Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གངས་ཅན་བླ་མའི་སྐལ་བ་པདྨ་འབྱུང་།
   
   
   
   
   
   
   
   
   
   
   
   
   


 
previousགངས་ཅན་བླ་མའི་སྐལ་བ་པདྨ་འབྱུང་། next

གངས་ཅན་བླ་མའི་སྐལ་བ་པདྨ་འབྱུང་།

༄༅། །གངས་ཅན་བླ་མའི་སྐལ་བ་པདྨ་འབྱུང་། ན་མོ་རཏྣ་ཏྲ་ཡཱ་ཡ། གངས་ཅན་བླ་མའི་སྐལ་བ་པདྨ་འབྱུང་། །རྨད་བྱུང་ཐུགས་བརྩེའི་གཏེར་གཅིག་སྤྱན་རས་གཟིགས། །གཉིས་སུ་མ་དམིགས་དྲིན་ཆེན་བླ་མ་མཁྱེན། །བདག་དང་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར། །ལས་ངན་མཚོ་རྡོལ་འཕྲལ་རྐྱེན་རླུང་གིས་བསྐྱོད། །ན་རྒའི་རྦ་རླབས་ཀྱིས་དཀྲུགས་དམན་བདག་ལ། །འཕྲད་དགོས་རེ་བའི་ཨུ་ཚུགས་མ་མཛད་པར། །བརྗོད་པའི་ངག་འདི་ཉོན་དང་ཁྱེད་ཅག་དགེ། །དལ་འབྱོར་ཡོན་ཏན་རྫོགས་པའི་རྟེན་བཟང་འདི། །ཡང་ཡང་རྙེད་པར་དཀའ་འོ་མོས་ལྡན་རྣམས། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ཉིད་ཡིན་ཀྱང་། །ཚུལ་བཞིན་སྲུང་མཁན་དཀོན་ནོ༴ མཚམས་སྦྱོར་རྐྱེན་ཡང་སྨོན་པའི་བསྒྱུར་ལ་རག །ལེགས་པར་སྨོན་པ་དཀའ་འོ༴ མཚོར་གཡེངས་གཉའ་ཤིང་བུག་པར་མགྲིན་ཆུད་བཞིན། །མི་ལུས་རྙེད་པར་དཀའ་འོ༴ སྡིག་སྤྱོད་སྐྱེ་བོའི་གྲངས་ལ་ལེགས་གཞལ་ན། །ཆོས་ལྡན་ཉིན་སྐར་ལས་དཀོན༴ སྡུག་བསྔལ་སྲིད་མཚོ་བརྒལ་ནུས་རྟེན་བཟང་གྲུ། །ཡིད་བཞིན་ནོར་ལས་ལྷག་གོ༴ སྐྱེས་ནས་མ་ཤི་ལུས་པ་གཅིག་ཀྱང་མེད། །ངེས་པར་འཆི་བ་འབྱུང་ངོ་༴ ཚེ་ལ་སྣོན་མེད་རྟག་ཏུ་འབྲི་བའི་ཆོས། །འཆི་བ་མྱུར་དུ་འོང་ངོ་༴ འཆི་བའི་རྐྱེན་མང་འཚོ་རྐྱེན་ཉུང་ཞིང་འགྱུར། །ནམ་འཆི་ངེས་པ་མེད་དོ༴ འཆི་བདག་དུས་སུ་མི་སྡོད་བཤེས་པའང་མིན། །སང་ཙམ་མི་འཆིའི་གདེང་མེད༴ འདུས་བྱས་ལྦུ་བ་བརྩེགས་འདྲ་སྒྱུ་མའི་ལུས། །མྱུར་དུ་འཇིག་པར་ངེས་སོ༴ ལང་ཚོའི་མེ་ཏོག་མི་བརྟན་ཡུད་ཀྱིས་རྙིང་། །རྒ་ནའི་བ་མོས་བཅོམ་མོ༴ དཔལ་འབྱོར་གཡོ་བ་སྟོན་དུས་སྤྲིན་དང་འདྲ། །འདི་ལ་ཡིད་བརྟན་མེད་དོ༴ མཛའ་བཤེས་གཉེན་འདུན་ཚོང་དུས་མགྲོན་པོ་འདྲ། །མྱུར་དུ་སོ་སོར་འབྲལ་ལོ༴ འཁོར་འབངས་ལོངས་སྤྱོད་ཇི་ལྟར་འཛོམས་གྱུར་ཀྱང་། །འཆི་ཚེ་རྗེས་སུ་མི་འབྲང་༴ ཚེ་ཟད་པ་ལ་གང་གིས་བསླུས་མི་ཐེངས། །སྐྱེ་ལམ་བླ་མ་ཚོལ་ཅིག༴ དགེ་བས་ཕན་ཡང་རང་གིས་མ་བསྒྲུབས་ན། །གཞན་ནས་བཙལ་དུ་མེད་དོ༴ སྡིག་པས་གནོད་ཀྱང་བྱས་ཟིན་བསྐྱུར་དབང་མེད། །འཆི་ཁར་བྲང་ལག་འཐབ་བོ༴ ཁམས་གསུམ་འཁོར་བའི་གནས་ན་བདེ་བ་མེད། །འདི་ལ་སྐྱོ་བར་གྱིས་ཤིག༴ ཁྱད་པར་ངན་སོང་སྡུག་བསྔལ་མུ་མཐའ་མེད། །མི་མྱོང་གདེང་ཚད་ཡོད་དམ༴ མཐོ་རིས་ནའང་འགྱུར་དང་འདུ་བྱེད་མང་། །སྡུག་བསྔལ་བདེ་བར་མ་འཛིན༴ ད་ལྟའི་སྡུག་བསྔལ་ཡུད་ཙམ་མི་བཟོད་ན། །ཕྱི་མའི་སྡུག་བསྔལ་བཟོད་དམ༴ སྔོན་ཆད་མ་མྱོང་སྡུག་བསྔལ་དེ་ཡོད་མིན། །ད་དུང་དེ་བས་མང་མྱོང་༴ ད་ལྟ་གར་འགྲོ་རང་དབང་རང་ལ་ཡོད། །མིག་ཡོད་གཡང་ལ་མ་མཆོངས༴ ལས་འབྲས་མི་འཆོལ་དཔྱིད་བཏབ་ས་བོན་འདྲ། །འདི་ལ་བསླུ་བ་མེད་དོ༴ ནམ་ཡང་མི་འབྲལ་ལུས་དང་གྲིབ་མ་བཞིན། །འཇུག་ལྡོག་ལག་ལེན་གྱིས་ཤིག༴ དུག་གསུམ་གྱིས་བསྐྱེད་ལས་ཀུན་མི་དགེ་བ། །རྣམ་སྨིན་རྩུབ་མོ་འབྱིན་ནོ༴ དུག་གསུམ་མེད་པའི་ལས་ཀུན་རྣམ་དཀར་དགེ། །རང་འབྲས་ཡིད་འོང་བསྐྱེད་དོ༴ གཞན་གནོད་གཞིར་བཅས་དུག་ཤིང་ས་བོན་འདྲ། །ནམ་ཡང་ཕུང་བར་ངེས་སོ༴ གཞན་ཕན་གཞིར་བཅས་སྨན་ཤིང་སྡོང་པོ་འདྲ། །ནམ་ཡང་ཕན་པ་སྦྱིིན་ནོ༴ ལས་ནི་ཆུང་ཡང་འབྲས་བུ་རྒྱ་ཆེན་འབྱིན། །ཕྲ་ཞིབ་ལག་ཏུ་ལོངས་ཤིག༴ སྲོག་བཅད་ལས་ཀྱིས་འབྲས་བུ་དམྱལ་བར་སྐྱེ། །སྲོག་ལན་ལྔ་བརྒྱར་མྱོང་ངོ་༴ མ་སྦྱིན་ལེན་པས་ཡི་དྭགས་གནས་སུ་འགྲོ། །སྐྱེ་ཀུན་དབུལ་བོར་འགྱུར་རོ༴ ལོག་པར་གཡེམ་གང་ལྕགས་ཀྱི་ཐུར་མས་འབིགས། །ཁྱིམ་ཐབས་དགྲ་ཟླ་མང་ངོ་༴ རྫུན་གྱིས་ལྕེ་ལ་འབར་བའི་གཤོལ་གྱིས་སྨོད། །རྟག་ཏུ་སྐུར་བ་མང་ངོ་༴ ཕྲ་མས་འབྱེད་རྣམས་ལྕགས་ཀྱི་སོག་ལེས་འདྲ། །མཛའ་གྲོགས་མཐུན་པར་མི་འགྱུར༴ ཚིག་རྩུབ་བརྗོད་རྣམས་མི་སྙན་རྟག་པར་ཐོས། །བཀྱལ་བས་ཚིག་བཙུན་མི་འགྱུར༴ བརྣབ་སེམས་ཡིད་ལ་རེ་བའི་དོན་མི་འགྲུབ། །གནོད་སེམས་འཇིགས་པ་སྐྱེ་འོ༴ ལོག་ལྟས་གླེན་ཞིང་ལྟ་ངན་རྒྱུད་ལ་སྐྱེ། །སྲོག་ལ་བབས་ཀྱང་སྤོངས་ཤིག༴ སྤོང་སེམས་དགེ་བ་ཉེས་སྤྱོད་སྡོམ་པའི་ཁྲིམས། །དགེ་བཅུའི་ངོ་བོ་ཡིན་ནོ༴ རྣམ་སྨིན་མཐོ་རིས་ཐར་པའི་འབྲས་མང་འབྱིན། །བདག་འབྲས་ཡིད་འོང་མྱོང་ངོ་༴ གཞན་སྲོག་སྐྱོབ་པས་ཚེ་རིང་བདེ་བ་ཐོབ། །སྦྱིན་པས་ལོངས་སྤྱོད་འཕེལ་ལོ༴ ཚངས་པར་སྤྱོད་པས་མཐོ་རིས་བདེ་བ་ཐོབ། །བདེན་སྨྲས་བསྟོད་པར་འགྱུར་རོ༴ འཁོན་པ་ཟླུམ་པས་གྲོགས་མང་མཐུན་འགྱུར་ཞིང་། །ཚིག་འཇམ་སྙན་པའི་གཏམ་ཐོས༴ དོན་ལྡན་སྨྲ་བས་བརྗོད་པའི་ཚིག་བཙུན་ཞིང་། །གཏོང་སེམས་བསམ་པ་འགྲུབ་བོ༴ ཕན་སེམས་ཡིད་བདེ་མང་མྱོང་ཡང་དག་ལྟས། །སྐྱེ་ཀུན་བློ་གྲོས་འཕེལ་ལོ༴ ལུང་མ་བསྟན་པས་དུས་གྲོན་ཆུད་འཛའི་རྒྱུ། །ཐབས་ཀྱིས་དགེ་ལ་སྒྱུར་ཅིག༴ ཀུན་འབྱུང་རྒྱུ་ལས་སྡུག་བསྔལ་འབྲས་བུ་སྨིན། །འཁོར་བའི་རྒྱུ་འབྲས་ཡིན་ནོ༴ ལམ་གྱི་རྒྱུ་ལས་འགོག་པའི་འབྲས་ཐོབ་པ། །མྱང་འདས་རྒྱུ་འབྲས་ཡིན་ནོ༴ ཀུན་འབྱུང་ལས་ཉོན་རྩ་བ་བདག་ཏུ་འཛིན། །བདག་མེད་གཉེན་པོས་ཆོམས་ཤིག༴ སྡུག་བདེན་མཚན་གཞི་སྣོད་བཅུད་ཕུང་སོགས་ཆོས། །གློ་བུར་འཁྲུལ་རྟོག་ཡིན་ནོ༴ ཐེག་ཆེན་ལམ་རྩ་སྟོང་ཉིད་སྙིང་རྗེ་གཉིས། །ཐབས་ཤེས་ཟུང་འབྲེལ་ཡིན་ནོ༴ ཆོས་དབྱིངས་འོད་གསལ་གློ་བུར་སྒྲིབ་བྲལ་བ། །འགོག་བདེན་ཆོས་སྐུ་ཡིན་ནོ༴ རིགས་ཁམས་ཆོས་ཉིད་རང་ལ་གནས་གྱུར་མོད། །སད་བྱེད་རྐྱེན་ལ་ལྟོས་སོ༴ བདག་རྐྱེན་དགེ་བའི་བཤེས་ཀྱིས་མ་ཟིན་ན། །ཡང་དག་ལམ་བཟང་རྙེད་དཀའ༴ གྲོགས་ངན་བསྟེན་ན་སྤྱོད་ངན་ཤུགས་ཀྱིས་འགྲོ། །གནས་གྲོགས་འཚོ་བ་བཟང་རྟེན༴ མི་བསླུའི་བློ་གཏད་འཁོར་བའི་དཔོན་ལ་མེད། །སྐྱབས་གནས་དཀོན་མཆོག་ཚོལ་ཅིག༴ ཁམས་གསུམ་འགྲོ་བ་ཕ་མར་མ་གྱུར་མེད། །བྱམས་སྙིང་ཕྱོགས་མེད་སྒོམས་ཤིག༴ འགྲོ་སྒྲོལ་སླད་དུ་རྫོགས་བྱང་དོན་གཉེར་བའི། །སྨོན་འཇུག་གོ་ཆ་བགོ་མཛོད༴ རྣམ་ཀུན་དྲན་དང་ཤེས་བཞིན་བག་ཡོད་པས། །བསླབ་སྡོམ་མིག་བཞིན་སྲུངས་ཤིག༴ ཚད་མེད་བཞི་སྒོམ་དཀར་ནག་ཆོས་བརྒྱད་ལ། །འཇུག་ལྡོག་ཚུལ་བཞིན་གྱིས་ཤིག༴ ཕར་ཕྱིན་དྲུག་ལྡན་བསྡུ་དངོས་རྣམ་པ་བཞིར། །ནུས་བསྟུན་སློབ་པར་མཛོད་ཅིག༴ ཐེག་ཆེན་ལམ་གྱི་གནད་བསྡུས་དམ་པ་གསུམ། །རྣམ་ཀུན་ལག་ཏུ་ལོངས་མཛོད༴ སྟོང་དང་རྟེན་འབྱུང་ཡེ་ནས་འདུ་འབྲལ་མེད། །ཟུང་འཇུག་གོ་བར་མཛོད་ཅིག༴ ཐུབ་གསུངས་ཆོས་ཀུན་ངེས་དོན་ཀློང་དུ་གཅིག །ཆོས་སྤོང་ལས་ངན་མ་གསོག༴ བརྒྱུད་པའི་ཁུངས་དང་ཟབ་ཁྱད་སོ་སོར་ཆེ། །ཀུན་ལ་དག་སྣང་སྦྱོངས་ཤིག༴ རང་རང་གང་མོས་སྔོན་བསགས་རིགས་ཁམས་མཐུ། །དེ་དོན་སྒྲུབ་ལ་འབུངས་ཤིག༴ ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་ཡིན། །ཚངས་སྤྱོད་མིག་ལྟར་སྲུངས་ཤིག༴ ལམ་གནད་མི་ཤེས་ཐོས་ཆུང་བདུད་ཀྱིས་འཛིན། །ཕྱོགས་མེད་ཐོས་པ་ཚོལ་ཅིག༴ ཐོས་ཀྱང་བསམ་པའི་ཤེས་རབ་མི་ལྡན་ན། །ཞབས་རྡོལ་སྣོད་དང་འདྲ་འོ༴ དབུལ་པོས་རྒྱལ་པོའི་དཀོར་མཛོད་བགྲང་བ་བཞིན། །མ་བསྒོམས་རང་ལ་ཕན་མེད༴ བསྒོམས་ན་ལམ་བརྟན་པས་ཀྱང་དགྲ་བཅོམ་ཐོབ། །དབང་པོ་རྣོ་བརྟུལ་མེད་དོ༴ ད་ལྟ་མི་བསྒོམ་བསྒོམ་དུས་ནམ་ཞིག་ཡོང་། །ཕྱིས་ནས་འགྱོད་པར་འགྱུར་རོ༴ གང་ཤེས་རང་གི་རྒྱུད་ལ་མ་སྦྱར་ན། །ནེ་ཙོས་ཆོས་བཤད་འདྲའོ༴ ཀུན་ཀྱང་བདག་འཛིན་གཉེན་པོར་མ་སོང་ན། །བཤལ་སྨན་དུག་གྱུར་འདྲ་འོ༴ གང་སྒྲུབ་ཉོན་མོངས་གཉེན་པོར་སོང་འདུག་ན། །ཆོས་དེ་ལམ་དུ་སོང་ངོ་༴ དེ་ལས་གཞན་དུ་གྲུབ་རྟགས་ཡོད་མི་དགོས། །དཔང་པོ་སེམས་ལ་ཆོལ་ཅིག༴ ཕྱི་མ་གར་འགྲོ་ད་ལྟར་རང་དབང་ཡོད། །རང་གིས་རང་བསླུ་མ་གཏོང་༴ ཐམས་ཅད་བོར་ནས་གཅིག་པུར་འགྲོ་བའི་དུས། །འགྱོད་མེད་ཚགས་སུ་ཚུད་ཅིག༴ ཀུན་གྱི་ནང་ནས་རང་མགོ་ཐོན་པའི་མི། །འདུན་པའི་རྩེ་མོར་ཕྱིན་ནོ༴ ལྷ་སྐལ་གཅིག་ཆོག་འཕགས་པ་སྤྱན་རས་གཟིགས། །ཐུགས་རྗེ་མཚུངས་པ་མེད་དོ༴ གཟུངས་སྔགས་གཅིག་ཆོག་ཡི་གེ་དྲུག་མ་སྟེ། །འདི་ལས་ཟབ་པ་མེད་དོ༴ ལམ་ཁྱེར་སྙིང་པོ་སྟོང་ཉིད་སྙིང་རྗེ་གཉིས། །ལམ་འདིར་མ་འདུས་མེད་དོ༴ ཕྱག་བསྐོར་སྒྲིབ་སྦྱང་ཚོགས་གཉིས་འཕེལ་བའི་སྒོ། །སྒོ་གསུམ་ཡན་པར་མ་གཏོང་༴ རང་རྒྱུད་མ་དུལ་གཞན་རྒྱུད་འདུལ་མི་ནུས། །གཅིག་པུར་ཉམས་སུ་ལོངས་ཤིག༴ གཞན་དོན་རྩ་བ་འདུན་དང་སྨོན་ལམ་གཅེས། །ཀུན་བཟང་སྤྱོད་རྗེས་སློབས་ཤིག༴ འཕྲད་ཀྱང་སྨྲ་རྒྱ་འདི་ལས་གཞན་མེད་པས། །འདི་དོན་ལག་ཏུ་ལོངས་ཤིག་མོས་ལྡན་རྣམས། །དེ་སྐད་ཕན་པར་འདོམས་པའི་སྙན་དབྱངས་འདི། །པདྨ་བི་ཛས་ལྷག་པའི་བསམ་པས་བྲིས། །དགེ་བས་འགྲོ་ཀུན་ཡང་དག་ལམ་ཞུགས་ནས། །རྣམ་མཁྱེན་གྲོང་ཁྱེར་མཆོག་ཏུ་ངལ་འཚོ་ཤོག །


previousགངས་ཅན་བླ་མའི་སྐལ་བ་པདྨ་འབྱུང་། next