Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚིག་རྗེས་མ་འབྲངས་དོན་གྱི་རྩ་བ་ཆོད།
   
   
   
   
   
   
   
   
   


 
previousཚིག་རྗེས་མ་འབྲངས་དོན་གྱི་རྩ་བ་ཆོད། next

ཚིག་རྗེས་མ་འབྲངས་དོན་གྱི་རྩ་བ་ཆོད།

༄༅། །ཚིག་རྗེས་མ་འབྲངས་དོན་གྱི་རྩ་བ་ཆོད། །ཚིག་གི་ལོ་མས་དོན་དམ་སྒྲིབ་ཉེན་ཆེ། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པར་གསུངས། །བློ་འདས་ཉིད་ལ་བློ་ཡི་དཔྱོད་པས་ཅི། །བརྗོད་བྲལ་ཉིད་ལ་རྗོད་པས་ཅི་ཞིག་འགྱུར། །མ་བཅོས་གཉུག་མ་དོན་གྱི་ཡེ་ཤེས་ཆེ། །རང་གར་བཞག་ན་རང་བཞིན་ལྷུག་པར་འཆང་། །བཅོས་ཤིང་བཅོས་ཤིང་རྣལ་མའི་དོན་ལ་སྒྲིབ། །ཆུ་རྙོག་རང་སར་དྭངས་པའི་དཔེ་ལྟོས་ལ། །རང་བབས་མི་གཡོ་དགོངས་པའི་བཙན་ས་ཟུངས། །རྩལ་རྟོག་གང་ཤར་རང་གྲོལ་ལམ་དུ་ཁྱེར། །འདི་ལ་གཉེར་ཁ་མི་དགོས་གང་དགར་ཞོག །གོ་ལྡོག་རྔ་མོ་ལྟ་བུའི་ཚུལ་ལ་ལྟོས། །སྨིག་རྒྱུའི་ཐག་པས་སུ་ཞིག་འཆིང་བར་བྱེད། །སྐད་ཅིག་རྟོག་པས་སུ་ལ་ཕན་གནོད་ཅི། །ལྷོ་སྤྲིན་ནམ་མཁར་དེངས་པའི་དཔེ་ལྟོས་ལ། །གང་ཤར་གདོད་མའི་དབྱིངས་སུ་སྐྱེལ་བར་མཛོད། །ངེས་འབྱུང་དད་མོས་གཞན་ཕན་བྱང་སེམས་གསུམ། །ནམ་ཡང་མེད་ཐབས་མེད་པའི་ཆོས་གསུམ་ཡིན། །ཐབས་ཚུལ་དུ་མས་རང་གི་རྒྱུད་ལ་སྦྱོར། །ཚོགས་བསགས་སྒྲིབ་སྦྱང་ལས་འབྲས་འདོར་ལེན་གསུམ། །ལམ་ཁྱེར་གྲོགས་སུ་མེད་ཐབས་མེད་པར་གོ། སྟོང་ལྟ་ཧད་པོས་ཁྱད་དུ་མི་གསོད་པར། །རྒྱལ་བ་དགྱེས་པའི་ལམ་ལ་སློབ་པར་མཛོད། །ཁ་ཅིག་དེང་སང་སྒྲུབ་པའི་དུས་མིན་ལས། །གནས་ལུགས་བསྒོམས་ཀྱང་ཡར་སྐྱེད་མི་འབྱུང་ལོ། །མཐུན་གྱུར་ཡུལ་གནས་སྐྱེས་བུ་དམ་པས་ཟིན། །བདག་ཉིད་ལེགས་སྨོན་སྔོན་བསགས་བསོད་ནམས་ཏེ། །མཐུན་རྐྱེན་འཁོར་ལོ་བཞི་ཡིས་འབྱོར་དུས་འདིར། །ལམ་གྱི་ཡོན་ཏན་མཐའ་དག་སྐྱེ་མིན་ན། །ངན་འགྲོ་ལོག་པར་ལྟུང་ཚེ་ཡིན་ནམ་ཅི། །ཉོན་མོངས་རྒྱུད་དྲག་སྙིགས་མ་ལྔ་བདོའི་ཚེ། །འབྲས་བུ་གསང་ཆེན་འབྱོན་པའི་དུས་སུ་གསུངས། །ཁྱད་པར་ཀུན་བཟང་ཐུགས་ཀྱི་བསྟན་པ་ཞེས། །རྒྱུད་ནས་བསྔགས་པའི་དུས་ནི་དེང་ལགས་པས། །ཉམས་ལེན་ནུས་ན་ཚེ་འདིར་འབྲས་སྨིན་ངེས། །དེ་སླད་བརྩོན་པའི་གོ་ཆ་མི་གཡེལ་འཚལ། །ཞེས་པའང་བི་ཛས་སོ། །
༄༅། །བླ་མ་ལ་ཕྱག་འཚལ་ལོ། །རྙེད་དཀའི་དལ་འབྱོར་ཐོབ་ཚེ་སྙིང་པོ་ཆོས་ལ་དྲིལ། །ནམ་འཆི་ངེས་མེད་སེམས་ལ་ལོང་མེད་བློ་སྣ་སྟུངས། །ལས་འབྲས་ཡིད་ཆེས་སྐྱེད་ལ་འཇུག་ལྡོག་ལག་ལེན་དྲིལ། །འཁོར་བའི་སྡུག་བསྔལ་སོམས་ལ་ངེས་འབྱུང་སྐྱོ་ཤས་སྐྱེད། །བྱས་པ་དོན་མེད་སོམས་ལ་འདིར་སྣང་བྱ་བ་ཐོངས། །གཏན་གྱི་འདུན་མ་སྒྲུབ་ཕྱིར་སྒོ་གསུམ་དགེ་ལ་འབོད། །ཡོན་ཏན་ཀུན་གྱི་གཞི་མ་ཚུལ་ཁྲིམས་མིག་བཞིན་སྲུངས། །ཐེག་ཆེན་ལམ་གྱི་རྩ་བ་བྱམས་དང་སྙིང་རྗེ་སྒོམས། །དབང་ཐོབ་དམ་ཚིག་གཙང་མས་རིམ་གཉིས་ཟབ་མོར་དྲིལ། །དམ་པ་གསུམ་གྱིས་ཟིན་པས་བྱས་པ་དོན་ལྡན་མཛོད། །དེ་ལྟར་མཛད་ན་འདིར་བདེ་ཕྱི་མར་སྐྱིད་པ་ལགས། །འདི་དོན་ཐུགས་ལ་འཇོག་མཛོད་རྣམ་ཀུན་དགེ་གྱུར་ཅིག །པདྨ་བི་ཛས་སོ། །


previousཚིག་རྗེས་མ་འབྲངས་དོན་གྱི་རྩ་བ་ཆོད། next