Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བློ་ཚོད་དང་མཐུན་པའི་བསླབ་བྱ་ཉུང་ངུ་།
   
   
   
   
   
   


 
previousབློ་ཚོད་དང་མཐུན་པའི་བསླབ་བྱ་ཉུང་ངུ་། next

བློ་ཚོད་དང་མཐུན་པའི་བསླབ་བྱ་ཉུང་ངུ་།

༄༅། །བློ་ཚོད་དང་མཐུན་པའི་བསླབ་བྱ་ཉུང་ངུ་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བཀའ་དྲིན་མཚུངས་པ་མེད་པའི་གཏེར་ཆེན། དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་མཁྱེན་ནོ། །བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ངེས་པར་འབྱུང་བ་དང་། དད་པ་དང་མོས་གུས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མ་མ་ཡིན་པ་དུས་མྱུར་བ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་རང་རེ་རྣམས་སྤྱིར་མི་ཡི་ལུས་འདི་ཤིན་ཏུ་ནས་ཀྱང་རྙེད་དཀའ་བ་དབྱར་གསུམ་གྱི་འབུ་སྲིན་ཕྲ་མོ་རྣམས་ཀྱི་ཚད་དང་གྲངས་ལ་སོམས། དགོས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་བར་དཀའ་བ་མཐའ་འཁོབ་ཀྱི་སྐྱེ་བོའི་གྲངས་ལ་ལྟོས། ཡང་དགོས་དལ་འབྱོར་ཚང་བའི་རྟེན་བཟང་འདི་ཉིད་འཐོབ་དཀའ་བ་རང་གཞན་སྐྱེ་བོ་ཀུན་གྱི་བསམ་སྤྱོད་ལ་ལྟོས། ཚེ་སྔོན་དཀར་ནག་གི་ལས་ཅི་བསགས་ད་ལྟའི་རྣམ་སྨིན་གྱི་ལུས་འདི་ལ་དྲིས། ཕྱི་མར་མངོན་མཐོའི་རྟེན་བཟང་ཨེ་རྙེད་ད་ལྟ་རང་གི་ཚུལ་ཁྲིམས་ལ་དྲིས། སྐྱེས་པའི་མཐའ་ལ་འཆི་བ་ཨེ་ཡོང་དུར་ཁྲོད་ཀྱི་མི་རུས་ལ་དྲིས། འདུས་པའི་ཐ་མ་འབྲལ་བ་ཨེ་ཡིན་ཚོང་འདུས་ཆེན་པོའི་མགྲོན་པོ་ལ་ལྟོས། འབྱོར་པའི་ཐ་མ་རྒུད་པ་ཨེ་ཡིན་སྡེ་དགོན་དང་གྲོང་ཁྱེར་ཆེན་པོ་སྟོང་ཤུལ་ལ་ལྟོས། མཐོན་པོའི་ཐ་མ་ལྟུང་བ་ཨེ་ཡིན་དེང་སང་རྒྱལ་ཁམས་ཀྱི་སྐད་ཆ་ལ་དྲིས། བརྩེགས་པའི་ཐ་མ་འགྱེལ་བ་ཨེ་ཡིན་ཡུལ་མཁར་དང་རྫོང་གཞིས་ཞིག་པའི་གྱང་ཧྲུལ་ལ་ལྟོས། གཉེན་ཉེ་འབྲེལ་ལ་སྙིང་པོ་ཨེ་འདུག་བུ་ཚས་ཕ་མ་སྒོ་ལ་འདོན་ཚུལ་ལ་ལྟོས། དགྲ་སྡང་བ་ལ་ངེས་པ་ཨེ་འདུག་ཕ་གསོད་ཀྱི་ཤ་བ་དང་གཉེན་ཚན་སྦྲེལ་ལུགས་ལ་ལྟོས། སྟོབས་སྙན་གྲགས་ལ་སྙིང་པོ་ཨི་འདུག་ཁོང་སྡེ་དཔོན་ཁས་དྲག་ཅན་ཚོ་ཤི་ལུགས་ལ་ལྟོས། མངའ་ཐང་དང་འཁོར་སློབ་ལ་སྙིང་པོ་ཨེ་འདུག་འབངས་ཀྱིས་རྒྱལ་པོ་དང་སློབ་མས་བླ་མ་གསོད་ཚུལ་ལ་སོམས། ཟས་ནོར་ལོངས་སྤྱོད་ལ་སྙིང་པོ་ཨེ་འདུག་ཁོང་ཕྱུག་པོ་སེར་སྣ་ཅན་ཚོ་ཤི་ཤུལ་ལ་ལྟོས། རིགས་གཟུགས་ལང་ཚོས་དྲེགས་པ་ལ་སྙིང་པོ་ཅི་འདུག་ཁོང་མཛེས་མ་ཚོ་ཤི་བའི་རོ་རུལ་ལ་ལྟོས། དཔའ་རྟུལ་སྙིང་ཤེད་ཅན་ལ་སྙིང་པོ་ཨེ་འདུག་འཆི་ཁར་བྲང་ལག་འཐབ་ལུགས་ལ་ལྟོས། གཡོ་ཁྲམ་ནོར་གསོག་མཁས་ལ་སྙིང་པོ་ཨེ་འདུག་རྙེད་ཚད་རྐུ་ཞིང་གསོག་པའི་བྱི་བ་མཇུག་རིང་ལ་ལྟོས། ནམ་འཆི་ངེས་བཟུང་མེད་པ་ད་ནང་སྐྱེས་པའི་བྱིས་པ་དོ་ནུབ་ནས་དུར་དུ་སྦ་བ་ལ་ལྟོས། ལས་འབྲས་བསླུ་བ་མེད་པ་སྐྱེ་བོ་ཡོངས་ཀྱི་བདེ་སྡུག་གི་སྣང་ཚུལ་ལ་ལྟོས། ཚེ་སྔོན་བསོད་ནམས་མ་བསགས་པ་རྒྱལ་པོའི་བུར་སྐྱེས་ཀྱང་སྤྲང་དུ་འགྲོ་བ་ལ་ལྟོས། སྔོན་གྱི་སྦྱིན་འབྲས་སྨིན་པ་རྣམས་སྤྲང་པོའི་བུ་ཡིན་ཡང་རྒྱལ་ཁམས་ཀྱི་བླ་མ་དཔོན་བྱེད་པ་ལ་ལྟོས། གཞན་ལ་གནོད་པ་བྱས་ན་སྡུག་བསྔལ་ཅི་འདུག་རང་གི་ལུས་སེམས་ལ་དྲིས། ངན་སོང་གི་སྡུག་བསྔལ་ལ་བཟོད་གླགས་ཨེ་འདུག་ཚེ་ཤན་པའི་འདུན་སར་བཅིངས་པའི་དུད་འགྲོ་ལ་ལྟོས། འཁོར་བར་ངེས་འབྱུང་མ་སྐྱེས་པ་ཚེ་སྟོད་དགེ་བཤེས་ཡིན་ཡང་ཚེ་སྨད་རྔོན་རྐུན་གྱི་དཔོན་པོ་བྱེད་པ་ལ་ལྟོས། ངེས་འབྱུང་གཤའ་མ་སྐྱེས་ན་ཆོས་མིན་གྱི་བྱ་བ་སྤངས་ཏེ་རྩེ་གཅིག་སྒྲུབ་ལ་བརྩོན་པས་དོན་གཉིས་ལྷུན་གྱིས་གྲུབ་པ་བཀའ་གདམས་གོང་མ་རྣམས་ཀྱི་རྣམ་ཐར་ལ་ལྟོས། རང་རྒྱུད་ལ་དད་པ་མེད་ན་སངས་རྒྱས་དངོས་སུ་བཞུགས་ཀྱང་སྐྱོབ་མི་ནུས་པ་གཅུང་ལྷས་བྱིན་དང་ལེགས་སྐར་གྱི་ལོ་རྒྱུས་ལ་ལྟོས། དད་པ་ཡོད་ན་སངས་རྒྱས་ཀྱི་བྱིན་རླབས་ལ་ཉེ་རིང་མེད་པ་རྒན་མོའི་ཁྱི་སོ་ལ་རིང་བསྲེལ་བྱུང་ཚུལ་ལ་སོམས། དགེ་བའི་བཤེས་ཀྱིས་ཟིན་པས་འཚེངས་པ་རྒྱལ་པོ་རྐང་ཁྲ་དང་མྱ་ངན་མེད་ཀྱི་ལོ་རྒྱུས་ལ་ལྟོས། སྡིག་པའི་གྲོགས་ཀྱིས་ཕུང་པ་རྒྱལ་པོ་འཕགས་སྐྱེས་པོ་དང་བྲམ་ཟེ་སོར་ཕྲེང་ཅན་གྱི་ལོ་རྒྱུས་ལ་ལྟོས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་མ་སོང་གི་ཁྱད་པར་ནང་པ་སངས་རྒྱས་པ་དང་ཕྱི་རོལ་མུ་སྟེགས་པའི་ཁྱད་ལ་ལྟོས། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་མ་བྱུང་གི་ཁྱད་པར་ཐུབ་པའི་བསྟན་པ་ལ་ཞུགས་ཕྱིན་རྟགས་ཙམ་འཛིན་པའི་དགེ་སྦྱོང་བསླབ་པ་འཆལ་བ་ཇི་ཙམ་དུ་སྡུག་ཀྱང་བསྐལ་པ་བཟང་པོ་འདི་ལ་མྱང་འདས་ཀྱི་འབྲས་བུ་མངོན་དུ་བྱེད་པར་འགྱུར་ལ། བསྟན་ལ་མ་ཞུགས་པའི་སྐྱེ་བོ་དགེ་སྦྱོར་ལ་བརྩོན་པ་ཇི་ཙམ་བཟང་ཡང་དུས་འདི་ཙམ་ན་སངས་རྒྱས་བྱ་བའི་ལུང་མི་སྣང་བས་འདི་གཉིས་ཀྱི་ཁྱད་ཕྱེད་པར་བྱས་ནས་དག་སྣང་སྦྱང་བ་འདི་ཁེ་ཆེ་བར་སྣང་། བོད་གངས་ཅན་གྱི་ལྗོངས་འདིར་ལྟ་སྤྱོད་དང་གསར་རྙིང་གི་གྲུབ་མཐའི་རྣམ་གཞག་འདྲ་མིན་མང་དུ་མཆིས་ན་ཡང་མཐར་ཐུག་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ་ངེས་དོན་གྱི་གནད་གཅིག་པས་གྲུབ་མཐའི་ཆགས་སྡང་དང་ཆོས་སྤོང་གི་ལས་མི་གསོག་པ་འདི་གལ་ཤིན་ཏུ་ཆེ། ཤེས་བྱའི་གནས་ལ་མཐའ་དང་མུ་མེད་དེ་ཐམས་ཅད་རྟོགས་པ་རྫོགས་པའི་སངས་རྒྱས་ཁོ་ནའི་ཁྱད་ཆོས་ཡིན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཇི་ཙམ་དུ་འབད་ཀྱང་ཤེས་བྱའི་མཐའ་རྒྱ་ཆོད་པ་མི་འོང་། དེ་བས་རང་གི་གང་ཤེས་པ་དེ་རྒྱུད་ལ་སྦྱར་བ་གནད་ཡིན། རང་གི་རྒྱུད་ལ་མ་སྦྱར་ན་སྡེ་སྣོད་གསུམ་བློ་ནས་འཆད་ཤེས་ཀྱང་ཕན་མེད། ཉམས་སུ་ལོན་ན་བསམ་པ་བཟང་པོས་ཡིག་དྲུག་བསྒྲངས་བ་འདི་ཁོ་ནས་ཀྱང་ཆོག་པར་སྣང་། རང་རེ་རྣམས་བདག་གཅེས་པར་འཛིན་པའི་བློ་ངན་འདིས་བསྒྲིབས་ཏེ་ཚེ་རབས་ཐོག་མ་མེད་པ་ནས་ཐ་མ་ད་ལ་ཐུག་གི་བར་དུ་ཁམས་གསུམ་གྱི་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར་འཁོར་ཞིང་སྡུག་བསྔལ་མུ་མཐའ་མེད་པ་ལ་སྤྱོད་ཀྱང་ད་དུང་ཐར་པའི་དུས་མེད་པ་འདི་ཡ་རེ་ཆ། ཐུབ་པ་རྣམས་ཀྱིས་བདག་གཅེས་འཛིན་གྱི་བློ་ངན་དེ་ལིང་གིས་བོར་ནས་དུས་རྟག་པར་གཞན་ཕན་ཁོ་ན་མཛད་པས