Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣལ་འབྱོར་སྨྱོན་པའི་གླུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣལ་འབྱོར་སྨྱོན་པའི་གླུ། next

རྣལ་འབྱོར་སྨྱོན་པའི་གླུ།

༄༅། །རྣལ་འབྱོར་སྨྱོན་པའི་གླུ། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཐོག་མར་གང་གིས་བསྐྱེད་མཛད་པའི། །སྟོང་དང་སྙིང་རྗེ་ཟུང་འཇུག་ཕུལ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །འགྲོ་ཀུན་འཁོར་བ་ཐོག་མེད་ནས། །ཐ་མ་ད་ལ་ཐུག་གི་བར། །བདག་འཛིན་ཟེར་བའི་དགྲ་བོ་འདིས། །རྒྱུ་མེད་པར་ཡང་སྡུག་ཏུ་བཅུག །སྲིད་པའི་གནས་རིས་མཐོ་དམན་དུ། །བཅད་གཤོག་འདྲལ་སོགས་གྲངས་མེད་མྱངས། །ད་དུང་སྲིད་པ་ཇི་སྲིད་བར། །དོན་མེད་སྡུག་ལ་སྦྱོར་བྱེད་ན། །དགྲ་བོ་མཐོང་ཚེ་མཚོན་ལྷོང་བཞིན། །ཐེག་ཆེན་བློ་སྦྱོང་ཅིས་མི་སྒོམ། །འདི་ན་འཕྲལ་གྱི་དགྲ་ཙམ་ལ། །མི་བཟོད་ཁྲོ་བ་སྐྱེད་བྱེད་ན། །ཐོག་མེད་དུས་ཀྱི་ཕུང་བྱེད་པའི། །དགྲ་ལ་བཟོད་པ་སུ་ཞིག་སྒོམ། །གཞན་དག་བཏུད་ན་གཉེན་འགྱུར་མོད། །འདི་ལ་བཏུད་བཞིན་ཆེས་ཆེར་བསླུ། །སྔོན་གྱི་རྒྱལ་བ་དཔག་མེད་ཀྱང་། །དགྲ་འདི་བཅོམ་ནས་བཙན་སར་གཤེགས། །འགྲོ་འདི་དེ་བློ་གཏོད་པས་བསླུས། །ཁེ་ཉིད་འདམ་ཁ་ད་རེས་ཡིན། །དགྲ་མགོ་ཡན་པར་མི་གཏོང་བ། །དཔའ་བའི་ནང་ནས་དཔའ་ཆེན་ཏེ། །དེ་དང་མཉམ་པ་གཞན་ཡོད་མིན། །སྔོན་ཆད་འཁོར་བ་ཐོག་མེད་ནས། །ཕུང་བྱེད་འདི་ཡིས་དབང་མེད་དུ། །འགྲོ་ལ་གནོད་པ་སྣ་ཚོགས་བཅོལ། །ལེ་ལན་མཚོན་ཆ་དེང་འདིར་འཁོར། །མི་འདོད་སྡུག་བསྔལ་ཆར་ལྟར་འབབ། །འདི་ནི་སུས་ཀྱང་བྱས་མིན་ཏེ། །རྩ་བ་བདག་འཛིན་འདི་ལས་བྱུང་། །དེ་རིང་འཇིགས་མེད་རྣལ་འབྱོར་གྱིས། །ཐོག་མེད་བསགས་པའི་སྡིག་ལྟུང་དང་། །ཁྱད་པར་འགྲོ་བའི་སྡུག་བསྔལ་རྣམས། །འུབ་ཀྱིས་བསྡུས་ནས་དངོས་སུ་ལེན། །དེ་རིང་ཉིད་དང་སྟན་ཐོག་འདིར། །མྱུར་བ་ཉིད་དུ་སྨིན་གྱུར་ཅིག །སངས་རྒྱས་བྱང་ཆུབ་སེམས་དཔའ་སོགས། །འགྲོ་ལ་རྒྱུ་མེད་བརྩེ་བའི་བདག །ལུས་ཅན་ཀུན་གྱིས་མགོན་ལགས་ན། །ཁྱེད་ཀྱིས་ཁོ་བོ་གཏན་བརླག་པའི། །བདག་འཛིན་མགོན་དུ་ཅི་སྟེ་མཛད། །ཆོས་སྲུང་ཡེ་ཤེས་སྤྱན་ལྡན་པ། །ཁྱེད་རྣམས་མཐུ་དང་རྩལ་ཆེ་ཡང་། །རྒྱུ་འབྲས་ལས་ཀྱི་མེ་ལོང་འདི། །བསླུ་མེད་ཐུབ་པ་མཆོག་གིས་གསུངས། །དེ་ཕྱིར་ཁོ་བོ་དེར་སྤྱོད་པར། །སྲུང་དང་བཟློག་པ་ཇི་ལྟར་མཛད། །དེ་སླད་ཁོ་བོ་རྒྱངས་ཀྱིས་བོར། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས། །ཐོག་མེད་ལན་ཆགས་གཉེར་བ་ཡི། །མི་མཐུན་བར་ཆད་རྩོམ་བྱེད་རྣམས། །དེ་རིང་བདག་གི་མགྲོན་ལ་བྱོན། །སྔོན་ཆད་ཁྱེད་རྣམས་ཕ་མ་སྟེ། །ད་ལྟ་དངོས་འཛིན་གདོན་གྱིས་བསླད། །གནོད་བྱ་གནོད་བྱེད་གཉིས་སུ་བཟུང་། །ཀྱེ་མ་མ་རིག་འཁྲུལ་ཚབས་ཆེ། །འགྲོ་བ་གཞན་ལ་འཚེ་བྱེད་ན། །ཁྱེད་ལ་རྣམ་སྨིན་མི་བཟད་འབྱུང་། །དེ་བས་རྒྱལ་སྲས་སེམས་དཔའ་ངའི། །སྒྱུ་མའི་ལུས་འདི་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །འདོད་ཕྱིར་མགོ་དང་ཡན་ལག་སོགས། །གྲངས་མེད་ཆུད་ཟོས་ངང་དུ་སོངས། །ད་རེས་ལུས་འདིས་དོན་གོ་ཆོད། །ཕངས་མེད་འདྲེ་གདོན་ཡོངས་ལ་སྦྱིན། །རིངས་ན་རྗེན་ཟོ་ལྷོད་ན་ཚོས། །ཤ་ཟོ་ཁྲག་འཐུང་རྐང་རུས་མུར། །རྡུལ་ཕྲན་ཙམ་ཡང་མ་བཞག་ཅིག །སྔོན་ཆད་ཁྱེད་ལ་གནོད་བྱས་པའི། །ལན་ཆགས་བུ་ལོན་འདེད་པའི་ཆེད། །དེ་རིང་འབྱོན་པ་ངོ་མཚར་ཆེ། །ཁོ་བོ་བྱང་ཆུབ་སྒྲུབ་པའི་གྲོགས། །དབུལ་པོའི་ཁྱིམ་དུ་གཏེར་བཞིན་དུ། །འབྱོན་འདི་ཨེ་མ་བཀའ་དྲིན་ཆེ། །དྲིན་གཟོར་དུས་གསུམ་བསགས་པ་ཡི། །དགེ་ཚོགས་མ་ལུས་ཁྱོད་ལ་བསྔོ། །མྱུར་དུ་རྣམ་མཁྱེན་ཐོབ་གྱུར་ཅིག །ཁོ་བོ་བྱང་ཆུབ་སྙིང་པོ་ལ། །འདུག་ཚེ་འཁོར་གྱི་ཐོག་མ་རུ། །བདུད་རྩིའི་བགོ་བཤའ་ཁྱོད་ལ་སྨོན། །ང་དང་ཁྱོད་དང་ན་ཚ་གསུམ། །ཡང་དག་དོན་ལ་གྲུབ་པ་མེད། །ཐམས་ཅད་སྒྱུ་མའི་ལྟད་མོར་ཆེ། །རྟེན་འབྲེལ་ཆོས་ཉིད་ཨ་ལ་ལ། །དལ་བའི་དུས་སུ་ཉམས་སུ་ལེན། །བྲེལ་བའི་དུས་ན་ལས་ལ་སྦྱར། །རྐྱེན་ངན་བྱང་ཆུབ་ལམ་དུ་ཁྱེར། ཐེག་ཆེན་ལམ་གྱི་ཉིང་ཁུ་ཡིན། །དེ་སྐད་རྣལ་འབྱོར་སྨྱོན་པའི་གླུ། །མ་བཅོས་ཐོལ་བྱུང་ངང་ནས་སྨྲས། །བདག་དང་སེམས་ཅན་ཐམས་ཅད་ཀྱིས། །བདག་འཛིན་འགོང་པོ་ཐུལ་བར་ཤོག །
༄༅། །གསུམ་གཙང་གཙང་མར་མཛད་པའི་མགོན་དེ་ལ། །བཏུད་ནས་བྲམ་ཟེ་གཞོན་ནུར་མཆིད་འདི་གསོལ། །བྲམ་ཟེ་བྲམ་ཟེ་ཟེར་བ་མང་ལགས་ཀྱང་། །བྲམ་ཟེའི་ཆོས་དང་ལྡན་པ་དེང་སང་དཀོན། །བྲམ་ཟེའི་ཆོས་དེ་དབྱེ་ན་དུ་ཞེ་ན། །མང་ཡང་འདིར་ནི་རྣམ་པ་ལྔ་རུ་བསྡུ། །མཐོ་རིས་ཡོན་ཏན་བདུན་གྱི་ཆོ་རིགས་བཙུན། །ལས་འབྲས་ཡིད་ཆེས་ལྟ་བའི་ཚངས་སྐུད་བཅིང་། །ལེགས་སྨོན་ཚུལ་ཁྲིམས་དག་པའི་ཀུན་སྤྱོད་གཙང་། །མི་ཆོས་ལྷ་ཆོས་ཟུང་འབྲེལ་རིགས་སྔགས་བསྒྲངས། །རབ་དཀར་བསོད་ནམས་དཔུང་གི་མཆོད་སྦྱིན་བརྩོན། །ཡ་རབས་དྲ་མའི་སྲོལ་བཟང་རིལ་བ་སྦྲེེང་། །མཐོ་རིས་གྲོང་ཁྱེར་མཛེས་པའི་བྲམ་ཟེ་ཡིན། །ངེས་འབྱུང་རྣམ་པར་དག་པའི་ཆོ་རིགས་བཙུན། །བདེན་བཞི་རྟེན་འབྲེལ་ཟབ་མོའི་ཚངས་སྐུད་བཅིང་། །བསླབ་གསུམ་རྣམ་པར་དག་པའི་ཀུན་སྤྱོད་གཙང་། །སྤང་ཀློག་འཁོར་ལོ་གཉིས་ཀྱི་རིགས་སྔགས་བསྒྲངས། །འཕགས་ནོར་ཡོན་ཏན་བདུན་གྱི་མཆོད་སྦྱིན་བརྩོན། །སྦྱངས་ཡོན་དགེ་སྦྱོང་ཆོས་བཞིའི་རིལ་བ་སྦྲེང་། །སྲིད་ལ་རྒྱབ་ཀྱིས་ཕྱོགས་པའི་བྲམ་ཟེ་ཡིན། །ཐེག་ཆེན་དཀར་པོའི་རིགས་ཀྱི་ཆོ་རིགས་བཙུན། །བདེན་གཉིས་ཟུང་འཇུག་དབུ་མའི་ཚངས་སྐུད་བཅིང་། །སྨོན་འཇུག་བྱང་ཆུབ་སེམས