ་བཞིན་བཙིར་བའི་ལོངས་སྤྱོད་ཀྱི་ཏིལ་མར། །རང་ཉིད་ཕུང་ལ་སྦྱོར་བའི་མཐའ་མ་ཡི་དགའ་སྟོན། །མཐོང་བཞིན་སྡུག་གསོག་བྱེད་པའི་ཕྱུག་པོ་ཚོའི་འཁྲུལ་ལུགས། །ལན་ཆགས་ལུས་ཀྱིས་འབྲེལ་བའི་ཕ་མ་དང་བཟའ་ཚོང་། །འཕྲལ་རྐྱེན་རླུང་གིས་བསྐྱོད་པའི་ཞེ་སྡང་གི་མེ་ཕུང་། །རབ་འབར་དཔལ་འབྱོར་རྩི་ཤིང་ལྷག་མེད་དུ་བསྲེགས་ནས། །གཉིས་ཕུང་སྲོག་ལ་རྔམ་པའི་སྣང་ཚུལ་ལ་སོམས་དང་། །གངས་ལྗོངས་རྒྱལ་ཕྲན་ཡོངས་ཀྱི་གཙུག་ནོར་གྱི་རྩེ་མོས། །ལན་གཅིག་རྐང་རྟེན་རེག་ལ་སྐལ་བཟང་དུ་འཛིན་པའི། །བོད་རྗེ་ལས་རླུང་འཁྲུགས་པའི་བརྣག་དཀའ་ཡི་ཁྲི་མུན། །ཚོར་བ་སྐུ་ཉམས་བསྟར་ན་ཕལ་དག་སྨོས་ཅི་འཚལ། །ད་ནང་དགྲ་འདུལ་གཉེན་སྐྱོང་ཕོ་རྒོད་ཀྱི་ཡང་རྩེ། །འཆི་སྙམ་ཡིད་ལ་མེད་པའི་བྲེལ་གཡེང་གི་ངང་ནས། །ད་ལྟ་ཟུག་གཟེར་བཙན་པོས་ལུས་སེམས་དེ་ཕྲལ་ནས། །ཕུང་པོ་བྱ་ཁྱིས་ཟ་བའི་ངང་ཚུལ་ལ་གཟིགས་དང་། །བག་མེད་རྣམ་གཡེང་ཆུ་སྲིན་འཛིན་ཁྲི་ཡི་ཁ་སྒོར། །དལ་འབྱོར་རིན་ཆེན་གྲུ་བོ་གང་དགའ་རུ་བསྐྱུར་ན། །བཤེས་གཉེན་དེད་དཔོན་བཟང་པོའི་ཞབས་པད་ཀྱིས་ཟིན་ཅིང་། །གདམས་ངག་གྲུ་འཛིན་བྱིན་པའི་དགོས་པ་དེ་གང་ཡིན། །ཀྱེ་མ་དེང་སང་བསྟན་པའི་ཡང་ཐ་ལ་ཐུག་པས། །འཚེ་བ་ཆོས་སུ་སྨྲ་བའི་ཀླ་ཀློ་ཡི་སྡེ་ཡིས། །འཕགས་པའི་ཡུལ་སོགས་ཕྱོགས་ཀུན་སྐལ་ངན་ལ་སྦྱར་ཟིན། །བོད་ཀྱང་དེ་ལ་སྨོད་བཞིན་དེ་སྤྱོད་ལ་བརྩོན་འདུག །སྙིང་རྗེའི་གཞན་དབང་གྱུར་པས་རང་ཉིད་ཀྱི་དབུ་ཡང་། །གྲངས་མེད་འགྲོ་ལ་སྦྱིན་མཛད་ས་གསུམ་གྱི་བླ་མ། །གང་གི་རྗེས་འཇུག་རློམ་བཞིན་མཚར་ཟས་ཀྱི་གཡོས་སུ། །གཞན་སྲོག་ཇི་མི་སྙམ་པའི་སྙིང་ཁམས་ཀྱི་ཕོད་པ། །སྐྱབས་གསུམ་སྡོམ་པ་ནོས་ཀྱང་སེམས་ཅན་ལ་འཚེ་བ། །སྤོང་མིན་བླུན་པོའི་བསྔགས་བརྗོད་འཕགས་ཆེན་གྱི་སྐྱེ་ཕྲེང་། །བརྒྱུད་མར་བསད་