Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲུབ་བརྩོན་ཡེ་ཤེས་རྒྱ་མཚོའི་བཞེད་སྐོང་དུ།
   
   
   
   
   
   
   
   
   
   


 
previousསྒྲུབ་བརྩོན་ཡེ་ཤེས་རྒྱ་མཚོའི་བཞེད་སྐོང་དུ། next

སྒྲུབ་བརྩོན་ཡེ་ཤེས་རྒྱ་མཚོའི་བཞེད་སྐོང་དུ།

༄༅། །དུས་གསུམ་གཤེགས་པའི་རྒྱལ་བ་སྲས་དང་བཅས། །གང་ལས་གཤེགས་པའི་ལམ་མཆོག་བླ་མེད་ཕུལ། །རིན་ཆེན་བྱང་ཆུབ་སེམས་ལ་ཕྱག་བྱས་ནས། །ཕན་པའི་སྙིང་གཏམ་སྨྲ་ཡི་སྙིང་ལ་ཆོངས། །ཡང་ཡང་རྙེད་དཀའ་ཤིན་ཏུ་དོན་ཆེ་བའི། །ཡིད་བཞིན་ནོར་ལས་ཁྱད་འཕགས་དལ་འབྱོར་རྟེན། །སྔོན་བསགས་མཐུ་ཡིས་ལན་གཅིག་རྙེད་དུས་འདིར། །ཤིན་ཏུ་བརྩོན་པས་སྙིང་ནས་ཆོས་མཛོད་ཅིག །སྣོད་བཅུད་གང་ལ་བསམས་ཀྱང་རྟག་པ་མེད། །ཁྱད་པར་སྐྱེས་བུའི་ཚེ་སྲོག་མི་བརྟན་གཡོ། །དོ་ནུབ་ཙམ་ཡང་མི་འཆིའི་གདེང་མེད་པས། །དེ་རིང་ཉིད་ནས་བརྩོན་པས་ཆོས་མཛོད་ཅིག །སྲིད་པ་གང་དུ་སྐྱེས་ཀྱང་སྡུག་བསྔལ་སྣོད། །བདེ་བའི་སྐབས་མེད་མེ་འོབས་སྲིན་གླིང་འདྲ། །འདི་ལས་ཐར་ཐབས་ད་རེས་མ་བརྩོན་ན། །ཕྱིས་ནས་འགྱོད་པའི་དུས་ཤིག་འབྱུང་ཏ་རེ། །སྲིད་པར་འདུ་བྱེད་ལས་ནི་དཀར་ནག་གཉིས། །དེ་ཡི་རྩ་བ་བདག་ཏུ་འཛིན་པ་སྟེ། །བདག་འཛིན་ཉོན་མོངས་གཉེན་པོས་མ་བཅོམ་ན། །སྲིད་པའི་རྦ་ལས་ནམ་ཞིག་རྒལ་བར་འགྱུར། །དེ་ཕྱིར་འདུ་བྱེད་དུ་མ་མི་རྟག་དང་། །སྡུག་བསྔལ་སྟོང་པ་བདག་མེད་ཡ་མ་བརླར། །ལེགས་པར་རྟོགས་ནས་འཕགས་པའི་བདེན་པ་བཞིར། །འཇུག་གང་ཐར་པ་འདོད་ལ་མེད་ཐབས་མེད། །མཁའ་ཁྱབ་འགྲོ་ཀུན་ཕ་མའི་རང་བཞིན་ལ། །བྱས་པ་ཤེས་ཤིང་དྲིན་གཟོའི་བསམ་པ་ཡིས། །འགྲོ་སྒྲོལ་ཁུར་ཁྱེར་སྨོན་འཇུག་བྱང་ཆུབ་སེམས། །ཐེག་ཆེན་རྫོགས་བྱང་སྒྲུབ་ལ་མེད་ཐབས་ཅི། །མ་ལུས་འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན། །རང་བཞིན་དག་པའི་ཆོས་ཉིད་རྟག་བཞུགས་ཀྱང་། །དེ་ལྟར་མ་རྟོགས་གཉིས་འཛིན་འཁྲུལ་བའི་རྒྱུས། །མེད་སྣང་སྲིད་པའི་ཐང་དུ་ཡུན་རིང་འཕྱན། །ད་རེས་ཡང་དག་བཤེས་དང་འཕྲད་གྱུར་ཅིང་། །ཟབ་རྒྱས་གདམས་པའི་བདུད་རྩི་ཐོབ་དུས་འདིར། །ཡང་དག་ལྟ་བའི་མིག་བཟང་བསྒྲུབས་བྱས་ཏེ། །ཟབ་མོའི་ལམ་ལ་རྣལ་འབྱོར་བརྩོན་པར་མཛོད། །ཆོས་ཀུན་བདག་མེད་སྤྲོས་བྲལ་མཉམ་པ་ཉིད། །འོད་གསལ་རང་བཞིན་ཟུང་འཇུག་འདུས་མ་བྱས། །རྟག་ཆད་དྲྭ་བ་འཇོམས་པའི་སྨན་ཆེན་པོས། །གཟུང་འཛིན་དགག་སྒྲུབ་གཅོང་ནད་སེལ་བར་མཛོད། །རང་སེམས་འཚུབ་མ་ཞི་བའི་འོད་གསལ་དབྱིངས། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟར་རྣམ་དག་པ། །ཀུན་རྟོག་སྤྲོས་པ་མང་པོས་མ་བསླད་པར། །རང་བབས་གཉུག་མའི་ངང་དུ་ངལ་གསོས་མཛོད། །གང་ལ་སྟོང་དང་སྙིང་རྗེ་ཟུང་འཇུག་པའི། །ལམ་མཆོག་དེ་ནི་སྲས་བཅས་རྒྱལ་བས་བསྔགས། །འདི་མེད་ཐེག་ཆེན་ལམ་སྲོག་མ་ལུས་སྟོང་། །དེ་ཕྱིར་ཉམས་ལེན་སྙིང་པོ་འདི་ལ་མཛོད། །ཇ་ིསྲིད་གཟུང་འཛིན་དབྱིངས་སུ་མ་དག་པར། །དེ་སྲིད་ལས་ཡོད་ལས་ཀྱི་སྒྲིབ་པའང་ཡོད། །དེས་ན་རྟེན་འབྱུང་སྒྱུ་མར་ཤེས་པའི་ངང་། །ཚོགས་གཉིས་ཟུང་འབྲེལ་ལམ་ལ་འབད་པར་མཛོད། །དེ་སྐད་ཉམ་ཆུང་ཆོས་མེད་ཀུ་སཱ་ལི། །པདྨ་བི་ཛས་གང་དྲན་འཕྲལ་མ་རུ། །བརྗོད་པའི་དགེ་བ་ཁྱེད་ཐུགས་ལ་སྨིན་ནས། །དགེ་བློ་ཡར་ཟླའི་དཔལ་ལྟར་འཕེལ་གྱུར་ཅིག །ཅེས་པའང་སྒྲུབ་བརྩོན་ཡེ་ཤེས་རྒྱ་མཚོའི་བཞེད་སྐོང་དུ་ཕུལ་བ་དགེ།


previousསྒྲུབ་བརྩོན་ཡེ་ཤེས་རྒྱ་མཚོའི་བཞེད་སྐོང་དུ། next