Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བདུན་པ།


   
   
   
   
རྡོ་རྗེ་ཐེག་པའི་ཐུན་མོང་གི་སྔོན་འགྲོ་སྤྱི་ལ་སྦྱོར་ཆོག་པའི་ཁྲིད་ཀྱི་རྒྱབ་ཡིག་ཀུན་མཁྱེན་ཞལ་ལུང་རྣམ་གྲོལ་ཤིང་རྟ།
   
   
   
   
   
   
   
   


 
previousརྡོ་རྗེ་ཐེག་པའི་ཐུན་མོང་གི་སྔོན་འགྲོ་སྤྱི་ལ་སྦྱོར་ཆོག་པའི་ཁྲིད་ཀྱི་རྒྱབ་ཡིག་ཀུན་མཁྱེན་ཞལ་ལུང་རྣམ་གྲོལ་ཤིང་རྟ།next

རྡོ་རྗེ་ཐེག་པའི་ཐུན་མོང་གི་སྔོན་འགྲོ་སྤྱི་ལ་སྦྱོར་ཆོག་པའི་ཁྲིད་ཀྱི་རྒྱབ་ཡིག་ཀུན་མཁྱེན་ཞལ་ལུང་རྣམ་གྲོལ་ཤིང་རྟ།

༄༅། །རྡོ་རྗེ་ཐེག་པའི་ཐུན་མོང་གི་སྔོན་འགྲོ་སྤྱི་ལ་སྦྱོར་ཆོག་པའི་ཁྲིད་ཀྱི་རྒྱབ་ཡིག་ཀུན་མཁྱེན་ཞལ་ལུང་རྣམ་གྲོལ་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །ན་མོ་པདྨཱ་ཀ་ར་ཡཻ། གཟོད་ནས་མངོན་རྫོགས་ཆོས་སྐུར་རྟག་བཞུགས་ཀྱང་། །སྙིང་རྗེ་ཆེན་པོས་སྲིད་པ་གནས་ཀྱི་བར། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་ཚུལ་སྟོན་པ། །ཡེ་ཤེས་སྐུ་ཅན་ཁྱབ་བདག་བླ་མས་སྐྱོངས། །ཟབ་དང་རྒྱ་ཆེའི་ཆོས་མཆོག་སྙིང་པོའི་བཅུད། །ཚང་ལ་མ་ནོར་རིག་འཛིན་བརྒྱུད་པའི་ལུང་། །དང་པོའི་ལས་ཅན་གང་ལ་འཇུག་པའི་སྒོ། །སྔོན་འགྲོའི་ཁྲིད་རྒྱབ་རྣམ་གྲོལ་ཤིང་རྟ་འགོད། །དེ་ཡང་། འོ་སྐོལ་གྱི་སྟོན་པ་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་བློ་དང་འ ཚམ་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་ཇི་སྙེད་ཅིག་བསྟན་པ་དེ་ཐམས་ཅད་ཀྱང་གདུལ་བྱའི་བློ་དང་འཚམ་པར་རིམ་གྱིས་ཁྲིད་པའི་ཐབས་ཚུལ་འབའ་ཞིག་ཏུ་ཟད་དེ། རིན་ཆེན་མཛོད་ཀྱི་མདོ་ལས། དཔེར་ན་བྱིས་པ་བཙས་མ་ཐག །ནུ་ཞོ་ལ་སོགས་རིམ་བསླབས་ནས། །ཕྱིས་ནས་སྲ་བ་འབྲས་ཆེན་སོགས། །མང་པོ་ཟོས་ཀྱང་སྟོབས་འཕེལ་འགྱུར། །དེ་བཞིན་ང་ཡི་སྲས་རྣམས་ཀྱང་། །འདུལ་བ་མདོ་སྡེ་མངོན་པ་གསུམ། །རིམ་པའི་རྗེས་ལ་མན་ངག་འདི། །བསྟན་པས་བླ་མེད་བྱང་ཆུབ་འགྲུབ། །ཅེས་དང་། སྒྱུ་འཕྲུལ་རྒྱས་པ་ལས། ཐུགས་རྗེ་ཆེན་པོ་དང་ལྡན་པས། །ཐར་ལམ་ཀུན་ལ་མཁས་པར་བྱ། །ཤེས་རབ་མཆོག་དང་ལྡན་པས་ནི། །སེམས་ཅན་སྣོད་རིམ་དང་སྦྱར་ནས། །ཐེག་པ་མཐོ་དམན་དོན་ཉིད་ནི། །སོ་སོར་འཚམ་པར་བསྟན་དགོས་སོ། །ཞེས་གསུངས། བྱེ་བྲག་ཏུ་སྙིང་པོའི་དོན་ལེན་པའི་རྒྱུད་ལས། སྔོན་འགྲོ་རང་རྒྱུད་སྦྱོང་བའི་ཐབས། །རྟེན་འདི་རྙེད་དཀར་བསམ་པ་དང་། །མི་རྟག་འཁོར་བའི་ཉེས་པ་དང་། །སྡིག་སྦྱང་སྐྱབས་འགྲོ་སྡོམ་པ་སོགས། །རྫོགས་ནས་ཉན་ཐོས་ལ་སོགས་པ། །གྲུབ་མཐའི་རིམ་པས་ལེགས་ཞུགས་ནས། །སྙིང་རྗེ་ཤེས་རབ་ལྡན་གྱུར་པར། །ཡང་དག་ངེས་དོན་འདིར་འཇུག་བྱ། །དེས་ནི་དོན་ཆེན་འགྲུབ་པར་འགྱུར། །ཞེས་གསུངས། དེའི་ཕྱིར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ཀྱང་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། བླ་མ་མཆོག་དེས་སྐལ་བཟང་སློབ་མ་ལ། །དམ་པའི་ཆོས་ནི་ཡོངས་སུ་འཆད་པ་ན། །ཐོག་མར་སྣོད་ཀྱི་དབང་པོ་བརྟག་པ་གཅེས། །བྱིས་དང་རྒན་བཞིན་ཁ་ཟས་ཐ་དད་ལྟར། །དེ་ཡི་ཆོས་ཀྱང་རང་བཞིན་ཐ་དད་དོ། །དེ་ནས་རིམ་པར་ཁྲིད་པའི་ཚུལ་གྱིས་བཤད། །དེས་ནི་ཐེག་པའི་རིམ་པ་ཤེས་པ་དང་། །ཡོན་ཏན་གོང་འཕེལ་འཇིགས་དང་དངངས་སྐྲག་མེད། །ནོར་བ་མེད་ཅིང་ལྟ་སྤྱོད་ཟུང་འབྲེལ་འགྱུར། །ཞེས་གསུངས་པས། སྤྱིར་གདུལ་བྱའི་བློ་ཚོད་དང་སྦྱར་ཏེ། གང་ཟག་མཆོག་སྔོན་སྦྱངས་པའི་ལས་འཕྲོ་ཅན་དབང་རྣོན་ཅིག་ཅར་བའི་རིགས་ཡིན་ན་ཆོས་ཀྱང་ལས་འཕྲོ་གང་ཡོད་དེ་ནས་ཐོད་རྒལ་དུ་འཇུག་པ་ཡོད་ཀྱང་དེ་འདྲའི་གང་ཟག་སྙིགས་དུས་འདིར་དཀའ་ཞིང་། མངོན་ཤེས་མེད་པས་ཇི་བཞིན་མི་རྟོགས་ལ། ལས་འཕྲོ་དམན་པའམ། མ་ངེས་པ་དག་ལ་ལམ་དེས་ཕན་མི་ཐོགས་ཤིང་རྒྱུད་ཆུད་ཟོས་སུ་འགྱུར་བས། ཐོག་མར་ལམ་གྱི་རིམ་པ་དང་མཐུན་པར་འཁྲིད་ན་ལམ་གྱི་ཡོན་ཏན་འཕེལ་བ་དང་། ཟབ་མོའི་དོན་ལ་མི་སྐྲག་ཅིང་ལམ་ལ་གོལ་འཆུག་མེད་པར་ལྟ་སྒོམ་སྤྱོད་གསུམ་ཟུང་དུ་འཇུག་པ་སོགས་ཀྱི་ཕན་ཡོན་དང་དགོས་པ་ཚད་མེད་ལ། དེ་བས་གཞན་དུ་མི་ཤེས་པའི་བློ་ཅན་དག་གིས་དང་པོར་འོག་མ་ནས་རིམ་གྱིས་མ་བསླབས་པར། ཐོག་མ་ནས་ངེས་དོན་ཅིག་ཅར་བསྟན་ན་ཉེས་དམིགས་ཤིན་ཏུ་ཆེ་ཞིང་སྐྱོན་མང་པོ་འབྱུང་བར་གསུང་སྟེ། ཀུན་མཁྱེན་བླ་མས། དེ་ལྟར་མ་བཤད་སྐྱོན་ནི་ཚད་མེད་དེ། །གོང་འོག་སྔ་ཕྱིའི་རིམ་པ་དང་བྲལ་བས། །བསྟན་པའི་སྤྱི་སྲོལ་རིམ་པ་ཉམས་པ་དང་། །བློ་ཆུང་སྔངས་སྐྲག་ལོག་ལྟས་འདོར་བ་དང་། །གོ་རིམ་མ་ཤེས་ཟབ་མོར་མི་རྟོགས་དང་། །འདུས་བྱས་དགེ་བ་ཁྱད་དུ་གསོད་པ་དང་། །སྒྲོ་སྐུར་རྒྱུར་གྱུར་རྒྱུ་འབྲས་འཆོལ་བ་དང་། །བླང་དོར་མི་ཤེས་ཤེས་བྱའི་དོན་ལ་རྨོངས། །ཐེག་ཆེན་སེམས་བསྐྱེད་སྙིང་རྗེ་སྤངས་པ་དང་། །སྟོང་ལྟས་དད་ལྡན་ངན་འགྲོར་བསླུས་པ་དང་། །བྱར་མེད་ཟེར་ནས་ཐ་མལ་ལུས་པ་དང་། །མ་སྨིན་འགྲོ་ལ་གསང་བ་སྒྲོགས་པ་སྟེ། །ཉེས་མང་ལྡན་ཕྱིར་ཐེག་པ་རིམ་གྱིས་བཤད། །ཅེས་གསུངས་པ་ལྟར། བསྟན་པའི་སྤྱི་སྲོལ་ཉམས་པ། བློ་ཆུང་དག་སྐྲག་ནས་ཆོས་དང་བླ་མ་སྤང་བ། ངེས་དོན་མི་གོ་བ་དང་། གོ་ཡང་ཟབ་མོར་མི་རྟོགས་པ་དང་། མཚན་བཅས་ཀྱི་དགེ་བ་ཁྱད་དུ་གསོད་པ་དང་། བློ་དམན་གྱིས་སྒྲོ་སྐུར་གྱི་གཞིར་འགྱུར་བ་དང་། ཤེས་བྱའི་གནས་ལ་རྨོངས་པ་དང་། དགེ་སྡིག་གི་བླང་དོར་འཛོལ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