Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གོ་ཆེ་མཆོག་སྤྲུལ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མའི་ཐུགས་བཞེད་དུ།
   
   
   
   
   
   
   
   
   
   
   


 
previousགོ་ཆེ་མཆོག་སྤྲུལ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མའི་ཐུགས་བཞེད་དུ། next

གོ་ཆེ་མཆོག་སྤྲུལ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མའི་ཐུགས་བཞེད་དུ།

༄༅། །གོ་ཆེ་མཆོག་སྤྲུལ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མའི་ཐུགས་བཞེད་དུ། ༀ་སྭསྟི། རྒྱལ་ཀུན་གསང་བའི་མཛོད་འཆང་རྡོ་རྗེ་ཅན། །སྙིགས་དུས་དགེ་བའི་བཤེས་སུ་མངོན་སྣང་བ། །རྒྱལ་བས་ལུང་བསྟན་རྩོད་བྲལ་སྤྲུལ་པའི་སྐུ། །བློ་གྲོས་མཐའ་ཡས་ཞབས་པད་གཙུག་ན་འབར། །མང་ཐོས་ཆོས་ཀྱི་སྤྱན་ལྡན་དམ་པ་ལ། །བླུན་སྒོམ་བདག་འདྲས་གཞན་བསྐུལ་མི་རིགས་ཀྱང་། །ནན་གྱིས་བསྐུལ་བའི་རྔ་ལ་དབྱུག་གུ་བཞིན། །ཕྱོགས་ཙམ་གསོལ་འདིར་སྙན་དབང་དལ་གཅིག་ཞུ། །རྒྱལ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ། །ཚུར་མཐོང་བྱིས་པའི་སྤྱོད་ཡུལ་མ་ཡིན་པས། །ཆོས་ཉིད་བསམ་མི་ཁྱབ་པ་དྲན་བྱས་ནས། །བདག་ཉིད་བསྲུང་བ་འདུན་མ་ལེགས་པའི་རྩེ། །གངས་ལྗོངས་བཤད་ཀ་བཅུ་དང་སྒྲུབ་བརྒྱུད་བརྒྱད། །ཤིང་རྟའི་རིང་ལུགས་མ་ཉམས་པདྨོའི་ཚལ། །བརྒྱུད་པའི་ཁུངས་དང་རྣམ་ཐར་སོ་སོར་ཆེ། །ཀུན་ལ་དག་སྣང་སྦྱངས་པ་གནད་དུ་ཆེ། །ཁྱད་པར་སྐྱེ་སྔོན་བཟང་པོའི་ལས་སྨོན་གྱིས། །གང་དང་འབྲེལ་བ་མེ་ཏོག་ཕོག་པའི་ལྷ། །དེ་ཡི་ལྟ་གྲུབ་གཙང་མ་ཚུལ་བཞིན་དུ། །འཛིན་གང་ལྷར་བཅས་ཡ་རབས་སྐྱེ་བོས་བསྔགས། །ཁྱད་པར་སྒྲུབ་བརྒྱུད་ཡིད་བཞིན་ནོར་བུའི་སྲོལ། །དད་བསོད་རྒྱལ་མཚན་རྩེ་མོར་མཆོད་ནུས་ན། །གྲུབ་གཉིས་འདོད་དགུའི་གྲུ་ཆར་འཇོ་བ་ཡི། །དོན་བརྒྱུད་རྟོགས་པས་འབྱོར་ལ་ཐེ་ཚོམ་ཅི། །རྒྱལ་གསུང་མཐའ་དག་ངེས་དོན་ཀློང་དུ་གཅིག །ཤིང་རྟ་ཆེ་རྣམ་དགོངས་པ་གཅིག་ཏུ་འབབས། །སྣང་སྟོང་ཟུང་འཇུག་ངེས་དོན་དབུ་མའི་སྲོལ། །མདོ་རྒྱུད་ཀུན་གྱི་ལྟ་བའི་ཡང་སྙིང་ཡིན། །ཤེས་བྱའི་ཁོངས་ན་མི་སྟོང་མི་སྲིད་ཀྱང་། །སྟོང་པའི་རང་མདངས་མ་འགགས་ཅིར་ཡང་སྣང་། །སྟོང་དང་རྟེན་འབྱུང་ཟུང་འཇུག་དོན་གཅིག་ཏུ། །འཆར་གང་རྒྱལ་བ་དགྱེས་པའི་ལམ་བཟང་ཡིན། །དོན་དམ་གནས་ཚུལ་བདེ་གཤེགས་སྙིང་པོའི་ཁམས། །ངོ་བོ་སྟོང་པས་རྟག་པའི་མཐར་མི་གནས། །རང་བཞིན་འོད་གསལ་ཆད་པའི་མུ་དང་བྲལ། །གཉིས་སུ་བརྟགས་ཀྱང་གཉིས་མེད་མཉམ་པ་ཉིད། །སྤྲོས་བྲལ་གཞི་ཡི་གནས་ལུགས་མཁྱེན་པར་མཛོད། །ཡོད་མེད་གང་ལྟར་བཟུང་ཡང་འཁྲུལ་པའི་སེམས། །གཉུག་མའི་གཤིས་ལ་དགག་སྒྲུབ་ཡེ་ནས་དབེན། །སྤང་གཉེན་རོ་མཉམ་གཟུང་འཛིན་བྲལ་བའི་ཀློང་། །ཡིད་དཔྱོད་འཛིན་པས་མ་བསླད་སྒོམ་པའི་བཅུད། །རྩལ་གྱི་རྟོག་ཚོགས་མཁའ་ལ་སྤྲིན་དེངས་བཞིན། །གང་ཤར་རང་གྲོལ་སྤང་བླང་བྲལ་བའི་ངང་། །རྗེས་ཐོབ་སྒྱུ་མ་ལྟ་བུའི་ལམ་ཁྱེར་གྱིས། །ཚོགས་གཉིས་ཟུང་འབྲེལ་རྒྱལ་སྲས་སྤྱོད་པའི་སྲོག །སེམས་ཉིད་འོད་གསལ་ལྷན་སྐྱེས་ཡེ་ཤེས་མཆོག །གློ་བུར་གཟུང་འཛིན་སྦུབས་རྒྱ་ལས་གྲོལ་ཚེ། །ཆོས་གཟུགས་ཡེ་ཤེས་ཉི་མ་ཁོང་ནས་འཆར། །ཡིད་སྨོན་བྲལ་བ་འབྲས་བུའི་རྩེ་མོ་ལགས། །ཚུལ་འདི་དཔལ་ལྡན་བླ་མའི་ཞལ་གྱི་རྒྱུན། །ཅུང་ཟད་སྙིང་གི་བུམ་པར་འཁྱིལ་བའི་ཆ། །གཡོ་སྒྱུ་མེད་པས་ཕྱོགས་ཙམ་ཞུས་པ་ལགས། །འདི་དོན་ཐུགས་ལ་འཐད་ན་དེ་བཞིན་མཛོད། །མི་འཐད་འགལ་བར་གཟིགས་ན་མཐོལ་ལོ་བཤགས། །མཉམ་ཉིད་ཀློང་དུ་དགོངས་པར་མཛད་དུ་གསོལ། །དེ་སྐད་ཅོལ་ཆུང་པདྨ་བི་ཛ་ཡས། །གང་དྲན་འཕྲལ་མར་ཕུལ་ལོ་དགེ་གྱུར་ཅིག །ཅེས་པའང་མཁས་བཙུན་བཟང་ཡོན་ཕུལ་དུ་བྱུང་བའི་གོ་ཆེ་མཆོག་སྤྲུལ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མའི་ཐུགས་བཞེད་བཞིན། འོག་མིན་བླ་མའི་གདན་ས་ཙཱ་འདྲ་རིན་ཆེན་བྲག་གི་གཟིམས་སྤྱིལ་ནས་གང་ཤར་བཅོས་མེད་དུ་བྲིས་ཏེ་ཕུལ་བ་དགེ།


previousགོ་ཆེ་མཆོག་སྤྲུལ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མའི་ཐུགས་བཞེད་དུ། next