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བརྙེས་པ་ཡིན་འདུགདེ་གཉིས་ཀྱི་ཁྱད་པར་ཤེས་པར་བྱོས་ལ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་འགྲོ་ཀུན་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བའི་ཕྱིར་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་དམ་བཅའ་བ་བྱང་ཆུབ་ཀྱི་སེམས་ཏེ་འདི་གསུམ་པོ་སངས་རྒྱས་ཐོབ་པར་མི་འདོད་ན་ཕར་ཞོགའདོད་ཕྱིན་ནམ་ཡང་མེད་ཐབས་མེད། བསླབ་བྱ་མང་ཡང་བསྡུ་ན་གཞན་གནོད་གཞི་དང་བཅས་པ་སྤངས། གཞན་ཕན་གཞི་དང་བཅས་པ་བསྒྲུབས། དུས་རྒྱུན་དུ་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་བྱེད་པ་སྟེ་འདི་གསུམ་གྱི་ནང་དུ་མ་འདུས་པ་མེད་པས། མདོ་ཧྲིལ་གྱིས་དྲིལ་ན་མར་འཁོར་བ་ལ་ཞེན་ལོག་དང་ངེས་འབྱུང་། ཡར་བླ་མ་དང་དཀོན་མཆོག་ལ་དད་པ་དང་མོས་གུས། བར་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ། དུས་རྒྱུན་དུ་འཆི་བ་མི་རྟག་པ་ཡང་ཡང་དྲན་པའི་སྒོ་ནས་དགེ་སྒྲུབ་སྡིག་སྤོང་གི་ལག་ལེན་གནད་དུ་དྲིལ་ཏེ་ཚོགས་བསགས་སྒྲིབ་སྦྱང་ལ་འབད་འབུངས་ཅི་ཐོན་མཛོད། ནམ་ཞིག་ཚོགས་རྣམ་པ་གཉིས་རྫོགས་སྒྲིབ་གཉིས་ཆ་དང་བཅས་པ་བྱང་བ་ལ་སངས་རྒྱས་བྱ་བ་ཡིན། བྱང་ཆུབ་ཀྱི་སེམས་དང་མ་འབྲེལ་ཞིང་ཚོགས་གཉིས་མ་རྫོགས་སྒྲིབ་པ་གཉིས་མ་བྱང་བའི་སངས་རྒྱས་ཞིག་ནི་མདོ་རྒྱུད་གསར་རྙིང་གང་གི་ལུགས་ལའང་མི་སྣང་བས་དེ་སེམས་ལ་ཆོངས། དགེ་བ་གང་བྱེད་ཀྱང་བསམ་པ་བཟང་པོ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པའི་ངོས། མཆོག་འཛིན་དང་རློམ་སེམས་ང་རྒྱལ་སོགས་ཀྱིས་མ་སྦགས་པར་མཐར་དགེ་རྩ་དེ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ་བ་འདི་དུས་ནམ་དུ་ཡང་མེད་ཐབས་མེད་པས་ཉམས་སུ་ལོངས་ཤིགབློ་ཚོད་དང་མཐུན་པའི་བསླབ་བྱ་ཟབ་ལ་རྒྱས་པ་ཞིག་བྱས་ཟིན་ཏོ། །འདིས་ཀྱང་འགྲོ་བ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག


previousབློ་ཚོད་དང་མཐུན་པའི་བསླབ་བྱ་ཉུང་ངུ་། next