ཤ་དྲོན་མོ་ལྗགས་ཐོག་གི་བདུད་རྩིར། །སྨིན་ཞེས་སྒྲོགས་པའི་ཁ་དེ་བདུད་ཅིག་གིས་ཕྱེས་སམ། །བསྐྱབ་བྱ་མ་རྒན་བསད་པའི་ནང་ཁྲོལ་གྱི་གཡོས་སྦྱར། །སྐྱོབ་བྱེད་འཕགས་པའི་འདུན་སར་ཕུང་པོ་རུ་སྤུངས་ཚེ། །དགྱེས་པའི་རྐན་སྒྲ་དང་བཅས་ཅིབ་ཅིབ་ཏུ་གསོལ་ན། །ཉམ་ཐག་འགྲོ་བའི་སྐྱབས་དེ་སུ་ཞིག་ལ་འཚོལ་ཨང་། །གྲུབ་མཆོག་བརྟུལ་ཞུགས་སྤྱོད་པའི་ཁྱད་ཆོས་ཤིག་ཡོད་དེ། །སྲིད་ལམ་རྒྱུ་བ་གཅོད་པའི་ཐབས་མཁས་ཀྱི་མཛད་པའི། །མངོན་རྟགས་བསད་པ་གསོ་བའི་ལྟད་མོ་ཞིག་ཡོད་སྐད། །དེ་ལྟའི་ངོ་མཚར་མཆིས་ན་སྐྱབས་སུ་རང་མཆིའོ། །བྱང་སྡོམ་རྨང་ནས་འགྱེལ་བྱེད་སེམས་ཅན་ནི་བློས་བཏང་། །བདེ་གཤེགས་བཀའ་ལས་འདས་པ་གསང་སྔགས་ཀྱི་རྩ་ལྟུང་། །བླང་བྱའི་དམ་རྫས་མཐོང་ན་རྨེ་རྟོག་གིས་བཅིང་བཞིན། །ཤ་ཆང་བག་མེད་སྤྱོད་པའི་སྔགས་ལུགས་དེ་གང་ཡིན། །འདུ་ཤེས་རྣལ་དུ་མི་གནས་གོམ་འགྲོས་ཀྱང་འཁྱོལ་ལེ། །མི་སྡུག་ཁ་ཆུ་ཙ་རེ་འབྲེལ་མེད་ཀྱི་ཀུ་ཅོས། །གྲོགས་ཀྱི་རྣ་བ་སུན་སུན་གཟའ་འཐབ་ཀྱི་གཞི་མ། །བག་མེད་ཆང་ལ་སྤྱོད་པ་བསླབ་འཇིག་གི་རྩ་བ། །ཐོས་བསམ་མིག་རྒྱང་ཐུང་ངུའི་རང་ལྟ་ལ་ཆགས་ཤིང་། །གཞན་ལུགས་དེ་ལས་ལྡོག་པའི་ཆགས་སྡང་གི་ཆང་གིས། །མྱོས་པའི་གོམ་འགྲོས་ཆོས་སྤོང་གཡང་ས་ལ་འཁྱོལ་ན། །མནར་མེད་སྐུ་ཉམས་བསྟར་ཚེ་འགྱོད་པ་ཡིས་མི་སླེབ། །ངེས་འབྱུང་རླུང་གིས་བསྐུལ་བའི་བ་དན་ཞིག་མེད་ན། །ཆོས་བརྒྱད་རླབས་ཕྲེང་གཡོ་བའི་འདིར་སྣང་གི་མཚོ་ལས། །མཆོག་འཛིན་ཚུལ་འཆོས་ཞེན་པའི་གྲུ་གཟིངས་ནི་སྟོང་པས། །ཐར་གྲོལ་རིན་ཆེན་གླིང་དུ་ཇི་ལྟར་དུ་ཕྱིན་ཨང་། །དད་གསུམ་མྱུ་གུ་བཟང་པོའི་རྩ་བ་དེ་མེད་ན། །ཡོན་ཏན་འདབ་ཕྲེང་མཛེས་པའི་ཀེ་སར་གྱི་བཅུད་དུ། །བསླབ་གསུམ་སྦྲང་རྩིར་སྨིན་པའི་ངེས་ལེགས་ཀྱི་དགའ་སྟོན། །དོན་གཉིས་མགྲོན་ལ་སྟོབ་པའི་རེ་བ་དེ་ཟད་འདུག །སྨྲ་ལྕེ་གོམ་འགྲོས་མ་བདེ་ཟླུམ་མཁྲེགས་ཀྱི་མལ་ནས། །གདུང་དབྱངས་ལག་པ་གཡོབ་པའི་ཉམ་ཆུང་གི་བུས་པ། །ལུས་བཅུད་ནུ་ཞོ་མངར་བོའི་བསྙེན་བཀུར་གྱིས་གསོས་པའི། །མ་རྒན་འཁོར་བའི་གཡང་སར་ཇི་ལྟར་དུ་འདོར་ཕོད། །སྙིང་རྗེའི་བརླན་གཤེར་བྲལ་བའི་ཐ་བ་ནི་སྐམ་པོར། །སྟོང་འཛིན་ཡོས་ཚིག་ས་བོན་ལན་སྟོང་དུ་བཏབ་ཀྱང་། །རྣམ་གྲོལ་གསེར་གྱི་སྙེ་མ་འབྲས་ཁུལ་གྱིས་དུད་པས། །དོན་གཉིས་འབྲུ་ཆང་འཐུང་བའི་དགའ་སྟོན་ནི་མི་སྲིད། །ཀྱི་ཧུད་ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན་གྱི་འདུ་འཛི། །བྱིས་དང་སྡིག་གྲོགས་མང་པོའི་གཞན་དབང་དུ་གྱུར་པའི། །རྣམ་གཡེང་ཟད་པ་མེད་པའི་ཆུ་རིས་ཀྱི་ངང་ནས། །སོ་དཀར་གཞོན་པའི་མི་ཚེ་ཡད་ཡུད་དུ་ཟད་སོང་། །ད་ནི་མི་རྟག་སྲིན་མོ་རང་དྲུང་དུ་བསླེབས་ནས། །ཁ་ཆུ་མུ་ཏིག་དཀར་པོའི་དོ་ཤལ་གྱི་ཕྲེང་བ། །གནས་ལྔའི་ལྕུག་ཕྲན་རྩེ་ལ་མ་ཚོར་ངང་འཐོར་འདུག །སེམས་ཤེས་གྲོགས་པོ་ཡོད་ན་དབེན་རི་ལ་གཤེགས་རན། །སྔོན་བྱོན་སྲས་བཅས་རྒྱལ་བས་ལན་སྟོང་དུ་བསྔགས་ཤིང་། །རིག་འཛིན་གྲུབ་ཐོབ་བྱེ་བས་ཡུན་རིང་དུ་བསྟེན་པའི། །ཡབ་མེས་གོང་མའི་གདན་ས་དབེན་རི་ཡི་རྒྱལ་ཁབ། །ཆོས་བརྒྱད་སྒྲོག་ལས་གྲོལ་བའི་ངོ་མཚར་ཞིག་ཡོད་སྐད། །རབ་དཀར་ཁ་བའི་ཐོད་ཟླ་ཚེས་ཀྱིས་སྤུད་ཅིང་། །རབ་མཛེས་སྤྲིན་དཀར་སར་པའི་སྟོད་གཡོགས་ནི་ལང་ལིང་། །རབ་མཉེན་ལྕུག་ཕྲན་གཞོན་པའི་སྨད་ཤམ་ཀྱིས་གཡོགས་པའི། །རབ་བརྟན་དབེན་རི་རྒྱལ་པོའི་ཕང་པ་ལ་འཛེགས་ཤིག །དར་ཕྱུག་ལྕང་དཀར་སྡོང་པོའི་གཉེན་ལྕུག་གི་ལག་པ། །སྦྲེལ་བཞིན་དྲི་བཞོན་དལ་བུའི་སྐྱོ་གྲོགས་ཀྱིས་བསྐུལ་ཚེ། །ལྡེམ་ལྡེམ་གར་སྟབས་བསྒྱུར་བའི་སྣང་ཚུལ་དེ་མཐོང་ན། །མི་ནག་སྐྱེ་བོའི་རྩེ་འཇོ་ཡིད་ཡུལ་ནས་བརྗེད་འགྲོ། །ཡ་ཀི་དྲི་ཟའི་བུ་མོའི་གསུང་དབྱངས་ལས་སྙན་པའི། །བྱ་ཚོགས་མགྲིན་པའི་རྒྱུད་མང་ཅི་དགའ་རུ་བརྡུང་བཞིན། །གཞོན་ཆུང་སྣང་ཤེས་བདེ་མོའི་སྐྱོ་གྲོགས་ལ་ཕེབས་ཚེ། །ཆགས་སྡང་ཉོན་མོངས་སྐྱེད་པའི་འཁྲུལ་གཏམ་དེ་བརྗེད་འགྲོ། །མཐོ་རིས་ཚལ་ལ་འགྲན་པའི་རྐང་འཐུང་གི་དོ་རར། །འཛུམ་བཞད་མེ་ཏོག་གསར་པའི་གེ་སར་གྱི་རྩི་བཅུད། །བག་ཕེབས་རྐང་དྲུག་གཞོན་ནུའི་དགའ་སྟོན་དུ་སྨིན་ཚེ། །བསྲུང་བསྲེལ་ཕུང་ཀྲོལ་སྐྱེད་པའི་ནོར་རྫས་དེ་བརྗེད་འགྲོ། །མཐོ་ཡང་བཀུར་བཟོས་མི་དགོས་ཁྱད་གསོད་ནི་མི་བྱེད། །དམའ་ཡང་སྐྱོང་བྲན་མི་དགོས་མགུ་འཁང་ནི་མི་ཡོང་། །མཉམ་ཡང་འགྲན་སེམས་མེད་དེ་ཆགས་སྡང་ནི་མི་སྤེལ། །འགྲོགས་ན་བདེ་བ་རི་སྐྱེས་བུ་མོའི་ཚོགས་མཐོང་ན། །ཆགས་སྡང་ཆོས་བརྒྱད་སྤེལ་བའི་ཟ་གྲོགས་དེ་བརྗེད་འགྲོ། །མ་བརྩེགས་བྲག་རིའི་བ་གམ་ནོར་བུ་ཡི་ཁང་བཟང་། །ང་ཁྱོད་བདག་འཛིན་མེད་དེ་ཐིགས་ཚགས་ནི་མི་དགོས། །འདུ་འཛིའི་གཡེང་རྐྱེན་མེད་དེ་བསམ་གཏན་པའི་བསྟི་གནས། །དགོན་གོག་ཁ་འཛིན་ཞེན་ལ་དགོས་པ་རང་མི་འདུག །མ་འབད་རྩ་དང་མྱུ་གུ་སྡིག་མེད་ཀྱི་ཁ་ཟས། །རང་བྱུང་ལྗོན་པའི་བསིལ་གྲིབ་ངལ་འཚོ་ཡི་བསྟི་གནས། །དཀོར་དང་ལོགས་ཚོ་མེད་དེ་བྱང་ཆུབ་ཀྱི་སྒྲུབ་ཞིང་། །དཀའ་ལས་རྩོལ་སྒྲུབ་མི་དགོས་སྔོན་བསགས་ཀྱི་འབྲས་བུ། །ཕུ་ཆུ་ལྷུང་ལྷུང་སྙན་པའི་སོར་གདུབ་ཀྱི་སྒྲར་བཅས། །ལྷོ་རླུང་དལ་བུར་རྒྱུ་བའི་བསིལ་པོ་ཡི་རེག་བྱས། །དཀའ་ཐུབ་དུབ་པ་སེལ་བའི་ངོ་མཚར་གྱི་བསྙེན་བཀུར། །ནོར་བུའི་ཡུ་བས་བརླིང་བའི་རྔ་ཡབ་ཀྱིས་མི་མཚོན། །འཆི་མེད་དབང་པོའི་བསྲུང་བའི་རྡོ་ལེབ་ཀྱི་སྟེང་ན། །དབེན་ལས་ཐོབ་པའི་དགའ་བ་འདི་མཚུངས་ཤིག་མེད་པས། །གྲོགས་དག་ཁྱིམ་སྤོང་ལ་འུར་ང་ཅན་དུ་གཤེགས་ཞེས། །སྟེང་འཐུང་དཀར་པོས་འཛུམ་གྱིས་བསུ་བ་འདི་གཟིགས་སམ། །སྔོན་བྱོན་དམ་པ་དུ་མ་འདི་དྲུང་དུ་བསྙེགས་པས། །བརྟུལ་ཞུགས་སྟོད་ཤ་རྒྱགས་པའི་ལང་ཚོ་དེ་ཐོབ་ནས། །རྟོགས་པའི་མྱོས་གླུས་སྐལ་བཟང་ཡིད་འཕྲོག་ལ་བརྩོན་ཞེས། །གཞན་གསོས་མགྲིན་པ་བཏེགས་ནས་ཡང་ཡང་དུ་འབོད་འདུག །ཉེ་དུའི་ཁྲག་གིས་སྦགས་པའི་མཆེ་སྡེར་དེ་ངོམ་བཞིན། །མི་རྟག་སྲིན་མོས་འཇབ་འདུག་དྲག་ཤུལ་གྱི་འཕྱོང་སྟབས། །ནམ་བྱེད་ངེས་པ་མེད་ཅེས་དུས་བཞི་ཡི་རྒྱལ་མོས། །ཡང་ཡང་གྲོགས་སུ་སྦྲན་ནས་བསྐུལ་བ་འདི་གཟིགས་སམ། །ད་ལྟ་ཟོ་མདོག་བདེ་ཚེ་ལྷ་ཆོས་ལ་གཤེགས་ལས། །ན་རྒའི་གཞན་དབང་གྱུར་ཚེ་འགྱོད་དུས་ཞིག་འོང་ཞེས། །སྟོན་གསུམ་བསེར་བུས་བསྐྱོད་པའི་ཨུཏྤལ་ནི་རྒན་པོ། །འདབ་ལྡན་གེ་སར་ཟག་པའི་ངང་ཚུལ་ལ་གཟིགས་དང་། །སྲིད་འབྱོར་བྱིས་པ་འབྲིད་མཁས་མེ་ཏོག་གི་ཚོན་རིས། །མི་བརྟན་འགྱུར་བའི་རང་བཞིན་སྡུག་བསྔལ་གྱི་སྣོན་མ། །ཞེན་ཆགས་འཆིང་བ་ཐོངས་ཞེས་དགུན་ཟླ་ཡི་རྒྱལ་མོས། །གྲང་རེག་ཁ་བའི་ཟེགས་མ་འཐོར་བ་ལ་གཟིགས་དང་། །འགྱུར་མེད་དད་དམ་བརྟན་པོས་དྲིན་ཆེན་གྱི་ཞལ་ལུང་། །འཐུང་དང་ཉམས་རྟོགས་ཡོན་ཏན་ད་ལྟ་རུ་སྐྱེ་ཞེས། །དྲོད་བཅུད་ཉི་ཟེར་འཐུང་བའི་མྱུ་གུ་ནི་གསར་པས། །སོས་ཀ་ནེའུ་སིང་ལྗོངས་ནས་འབོད་པ་འདི་གཟིགས་སམ། །རང་དོན་ཞི་བདེ་གཞོལ་བའི་གཉིད་འཐུག་ལ་མ་ཡོལ། །གཞན་ཕན་རྒྱལ་བ་དགྱེས་པའི་ལམ་བཟང་ལ་ཞུགས་ཞེས། །མཛེས་ལྡན་གློག་ཕྲེང་གཡོ་བའི་འཇོ་སྒེག་དང་སྦྲགས་ནས། །སྙན་བརྗིད་དབྱར་རྔའི་སྒྲ་ཡིས་བསྐུལ་བ་འདི་གསན་ནམ། །གཞན་ཕན་སྨོན་འཇུག་སེམས་ཀྱི་གྲུ་གཟིངས་ལ་ཞུགས་དང་། །མ་འབད་ཚོགས་གཉིས་དགའ་སྟོན་ངོམ་ངོམ་གྱིས་འཕེལ་ཞེས། །འཕྱོར་ཆས་མེ་ཏོག་གསར་པའི་ཐོད་རྒྱན་དེ་འཆིང་བཞིན། །མཛེས་སྡུག་དབྱར་གྱི་དཔལ་མོ་སྒེག་ཚུལ་ལ་གཟིགས་དང་། །སྨིན་གྲོལ་བསྐྱེད་