Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕན་པའི་མཆིད་འདི་གསོལ།
   
   
   
   
   
   
   
   
   
   
   
   
   
   


 
previousཕན་པའི་མཆིད་འདི་གསོལ། next

ཕན་པའི་མཆིད་འདི་གསོལ།

༄༅། །ཕན་པའི་མཆིད་འདི་གསོལ། གདོད་མའི་མགོན་པོ་མི་ཡི་ཤ་ཚུགས་ཅན། །དྲན་པས་གདུང་སེལ་བདེ་ཆེན་རྒྱལ་པོ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་བྱས་ནས། །ཁྱེད་གསུངས་མི་ལྡོག་ཕན་པའི་མཆིད་འདི་གསོལ། །སྔོན་བསགས་ཚུལ་ཁྲིམས་གཙང་མའི་ས་བོན་མཆོག །ལེགས་སྨོན་དྲོད་གཤེར་གྱིས་བསྐྱེད་ཉེར་ལེན་འབྲས། །མཐུན་རྐྱེན་འཁོར་ལོ་བཞི་ཡིས་འབྱོར་དུས་འདིར། །ཉིན་མཚན་མི་ཉལ་དམ་པའི་ཆོས་སྒྲུབ་འཚལ། །ལྗོངས་འདིར་སྔོན་བྱོན་དམ་པའི་བཀའ་དྲིན་གྱིས། །འཇིག་རྟེན་ཕྱི་མར་ཆོས་ཀྱིས་ཕན་ནོ་ཞེས། །གནག་རྗི་རྒན་པོ་ཡན་ཆོད་སྒྲོགས་བྱེད་མོད། །ལག་ཏུ་ལོན་པ་མེད་འདིས་རང་གཞན་བསླུས། །ནམ་ཞིག་འཆི་བ་ཀུན་ལ་ཆ་ཡོད་མོད། །རེ་ཞིག་མི་འཆི་སྙམ་པའི་བློ་ངན་གདོན། །འཆི་བའི་ནང་པར་ཚུན་ཆད་འབྱུང་བ་འདིས། །གཏན་གྱི་འདུན་མ་ཐམས་ཅད་བཤོལ་ནས་འདུག །དེ་སླད་བདག་ཅག་སྟོན་པ་མཆོག་གིས་ཀྱང་། །དཔལ་གྱི་མགུལ་ནས་བདེན་གསུངས་སེང་གེའི་སྒྲས། །འདུས་བྱས་ཐམས་ཅད་རྟག་པ་མ་ཡིན་ཞེས། །འཁོར་གྱི་དབུས་སུ་ཐོག་མར་བསྒྲགས་པར་མཛད། །ཀྱེ་མ་དེང་སང་སྙིགས་མའི་མཐར་ཐུག་པས། །བཟང་པོའི་དཔལ་ནུབ་ངན་སྤྱོད་སྣ་དགུ་དར། །དེ་ཡི་རྐྱེན་གྱིས་མི་རུང་སྤྲིན་བཞིན་འདུ། །འདི་ལ་གཟིགས་དང་སྐྱོ་བ་མི་འཕེལ་ལམ། །ཚེ་སྟོད་བསླབ་པ་སྦྱིན་པའི་མཁན་པོ་ཡང་། །ཚེ་སྨད་བྱིས་ཕྲུག་མང་པོས་མཐའ་ནས་བསྐོར། །གནའ་དུས་གཞན་བསྐུལ་འདེབས་པའི་སྟོན་ཆེན་ཡང་། །ད་དུས་ངན་སྤྱོད་སྣ་དགུས་རང་གཞན་ཕུང་། །སྔོན་ཆད་ལན་མང་ཕན་བཏག་གྲོགས་པོ་ཡང་། །ཕྱི་དུས་དགྲ་ཡི་དྭངས་མར་གྱུར་པ་དང་། །ལན་མང་མི་ཤ་ཆགས་པའི་དགྲ་བོ་ཡང་། །ཕྱིས་ནས་བློ་གཏད་སྙིང་གི་གྲོགས་སུ་གྱུར། །ད་ནང་དགྲ་འདུལ་གཉེན་སྐྱོང་ཕོ་རྒོད་ཀྱང་། །དོ་ནུབ་ཕུང་པོ་བྱ་ཁྱིའི་གཟན་དུ་རོལ། །ཁར་སང་ཁ་དྲག་སྟོབས་འབྱོར་ལྡན་ན་ཡང་། །དེ་རིང་བརྣག་དཀའ་རྒྱལ་པོའི་ཁྲིམས་ལ་ཐོགས། །ན་ནིང་དར་ཞིང་རྒྱས་པའི་གྲོང་ཡུལ་བརྒྱ། །ད་ལོ་གྱང་ཧྲུལ་བོང་བུའི་རྣ་བ་འདྲ། །ཟླ་སྟོད་འབྱོར་པས་དྲེགས་པའི་སྐྱེ་བོ་མང་། །ཟླ་སྨད་འཚོ་བ་ལམ་ཟན་ཙམ་ལ་རེ། །ཚུལ་འདི་མཐོང་ཡང་འཕྲིག་{མཁྲིགས}ཙམ་མི་ཟ་བའི། །སྐྱེ་བོ་དེ་ནི་མ་རབས་ཕྱུགས་ལས་བླུན། །དེ་ལ་རྒྱལ་བ་དངོས་སུ་བྱོན་གྱུར་ཀྱང་། །སྐལ་ཉེས་པོ་ལ་ཕན་པ་ཅུང་སྲིད་དམ། །ད་ལྟའི་སྡུག་བསྔལ་ཅུང་ཟད་མི་བཟོད་པར། །རྒྱུན་རིང་སྲིད་པའི་དུཿཁར་མི་སྐྱོ་བའི། །སྐྱེ་བོ་དེ་ནི་སྨྱོན་པའི་ཡང་ཐ་སྟེ། །རྣམ་རིག་བཀྲ་ཡང་དེ་ཡིས་སུ་ལ་ཅི། །བདག་དང་སེམས་ཅན་བདེ་སྡུག་མཚུངས་པ་ཉིད། །དེ་ཀུན་བདག་གི་ཐོག་མེད་གཉེན་ཡིན་ན། །བདག་ཕྱིར་གཞན་ལ་གནོད་པ་སྦྱོར་ཕོད་པའི། །མ་རབས་དེ་ལ་ཐར་པ་ནམ་ཞིག་ཡོད། །སྡིག་པ་མི་བྱ་དགེ་བ་ཕུན་ཚོགས་སྒྲུབ། །རང་གི་སེམས་ནི་ཡོངས་སུ་འདུལ་བྱེད་པ། །འདི་ནི་སངས་རྒྱས་བསྟན་པ་ཉིད་ཡིན་ཞེས། །སྐྱོབ་པ་མཚུངས་མེད་དེ་ཡིས་རྗེས་སུ་བསྔགས། །གནོད་སྦྱོར་ལས་ལོག་སོ་ཐར་སྡོམ་པ་སྟེ། །གཞན་ཕན་བསྒྲུབ་པ་བྱང་སེམས་བསླབ་པ་ཡིན། །ཀུན་ཀྱང་མཉམ་པ་ཆེན་པོའི་ཐབས་ཟིན་ན། །གསང་བ་སྔགས་ཀྱི་དམ་ཚིག་དེ་ཁོ་ན། །མང་དུ་ཐོས་ཀྱང་དྲེགས་པ་མི་འཕེལ་ཞིང་། །ཡང་ཡང་བསམ་ཀྱང་དག་སྣང་ཕྱོགས་མེད་འཆར། །ཇི་ལྟར་བསྒོམས་ཀྱང་ཉོན་མོངས་གཉེན་པོ་རུ། །སོང་ན་ཆོས་དེ་གནད་དུ་སོང་རྟགས་ལགས། །དེ་ལས་གཞན་དུ་གྲུབ་མཐའི་ཆགས་སྡང་དང་། །དམན་ལ་ཁྱད་གསོད་མཐོ་ལ་ཕྲག་དོག་པ། །མཉམ་ལ་འགྲན་སེམས་དུག་ལྔའི་མཚོ་རྡོལ་ན། །ཆོས་དེ་ཁ་ཆོས་ལགས་ཀྱི་དོན་ཆོས་མིན། །དེས་ན་དྲང་ཤན་འབྱེད་པའི་གནམ་ཐིག་འདི། །གཞན་ལ་ལྟ་བའི་མིག་བུ་མ་ལགས་ཀྱང་། །རང་རྒྱུད་རྟོག་པའི་མེ་ལོང་ཟླ་མེད་ཡིན། །གཟིགས་དང་འཕྲལ་ཡུན་ཀུན་ཏུ་དགེ་བར་འགྱུར། །འདི་ལྟར་སྣང་བརྟགས་འཁོར་འདས་ཆོས་མཐའ་དག །སྣང་ཙམ་ཀུན་རྫོབ་སྟོང་པ་དོན་དམ་གཤིས། །ཡེ་ནས་ཟུང་འཇུག་མཐར་ཐུག་བདེན་གཅིག་པུར། །ལེགས་རྟོགས་དགག་སྒྲུབ་ཞིག་པ་ལྟ་བའི་རྩེ། །འོད་གསལ་རང་བཞིན་དོན་དམ་གཉུག་མའི་གཤིས། །རྟག་ཆད་ལས་འདས་མཐའ་བྲལ་འདུས་མ་བྱས། །རང་བཞག་ངང་སྒོམ་མི་གཡོ་ལྷུན་རྫོགས་ངང་། །ཡིད་དཔྱོད་བྲལ་བ་སྒོམ་པའི་རྒྱལ་པོ་ལགས། །རྗེས་ཐོབ་ཆོས་ཀུན་སྒྱུ་མར་ཤེས་པའི་ངང་། །གང་ལའང་མ་ཆགས་སྒྱུ་མའི་རོལ་རྩེད་ཀྱིས། །སྤྱོད་ཡུལ་མཐའ་དག་ཡང་དག་དགེ་ལ་བསྒྱུར། །འདི་ནི་སྤྱོད་པ་ཀུན་གྱི་མདོ་འགག་ཡིན། །མེད་སྣང་གློ་བུར་སྦྱང་བྱ་དྲི་མའི་ཚོགས། །སྦྱོང་བྱེད་བསྐྱེད་རྫོགས་ཚོགས་གཉིས་ལམ་མཆོག་གིས། །སྦྱངས་འབྲས་གཞི་ལ་གནས་པའི་ཆོས་སྐུའི་གཏེར། །མངོན་དུ་འབྱིན་པ་འབྲས་བུའི་རྒྱལ་པོ་ལགས། །དེ་སླད་དགེ་བའི་གྲོགས་པོ་མཆོག་ཁྱོད་ཀྱང་། །འདིར་སྣང་སྨིག་རྒྱུའི་ཆུ་ལ་མ་རེ་བར། །རྩེ་གཅིག་ཟབ་མོའི་ཉམས་ལེན་སྦྱོར་མཛོད་དང་། །རང་གཞན་ཕན་བདེའི་སྒོ་འཕར་འབྱེད་པར་འགྱུར། །དེ་སྐད་མི་རྗེས་མ་སླེབ་སྙོམ་ལས་མཁན། །ཉལ་སྟོང་ཁོང་རུལ་པདྨ་བི་ཛས་བྲིས། །དགེ་བས་གྲོགས་ཁྱོད་སྐུ་ཚེ་རབ་བརྟན་ཅིང་། དགེ་བློ་ཡར་ཟླའི་དཔལ་ལྟར་འཕེལ་བར་ཤོག །ཅེས་པའང་བདེ་ཆེན་པདྨ་འོད་གླིང་ནས་གང་དྲན་ཤར་མར་བྲིས་བ་དགེ།


previousཕན་པའི་མཆིད་འདི་གསོལ། next