Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔྱོད་ལྡན་ལ་གདམས་པ།
   
   
   
   
   
   
   


 
previousདཔྱོད་ལྡན་ལ་གདམས་པ། next

དཔྱོད་ལྡན་ལ་གདམས་པ།

༄༅། །དཔྱོད་ལྡན་ལ་གདམས་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། བཀའ་དྲིན་མཚུངས་པ་མེད་པའི་གཏེར་ཆེན། དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་མཁྱེན་ནོ། །བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་བློ་སྣ་དམ་པའི་ཆོས་ལ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་འོ་སྐོལ་རྣམས་སྔོན་བསགས་རྣམ་པར་དཀར་བའི་མཐུ་ལས། ད་རེས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་བའི་ཡུལ་དབུས་སུ་སྐྱེས། ཐོས་བསམ་གྱི་རྟེན་དབང་ཤེས་ལ་སྐྱོན་མ་ཞུགས། ཚེ་འདིར་མཚམས་མེད་བྱས་པ་ལྟ་བུ་ལམ་སྐྱེ་བའི་གེགས་མངོན་གྱུར་པ་མེད་ཅིང་། སངས་རྒྱས་ཀྱི་ཐུགས་རྗེས་དགེ་བློ་རེས་འགའ་ཙམ་སྐྱེས་སུ་ཟིན་ཀྱང་། བློ་བག་ཆགས་ངན་གོམས་ཀྱི་དབང་གིས། དགེ་བའི་ལས་ལ་ནི་གཡག་རྒོད་ཀྱི་མཇིང་བ་ལྟར་བཀོལ་དུ་མི་གཏུབ་ཅིང་། མི་དགེ་བའི་ལས་ལ་ནི་མི་གཙང་བ་ལ་སྦྲང་བུ་འདུ་བ་ལྟར་ངམ་ངམ་ཤུགས་ཀྱིས་འཇུག་པས། ཅི་བསམ་ཕྱིན་ཅི་ལོག་དང་། ཅི་བྱེད་སྡིག་པ་ཁོ་ན་ལ་སྤྱོད་པས། དལ་འབྱོར་རྨི་ལམ་གྱི་རྒྱལ་སྲིད་ལྟར་ལན་གཅིག་ཐོབ་པ་འདི། དོན་མེད་ཆུད་ཟོས་སུ་གཏོང་བ་ནི། སྲོག་མ་ཆད་ཀྱང་རོ། འདྲེས་མ་ཁྱེར་ཀྱང་སྨྱོན་པ། རིན་པོ་ཆེའི་གླིང་དུ་སོན་ནས་ལག་སྟོང་དུ་ཕྱིན་པ་བས་ཆེས་བླུན་པས་རང་སེམས་རང་ལ་དཀར་ན། རང་དབང་རང་ལ་ཡོད་པའི་དུས་འདི་རུ། ནམ་གཞག་གཏན་གྱི་འདུན་མ་དམ་པའི་ཆོས་གཤའ་མ་ཞིག་ཨེ་འགྲུབ་ལྟ་དགོས། དེ་ཡང་སང་བྱ་གནང་བྱ་དང་། དགྲ་འདུལ་གཉེན་སྐྱོང་། བུ་ཚའི་འདུག་ཆུས་ཀྱི་བྲེལ་གཡེང་གི་རྗེས་ལ་བྱ་སྙམ་ཡང་ཕན་པ་མེད་དེ། ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་གནས་འཇིག་སྟོང་། འཕེལ་འགྲིབ་དུས་ཀྱི་ཁུག་པ། ནམ་ཟླ་དུས་བཞིའི་འགྱུར་ལྡོགཉིན་མཚན་སྐད་ཅིག་ཐང་ཅིག་རེ་ལ་བསམས་ཀྱང་མི་རྟགནང་བཅུད་ཀྱི་སེམས་ཅན་མཐོ་སྲིད་པའི་རྩེ་མོ་ནས་བཟུང་། དམའ་ན་རཀ་དམྱལ་ཁམས་ཡན་ཆོད། སྐྱེ་བཞི་བརྒྱུད་ལྔས་བསྡུས་པའི་འགྲོ་བ་རྣམས་ཀྱི་བདེ་སྡུག་འབྱོར་རྒུད་མཐོ་དམན་གང་ལ་བསམས་ཀྱང་རྟག་མི་ཐུབ། སྐྱེས་ནས་མ་ཤི་སྟེ་ཚེ་ཐར་དུ་ལུས་པ་ནི་སུ་ཡང་མེད། དེ་སྔོན་རང་རེ་རྣམས་ཀྱི་ཚེ་འདིའི་མཐོང་ཆོས་སུའང་། མཐོན་པོ་དམའ་མོར་ལྟུང་བ་དང་། ཕྱུག་པོ་དབུལ་པོ་དང་། དགྲ་གཉེན་དུ་གྱུར་བ་དང་། དེ་དག་ལས་ལྡོག་པ་སོགས་ཇི་ཙམ་ཞིག་བྱུང་། དགོན་སྡེ་གཅིག་གམ། གྲོང་ཡུལ་གཅིག་གམ། གཉེན་ཉེ་འབྲེལ། ཁྱིམ་བཟའ་ཚོ། སྒོ་ཁྱི་གནག་ཕྱུག་ཡན་ཆོད་དེ་ཙམ་ཞིག་ཤི། དེ་དག་ཀྱང་རྒན་གཞོན་བར་མའི་གོ་རིམ་དང་། འཆི་ལུགས་འཆི་རྐྱེན་སོགས་ངེས་མེད་དུ་ཇི་འདྲ་ཞིག་བྱུང་། ད་ལྟའི་ས་སྟེང་གི་འགྲོ་བ་འདི་རྣམས་ཀྱང་། ལོ་བརྒྱ་ཕན་ཆོད་དུ་གནས་པ་ནི་གཅིག་ཀྱང་མེད། སྔོན་ཤི་བའི་འགྲོ་བ་དེ་རྣམས་ཀྱིས་ཀྱང་། རྟག་ཏུ་རེ་ནས་གཞི་བཟུང་ནོར་བསགས། དགྲ་བརྟུལ། གཉེན་བསྐྱང་། ཚོང་སོ་ནམ། རྔོན་རྐུན་གཡོ་ཁྲམ་སོགས། སྡིག་སྡུག་གཏམ་ངན་དང་ཁྲེལ་ངོ་ཚ་ཐམས་ཅད་ཁྱད་དུ་གསོད་ནས། སྐརྨ་ཞྭ། བ་མོ་ལྷམ། བྱིན་པ་རྟ། ཡི་དྭགས་ལྟོ་འཚོལ་བ་འདྲ་ཞིག་བྱས་ཀྱང་། གཅིག་མ་ཡོང་། གཉིས་མ་འཁྱོང་བའི་ངང་ནས་མི་ཚེའི་ཉི་མ་འཕུལ་ཏེ། རྒྱུ་ཟས་ནོར། གཉེན་ཉེ་འབྲེལ་ལྟ་ཅི། ཐ་ན་ཟས་ཁམ་གང་དང་། གོས་ལུས་གང་ཡང་ཁྱེར་དབང་མེད་པར་མ་ཟད། གཅེས་པར་བསྐྱང་པའི་ལུས་ཀྱང་ས་རྡོ་ལྟར་བོར་ནས། སྡིག་སྡུག་རི་བོ་ཙམ་ཞིག་ཁུར་ཏེ་ཚེ་ཕྱི་མར་ཡར་ཐར་མེད་པ་ཞིག་བྱས་ནས། གདོང་མཆི་མ་དང་། བྲང་སེན་རྗེས་ཀྱིས་བཀང་སྟེ་སོང་ཚུལ་ལ་བསམས་ན། དེ་ལས་འདུན་མ་ཉེས་པ་དང་ཕུང་ཚབས་ཆེ་བ་སུ་ཞིག་ཡོད། རང་ལའང་དེ་འདྲ་བ་ཞིག་དོ་ནུབ་རང་དུའང་མི་འབྱུང་བའི་ངེས་པ་མེད་པས་ཅི་ཙུག་བྱ། སྔར་ཕན་ཆོད་བྱས་པ་དོན་མེད་དུ་མི་ཚེ་དེ་ཙམ་ཞིག་ཟད། ད་ལྟ་རང་འཆི་ན་མི་འཇིགས་པའི་བློ་གདེང་ཅི་འདུགཤི་བ་གཅིག་པུས་ཆོག་ན་དེར་ཟད་མོད། ལས་ཀྱི་དབང་གིས་ཡང་སྐྱེ་བ་ལེན་དགོས། སྐྱེས་ཕན་ཆད་འགྲོ་བ་དྲུག་གི་གནས་རིས་གང་རུང་ལས་མ་འདས། དེ་དག་གང་ནའང་བདེ་བ་ཅུང་ཟད་ཀྱང་མེད་དེ། ཁ་ཅིག་ནི་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད། ཁ་ཅིག་ནི་འབྲས་བུ་ལ་སྤྱོད་དེ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་གྲུབ་ཕྱིན་ཆད་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས། ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་ལ་མཐའ་དང་མུ་མེད། ད་ལྟ་ལུས་ལ་མེ་སྟག་ཕོག་པ་ཙམ་མམ། དགོང་གཅིག་གི་ལྟོ་གཅོག་པ་ཙམ་ཡང་མི་བཟོད་ན། ལོ་གྲངས་ཁྲི་ཕྲག་མང་པོར་བསྲེག་གཅད་གཏུབ་གཤོག་དང་། ཟས་སྐོམ་གྱི་སྒྲ་ཙམ་ཡང་མི་ཐོས་ན་དེ་དུས་ཇི་ལྟར་བྱ། དེར་མི་སྐྱེ་བའི་ཐབས་ཤིག་ད་ལྟ་ནས་བརྩོན་དགོས། སྣོད་བཅུད་ཀྱི་བདེ་སྡུག་དེ་ཐམས་ཅད་ཀྱང་། རྒྱུ་མེད་པའམ་རྒྱུ་མིན་པ་གཞན་ལས་བྱུང་བ་མིན་ཏེ། ལས་དཀར་ནག་གི་འབྲས་བུ་ཁོ་ན་ཡིན། དེ་ཡང་རྒྱུ་ཀུན་འབྱུང་ཉོན་མོངས་པ་ལ་བརྟེན་ནས་ལས་བསགས་པ་ཉིད། རྐྱེན་སྲེད་ལེན་གྱིས་གསོས་བཏབ་པ་ལ་བརྟེན་ནས། འབྲས་བུ་སྲིད་པ་མངོན་པར་འདུ་བྱེད་པ་སྟེ། དེ་ལའང་འཕེན་བྱེད་ཀྱི་ལས་མཐུན་པར་བསགས་པས། སྣང་གྱུར་ཐུན་མོང་བ་མིའི་འགྲོ་བ་ལྟ་བུར་སྐྱེས་ཀྱང་། མྱོང་གྱུར་ཐུན་མིན་རྫོགས་བྱེད་ཀྱི་ལས་ཀྱིས་སོ་སོར་བདེ་སྡུག་མ་ངེས་ཏེ། དཔེར་ན་ཕ་མ་གཅིག་གི་བུ་རྒྱུད་ལའང་། ལ་ལ་ནི་དགེ་བ་ལ་སྤྲོ། ལ་ལ་ནི་སྡིག་པ་ལ་དགའ། དེ་བཞིན་དུ་ཚེ་རིང་ཐུང་། བསོད་ནམས་ཆེ་ཆུང་། བློ་རྣོ་བརྟུལ། ཁས་དྲག་ཞན། གཟུགས་བཟང་ངན། དབང་ཐང་ཆེ་ཆུང་། ནོར་མང་ཉུང་། ནད་ཡོད་མེད་སོགས་བདེ་སྡུག་དང་བསམ་སྤྱོད་མི་འདྲ་བ་སྣ་ཚོགས་མཐོང་ཆོས་སུ་གྱུར་བ་འདི་དག་སྔོན་ལས་ཀྱི་འབྲས་བུ་ཡིན་ཞིང་། རང་ལའང་ཚེ་འདིར་སྟོབས་འབྱོར་ཁེ་གྲགས་སོགས་ལེགས་