Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྲིད་པའི་ཕུན་ཚོགས་དུག་གི་འབྲས་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྲིད་པའི་ཕུན་ཚོགས་དུག་གི་འབྲས་བུ། next

སྲིད་པའི་ཕུན་ཚོགས་དུག་གི་འབྲས་བུ།

༄༅། །སྲིད་པའི་ཕུན་ཚོགས་དུག་གི་འབྲས་བུ། དཔག་མེད་ཡོན་ཏན་ཕན་བདེའི་གྲུ་ཆར་གྱིས། །སྐལ་བཟང་གདུལ་བྱའི་ཞིང་ས་བརླན་མཛད་པའི། །འཁོར་ལོའི་མགོན་པོ་བདེ་ཆེན་རྒྱལ་པོ་ལ། །བཏུད་ནས་ཁྱོད་གསུང་མི་ལྡོག་མཆིད་འདི་གསོལ། །ཀྱེ་མ་དེང་སང་ལྔ་བརྒྱའི་ཡང་ཐ་འདིར། །སྐྱེ་བོ་ཕལ་ཆེར་ཆོས་མིན་ཁོ་ནར་འཕྱན། །ཆོས་བྱེད་རློམ་ཡང་ཆོས་མཐར་ཕྱིན་པ་དཀོན། །འདི་ལ་སྨན་པ་ཞེན་པ་བཞི་བྲལ་གཅེས། །དེ་ཡང་ཚེ་འདིར་ཞེན་ན་ཆོས་པ་མིན། །ཁམས་གསུམ་དཔལ་ལ་ཞེན་ན་ངེས་འབྱུང་མིན། །བདག་གི་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན་ཞེས་གསུངས། །ཆོས་བརྒྱད་སྦྲུལ་གདུག་མགོ་འཕང་བསྟོད་བྱེད་པའི། །ཚུལ་ཁྲིམས་བཟླས་བརྗོད་ཐོས་བསམ་སྒོམ་ལ་སོགས། །ལྟར་སྣང་ཚེ་འདིར་ཞེན་པའི་བྱས་ལོ་ཀུན། །ཡང་དག་ཆོས་སུ་འགྲོ་བར་ཤིན་ཏུ་དཀའ། །དེ་སླད་ཐོག་མར་དལ་འབྱོར་རྙེད་དཀའ་དང་། །ནམ་འཆི་ངེས་མེད་དམིགས་རྐང་སྤྱི་བྱེ་བྲག །གཡེང་བ་སྤངས་ཏེ་ཐུན་དུ་ཆོད་ལ་གོམས། །འདིར་སྣང་ཞེན་པ་ལོག་པ་ཆོས་པའི་རྩེ། །སྲིད་པའི་ཕུན་ཚོགས་དུག་གི་འབྲས་བུ་འདྲ། །འཕྲལ་དུ་ཞིམ་ཡང་ནམ་ཕུག་ཕུང་བར་ངེས། །ཚོར་བ་ཅིར་སྣང་སྡུག་བསྔལ་གསུམ་དང་འབྲེལ། །འདི་ལ་ཞེན་ན་ཆོས་ལམ་འགྲོ་མི་སྲིད། །དེ་ཡི་གཉེན་པོར་འཁོར་བའི་སྡུག་བསྔལ་དང་། །ལས་འབྲས་དབྱེ་བསལ་འཇུག་ལྡོག་ལག་ལེན་སྒོ། །ལེགས་པར་ཤེས་ནས་བརྩོན་པའི་དཔུང་བསྐྱེད་དེ། །བཅོས་མིན་ངེས་འབྱུང་རྒྱུད་ལ་མཛའ་བ་གལ། །གཞན་དོན་བརྩོན་ལས་ཐུབ་རྣམས་མངོན་སངས་རྒྱས། །རང་དོན་སྒྲུབ་ལས་བྱིས་རྣམས་སྲིད་པར་འཁོར། །བདག་བདེར་ཞེན་ལ་ཐེག་ཆེན་སྐལ་བ་ཆད། །བློ་ངན་འདིས་བསླུ་རྟག་ཏུ་བག་ཡོད་མཛོད། །དེས་ན་བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ལམ་གྱི