Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕྲལ་དུ་ཉམས་ཤར་བསླབ་བྱ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕྲལ་དུ་ཉམས་ཤར་བསླབ་བྱ། next

འཕྲལ་དུ་ཉམས་ཤར་བསླབ་བྱ།

༄༅། །འཕྲལ་དུ་ཉམས་ཤར་བསླབ་བྱ། ན་མོ་གུ་རུ། དཔལ་ལྡན་རིགས་རྣམས་ཀུན་གྱི་ཁྱབ་བདག །དྲན་པས་སྲིད་ཞིའི་འཇིགས་ཀུན་འཕྲོག་མཛད། །ཡེ་ཤེས་སྐུ་ཅན་འཁོར་ལོའི་མགོན་དེས། །ཁྱོད་ལ་ཤིས་པའི་མེ་ཏོག་སྩོལ་ཅིག །གཞོན་ནུ་ཉིད་ནས་ཉེས་བརྒྱའི་རང་བཞིན། །ཁྱིམ་ནས་བྱུང་སྟེ་དམ་པའི་བཤེས་དྲུང་། །དད་པའི་མྱུ་གུ་ཆོས་སུ་སྨིན་པའི། །གྲོགས་པོ་ཁྱོད་ལ་གཏམ་འདི་སྨྲའོ། །ད་ལྟ་མཐུན་པའི་གནས་དང་གྲོགས་པོ། །དམ་པའི་མགོན་དང་དེ་ཡི་ཞལ་ལུང་། །ཟབ་དགུའི་གདམས་ངག་ལྷན་གཅིག་འཛོམས་དུས། །རང་གི་འདོད་པ་དང་དུ་ལོངས་ཤིག །སྙིང་ནས་བརྩོན་པས་དོན་དུ་གཉེར་མིན། །རྒྱ་མཚོའི་མཇིང་གི་རྡོ་བ་བཞིན་དུ། །ཡུན་རིང་སོང་ཡང་ཡར་སྐྱེད་འབྱུང་དཀའ། །ཕྱིས་ནས་འགྱོད་པའི་དུས་ཞིག་འོང་ངེས། །ཐོས་པ་མ་རིག་མུན་སེལ་སྒྲོན་མེ། །རྐུན་པོས་མི་ཁྱེར་རིན་ཆེན་གཏེར་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བར། །ལེགས་པར་མཁྱེན་ནས་བརྩོན་པ་མ་དོར། །མི་ཚེ་ཟད་ཟད་འབད་པ་སྐྱེད་ཀྱང་། །ཐ་སྙད་ཚིག་མཐའ་རྫོགས་དུས་མི་ཡོང་། །དོན་གྱི་གནད་བཟང་གང་ཐོས་སྙིང་པོ། །རང་རྒྱུད་འདུལ་བའི་ཐབས་སུ་བསྟེན་འཚལ། །སྙན་སྙན་ཚིག་གི་སྤྲོས་པ་མང་ཞིང་། །མཛེས་མཛེས་ཀུན་སྤྱོད་ཇི་ལྟར་ལེགས་རུང་། །ནང་དུ་ཉོན་མོངས་གཉེན་པོར་མ་སོང་། །ཆོས་དེ་ཡང་དག་ལམ་དུ་མི་འགྲོ། །ཕྱི་ཚུལ་འཇིག་རྟེན་མགུ་བའི་རྣམ་ཐར། །མེད་ཀྱང་རང་རྒྱུད་ཆོས་ཀྱིས་དུལ་ན། །མདོ་དོན་དེ་ཡིན་སྙིང་པོ་དེ་ཡིན། །སྲས་བཅས་རྒྱལ་བ་དབྱིངས་ནས་དགྱེས་འོང་། །ད་ལྟ་ངེས་འབྱུང་གསར་པ་སྐྱེས་རིང་། །ཅིས་ཀྱང་དགོས་མེད་འདྲ་ཞིག་འཆར་ཡང་། །ཕྱིས་ནས་ཡུལ་རྐྱེན་ངན་པས་བསྐུལ་ཚེ། །ཉོན་མོངས་རྟོག་པའི་དུག་རོ་ལྡང་སྲིད། །དེ་ཕྱིར་ད་ནས་བློ་ལྡོག་བཞི་སོགས། །དྲི་མེད་བསམ་བྱུང་ཐོང་གཤོལ་རྣོན་པོས། །རང་རྒྱུད་ཐ་རེངས་ཡོངས་སུ་རྨོས་ལ། །བྱམས་དང་སྙིང་རྗེའི་ཆུ་ཡིས་བརླན་མཛོད། །དལ་འབྱོར་རྟེན་མཆོག་ཡིད་བཞིན་ནོར་བུ། །ཡུན་དུ་མི་བརྟན་རྨི་ལམ་རྒྱལ་སྲིད། །ཕྱིས་ནས་འདི་འདྲའི་རྟེན་བཟང་རྙེད་དཀའ། །དོན་མེད་ཚེ་འདིའི་བྱ་བས་ཅི་བྱ། །མི་རྟག་འདི་ཞེས་སྟོན་པའི་སློབ་དཔོན། །བརྒྱ་ཕྲག་ཉིན་བཞིན་མདུན་སར་རྒྱུ་ཡང་། །ཅུང་ཟད་མི་འཇིགས་མ་རུངས་སེམས་ཁྱོད། །ཀྱི་ཧུད་རྡོ་ཡི་གོང་བུར་གྱུར་ཏམ། །རྣམ་གསུམ་སྡུག་བསྔལ་ཆད་ལས་དྲག་པོ། །སངས་དུས་མེད་པའི་སྲིད་པའི་ཁྲི་མུན། །འདི་ལས་ཐར་ཐབས་རང་གིས་བརྩོན་མིན། །མི་འཇིགས་སྦྱིན་པོ་གཞན་ཞིག་མི་འདུག །དཀར་ནག་འབྲས་བུ་ནམ་ཡང་མི་བསླུ། །མྱོང་ངེས་ལས་ནི་འཕགས་པས་བཟློག་དཀའ། །དེ་སླད་ཡིན་སྙམ་རློམ་པས་མ་ཁེངས། །འཇུག་ལྡོག་ལག་ལེན་གནད་དུ་དྲིལ་མཛོད། །འཇིག་རྟེན་དཔོན་ལ་བློ་གཏད་བཅོལ་བཅོལ། །གཏན་དུ་ལྟ་ཅི་འཕྲལ་འདིར་བསླུས་བསླུས། །རྣམ་ཀུན་མི་བསླུ་རིན་ཆེན་རྣམ་གསུམ། །སྐྱབས་སུ་མི་བསྟེན་སྨྱོན་པའི་ཡང་ཐ། །ཡུན་རིང་དྲིན་གྱིས་བསྐྱངས་པའི་མ་རྣམས། །སྡུག་བསྔལ་རྦ་ལ་འཕྱན་ཚུལ་ཨེ་གཟིགས། །འདི་ལས་སྒྲོལ་ཕྱིར་རྣམ་མཁྱེན་གོ་འཕང་། །དོན་དུ་གཉེར་གང་ཐེག་ཆེན་ལམ་སྲོག །ཁྲིམས་འདི་རྒྱུ་དང་མི་རྒྱུའི་ས་བཞིན། །དཀར་ཆོས་རིགས་ཀྱི་རྟེན་གཞིར་གསུངས་པས། །རྣམ་ཀུན་དྲན་ཤེས་བག་ཡོད་བརྟན་པོས། །སྡོམ་གསུམ་གནང་བཀག་མིག་བཞིན་བཙའ་མཛོད། །གངས་ལྗོངས་བཤད་ཀ་བཅུ་དང་སྒྲུབ་བརྒྱུད། །ཤིང་རྟ་བརྒྱད་ཀྱི་རིང་ལུགས་མཐའ་དང་། །དགོངས་པའི་སྐྱེལ་སོ་ཡེ་ཀློང་རོ་གཅིག །དག་སྣང་དཀར་པོའི་བློ་མིག་སྦྱང་འཚལ། །མཁས་རྣམས་རང་རང་གྲུབ་མཐའི་ཞལ་བཞེས། །དགག་སྒྲུབ་རིགས་པའི་འཁྲུལ་འཁོར་མང་མོད། །དགོངས་གཞི་དགོས་པ་ཅི་ཡིན་ཤེས་དཀའ། །རང་ཉིད་ཆོས་སྤང་གཡང་སར་བག་བྱོས། །ཆོས་ཀུན་ངོ་བོ་སྟོང་ཉིད་ལགས་མོད། །སྟོང་པའི་རང་མདངས་ཅིར་ཡང་མི་འགག །ཟུང་འཇུག་གོ་བའི་གནད་གསང་ཤེས་ན། །དགག་སྒྲུབ་བློ་ཡི་གྲུབ་མཐའ་ཞིག་འགྲོ། །སྣང་སྲིད་ཆོས་ཀུན་སེམས་ཀྱི་རང་རྩལ། །སེམས་ཉིད་བརྟགས་ན་སྐྱེ་འགག་གནས་བྲལ། །འདི་ཞེས་མི་མཚོན་ཚིག་གིས་ཅི་བྱ། །སྤྲོས་བྲལ་གཞི་ཡི་གནས་ལུགས་མཁྱེན་མཛོད། །རང་བཞིན་འོད་གསལ་གདོད་ནས་རྣམ་གྲོལ། །གཉུག་མའི་གཤིས་ལ་སྒྲིན་པོས་མ་བསླད། །རང་བབས་མི་གཡོ་དགོངས་པའི་གསང་མཛོད། །བློ་བྲལ་དོན་གྱི་རྒྱལ་ས་ཟུངས་ཤིག །གང་ཤར་རང་གྲོལ་སྒྱུ་མའི་སྐྱེས་བུ། །ཆགས་ཞེན་བྲལ་བར་རླུང་བཞིན་རྒྱུ་ཡང་། །ཞི་དུལ་ཀུན་སྤྱོད་དགེ་སྦྱོང་ངང་ཚུལ། །སྔོན་བྱོན་དམ་པའི་རྣམ་ཐར་ལགས་སོ། །འབྲས་བུའི་རྒྱལ་པོ་སེམས་ཉིད་རིན་ཆེན། །རང་ལ་ཡོད་ཀྱིས་གཞན་ནས་མ་ཚོལ། །ཐབས་གྲོལ་མན་ངག་ཟབ་མོའི་མཐུ་ལས། །སྐུ་བཞིའི་བྲལ་འབྲས་གཞི་ལ་མངོན་ཡོད། །མདོར་ན་བརྒྱ་བཤད་དོན་གནད་ཚིག་གཅིག །གྲོགས་ཁྱེད་རང་སེམས་རང་ལ་དཀར་ན། །དོན་ཆུང་འདིར་སྣང་བྱ་བས་མ་གཡེངས། །རང་མགོ་ཉི་མ་ཆོས་ཀྱིས་ཐོན་མཛོད། །བདག་ཀྱང་ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན། །རྣམ་གཡེང་མཛད་མེད་འཆིང་རྒྱ་འདི་ལས། །རིང་མིན་བྱོ་ནས་དབེན་གསུམ་དགའ་སྟོན། །ཉམས་སུ་མྱོང་བའི་གཡར་དམ་འཆའ་འོ། །དེ་སྐད་འཕྲལ་དུ་ཉམས་ཤར་བསླབ་བྱ། །དོན་མཐུན་གཞོན་ནུ་གསང་སྔགས་དགྱེས་སླད། །བློ་གྲོས་རྒྱ་མཚོས་ཐོལ་བྱུང་སྨྲས་སོ། །དགེ་བས་དམ་བཅའ་མཐར་ཕྱིན་སྨོན་ནོ། །


previousའཕྲལ་དུ་ཉམས་ཤར་བསླབ་བྱ། next