ཚོགས་ཇི་སྙེད་པ། ཐ་ན་ཚ་བའི་དུས་སུ་རླུང་བསེར་བུ་ཙམ་བྱུང་བ་ཡན་ཆོད་སྔོན་གྱི་དགེ་འབྲས་ཡིན་ཞིང་། ཚེ་འདིར་མི་མཐུན་པའི་ནད་གནོད་པ། དགྲ་གྱོད་ཁ་མཆུ། གྱོང་བུབ་ཁ་སོགས་ཇི་སྙེད་པ་དེ་དག་དང་། ཐ་ན་ནུབ་གཅིག་གི་རྨི་ལམ་ཉེས་པའམ་ལྗི་ཤིག་ཕྲ་མོ་ཙམ་གྱིས་ཟོས་པ་ཡན་ཆོད་སྔོན་གྱི་སྡིག་འབྲས་དང་། ལྷག་པར་རང་གིས་ཚེ་སྔ་མར་འགྲོ་བ་གཞན་ལ་དེ་འདྲ་བའི་གནོད་པ་བགྱིས་པའི་ལན་ཆགས་འཁོར་བ་ཡིན་པས་ཡིད་ཆད་དང་འཁང་ར་མི་བྱེད་པར། རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་བརྟན་པོས། ལེ་ལན་ཐམས་ཅད་རང་ལ་བདའ་བའི་ཚུལ་གྱིས། ཟག་བཅས་ལ་གཉེན་པོའི་སྟོབས་བསྐྱེད་པའི་འཇུག་ལྡོག་གི་ལག་ལེན་གནད་དུ་གང་འགྲོ་ལ་ཅི་ནུས་སུ་བརྩོན་པ་གལ་ཆེ་ཞིང་། དེ་ཡང་འདོད་པར་བདེ་བ་མྱོང་བྱེད་བསོད་ནམས་ཆ་མཐུན། སྡུག་བསྔལ་མྱོང་བྱེད་མི་དགེ་བ། ཁམས་གོང་མའི་ཏིང་འཛིན་དང་འབྲེལ་བ་མི་གཡོ་བའི་ལས་ཏེ་ཟག་བཅས་གསུམ་དང་། དེའི་གཉེན་པོར་གྱུར་པའི་ལམ་བདེན་ཟག་མེད་ཀྱི་ཆ་ཐར་པ་ཆ་མཐུན་དང་། གཞན་ཡང་། མཐོང་ཆོས་མྱོང་འགྱུར། སྐྱེས་ནས་མྱོང་གྱུར། ལན་གྲངས་གཞན་ལ་མྱོང་གྱུར། མྱོང་བར་མ་ངེས་པའི་ལས་བཞི་དང་། ལྟུང་དང་ལྟུང་མེད་ཀྱི་རྣམ་དབྱེ། འཕེན་རྫོགས་ཀྱི་མུ་བཞི་སོགས་དབྱེ་སྒོ་མང་ཡང་བསྡུ་ན། ཀུན་སློང་ཆགས་སྡང་རྨོངས་གསུམ་གྲགས་འདོད་ཆོས་བརྒྱད་ཀྱི་བསམ་པ་དུག་ཅན་གྱིས་བསླད་པའི་ལས་ཀུན་སྤང་བྱ། དུག་གསུམ་མེད་པའི་ཀུན་སློང་དང་། ལྷག་པར་ཕན་སེམས་བྱང་ཆུབ་སེམས་ཀྱིས་བསླངས་པའི་ལས་ཀུན་བླང་བྱ་དང་། སྦྱོར་བའི་སྒོ་ནས། མི་དགེ་བ་བཅུ། མཚམས་མེད་པ་ལྔ། ལྕི་བ་བཞི། ལོག་པ་བརྒྱད་ལ་སོགས་པ་མདོར་ན་གཞན་ལ་གནོད་པ་གཞི་དང་བཅས་པ་འདི་དང་གཏན་དུ་རང་འབྲས་ཡིད་དུ་མི་འོང་བ་སྐྱེད་བྱེད་ཐམས་ཅད་སྤང་བྱ་སྡིག་པའི་ཕྱོགས་དང་། དགེ་བཅུ་བསམ་གཟུགས་ཕར་ཕྱིན་བྱང་ཕྱོགས་རྣམ་ཐར་སོགས་གཞན་ཕན་གཞི་དང་བཅས་པ་སྲིད་ཞིའི་ལེགས་ཚོགས་སྒྲུབ་པའི་རྒྱུར་གྱུར་ཚད་བླང་བྱ་དགེ་བ། དེ་དག་ཀྱང་ཀུན་སློང་དང་ཞིང་བསམ་སྦྱོར་བའི་ཁྱད་པར་གྱིས་ལས་སྟོབས་ཆེ་ཆུང་དུ་འགྱུར་ཚུལ་དང་། དངོས་དང་ཕྱོགས་མཐུན་ཕྲ་མོའི་བར་ལ་བླང་དོར་གྱི་དམིགས་ཕྱེད་པར་བྱས་ནས། འཇུག་ལྡོག་གི་ལག་ལེན་གནད་དུ་དྲིལ་བ་གལ་ཆེ་ཞིང་། དེ་ཡང་སྦྱོར་དངོས་རྗེས་གསུམ་དུ་དམ་པ་གསུམ་གྱིས་རྩིས་ཟིན་དགོས་ཏེ། འདི་ལྟར་ཆོས་ཀྱི་དབྱིངས་དང་། ནམ་མཁའི་མཐའ་དང་། སེམས་ཅན་གྱིས་ཁམས་ལ་ཚད་བཟུང་དུ་མེད་ཅིང་། སེམས་ཅན་དེ་དག་སྐྱེ་སྔོན་རང་གི་ཕ་མ་ཡང་དང་ཡང་དུ་བྱས་ཏེ། རེ་རེའི་ནུ་ཞོ་བཏུང་བ་ཡང་ཕྱོགས་གཅིག་ཏུ་བསྡོམས་ན་མཐའི་རྒྱ་མཚོ་ཆེན་པོ་ལས་མང་ཞིང་། ས་ཆེན་པོ་འདི་རིལ་བུ་རྒྱ་ཤུག་གི་ཚིག་གུ་ཙམ་དུ་བསྒྲིལ་ཏེ་བསྒྲངས་ཀྱང་། སེམས་ཅན་རེ་རེས་མ་བྱས་པའི་གྲངས་མཐས་གཏུག་པར་མི་འགྱུར་བར་བཅོམ་ལྡན་འདས་ཀྱིས་གསུངས་ཤིང་། དེ་རེ་རེས་ཀྱང་ད་ལྟའི་རྩ་བའི་ཕ་མ་ཇི་ལྟ་བ་བཞིན་དུ། ཕན་ཚད་མེད་པ་བཏགས། གནོད་པ་ཚད་མེད་པ་ལས་བསྐྱབས། རང་གི་སྲོག་ལས་ཀྱང་གཅེས་པར་བསྐྱངས་པའི་དྲིན་ཆེན་ཤ་སྟག་ཡིན་ཀྱང་། ད་ལྟ་བློ་མ་རིག་པའི་གདོན་ཆེན་པོས་མྱོས་ཏེ་དགྲ་གཉེན་སོ་སོར་འཛིན་པ་འདི་མཚང་རེ་ཆེ། མ་རྒན་རྣམས་རང་སྟོབས་ཀྱིས་བདེ་བ་ལ་སྤྱོད་ནུས་ན་བདག་གིས་གྲོགས་བགྱིར་མི་དགོས་མོད། དེ་ལྟ་མ་ཡིན་ཏེ། ཚེ་རབས་ཐོག་མེད་ནས་གོམས་པའི་མཐུས། སྔོན་བསགས་མི་དགེ་བའི་འབྲས་བུ་དང་། མ་འོངས་པའི་སྡུག་བསྔལ་གྱི་རྒྱུ་ཁོ་ན་ལ་སྤྱོད་དེ། བླང་དོར་འབྱེད་པའི་མིག་ནི་ལྡོང་། དགེ་བའི་བཤེས་གཉེན་གྱི་ལོང་ཁྲིད་དང་ནི་བྲལ། སྡུག་བསྔལ་མུ་མཐའ་མེད་པ་སྲིད་པའི་འབྲོག་དགོན་དུ་འཁྱམས་པ་འདི་རྣམས་སྙིང་རེ་རྗེ། ད་སྙིང་རེ་རྗེ་ཞེས་བཞག་པས་ཅི་ཕན། བདག་གིས་མ་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་ཐབས་ཤིག་ཉི་མ་དེ་རིང་ནས་བྱ་དགོས། དེ་ཡང་སྔོན་དུ་རང་ཉིད་མ་གྲོལ་བར་གཞན་སྒྲོལ་མི་ནུས་པའི་ཕྱིར། ཐོག་མར་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