རྫོགས་ཟབ་མོའི་གསེང་ལམ་ལ་ཞུགས་ནས། །རིང་མིན་རིག་འཛིན་རྣམ་བཞིའི་རྒྱལ་ཐབས་ལ་ཕེབས་ཞེས། །སྟོན་གསུམ་འབྲས་བུས་དུད་པའི་རྐང་འཐུང་གི་ཚོགས་རྣམས། །ཐར་འདོད་སྐལ་བཟང་གྲོགས་ལ་འདུད་ཚུལ་འདི་གཟིགས་སམ། །བློ་བྲལ་གཉུག་མའི་གཤིས་ལུགས་ཀུན་བཟང་གི་དགོངས་པ། །མཐར་འཛིན་གྲུབ་མཐར་ཞེན་པའི་འཆིང་བ་དེ་ཐོངས་ཞེས། །སྔོ་བསངས་སྤྲིན་ཐག་ཆད་པའི་ངོ་མཚར་གྱི་ལྟད་མོ། །ཡང་ཡང་འགྲོ་ལ་སྟོན་པའི་སྣང་ཚུལ་འདི་ཤེས་སམ། །གང་ཤར་ཆོས་ཉིད་རོལ་པ་དགག་སྒྲུབ་ཀྱིས་མ་བསླད། །རང་གྲོལ་གདོད་མའི་གཞི་རུ་ངལ་གསོ་ལ་ཕེབས་ཞེས། །འཇའ་སྤྲིན་ཁུག་རླངས་མང་པོའི་རྩེ་འཇོ་དང་སྦྲགས་ནས། །གདམས་ཟབ་ནུ་ཞོ་བསྣུན་པའི་ངང་ཚུལ་འདི་དགོངས་སམ། །ཆགས་སྡང་ཆོས་བརྒྱད་ཞེན་པའི་འཛིན་པ་འདི་ཕྲོལ་ལ། །མ་བཅོས་ལྷུག་པའི་སྤྱོད་པ་གང་དགའ་རུ་བསྐྱུར་ཞེས། །ཆགས་མེད་སྐྱི་སེར་རླུང་པོའི་བརྟུལ་ཞུགས་དེ་མཐོང་ན། །ཡབ་མེས་གོང་མ་བཞུགས་པའི་གདན་ས་ལ་ཕེབས་ཤོག །ཨ་ཧོ་མང་དུ་ཅི་སྨོས་བདག་ཅག་གི་སྟོན་མཆོག །སྲིད་འབྱོར་རྩྭ་བཞིན་བོར་ནས་དཀའ་ཐུབ་ཀྱི་རི་བོང་། །ཨེ་མ་དོན་གཉིས་ལྷུན་གྲུབ་བདུད་རྩི་ཡི་བགོ་བཤའ། །ས་གསུམ་འགྲོན་ལ་འགྱེད་པའི་ངོ་མཚར་དེ་ལགས་མོད། །ཀྱེ་མ་ཐུགས་རྗེས་གཟིགས་ཤིག་བརྒྱུད་གསུམ་གྱི་བླ་མ། །འདིར་སྣང་ཆོས་བརྒྱད་འཆིང་བ་སྐད་ཅིག་གིས་ཁྲོལ་ལ། །དབེན་གསུམ་གྲིབ་བསིལ་སྣུམ་པོའི་ངལ་འཚོ་ལ་བརྟེན་ནས། །འཁོར་བ་དོང་ནས་སྤྲུག་པའི་བྱིན་རླབས་ཤིག་སྩོལ་ཅིག །དེ་སྐད་གྲོགས་མཆོག་སྙིང་གི་དུམ་བུ་ཡི་བསྐུལ་ངོར། །འོག་མིན་སེང་བྲག་དཔལ་གྱི་ནགས་ཁྲོད་ཀྱི་ཁང་བུར། །སྙོམ་ལས་མལ་ན་ཡོལ་བའི་པདྨ་ནི་བི་ཛས། །གང་ཤར་ཡི་གེའི་རིས་བྲིས་བདེ་ལེགས་སུ་གྱུར་ཅིག །


previousངེས་འབྱུང་བསྐུལ་བའི་གླུ་དབེན་པ་ལ་འཇུག་པའི་རྒྱནnext