་འཁྲུལ་བ་སེལ་ལ་མེད་ཐབས་ཅི། །བྱམས་པའི་ངོ་བོ་ཕན་པར་འདོད་པ་སྟེ། །སྙིང་རྗེ་འགྲོ་བའི་སྡུག་བསྔལ་མི་བཟོད་བློ། །བྱང་ཆུབ་སེམས་ནི་འགྲོ་སྒྲོལ་དམ་བཅའི་གོ། ཀུན་ཀྱང་བདག་བས་གཞན་གཅེས་སྒོམ་ལ་འདུ། །རླུང་ལ་བརྟེན་ནས་བཏང་མེད་སྤེལ་མར་སྦྱང་། །དཀར་ནག་ཆོས་བཞིར་འཇུག་ལྡོག་ལྷོད་མེད་གཅེས། །སྣང་བཏགས་ཆོས་ཀུན་རྨི་ལམ་སྒྱུ་མ་འདྲ། །མ་བརྟགས་ཉམས་དགའ་བརྟགས་ན་ངོ་བོས་སྟོང་། །ནན་གྱིས་བརྟགས་ན་སྐྱེ་སོགས་སྤྲོས་མཚན་བྲལ། །སྣང་སྟོང་ཟུང་འཇུག་རྟེན་འབྱུང་ཟབ་མོའི་གཤིས། །གང་དུ་བཟུང་ཡང་མཚན་མའི་གཟེབ་ཡིན་ཕྱིར། །གཉིས་མེད་མཉམ་ཡངས་བྱར་མེད་ཆོས་སྐུའི་རྩལ། །བརྗོད་བྲལ་ནམ་མཁའ་བསྒོམ་པའི་ཚུལ་ཤེས་ནས། །མི་དམིགས་མི་སྦྱོར་ཤེར་ཕྱིན་དགོངས་པའི་དོན། །གོམས་ན་འཁྲུལ་སྣང་ཡེ་ཤེས་ཆེན་པོར་འཆར། །ཀུན་གྱི་རྩ་བ་བླ་མའི་མོས་གུས་ཏེ། །བསྐྱེད་རྫོགས་ལམ་གནད་མཐར་ཐུག་འདི་ཁོ་ན། །དེ་ཕྱིར་བླ་མ་སངས་རྒྱས་ཆོས་ཀྱི་སྐུར། །ལེགས་རྟོགས་ཐུགས་ཡིད་བསྲེ་བ་མཆོག་ཏུ་གཅེས། །དེ་སྐད་དགེ་བླ་འཇམ་དབྱངས་མཚན་ཅན་གྱིས། །བསྐུལ་ངོར་འདུ་གསུམ་སྤྱོད་པ་བི་ཛ་ཡས། །ཡིད་ལ་གང་དྲན་འཕྲལ་མར་བྲིས་ཏེ་ཕུལ། །དགེ་བས་དོན་གཉིས་མཐའ་རུ་ཕྱིན་པར་ཤོག །
༄༅། །ཚུལ་ཁྲིམས་ཡོན་ཏན་རྒྱན་གྱིས་མངོན་མཛེས་ཤིང་། །ཏིང་འཛིན་ཞི་བའི་བདུད་རྩིས་ལུས་རྒྱས་ཏེ། །ཤེས་རབ་རྣམ་བཀྲའི་སྤྱན་སྟོང་དང་ལྡན་པའི། །བཤེས་གཉེན་མཆོག་ལ་གུས་པས་ཕྱག་བྱས་ནས། །བློ་གསལ་གཞོན་ནུ་ཚུལ་ཁྲིམས་བསྟན་འཛིན་གྱིས། །ཤོག་བྱང་བྱིན་ནས་བསླབ་བྱ་དགོས་གསུང་ངོར། །མཚན་དང་དོན་གཉིས་མཐུན་པའི་ཉམས་ལེན་ཞིག །བྱུང་ན་འཕྲལ་ཡུན་ཀུན་ཏུ་དགེ་བར་འགྱུར། །དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །རྙེད་པ་དོན་ཆེན་ཡིད་བཞིན་ནོར་འདྲའི་རྟེན། །ད་རེས་རྙེད་ཚེ་སྙིང་པོ་ལེན་པའི་བློས། །འཆལ་སྤྱོད་སྤངས་ན་ཚུལ་ཁྲིམས་བསྟན་འཛིན་ཡིན། །སྐྱེས་པ་འཆི་དང་འདུས་པ་འབྲལ་བ་དང་། །བསགས་པ་འཛད་དང་འབྱོར་མཐའ་རྒུད་པའི་རྒྱུར། །ལེགས་པར་རྟོགས་ནས་བརྩོན་པའི་དཔུང་བསྐྱེད་ལ། །འཆལ་སྤྱོད་སྤངས༴ ཇི་ལྟར་དཔྱིད་བཏབ་ས་བོན་ཇི་བཞིན་དུ། །དཀར་ནག་རྒྱུ་འབྲས་མི་བསླུ་སོ་སོར་སྨིན། །རང་དབང་ཡོད་དུས་རང་ཕུང་མི་བསྒྲུབ་པར། །འཆལ་སྤྱོད་སྤངས༴ ཁམས་གསུམ་འཁོར་བའི་སྡུག་བསྔལ་བཟོད་པར་དཀའ། །བདེ་བར་སྣང་ཡང་སྡུག་བསྔལ་འགྱུར་བ་ཅན། །ཐར་འདོད་ངེས་འབྱུང་བཅོས་མིན་རྒྱུད་བསྐྱེད་ནས། །འཆལ་སྤྱོད་སྤངས༴ གསུམ་པའི་དབང་རྟེན་པདྨའི་ཟེ་འབྲུ་ཅན། །ཐབས་ཀྱིས་ཟིན་ན་ལམ་གྱི་གྲོགས་སྲིད་ཀྱང་། །སྐྱེས་པས་སྐྱེས་པ་གཡེམ་ལ་ནམ་ཡང་མིན། །འཆལ་སྤྱོད་སྤངས༴ འདུས་བྱས་མི་རྟག་ཟག་བཅས་སྡུག་བསྔལ་བ། །མྱ་ངན་འདས་ཞི་ཆོས་རྣམས་བདག་མེད་པར། །ལེགས་པར་རྟོགས་ནས་མཆོག་གསུམ་སྐྱབས་བརྟེན་ངོས། །འཆལ་སྤྱོད་སྤངས༴ སེམས་ཅན་ཐམས་ཅད་ཕ་མའི་རང་བཞིན་ལ། །བྱས་པ་ཤེས་ཤིང་དྲིན་དུ་གཟོ་འདོད་བློས། །བྱམས་སོགས་ཚད་མེད་བཞི་ལ་བློ་སྦྱངས་ནས། །འཆལ་སྤྱོད་སྤངས༴ མཁའ་མཉམ་འགྲོ་རྣམས་སྲིད་ལས་བསྒྲལ་སླད་དུ། །རྫོགས་བྱང་དོན་གཉེར་བྱང་ཆུབ་སེམས་བསྐྱེད་དེ། །རང་དོན་ཡིད་བྱེད་བློ་ངན་ཀུན་བཏང་ནས། །འཆལ་སྤྱོད་སྤངས༴ བདག་དང་སེམས་ཅན་ཐམས་ཅད་བདེ་སྡུག་མཚུངས། །དེ་ཕྱིར་གཞན་ལ་གནོད་པའི་བསམ་སྦྱོར་དོར། །གཞན་ཕན་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞིར། །ལེགས་པར་སློབ་ན་ཚུལ་ཁྲིམས༴ སྒོ་གསུམ་ཐ་མ་ལ་སྣང་ཞེན་དྲི་མའི་ཚོགས། །རྡོ་རྗེ་གསུམ་དུ་སྡོམ་པར་བྱེད་པ་ཡ། །ལྟ་སྤྱོད་ཟུང་འབྲེལ་མྱུར་བདེ་སྔགས་ལམ་ལ། །གཞུང་བཞིན་སློབ་པ་ཚུལ་ཁྲིམས༴ མདོར་ན་རྒྱལ་བ་དགྱེས་པའི་ལམ་ཞུགས་ཏེ། །འཇུག་ལྡོག་ལག་ལེན་ཇི་བཞིན་ངེས་བྱས་ནས། །དྲན་ཤེས་བརྟན་པོས་བག་ཡོད་འབྲལ་མེད་དང་། །ཚུལ་མཐུན་སྤྱོད་ན་ཚུལ་ཁྲིམས་བསྟན་འཛིན་ཡིན། །དེ་ལྟར་མཛད་ན་བསྔགས་འོས་ཡོན་གྱིས་འབྱོར། །བདེ་ནས་བདེར་འགྲོ་མཚན་དོན་མཐུན་པ་ལགས། །དེ་ལྡོག་ཁྱི་ལ་སེང་གེར་བཏགས་ཅི་ཕན། །འདི་དོན་ཚུལ་བཞིན་མཛོད་ཅིག་དགེ་བའི་གྲོགས། །དེ་སྐད་པདྨ་བི་ཛས་སྨྲས་སོ་དགེ། །


previousསྲིད་པའི་ཕུན་ཚོགས་དུག་གི་འབྲས་བུ། next