་གྱིས་བསྡུས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་བགྱིའོ་སྙམ་པའི་བསམ་པ་བཟང་པོ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ། སྦྱོར་བ་བཟང་པོ་ལམ་ཕ་རོལ་དུ་ཕྱིན་པ་དྲུག་གམ་བསོད་ནམས་དང་ཡེ་ཤེས་ཀྱིས་བསྡུས་པའི་ཚོགས་གཉིས་ལ་རང་བློས་གང་ནུས་སུ་བསླབ་པ་སྟེ། མདོར་ན་དངོས་བརྒྱུད་བསམ་སྦྱོར་ཀུན་ཏུ་གཞན་ལ་གནོད་པ་གཞི་དང་བཅས་པ་ཁ་ན་མ་ཐོ་བའི་དྲི་མ་ཕྲ་མོ་ཙམ་གྱིས་ཀྱང་མ་སྦགས་པའི། སྒོ་གསུམ་དགེ་བའི་ལས་ལ་ཅི་ནུས་སུ་འབད་ཅིང་། དེ་ཡང་དངོས་པོ་དང་མཚན་མར་ཞེན་པའི་དམིགས་པས་མ་བསླད་པར། དོན་དམ་པར་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བའི་དབྱིངས། སྤྲོས་བྲལ་ནམ་མཁའ་ལྟ་བུའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་ངེས་ཤེས་འདྲོངས་པའི་ངང་། ཀུན་རྫོབ་ཏུ་ལས་དང་ལས་ཀྱི་འབྲས་བུ་བསླུ་བ་མེད་པའི་ཚུལ་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོས། སྟོང་དང་རྟེན་འབྱུང་འགལ་མེད་དོན་གཅིག་ཏུ་ཤར་བའི་ཚུལ་གྱིས་ཞེན་མེད་སྒྱུ་མ་ལྟ་བུར་སྦྱང་ལ། རྗེས་འཁོར་གསུམ་བདེན་མེད་རྟོགས་པའི་ཤེས་རབ་དེ་གས་རྩིས་ཟིན་པའི་ངོས། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཐའ་གཉིས་ལ་མི་གནས་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཀྱི་སར། འཕགས་པ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དབྱངས་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཇི་ལྟར་བསྔོ་བར་མཛད་པ་དེ་བཞིན་དུ་ཡོངས་སུ་བསྔོ་བར་བགྱིའོ། །བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མྱུར་དུ་འཁོར་བ་སྡུག་བསྔལ་གྱི་རྒྱུ་མཚོ་ཆེན་པོ་ལས་གྲོལ་ནས་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིགདེ་མ་ཐོབ་ཀྱི་བར་དུའང་མི་ཁོམ་པའི་གནས་རྣམས་སྤངས་ཤིང་མཐོ་རིས་ཀྱི་ཡོན་ཏན་བདུན་གྱིས