Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕན་པར་འདོམས་པའི་བསླབ་ཕྲེང་།
   
   
   
   
   
   
   
   
   
   
   
   
   
   
   


 
previousཕན་པར་འདོམས་པའི་བསླབ་ཕྲེང་། next

ཕན་པར་འདོམས་པའི་བསླབ་ཕྲེང་།

༄༅། །ཕན་པར་འདོམས་པའི་བསླབ་ཕྲེང་། སྙིང་རྗེའི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས། །མུ་མེད་འགྲོ་བའི་སྐྱབས་མགོན་པདྨ་འབྱུང་། །བདག་སྙིང་པདྨའི་ཟེའུ་འབྲུར་རྟག་བཞུགས་ནས། །དད་ལྡན་བློ་སྣ་ཆོས་ལ་བསྒྱུར་དུ་གསོལ། །ཀ་ཡེ་སྔོན་བསགས་བཟང་པོའི་འབྲས་བུ་མཆོག །ད་རེས་དལ་འབྱོར་ལན་གཅིག་ཐོབ་པ་འདི། །དེད་དཔོན་གསེར་གླིང་ཕྱིན་པའི་དོ་ཟླ་མིན། །མདོ་མེད་སྟོང་ལོག་མ་བྱེད་ཨ་ནེ་མ། །ཚེ་ནི་དགོང་ཀའི་ཉི་བཞིན་ཕར་ཕར་འགྲོ། །འཆི་བདག་གྲིབ་སོ་བཞིན་དུ་ཚུར་ཚུར་འོང་། །སང་ཙམ་སྡོད་པའི་བློ་གདེང་ཡོད་མ་ཡིན། །ཆོས་ལ་ཕྱི་བཤོལ་མ་བྱེད་ཨ་ནེ་མ། །ད་ལྟའི་བདེ་སྡུག་སྔོན་བསགས་ལས་ཀྱི་འབྲས། །ཕྱི་མ་ཅིར་འགྱུར་ད་ལྟའི་ལས་ལ་རག །ལས་འབྲས་མི་བསླུ་ལུས་དང་གྲིབ་མ་འདྲ། །དཀར་ནག་འཇུག་ལྡོག་མ་འཛོལ་ཨ་ནེ་མ། །སྲིད་པའི་གནས་ནི་མེ་ཡི་འོབས་དང་འདྲ། །གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་སྣོད། །ཡང་སྐྱེ་ཡང་འཁོར་ཟོ་ཆུའི་ཁྱུད་མོ་བཞིན། །འདི་ལ་སྐྱོ་བར་གྱིས་ཤིག་ཨ་ནེ་མ། །ཚེ་འདིའི་ལྟོ་གོས་ཇི་ལྟར་བྱས་ཀྱང་ཕྱིད། །ཕྱི་མའི་ལམ་རྒྱགས་གཞན་ནས་བཙལ་དུ་མེད། །ཕོ་མོ་མདོ་དོན་ཆེ་ཆུང་ད་རེས་ཡིན། །རང་མགོ་རང་གིས་ཐོན་ཅིག་ཨ་ནེ་མ། །སྐྱབས་གནས་དཀོན་མཆོག་མ་གཏོགས་འཇིག་རྟེན་ན། །ཡིད་བརྟན་ཕེར་བ་སུ་ཡང་མ་མཆིས་ལས། །སྐྱིད་སྡུག་ལེགས་ཉེས་བཟང་ངན་ཅི་བྱུང་ཡང་། །བློ་སྙིང་བྲང་གསུམ་གཏོད་ཅིག༴ ཁམས་གསུམ་སེམས་ཅན་ཕ་མའི་རང་བཞིན་ལ། །ཉེ་རིང་ལྟ་བ་བྱིས་བློའི་སྐྱོན་དུ་ཟད། །ཀུན་ལ་བྱམས་དང་སྙིང་རྗེའི་དཔུང་བསྐྱེད་ལ། །བྱང་ཆུབ་སེམས་མཆོག་སྒོམས་ཤིག༴ འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན་ཡིན་ཀྱང་། །གློ་བུར་བསྒྲིབས་པས་སྲིད་པར་ཉམ་རེ་ཐག །དེ་བསལ་སླད་དུ་སྟོབས་བཞིའི་མན་ངག་གཅེས། །སྒྲིབ་སྦྱོངས་རྡོར་སེམས་སྒོམས་ཤིག༴ ཚོགས་གཉིས་བསགས་མཐུས་སྐུ་གཉིས་འབྲས་བུ་འབྱིན། །ཚོགས་མ་བསགས་ལ་ནམ་ཡང་དེ་ལྟ་མིན། །དེ་སླད་བསོད་ནམས་ཡེ་ཤེས་ཚོགས་བསགས་མཆོག །སྐུ་གསུམ་ཞིང་ཁམས་ཕུལ་ཅིག༴ བླ་མའི་བྱིན་རླབས་སེམས་ལ་མ་ཞུགས་ན། །ནམ་ཡང་གནས་ལུགས་རྟོགས་པའི་ཐབས་མི་སྲིད། །དེ་སླད་བླ་མ་སངས་རྒྱས་དངོས་མཐོང་བློས། །ཐུན་བཞིར་རྣལ་འབྱོར་སྒོམས་ཤིག༴ མ་བརྟགས་ཉམས་དགའ་སྣང་ཙམ་ཀུན་རྫོབ་གཤིས། །དེ་ལ་རང་བཞིན་མ་གྲུབ་དོན་དམ་བདེན། །ཡེ་ནས་དབྱེར་མེད་རང་བཞིན་མཉམ་པ་ཉིད། །སྣང་སྟོང་ཟུང་འཇུག་གོ་འམ་ཨ་ནེ་མ། །ནང་གི་སེམས་ཉིད་མ་སྐྱེས་སྟོང་པའི་ངང་། །སྟོང་པའི་རང་མདངས་མ་འགགས་ཅིར་ཡང་གསལ། །གསལ་སྟོང་དབྱེར་མེད་ཆུ་ཟླ་འཇའ་ཚོན་བཞིན། །ཐ་མལ་ཤེས་པ་སྐྱོངས་ཤིག༴ གནས་འགྱུ་ལ་སོགས་འཆར་སྒོ་ཅི་བྱུང་ཡང་། །དགག་སྒྲུབ་མ་བྱེད་རིག་མཁན་རྩ་བ་ཆོད། །ཡེ་ནས་མཉམ་ཉིད་བྱང་ཆུབ་སེམས་ཀྱི་བབས། །རིག་སྟོང་རྗེན་པར་ཞོག་ཅིག༴ སྟོང་ཉིད་རྟོགས་ན་སྙིང་རྗེ་ངང་གིས་སྐྱེ། །སྙིང་རྗེའི་ངོ་བོ་སྟོང་ལ་རང་བཞིན་མེད། །འདི་གཉིས་ཟུང་འབྲེལ་ཐེག་ཆེན་ལམ་གྱི་སྲོག །ཡ་བྲལ་གོལ་ས་ཡིན་ནོ༴ རྟེན་འབྱུང་ཆོས་ཀུན་སྟོང་ཉིད་ཡིན་མོད་ཀྱི། །སྟོང་པའི་རང་མདངས་རྟེན་འབྱུང་སྒྱུ་མར་ཤར། །དེ་སླད་ཞེན་མེད་སྒོ་གསུམ་དགེ་ལ་འབུངས། །གཅིག་གོ་གཅིག་གིས་མ་འགེགས༴ དུས་གསུམ་བྱས་བསགས་རྣམ་དཀར་དགེ་བའི་རྒྱུན། །འཁོར་གསུམ་དམིགས་པའི་མཚན་མས་བསླད་མིན་པར། །འཇམ་དཔལ་ཀུན་ཏུ་བཟང་པོའི་རྣམ་ཐར་བཞིན། །གཞན་དོན་རྫོགས་བྱང་བསྔོས་ཤིག་ཨ་ནེ་མ། །མདོར་ན་དུས་རྒྱུན་རང་གི་རྒྱུད་ལ་རྟོགས། །རང་རྒྱུད་ཉོན་མོངས་མགོ་བོ་ཆོམ་འདུག་ན། །ཆོས་དེ་ལམ་དུ་སོང་གིས་གཞན་གྱིས་མིན། །དཔང་པོ་སེམས་ལ་ཆོངས་ཤིག་ཨ་ནེ་མ། །དེ་སྐད་ཕན་པར་འདོམས་པའི་བསླབ་ཕྲེང་འདི། །བདེ་ཆེན་པདྨ་འོད་ཀྱི་དབེན་སྤྱིལ་ནས། །པདྨ་བི་ཛས་ཕན་འདོད་བརྩེ་བས་བྲིས། །དགེ་བས་ཆོས་མཐར་ཕྱིན་པའི་བཀྲ་ཤིས་ཤོག །དད་ལྡན་ཁྲ་གྲོགས་ལའོ། །


previousཕན་པར་འདོམས་པའི་བསླབ་ཕྲེང་། next