་ཀྱི་ཀུན་སྤྱོད་གཙང་། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་རིགས་སྔགས་བསྒྲངས། །དགེ་བ་ཆོས་སྡུད་ཕྱིན་དྲུག་མཆོད་སྦྱིན་བརྩོན། །སེམས་ཅན་དོན་བྱེད་བསྡུ་བཞིའི་རིལ་བ་སྦྲེང་། །ཐེག་ཆེན་ནས་མཐོར་བགྲོད་པའི་བྲམ་ཟེ་ཡིན། །གཞི་རྒྱུད་དབང་བཞིས་སྨིན་པའི་ཆོ་རིགས་བཙུན། །དག་མཉམ་བདེན་པ་དབྱེར་མེད་ཚངས་སྐུད་བཅིང་། །བསྐྱེད་རྫོགས་ཟུང་དུ་འབྲེལ་བའི་ཀུན་སྤྱོད་གཙང་། །བསྙེན་སྒྲུབ་ཡན་ལག་རྣམ་བཞིའི་རིགས་སྔགས་བསྒྲངས། །རྣམ་བཞིའི་རིག་འཛིན་གྲུབ་པའི་མཆོན་སྦྱིན་བརྩོན། །ལྟ་སྤྱོད་ཟུང་དུ་འབྲེལ་བའི་རིལ་བ་སྦྲེང་། །སྐལ་བཟང་ཚེ་གཅིག་གྲོལ་བའི་བྲམ་ཟེ་ཡིན། །ཁྱད་ཆོས་དྲུག་ལྡན་གཞི་ཡི་ཆོ་རིགས་བཙུན། །དོན་བརྒྱུད་རྟོགས་པ་འཕོས་པའི་ཚངས་སྐུད་བཅིང་། །འཁྲུལ་སེམས་དབྱིངས་སུ་དག་པའི་ཀུན་སྤྱོད་གཙང་། །སྒྲོན་དྲུག་སྣང་བ་བཞི་ཡི་རིག་སྔགས་བསྒྲངས། །ཅིར་སྣང་ཡེ་ཤེས་ཆེན་པོའི་མཆོད་སྦྱིན་བརྩོན། །ཡེ་གྲོལ་ལྷུན་མཉམ་རྫོགས་པའི་རིལ་བ་སྦྲེང་། །དབང་རབ་བྱས་ཆོས་ཞིག་པའི་བྲམ་ཟེ་ཡིན། །མདོར་ན་དྲན་དང་ཤེས་བཞིན་བག་ཡོད་པས། །རང་རྒྱུད་ཉེས་ལྟུང་དྲི་མས་མ་གོས་པར། །བསླབ་གསུམ་གཙང་མར་བསྲུང་དེ་བྲམ་ཟེ་སྟེ། །དྲང་སྲོང་དེ་ཡིན་དགེ་སྦྱོང་ཆོས་ཀྱང་དེ། །དེ་ཚུལ་བདག་གི་རྒྱུད་ལ་མཛའ་མིན་པས། །གདོལ་པ་འབུམ་གྱི་གྲལ་མཐར་ལྷུང་ན་ཡང་། །སྔོན་རབས་བྲམ་ཟེ་དུ་མའི་ལུགས་སྲོལ་ཞིག །ཐོས་གང་དེ་རིང་བྲམ་ཟེ་གཞོན་ནུར་བཤད། །ཚེར་མའི་ཤིང་ལས་སྦྲང་བཞིན་འདོར་བྱ་མིན། །འདི་ཚུལ་ཚུལ་བཞིན་མཛད་ན་བྲམ་ཟེ་སྟེ། །རིང་མིན་དྲང་སྲོང་ཆེན་པོའི་གནས་ཐོབ་འགྱུར། །དེ་སྐད་བཤད་པའི་དགེ་འབྲས་འགྲོ་ལ་བསྔོ། །འགྲོ་ཀུན་དྲང་སྲོང་ཚེ་དཔག་མེད་གྱུར་ཅིག །


previousརྣལ་འབྱོར་སྨྱོན་པའི་གླུ། next