་བརྒྱན་པའི་རྟེན་ཁྱད་པར་ཅན་ཐོབ་ནས་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པར་གྱུར་ཅིགམཐུན་རྐྱེན་འཁོར་ལོ་ཆེན་པོ་བཞི་ལ་བརྟེན་ནས་རིགས་ཁམས་ཡོངས་སུ་བརྟས་པས་རང་དོན་ཡིད་བྱེད་དང་སྡིག་སེམས་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། དུས་རྒྱུན་དུ་ཕན་སེམས་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེ་བར་གྱུར་ཅིགསྒོ་གསུམ་གྱི་བྱ་སྤྱོད་ཐམས་ཅད་དོན་མེད་དུ་མི་འགྱུར་བར་ཕ་མ་སེམས་ཅན་ཀྱི་དོན་དུ་གྱུར་ནས་རྫོགས་སྨིན་སྦྱངས་པ་ཁྱད་པར་ཅན་ལ་འཇུག་ནུས་པར་གྱུར་ཅིགསེམས་ཅན་ཐམས་ཅད་ཀྱི་སྡིག་སྡུག་བདག་ལ་སྨིན་ཞིང་བདག་གི་བདེ་དགེ་སེམས་ཅན་ཐམས་ཅད་ལ་སྨིན་ནས། དེ་དག་གིས་དཀའ་བ་ཅུང་ཟད་ཀྱང་མ་དགོས་པར་མངོན་པར་རྫོགས་པར་སངས་རྒྱས་ནས་ཁམས་གསུམ་འཁོར་བའི་རྒྱ་མཚོ་ཡོངས་སུ་སྐེམ་པར་གྱུར་ཅིག་སྙམ་པ་ལྟ་བུའི་ཐེག་པ་ཆེན་པོའི་ལམ་དང་འབྲེལ་བའི་བསྔོ་སྨོན་རྣམ་པར་དག་པས་རྒྱས་གདབ་པར་མཛད་ན། བྱས་ལ་མ་བསགས་པའི་ལས་སུ་མི་འགྱུར་ཞིང་། དགེ་རྩ་འཛད་པའི་རྒྱུ་བཞིས་མི་འཛད་ལ། མཐར་ཐུག་རྣམ་མཁྱེན་གྱི་ས་བོན་གྲུབ་བོ། །ཟག་མེད་འཇིག་རྟེན་ལས་འདས་པའི་དགེ་རྩ་རྒྱལ་བ་དགྱེས་པའི་ལམ་པོ་ཆེར་འགྱུར་བས་དེ་ལྟར་ཐུགས་ལ་འཇོག་འཚལ། བདག་བློ་ཡང་དག་ཆོས་ཀྱིས་མ་དུལ་རྒྱུས། །གཞན་བསྐུལ་ཚིག་ཀྱང་དོན་དུ་འགྱུར་མིན་པ། །མངོན་རྗེས་ཚད་མས་གྲུབ་ཕྱིར་ཆེས་སྐྱོ་ཡང་། །ཁྱེད་གསུང་མི་ལྡོག་ཙམ་དུ་བྲིས་པ་ལགས། །དུག་ལྔའི་འཆིང་བ་ལྷོད་པོར་མ་གྱུར་ཀྱང་། །ཕྱི་ཚུལ་ཨ་སྨྲའི་འབྲས་འདྲའི་སྟོང་ཟོབ་ཀྱིས། །ཅོལ་ཆུང་བྱིས་པ་འབྲིད་པའི་རྫུན་རླབས་འདི། །མདོ་མེད་པདྨ་བི་ཛའི་རང་གཤིས་ཡིན། །ཆོས་དང་འཇིག་རྟེན་བྱ་གཞག་མ་ཐོན་པའི། །ཆོས་མེད་དྲེད་པོ་བདག་གིས་བསྐུལ་བའི་ངག །ཆོས་མཐུན་ཡིན་རློམ་འདི་ཡིས་མོས་ལྡན་ཁྱོད། །ཆོས་དང་སེམས་རྒྱུད་འདྲེས་པའི་རྒྱུར་གྱུར་ཅིག །


previousདཔྱོད་ལྡན་ལ་གདམས་པ། next