Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁན་པོ་པདྨ་རསྨིའི་ཐུགས་བཞེད་སྐོང་ཕྱིར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁན་པོ་པདྨ་རསྨིའི་ཐུགས་བཞེད་སྐོང་ཕྱིར། next

མཁན་པོ་པདྨ་རསྨིའི་ཐུགས་བཞེད་སྐོང་ཕྱིར།

༄༅། །མཁན་པོ་པདྨ་རསྨིའི་ཐུགས་བཞེད་སྐོང་ཕྱིར། ན་མོ་གུ་རུ། དད་གསུམ་སྙིང་གི་པདྨའི་ཟེའུ་འབྲུར། །འབྲལ་བ་མེད་པར་རྟག་ཏུ་བཞུགས་པའི། །ཡེ་ཤེས་སྐུ་ཅན་འཁོར་ལོའི་མགོན་དེས། །ཁྱེད་ལ་ཤིས་པའི་མེ་ཏོག་སྩོལ་ཅིག །ཀྱེ་ལགས་དོན་མཐུན་ཆོས་གྲོགས་ཁྱེད་ཀྱི། །ཡང་ཡང་གསུང་ནན་རྣ་བར་སིམ་ཡང་། །ཆོས་དང་སེམས་རྒྱུད་མ་འདྲེས་བདག་འདྲས། །གཞན་བསྐུལ་འདེབས་པ་ནེ་ཙོའི་པདྨེ། །སྔོན་བྱོན་རྒྱལ་དང་དེ་སྲས་འཕགས་པའི། །ལེགས་གསུང་མན་ངག་ཟབ་དགུའི་གདམས་བཟང་། །ཕལ་ཆེར་དེང་སང་རྡུལ་ཁྲོད་འདོར་ན། །བདག་ལྟས་བརྗོད་པ་སུ་ལ་ཅི་ཞིག །འོན་ཀྱང་ཁྱེད་གསུང་མི་ལྡོག་ཙམ་དུ། །གང་དྲན་ཚིག་འཆལ་བྲག་ཆའི་རོལ་མོ། །བཅས་བཅོས་མེད་པར་དམ་དུམ་འབུལ་ན། །ཡུད་ཙམ་སྙན་གྱི་དབང་པོ་གཏོད་ཅིག །སྔོན་བསགས་རྣམ་པར་དཀར་བའི་ས་བོན། །ལེགས་སྨོན་དྲོད་གཤེར་བཅུད་ཀྱིས་སྨིན་པའི། །ད་རེས་དལ་འབྱོར་གསེར་གྱི་སྙེ་མ། །ལན་གཅིག་ཐོབ་འདི་དོན་མེད་མ་བྱེད། །སྐྱེས་བུའི་ཚེ་འགྲོ་རི་གཟར་རྦབ་བཞིན། །སོ་དཀར་གཞོན་པའི་སྣང་ཚུལ་ཡད་ཡུད། །བཟློག་མེད་ན་རྒ་འཆི་བའི་སུན་མས། །མདུན་ནས་མངོན་སུམ་སྒུག་པ་ཨེ་གཟིགས། །ཚེ་གང་ཚེ་འདིའི་ཕྱོགས་སུ་ཞེན་ཞེན། །འདོད་ལྔའི་ཡུལ་ལ་ཤི་སྦར་འཐམ་འཐམ། །འདི་བྱ་འདི་བྱེད་རྣམ་གཡེང་ཆུ་རིས། །འཛད་མེད་ངང་དུ་མི་ཚེ་ཆུད་གསོན། །ནམ་ཞིག་འཆི་བར་ཀུན་གྱིས་ཤེས་མོད། །རེ་ཞིག་མི་འཆི་སྙམ་པའི་བློ་ངན། །ངང་རིང་ལོང་ཡོད་འདི་ཡིས་བསླུས་བསླུས། །ནང་ལ་བློ་གདེང་ཅི་ཡོད་སོམས་ཤིག །འཇིག་རྟེན་ཕྱི་མར་ཆོས་ཀྱིས་ཕན་ཞེས། །ལྗོངས་འདིའི་གནག་རྫི་ཡན་ཆོད་སྒྲོགས་མོད། །ལག་ཏུ་ལོངས་པ་ཉིན་མོའི་སྐར་མ། །རང་རྒྱུས་རང་ལ་ཆེ་བ་མིན་ནམ། །བསླབ་བསླབ་ཤེས་ཤེས་རྣམ་གྲངས་མང་ཞིང་། །བདེན་བདེན་ཡིན་ཡིན་སྣང་བ་མཐོ་ཡང་། །མི་འདོད་རྐྱེན་ངན་ཐོག་ཏུ་བབས་ཚེ། །རང་མཚང་ལྷུག་པར་སྟོན་པ་ཨེ་གཟིགས། །ནང་དུ་རང་རྒྱུད་གཉེན་པོས་ཐུལ་མིན། །ཕྱི་ཚུལ་ཨོ་ཟོབ་འཇའ་ཚོན་རི་མོ། །གཞན་ངོ་འདྲིད་པའི་མིག་སྔར་ལེགས་ཀྱང་། །དོན་གྱི་སྙིང་པོ་ཆུ་ཤིང་སྤུན་ཟླ། །ཉེ་དུའི་ཁྲག་གིས་མཆེ་སྡེར་བརླན་པའི། །བརྩེ་བྲལ་ལྷོ་ཕྱོགས་བདག་པོའི་ཕོ་ཉས། །སང་ཙམ་མི་འཛིན་ངེས་པ་ཡོད་དམ། །སོས་དལ་སྡོད་འདི་ཕྱུགས་བས་བླུན་ཨང་། །ད་ལྟ་བདེ་དལ་རང་དབང་ཡོད་དུས། །དོན་ཆེན་དམ་ཆོས་སྒྲུབ་ལ་འབད་མིན། །དོན་ཆུང་ཚེ་འདིའི་ཁོལ་པོར་རྒྱུག་རྒྱུག །འཆི་ཁར་བྲང་ལག་འཐམ་པས་ཅི་ཕན། །ད་རེས་རང་མགོ་རང་གིས་བཏོན་མིན། །གཞན་ནས་འདོན་གྲོགས་སུ་ཡང་མི་འབྱུང་། །ཉེ་དུའི་བསླུ་ཚིག་བདུད་ཀྱི་ཕོ་ཉ། །ངོ་སྲུང་མཐུན་འཇུག་ཐག་པ་ཆོད་ཐོངས། །རྒྱལ་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་། །གདུལ་བྱའི་ཁམས་བསྟུན་མི་ཟབ་མེད་ཀྱང་། །རང་རང་གང་མོས་སྔོན་གྱི་ལས་སྐལ། །ཀུན་ལ་དག་སྣང་བློ་མིག་སྐྱེད་ཅིག །ཁམས་གསུམ་སེམས་ཅན་ཕ་མའི་རང་བཞིན། །འདི་ལ་དགྲ་གཉེན་ལྟ་བ་རང་མཚང་། །ཀུན་ལ་ཚད་མེད་རྣམ་བཞི་བསྒོམས་ནས། །འགྲོ་སྒྲོལ་གོ་ཆ་སྲོག་ལས་གཅེས་མཛོད། །རྒྱལ་བའི་བསྟན་པ་ལུང་དང་རྟོགས་པ། །དེ་འཛིན་བྱེད་པ་བཤད་དང་སྒྲུབ་པ། །ཚུལ་གནས་ཐོས་བསམ་སྒོམ་པའི་བྱ་བར། །ངོམས་མེད་བརྩོན་འདི་དོན་གྱི་སྙིང་པོ། །བཙན་ས་ཟིན་ནས་ཡུལ་རྐྱེན་གྲོགས་མོད། །དང་པོའི་ལས་ཅན་དེ་ལྟ་མ་ཡིན། །ཡུལ་དང་དུག་མཚུངས་ཉེས་ན་དུག་བླ། །དུག་ཅན་ཡུལ་ལས་རྒྱང་རིང་བྱོལ་མཛོད། །དབེན་པའི་གནས་ནི་རྒྱལ་བས་ལེགས་བསྔགས། །རྩོད་དང་རྣམ་གཡེང་ངང་གིས་ཞི་ཞིང་། །ངེས་འབྱུང་སྐྱོོ་ཤས་བག་ཡོད་དགེ་སྦྱོར། །ངང་གིས་འཕེལ་འགྱུར་དམ་པས་སྨོན་གནས། །ཡོན་ཏན་རྒྱ་ཆེན་བསྔགས་པ་མི་ཟད། །རྒྱས་པར་ཟླ་བ་སྒྲོན་མེའི་མདོ་དང་། །སྤྱོད་འཇུག་ལ་སོགས་སྔོན་བྱོན་དམ་པའི། །གཞུང་ལ་རྟོགས་ཏེ་སྤྲོ་བ་སྐྱེད་མཛོད། །སྔོན་བྱོན་མཁས་གྲུབ་སྐྱེ་བོ་དུ་མས། །དབེན་པའི་གནས་སུ་བདུད་རྩི་བཞེས་པའི། །ངོ་མཚར་གཏམ་གྱི་གླིང་བུ་སྙན་པོ། །སྐལ་བཟང་རྣ་བའི་བཅུད་དུ་སྨིན་གཟིགས། །འོན་ཀྱང་དེ་དག་ནང་གི་རྣལ་འབྱོར། །བརྩོན་པ་དྲག་པོས་ཐུགས་རྒྱུད་གྲོལ་ལས། །ལུང་སྟོང་བས་མཐའ་གཅིག་པུས་མ་ཡིན། །སོས་གསོད་ལྐོག་ཉལ་རང་མགོ་མ་བསྐོར། །ངེས་འབྱུང་བྱམས་དང་སྙིང་རྗེས་གཞི་བཟུང་། །ཐབས་ཤེས་ཟུང་འབྲེལ་རིམ་གཉིས་ལམ་ལ། །གཡེལ་བ་མེད་པར་རྟག་ཏུ་བསྒྲུབས་ན། །གྲུབ་མཐས་མི་བསླུ་སུག་རྩེར་ལོས་སོན། །དེ་སྐད་བསླབ་གསུམ་ལྡན་པའི་མཁན་པོ། །པདྨ་རསྨིའི་ཐུགས་བཞེད་སྐོང་ཕྱིར། །མདོ་མེད་ཉལ་དགའ་པདྨ་བི་ཛས། །གང་དྲན་སྨྲས་འདི་དོན་ལྡན་སྨོན་ནོ། །


previousམཁན་པོ་པདྨ་རསྨིའི་ཐུགས་བཞེད་སྐོང་ཕྱིར། next