Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནས་དུས་དང་མཐུན་པའི་ཞལ་གདམས་ལགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནས་དུས་དང་མཐུན་པའི་ཞལ་གདམས་ལགས། next

གནས་དུས་དང་མཐུན་པའི་ཞལ་གདམས་ལགས།

༄༅། །གནས་དུས་དང་མཐུན་པའི་ཞལ་གདམས་ལགས། སྐྱབས་རྒྱལ་བ་ཀུན་དང་དབྱེར་མེད་པའི། །རྗེ་དྲན་པས་གདུང་སེལ་རྡོ་རྗེ་འཆང་། །མགོན་བླ་མའི་ཞབས་ལ་གུས་པས་འདུད། །བན་ཆོས་མགོ་ཐོན་པར་བྱིན་གྱིས་རློབས། །ན་གཞོན་གྱི་བཙུན་ཆུང་བསམ་ཤེས་ཚོ། །ནང་ནུབ་ཏུ་དྲན་བྱ་འདི་ལྟར་མཛོད། སྤྱིར་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ། །དགོས་རིགས་ཆད་དང་འཕྲལ་བྱུང་གི་སྐྱོན་མ་གོས། །བློ་དམ་པའི་ཆོས་ལ་ཕྱོགས་པ་འདི། །ཚེ་སྔ་མར་བསོད་ནམས་བསགས་པའི་རྟགས། །དཔེ་ནོར་བུ་རྙེད་པས་དོ་མ་ལགས། །ལེགས་ཉེས་ཀྱི་འདེམ་ཁ་ད་རེས་ཡིན། །བློ་ལང་ཤོར་དུ་མ་གཏོང་ནང་དུ་ཁུག །དུས་སྙིགས་མའི་བཙུན་གཟུགས་སྲེ་མོང་མགོ། ཕྱི་དམར་སེར་གྱི་བླ་གོས་མཛེས་ན་ཡང་། །ནང་མ་ཞི་གཡོན་ཅན་བྱི་ལའི་མཆེད། །ཐུགས་དམ་དེ་ཉ་མའི་ཕྱོགས་སུ་འཕུལ། །བཟླས་བརྗོད་དུ་ཆགས་གཏམ་བྲེ་མོའི་ངག །དམ་རྫས་སུ་དུག་ཆང་བསད་པའི་ཤ། བསྐྱེད་རིམ་ལ་མཛེས་མའི་ཞལ་རས་བཀྲ། །རྫོགས་རིམ་དུ་འཁྲིག་སྲེད་ཀྱི་མེ་ཆེན་འབར། །ལམ་ཁྱེར་དུ་འཆབ་འདོད་ཀྱི་གྱ་གྱུ་འཁྲུགས། །རང་ཚུལ་ལ་མི་རྟོག་ཧམ་པས་ཁེངས། །གཞན་སྐྱོན་གྱི་ལབ་གླེང་སུ་བས་རྒོད། །དུས་རྒྱུན་བར་ཆགས་སྡང་དང་མིག་སེར་འཁྲུགས། །ཁྱེད་དཔྲལ་ཀོ་ལྕགས་ལས་འཆོས་ལགས་སམ། །མགོན་ཐུབ་པའི་བཅས་མཚམས་གང་དུ་ཐལ། མཁན་སློབ་ཀྱི་བསླབ་གཞི་སུ་ལ་བཅས། །མངོན་མཐོ་དང་འཁོན་གྱིས་བྱས་ལགས་སམ། །ཁོམ་མིན་ལ་གཉེན་ཚན་ཅི་སྟེ་སྒྲེལ། །དཀར་ཕྱོགས་ཀྱི་དམོད་པས་མི་འཇིགས་སམ། །འདི་མི་རྒན་སྲོག་རླུང་འཁྲུགས་པའི་རྒྱུས། །སྨྲ་འདོད་ཅིག་མེད་ཀྱང་ངག་ནས་ཐལ། །ཕར་གཞན་རྒྱུད་དཀྲུགས་པའི་ཐུར་མ་མིན། །ཚུར་རང་མཚང་འབྱིན་བའི་སྨན་དཔྱད་ལགས། །ཐུགས་འཚོམས་པར་མ་མཛད་བསམ་གཞིག་ཐོང་། །ཁྱེད་ངན་པའི་མིག་ལྟོས་མི་མཛད་འཚལ། །དོན་འགག་བསྡུས་ཀྱི་བསམ་བྱ་འདི་ལྟར་ལགས། །ནང་སྔ་བར་མལ་ནས་ལྡང་བའི་སྐབས། །སྤྱིར་དལ་འབྱོར་རྙེད་པར་དཀའ་བ་དང་། །ཚེ་མི་རྟག་འདུ་བྱེད་འགྱུར་བ་ཅན། །ལས་རྒྱུ་འབྲས་མི་བསླུ་རྟེན་འབྱུང་མཐུ། །གནས་འཁོར་བའི་སྡུག་བསྔལ་ཡང་ཡང་སོམས། །སྐྱབས་དཀོན་མཆོག་གསུམ་དང་གཏོང་བའི་སེམས། །ཚུལ་ཁྲིམས་དང་ལྷ་རྗེས་དྲན་པ་དྲུག །རང་བསླབ་གསུམ་སྲུང་བའི་དཔང་པོ་དང་། །བརྩོན་འགྲུས་ཀྱི་གྲོགས་སུ་དྲན་པར་མཛོད། །སོ་ཐར་གྱི་ངོ་བོ་ངེས་འབྱུང་སྟེ། །བྱང་སེམས་ཀྱི་རྩ་བ་ཕན་སེམས་མཆོག །གསང་སྔགས་ཀྱི་དམ་ཚིག་དག་སྣང་ཡིན། །སྡོམ་གསུམ་གྱི་སྲུང་མཚམས་དྲན་པར་མཛོད། །རྗེ་བཀའ་དྲིན་ཅན་གྱི་བླ་མ་དང་། །གྲོགས་དམ་ཚིག་གཅིག་པ་རྡོ་རྗེའི་སྤུན། །ཡོངས་མགུ་བར་བྱ་བའི་ཕ་མ་འགྲོར། །དག་སྣང་དང་བྱམས་བརྩེ་དྲན་པར་མཛོད། །འགྲོགས་མི་བདེ་ནགས་མཐའི་མི་རྒོད་ལྟའི། །དུས་སྙིགས་མའི་སྤྱོད་པ་མི་བསྲུན་ཡང་། །རང་བཟོད་པའི་དམ་བཅའ་མི་འབྲལ་བའི། །སྙིང་རུས་ཀྱི་ཞེ་གཅོད་དྲན་པར་མཛོད། །ཚོགས་དྲུག་གི་བྱིས་པ་ཅོལ་ཆུང་པོ། །འདོད་ཡོན་གྱི་སྲིན་མོའི་བསླུ་བྲིད་ཀྱིས། །ཐར་གྲོལ་གྱི་སྲོག་ལ་གཟན་མཆི་བས། །ཆགས་བྲལ་གྱི་དཀའ་ཐུབ་དྲན་པར་མཛོད། །སེམས་དྲན་པ་ཉམས་པའི་ཆོམ་རྐུན་གྱིས། །བསླབ་གསུམ་གྱི་ནོར་ལ་འཚེ་ལགས་པས། །ཤེས་བཞིན་གྱི་བྱ་ར་འབྲལ་མེད་དང་། །ཕྱིན་དྲུག་གི་ལམ་ལ་སློབ་མཛོད་ཀྱི། །ནུབ་ཉལ་ཁར་ཉིན་གྱི་བྱ་གཞག་ལ། །བསྔོ་བགྲང་དང་བརྩི་གཤར་ཞིབ་ཏུ་རྟོག །དོན་དགེ་བར་འདུག་ན་གཟེངས་བསྟོད་ལ། །སྡིག་ཉེས་པར་མཐོང་ན་སྨ་འབབ་འཚལ། །མཚན་གཏི་མུག་མུན་པས་ཁེབ་པའི་ཚེ། །བདུད་སྲིན་མོའི་འཛུམ་དཀར་གཡོ་བ་ཡིས། །ཚུལ་ཁྲིམས་ཀྱི་སྲོག་རྩ་གཅོད་ཉེན་པས། །མགོན་ཐུབ་པའི་བསླབ་ཁྲིམས་དྲན་པར་མཛོད། །རྫས་སུམ་ཅུ་རྩ་དྲུག་མི་གཙང་རྐྱལ། །མདོག་མི་སྡུག་བམ་སོགས་འདུ་ཤེས་དགུ། །རེག་རྩུབ་མོ་ཀེང་རུས་འཇིགས་འཇིགས་པོའི། །དོན་ལེགས་པར་གཞིག་ལ་ཆགས་རྟོག་གཞོམ། །དམན་སྤྱོད་ལ་དཀོན་མཆོག་ལྷ་ཡིས་ཁྲེལ། །ལྷ་མིག་གིས་མི་མཐོང་དབེན་མི་སྲིད། །འཇིག་རྟེན་གྱི་སྐྱེ་བོས་འཕྱ་ཞིང་སྨོད། །རྙེད་བཀུར་དང་གྲགས་སོགས་ངང་གིས་ཉམས། །མདངས་སྟོབས་དང་འབྱོར་པ་མ་རུངས་བྱེད། །དེས་མ་ཚད་འཁྲུགས་རྩོད་སྲོག་ལ་གཟན། །འཆི་ཁ་རུ་འགྱོད་དང་སྨྲེ་སྔགས་ཀྱིས། །ཁོང་ཁྱིམ་པ་སུན་འབྱིན་གྲོགས་རྣར་གཟན། །ཕྱི་མ་རུ་མནར་མེད་ཉེ་འཁོར་དུ། །ལུས་དབད་དང་ཟ་བའི་སྡུག་བསྔལ་སོགས། །ཉེས་དགུ་ཡི་རྩ་བར་དྲན་པར་མཛོད། །རང་གྲོལ་གྱི་གནད་དང་མི་ལྡན་ན། །ཆགས་སྲེད་ཀྱི་ཉོན་མོངས་རང་ག་མ། །བྱང་ཆུབ་ཀྱི་ལམ་དུ་འགྲོ་བ་མེད། །དུག་རྨ་བྱས་ཆོམ་གྱི་ཕལ་གྱིས་མིན། །འཕོ་མེད་ཀྱི་ཚུལ་ཁྲིམས་མི་བརྟེན་ན། །ཁུངས་སྔགས་ལ་བཅོལ་ཡང་ངོ་ཚའི་གནས། །རྟེན་བྱང་སེམས་ཉམས་པའི་རྩ་ལྟུང་དེ། །ཁྱེད་ཐབས་ཀྱི་མཆོག་ཏུ་འདོད་དམ་ཅི། །སྡོམ་པ་གསུམ་འགལ་མེད་གནད་གཅིག་པའི། །དགག་དགོས་ཀྱི་བསྲུང་མཚམས་མི་ཤེས་པར། །རྩིང་ཆོས་སུ་སྒྲོགས་པ་ཐེ་ལེ་ལེ། །རང་མཚང་འདི་མ་ངོམས་བསྐྱུར་ན་ཨང་། །ཁོང་ཁྱིམ་པ་ལ་ཡང་མ་གྲགས་པའི། །བཙུན་ཆུང་དུ་གྲགས་པའི་གྲོང་ཆོས་ཤིག །དུས་དེང་སང་རབ་བྱུང་སྡེ་ན་གྲགས། །འདི་ཐོས་ཀྱང་རྣ་བ་དགག་དགོས་ན། །མངོན་སུམ་དུ་སྤྱོད་པ་ཨ་ཅང་ཅི། །ཁྱི་དཀར་ནག་སྤུ་མདོག་མི་གཅིག་ཀྱང་། །དེས་བཟུང་བའི་རྨ་ལ་ཁྱད་ཡོད་དམ། །ཁྱེད་ཚུལ་ཁྲིམས་ཀྱི་སྲོག་རྩ་གཅོད་ཏ་རེ། །གཉིད་སེམས་བྱུང་གི་ངོ་བོ་གཞན་འགྱུར་ཡིན། །ཐབས་མཁས་ན་དགེ་ལ་བསྒྱུར་རུང་བས། །ཆགས་སོགས་ཀྱི་རྟོག་པས་མ་བསླད་པར། །དད་སོགས་ཀྱིས་ལམ་དུ་ཚུད་པར་མཛོད། །ཁྱད་པར་དུ་གནད་ཀྱི་གདམས་ཟབ་ཕུལ། །སྙིང་དབུས་ཀྱི་བླ་མར་རླུང་སེམས་བསྡུ། །བཟུང་བསྒྱུར་དང་སྤེལ་དང་སྤྲུལ་སོགས་མཐར། །འོད་གསལ་གྱི་ངང་དུ་བསྟིམ་པར་མཛོད། །དུས་རྒྱུན་པར་དྲན་ཤེས་འབྲལ་མེད་དང་། །སྟོང་ཉིད་དང་སྙིང་རྗེ་ཟུང་འབྲེལ་བས། །བསགས་སྦྱང་གི་ཚུལ་ལ་འབད་མཁས་ན། །གྲུབ་ཐོབ་ཀྱི་སྙན་པ་མ་ཐོབ་རུང་། །ལམ་ལོག་པར་མི་ལྟུང་ཚད་མའི་ལུང་། །ཁྱེད་གསར་བུ་རྣམས་ཀྱི་དྲན་གསོས་མཛོད། །བདག་གཅིག་ཏུ་སྲོག་རླུང་འཁྲུགས་པ་དང་། །གཉིས་སུ་ཡང་ཡུལ་རྐྱེན་ཕྱད་མ་ཕྱོད། །གསུམ་དུ་ན་གྲོགས་ཀྱིས་བསྐུལ་བའི་རྒྱུས། །ཚིག་འདི་ཡང་བྱུང་རྒྱལ་ཁ་ནས་ཐལ། །ཟོལ་སྦྱོར་གྱི་ཚིག་ལ་མི་སྙན་ཡང་། །དོན་སེམས་ལ་བསྐོར་ན་དྲང་པོའི་ངག །གནས་དུས་དང་མཐུན་པའི་ཞལ་གདམས་ལགས། །ངག་ཁྱད་དུ་མ་གསོད་འོད་ཟེར་པ། །ཞེས་པའང་གཞན་ཕན་བློ་གྲོས་ཀྱིས་སྨྲས་པ་དོན་དང་ལྡན་པར་སྨོན་ནོ། །


previousགནས་དུས་དང་མཐུན་པའི་ཞལ་གདམས་ལགས། next