་སྤང་བའི་ཉེས་པ་ཡོད་ཅིང་། ཁྱད་པར་སྟོང་པའི་མཐའ་ལ་ཞེན་པས་རྒྱུ་འབྲས་ལ་སྐུར་བ་བཏབ་ནས་འབྲས་བུ་ངན་སོང་དུ་འགྲོ་བའི་ཉེས་པ་ཡོད་དེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ཏེ་གསོར་མི་རུང་བའི་ཕྱིར་རོ། །ཞེས་སོ། །གཞན་ཡང་ཆོས་ཐམས་ཅད་གདོད་མ་ནས་ནམ་མཁའ་ལྟ་བུའི་རང་བཞིན་ཡིན་པས་གང་ཡང་བྱར་མེད། བྱས་པས་ཕུང་བ་ཡིན་ཟེར་ཞིང་སྒོ་གསུམ་སོས་དལ་ལ་ཞེན་ནས་ཐ་མལ་དུ་ལུས་པའི་ཉེན་ཡོད་དེ། དེ་ཉིད་ལས། མ་འོངས་པ་ན་དགེ་སློང་མངོན་པའི་ང་རྒྱལ་ཅན་ལུག་ལྟར་བླུན་པ་དག བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུའོ། །ཞེས་གསུངས་ན། ཆོས་གང་ཡང་རྩོལ་བར་མ་བྱེད་ཅིང་ཞེས་ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་མེད་པར་བྱེད་པ་དག་འབྱུང་སྟེ། དེ་དག་ལ་ནི་མཐོ་རིས་ཀྱི་བདེ་བའང་ཐོབ་པར་མི་འགྱུར་ན། བླ་ན་མེད་པའི་བྱང་ཆུབ་ལྟ་ཅི་སྨོས་ཞེས་སོ། །མ་སྨིན་པ་ལ་གསང་བ་བསྒྲགས་པས་ཆོས་སྤོང་བའི་ལས་ཀྱིས་སྒྲིབ་པར་འགྱུར་ཏེ། ཡུམ་བར་མ་ལས། རབ་འབྱོར་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ་ཞེས་ལས་དང་པོ་པ་ཐེག་པ་ལ་གསར་དུ་ཞུགས་པ་དག་གི་མདུན་དུ་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྔངས་ཤིང་སྐྲག་ལ་འདོར་དུ་འོང་བའི་ཕྱིར་རོ། །ཞེས་དང་། རྩ་ལྟུང་བཅུ་བཞི་པ་ལས། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཞེས་སོ། །དེའི་ཕྱིར་འཕགས་བོད་ཀྱི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱིས་བསྟན་པའི་རིམ་པ་དང་མཐུན་པར་སྐལ་ལྡན་གྱི་འགྲོ་བ་རྣམས་སངས་རྒྱས་ཀྱི་སར་འཁྲིད་པར་མཛད་པ་ལས། འདིར་ནི་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་སོགས་མཆོག་གི་གྲུབ་པ་བརྙེས་པའི་སྔ་འགྱུར་གྱི་རིག་པ་འཛིན་པ་རྣམས་ཀྱི་རྡོ་རྗེའི་གསུངས་དངོས་ཉིད་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རྩ་བར་བཟུང་ཞིང་། སྐབས་སུ་བབས་པའི་ཚིག་སྦྱོར་ཅུང་ཟད་རེས་ཀྱང་བརྒྱན་ཏེ་ཐུན་མོང་གི་སྔོན་འགྲོའི་ཁྲིད་ཀྱི་རིམ་པ་སྟོན་པ་ལ་གསུམ། ཐོག་མར་དགེ་བ་ཆོས་འཆད་ཉན་ཇི་ལྟར་བྱ་བའི་ཚུལ། བར་དུ་དགེ་བ་ཐུན་མོང་བློ་ལྡོག་རྣམ་བཞིས་རྒྱུད་སྦྱང་བ། ཐ་མར་དགེ་བ་རྡོ་རྗེ་ཐེག་པའི་ལམ་གྱི་སྔོན་འགྲོ་དངོས་བཤད་པའོ། །དང་པོ་ལ་གསུམ། ཀུན་སློང་། ཀུན་སྤྱོད། ཞར་ལ་འཆད་ཉན་བགྱིས་པའི་ཕན་ཡོན་གྱིས་སྤྲོ་བ་བསྐྱེད་པའོ། །དང་པོ་ལ་གཉིས། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ངོ་། །དང་པོ་ནི། འདི་ལྟར་ནམ་མཁའ་ལ་མཐའ་དང་མུ་མེད་པ་བཞིན་དུ་སེམས་ཅན་གྱི་ཁམས་ལའང་མཐའ་དང་མུ་མེད། འདི་ཐམས་ཅད་ཚེ་རབས་ཐོག་མ་མེད་པའི་དུས་ནས་འཁོར་བ་ན་ཡང་ཡང་འཁོར་བའི་ཚེ། བདག་གཞན་ཕན་ཚུན་ཕ་མ་དང་གཉེན་དུ་མ་འབྲེལ་བ་ནི་གཅིག་ཀྱང་མེད་དེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། གང་གི་མངལ་དུ་ལན་གཅིག་མིན་པར་བདག །མ་གནས་པའམ་བདག་ལ་གང་མ་གནས། །སེམས་ཅན་དེ་ནི་འདི་ན་གང་ཡང་མེད། །དེ་ཕྱིར་ཐམས་ཅད་གཉེན་དུ་འགྱུར་བ་ཡིན། །ཞེས་སོ། །དེ་ཡང་ལན་རེ་ཙམ་མ་ཡིན་པར་ཡང་ཡང་ལན་གྲངས་དཔག་ཏུ་མེད་པ་བྱས་པ་ཡིན་ཏེ། བཤེས་སྤྲིང་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རིལ་བུར་བསྒྲིལ་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་སོ། །དེའི་ཚེ་ནའང་ད་ལྟའི་རྩ་བའི་ཕ་མ་དང་བུ་རྒྱུད་བཞིན་དུ་གདུང་སེམས་ཀྱིས་འབྲེལ་བས། ཕན་བཏགས་ཅི་ནུས་དང་། གནོད་པ་ལས་སྐྱབས་ཅི་ནུས་ཀྱིས་བསྐྱབས་པའི་དྲིན་ཆེན་ཤ་སྟག་སྟེ། འདི་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་ཐབས་ལ་མི་མཁས་པའི་དབང་གིས་བདེ་བའི་རྒྱུ་དགེ་བའི་ལས་ནི་སྒྲུབ་མ་ཤེས། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་སྤངས་མ་ཤེས་ཤིང་མ་ནུས་པ་ལ་བརྟེན་ནས་བདེ་བ་དང་ནི་བྲལ། སྡུག་བསྔལ་མང་པོ་ནི་ལྡན། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པ་སྨྱོན་པ་བཙན་དུག་ཟ་བ་ལྟ་བུའི་སེམས་ཅན་འདི་ཐམས་ཅད་སྙིང་རེ་རྗེ། ད་སྙིང་རེ་རྗེ་ཞེས་བཞག་པས་ཅི་ཕན། འོ་སྐོལ་རྣམས་ད་རེས་དལ་འབྱོར་གྱི་མི་ལུས་ནི་ཐོབ། མཚན་ལྡན་གྱི་བླ་མ་དང་ནི་མཇལ། ཟབ་རྒྱས་ཀྱི་གདམས་པ་ནི་ཐོས། ཆོས་བྱེད་ཐབས་ཀྱང་ཅུང་ཟད་ཤེས། བྱེད་དབང་ཡང་ཡོད། ཆོས་མཐུན་གྱི་རྐྱེན་ཀུན་ཀྱང་འཛོམས་པའི་སྐབས་འདིར། མ་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པའི་ཐབས་ཤིག་ཅིས་ཀྱང་བྱ་དགོས་ཏེ། རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས། ཉེ་དུ་འཁོར་བའི་རྒྱ་མཚོའི་ནང་དུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་གནས་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་གསུངས། དེ་ལྟ་བུའི་ཐབས་དང་ཐུགས་རྗེ་ནུས་པ་དེ་གང་ལ་མངའ་ན། རྫོགས་པའི་སངས་རྒྱས་ཁོ་ན་མ་གཏོགས་གཞན་སུ་ལའང་མེད། དེའི་ཕྱིར་ཐོག་མར་བདག་གིས་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་ཐོབ་པར་བྱས་ནས་མཐའ་ཡས་པའི་སེམས་ཅན་གཅིག་ཀྱང་མ་ལུས་པར་བདག་ཁོ་ནས་ཅི་ནས་ཀྱང་སྒྲོལ་བར་བྱ། དེའི་ཆེད་དུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩི་འདི་ཉིད་ཉན་འཆད་སྒོམ་གསུམ་སོགས་ལ་བརྩོན་པར་བྱའོ་སྙམ་དུ། སྙིང་རྗེས་སེམས་ཅན་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་སྟེ་ཟུར་གཉིས་སམ་དོན་གཉིས་དང་ལྡན་པ་ནི་བྱང་ཆུབ་ཀྱི་སེམས་ཏེ། མགོན་པོ་བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས། དེ་ལྟ་བུའི་བྱང་ཆུབ་སེམས་ཀྱི་ཀུན་སློང་ནི། ཆོས་ཉན་དུས་བཤད་དུས་སྒྲུབ་དུས་གང་གི་སྐབས་སུའང་ཤིན་ཏུ་གཅེས་ཏེ། དགེ་བའི་རྩ་བ་རྒྱ་ཆེ་ཆུང་ཇི་ལྟ་བུ་ཞིག་སྒྲུབ་ཀྱང་། དགེ་རྩ་དེ་ཐབས་ཀྱིས་ཟིན་པར་བྱེད་པ་སྦྱོར་བ་སེམས་བསྐྱེད། དགེ་བ་དེ་རྐྱེན་གྱིས་མི་བཤིག་པར་བྱེད་པ་དངོས་གཞི་དམིགས་མེད། དགེ་བ་དེ་གོང་ནས་གོང་དུ་འཕེལ་བར་བྱེད་པ་མཇུག་བསྔོ་བས་རྒྱས་ཐེབས་པ་སྟེ། དམ་པ་གསུམ་གྱིས་རྩིས་ཟིན་པར་བྱེད་པ་ནི་ཤིན་ཏུ་གལ་ཆེ་སྟེ། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན། ཞེས་དང་། ཨོ་རྒྱན་དུས་གསུམ་མཁྱེན་པས། དེས་ན་ཐེག་པ་ཆེན་པོའི་ལམ་གྱི་ངོ་བོ་ནི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡིན་པས་མེད་ཀ་མེད་ཡིན་ནོ། །དེ་དག་ལ་བརྟེན་ནས་རང་གཞན་གྱི་དོན་ཐམས་ཅད་འགྲུབ་པས་ལམ་གྱི་ཁ་བསྒྱུར་ཡིན་ཏེ། རྟའི་ཁ་ལོ་སྲབ་ཀྱིས་བསྒྱུར་བ་བཞིན་ནོ། །ཞེས་དང་། དབུ་མ་འཇུག་པ་ལས་ཀྱང་། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་སོ། །དེས་ན་ཆོས་ཉན་བཤད་སྒོམ་སྒྲུབ་གང་གི་སྐབས་སུའང་ཀུན་སློང་འདི་གཙོ་ཆེ་སྟེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་གསུངས་པ་ལྟར། རང་ཉིད་ཆེ་འདོད་དང་གྲགས་འདོད་སོགས་འཇིག་རྟེན་ཚེ་འདི་དོན་དུ་གཉེར་བའི་ཀུན་སློང་གིས། ཆོས་ཇི་ཙམ་འཆད་ཉན་སོགས་བྱས་ཀྱང་ཡང་དག་པའི་ཆོས་སུ་མི་འགྲོ་བས། །དཔོན་སློབ་གཉིས་ཀས་ཐོག་མར་ཁ་ནང་དུ་ལོག་སྟེ་རང་གི་ཀུན་སློང་བཅོས་པ་འདི་གནད་ཤིན་ཏུ་ཆེ། འདི་ལྟར་ཀུན་སློང་བཅོས་ཤེས་ན་དགེ་བ་གང་བྱེད་ཐབས་ཀྱིས་ཟིན་ཏེ་སྐྱེས་བུ་ཆེན་པོའི་ལམ་དུ་འགྱུར་ཞིང་བསོད་ནམས་ཚད་མེད་པའི་འཇུག་ངོགས་དམ་པར་འགྱུར་བ་ཡིན་ནོ། །གཉིས་པ་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ནི། སྤྱིར་མདོ་སྔགས་གཉིས་པོ་བསྒྲུབ་བྱ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་ལ་དོན་གཅིག་ཀྱང་། གསང་སྔགས་རྡོ་རྗེ་ཐེག་པ་འདིར་ནི་འཇུག་སྒོའི་དབང་སོགས་ཐབས་ལ་མ་རྨོངས་པ་དང་། རང་གཞན་གྱི་དོན་གཉིས་འབད་མེད་དུ་སྒྲུབ་པར་བྱེད་པའི་ཐབས་མང་བ་དང་། དཀའ་བ་ཆེན་པོར་རང་སྤྱད་མི་དགོས་པར་འབྲས་བུ་མངོན་དུ་བྱེད་པས་ཐབས་སླ་བ་དང་། དབང་པོ་རྣོན་པོའི་དབང་དུ་བྱས་ཏེ་གསུངས་པས་ན་སྔ་མ་ལས་ཁྱད་པར་དུ་འཕགས་ཏེ། ཚུལ་གསུམ་པའི་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ཏེ། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །དེའི་རྩ་བ་ཡང་འདུན་པ་སྒྱུར་བ་ལ་རག་ལས་པས་སྐབས་འདིར་ཡང་། ཀུན་མཁྱེན་བླ་མས་ཡིད་བཞིན་རིན་པོ་ཆེའི་མཛོད་དུ། སྤྲུལ་སྐུ་ཆོས་ལ་ཤཱཀྱའི་རྒྱལ་པོ་དང་། །ལོངས་སྐུའི་གསང་སྔགས་རིགས་ལྔ་རྡོ་རྗེ་འཆང་། །ཆོས་སྐུ་ནམ་མཁའ་ལྟ་བུའི་ཆོས་རྣམས་ལ། །ཀུན་བཟང་ཤེས་རབ་ཕ་རོལ་ཕྱིན་ཡུམ་བསམ། །ཡང་ན་རང་རང་ཆོས་དེའི་སྟོན་པར་བསམ། །ཞེས་གསུངས་པ་ལྟར་བྱེ་བྲག་སོ་སོའི་སྟོན་པ་དང་འཁོར་གྱི་རྣམ་པར་བསྒོམ་དགོས་ནའང་། འདིར་སྤྱི་ཙམ་གྱི་དབང་དུ་བྱས་ཏེ། ད་ལྟར་གྱི་ཆོས་འཆད་པའི་གནས་ཁང་དང་སྟོན་འཁོར་སོགས་ཐ་མལ་གྱི་རྣམ་པ་ཅན་འདི་ལྟ་བུ་མ་ཡིན་པར། གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡེ་ཤེས་འོད་ལྔ་ལས་གྲུབ་པའི་གཞལ་མེད་ཁང་བཀོད་པ་ཚད་མེད་པར་མངོན་པར་འཕགས་པར། སྟོན་པ་ཕུན་སུམ་ཚོགས་པ་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། རིགས་ཀུན་གྱི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའ་ལྟ་བུར་རང་རང་གི་དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་པ་དང་། འཁོར་ཕུན་སུམ་ཚོགས་པ་རྡོ་རྗེ་རིགས་ཀྱི་སེམས་དཔའ་དང་སེམས་མ་ལྷ་དང་ལྷ་མོའི་རང་བཞིན་སོགས་རིགས་གང་ཡིན་ནམ། ཡང་ན་ཕོ་ཐམས་ཅད་འཕགས་པ་འཇམ་པའི་དབྱངས་དང་། མོ་ཐམས་ཅད་འཕགས་མ་སྒྲོལ་མར་གསལ་བ་དང་། དུས་ཕུན་སུམ་ཚོགས་པ་རྟག་པ་རྒྱུན་གྱི་འཁོར་ལོར། ཆོས་ཕུན་སུམ་ཚོགས་པ་ཐེག་མཆོག་བླ་ན་མེད་པ་སྒྲ་ཚིག་བྱ་རྩོལ་ལས་འདས་པའི་གཞོམ་མེད་ནཱ་དའི་སྒྲ་དབྱངས་གྲགས་སྟོང་སྐྱེ་བ་མེད་པར་སྒྲོག་པས་སྲིད་ཞིའི་རྒུད་པ་མཐའ་དག་སེལ་བའི་སྒྲ་ལྷང་ལྷང་དུ་ཡོད་སྙམ་པ་སྟེ། དེ་ཐམས་ཅད་ཀྱང་མ་ཡིན་པ་ལ་ཡིན་པར་གསལ་གདབ་པ་ལྟ་བུ་མ་ཡིན་པར་ཡིན་པ་ལ་ཡིན་པར་ཤེས་པའི་བློ་བཞག་པ་ཙམ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་གསུང་། ཁྱད་པར་དུའང་། བླ་མ་ནི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད། འདས་པའི་སངས་རྒྱས་རྣམས་ཀྱི་སྤྲུལ་པ། མ་འོངས་པའི་སངས་རྒྱས་རྣམས་ཀྱི་འབྱུང་ཁུངས། ད་ལྟའི་སངས་རྒྱས་རྣམས་ཀྱི་རྒྱལ་ཚབ། སྐལ་བཟང་སངས་རྒྱས་སྟོང་གིས་ཀྱང་མ་ཐུལ་བའི་རང་རེ་རྨུ་རྒོད་སྙིགས་མའི་སེམས་ཅན་རྣམས་རྗེས་སུ་འཛིན་པའི་ཕྱིར། ཡོན་ཏན་སངས་རྒྱས་དང་མཉམ་ཡང་བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་པ་ཡིན་ཏེ། ཇི་སྐད་དུ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་དང་། ཏིང་ངེ་འཛིན་མཆོག་དམ་པ་ལས། རིགས་ཀྱི་བུ། དེ་ཡང་ཕྱི་མ་ཕྱི་མའི་དུས་ན་ང་ཉིད་དགེ་བའི་བཤེས་སུ་སྤྲུལ་ནས། ཏིང་ངེ་འཛིན་འདི་སྟོན་པར་འགྱུར་རོ། །དེའི་ཕྱིར་དགེ་བའི་བཤེས་གཉེན་ནི་ཁྱོད་ཀྱི་སྟོན་པ་ཡིན་པས་ནམ་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ་བརྟེན་ཅིང་རིམ་གྲོ་དང་བཀུར་སྟི་གྱིས་ཤིགཅེས་དང་། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྣང་བ་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཡང་ཟུངས་ཤིག ཅེས་སོ། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྨྲ་བ་པོ་ནི་སྟོན་པ་ཉིད་ཀྱིས་དངོས་སུ་བྱིན་གྱིས་བརླབས་པ་ཞེས་བྱ་སྟེ། གསང་སྙིང་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ནི་ང་ཡིན་དབང་ཡང་རྫོགས། །ཞེས་སོ། །ཆོས་ཉན་པའི་འཁོར་རྣམས་ཀྱང་། གཞི་བདེ་གཤེགས་སྙིང་པོ། རྟེན་མི་ལུས་རིན་ཆེན། རྐྱེན་དགེ་བའི་བཤེས་གཉེན། ཐབས་དེའི་གདམས་ངག་གིས་ཟིན་པས་མ་འོངས་པའི་སངས་རྒྱས་ཡིན་ཏེ། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་དངོས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ཀུན་སྤྱོད་ལའང་གཉིས། སྤང་བྱ་དང་། བླང་བྱའོ། །དང་པོ་ལ་གསུམ། ཉན་པ་པོ་སློབ་མ། འཆད་པ་པོ་སློབ་དཔོན། གཉིས་ཀས་ཐུན་མོང་དུ་སྤང་བར་བྱ་བའོ། །དང་པོ་ནི། ཡིད་བཞིན་མཛོད་ལས། དེ་ནས་ཉན་བྱེད་སློབ་མའི་ཆོས་ཚུལ་ནི། །སྐྱོན་རྣམས་སྤངས་ལ་གུས་པས་མཉན་པར་བྱ། །ཞེས་གསུངས་ཏེ། དེ་ལ་ཆོས་ཉན་པའི་ཚེ། སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག ཉེས་པ་སུམ་ཅུ་རྩ་དྲུག་གི་ཚོགས་དང་བྲལ་བའི་ཚུལ་གྱིས་མཉན་པར་བྱ་དགོས་ཏེ། དེ་ལ་སྣོད་ཀྱི་སྐྱོན་གསུམ་ནི། ཁ་སྦུབ་པ། ཞབས་རྡོལ་བ། དུག་ཅན་ལྟ་བུའི་ཚུལ་ཏེ། དེ་ཡང་སྣོད་ཁ་སྦུབ་པའི་སྟེང་དུ་བདུད་རྩིའི་ཆར་བབས་ཀྱང་ཐིགས་པ་གཅིག་ནང་དུ་མི་འོང་པ་ལྟར། ཆོས་ལ་རྣ་བ་མི་གཏོད་པའམ། གཏོད་ཀྱང་གཉིད་རྨུགས་དང་རྩེད་འཇོ་དང་གཞན་དུ་ཡིད་འཕྲོ་བར་བྱེད་པའོ། །ཞབས་རྡོལ་བའི་སྣོད་ས་ལ་ཡོད་རིང་ཆར་བབས་པའི་ཆུ་ཡོད་པ་ཀུན་བཏེགས་ན་ཟགས་པ་ལྟར། ཆོས་ཐོས་པ་ཐེངས་རེ་དེ་ན་ཡོད་རིང་ཟིན་ཀྱང་ཡང་དང་ཡང་དུ་དྲན་པ་ལ་འདྲིས་པར་མ་བྱས་པས་བརྗེད་པར་གྱུར་པ་དང་། སྣོད་དུག་ཅན་དུ་ཆར་ཆུས་གང་བ་མ་བོ་བར་གནས་ཀྱང་གང་གིས་སྤྱད་པ་མི་བདེ་བ་ལྟར། ཉོན་མོངས་པའི་དབང་དུ་སོང་ནས་སླར་ཞིང་ཐོས་པས་རྒྱགས་པར་འགྱུར་བ་ཡིན་ཏེ། དེ་གསུམ་སྤང་བར་གདམས་པ་ཡང་། ཡུམ་བར་མ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ་ཞེས་གསུངས་ཏེ། ཉོན་མོངས་པ་མེད་པར་ལེགས་པར་ཉོན། ཁ་མ་སྦུབ་པར་རབ་ཏུ་ཉོན། ཞབས་མ་རྡོལ་བར་ཡིད་ལ་ཟུངས་ཞེས་གདམས་པ་ཡིན་ནོ། །དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་པ་ལྟར་ཆོས་འཆད་པའི་བླ་མ་ལས་ཀྱང་ང་ལྷག་སྙམ་པའི་ང་རྒྱལ། ཆོས་དང་བླ་མ་ལ་མ་དད་པ། ཆོས་ལ་དོན་གཉེར་གྱི་འདུན་པ་མེད་པ། སེམས་ཕྱི་རོལ་ཚོགས་དྲུག་གི་ཡུལ་ལ་རྣམ་པར་གཡེང་བ། དབང་པོ་སྒོ་ལྔ་ཧ་ཅང་ནང་དུ་སྡུད་ཆེས་པ། ཆོས་ཐུན་རིང་དྲགས་པ་སོགས་ཀྱིས་སྐྱོ་བ་སྟེ་དྲི་མ་དྲུག་པོ་འདི་སྤང་དགོས་སོ། །ཉེས་པ་སུམ་ཅུ་རྩ་དྲུག་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། མ་གུས་ལ་སོགས་བདུད་ཀྱི་ལས་དྲུག་དང་། །ང་རྒྱལ་ལ་སོགས་སྒྲིབ་པའི་ལས་དྲུག་དང་། །ཚུལ་དུ་འཆོས་སོགས་ཆོས་སྤང་ལས་དྲུག་དང་། །ཟང་ཟིང་གཉེར་སོགས་གཡེང་བའི་སྐྱོན་དྲུག་དང་། །རྙེད་བཀུར་ཆགས་སོགས་ལོག་པའི་སྐྱོན་དྲུག་དང་། །གཞན་དུ་བྱེད་སོགས་གོལ་བའི་ཆོས་དྲུག་སྟེ། །ཉེས་པ་སུམ་ཅུ་རྩ་དྲུག་སྤངས་ལ་མཉན། །ཞེས་གསུངས་ཏེ། དེ་ལ་བདུད་ཀྱི་ལས་དྲུག་ནི། ཡོན་ཏན་ཡོངས་སུ་བཀོད་པའི་མདོ་ལས། ལེ་ལོ་དང་། སྙོམ་ལས་དང་། ཆོས་དང་ཆོས་སྨྲ་བ་ལ་མ་དད་པ་དང་། དགེ་བའི་བཤེས་གཉེན་ལ་སྲི་ཞུས་མི་འདུད་པ་དང་། བསྟན་པ་བཞིན་ཡིད་ལ་མི་བྱེད་པ་དང་། འཇིག་རྟེན་འདི་ལ་སེམས་པས་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཁྱད་དུ་གསོད་པའོ། །ཞེས་སོ། །སྒྲིབ་པའི་ལས་དྲུག་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རང་གི་རྒྱུད་ལ་བདུད་ཞུགས་པས་ང་རྒྱལ་ཆེ་བ་དང་། ལས་ཀྱི་སྒྲིབ་པས་ཆོས་སྤོང་བ་དང་། རྒྱང་འཕེན་གྱི་གསང་ཚིག་འཚོལ་བས་ཉེ་བར་བསྟན་པ་ཉན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་ཉན་པ་དང་། དགེ་བའི་བཤེས་གཉེན་ལ་ལོག་པར་ལྟ་བ་དང་། ཆོས་ལ་ལོག་པར་ལྟ་བའོ། །ཞེས་སོ། །ཆོས་སྤོང་བའི་རྒྱུ་དྲུག་ནི། དེ་ཉིད་ལས། སྡིག་པ་འདོད་པས་ལུས་སེམས་ཚུལ་འཆོས་པ་དང་། ང་རྒྱལ་གྱིས་ཆོས་སྨྲ་བ་ལ་མི་གུས་པ་དང་། ཐེ་ཚོམ་གྱིས་ཆོས་ལ་མི་གུས་པ་དང་། ཚུལ་འཆོས་ཀྱིས་ལོག་པར་འཚོ་བ་དང་། ཕ་མ་དང་མཁན་པོ་དང་སློབ་དཔོན་ལ་མི་གུས་པ་དང་། ལུས་སེམས་རྩུབ་པས་རྟག་ཏུ་མི་མཐུན་པར་རྩོད་པའོ། །ཞེས་སོ། །ཆོས་ལས་གཡེང་བའི་སྐྱོན་དྲུག་ནི། དེ་ཉིད་ལས། འཇིག་རྟེན་གྱི་བྱ་བྱེད་མང་བ་དང་། ཟང་ཟིང་གི་རྙེད་པ་མང་བ་དང་། ངག་ཚིག་བྲེ་མོའི་གཏམ་གྱི་སྦྱོར་བ་མང་བ་དང་། སྡིག་པའི་གྲོགས་ཀྱི་མཛའ་བཤེས་མང་བ་དང་། ལོག་པར་རྟོག་པའི་བློ་མང་བ་དང་། ལས་ངན་པའི་དབང་གིས་ནད་གདོན་མང་བའོ། །ལོག་པར་འཁྱོག་པའི་སྐྱོན་དྲུག་ནི། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། བཀའ་དྲིན་གྱིས་བྱས་པ་མི་གཟོ་ཞིང་གཡོ་བྱེད་པ་དང་། རྙེད་པ་དང་བཀུར་སྟི་ལ་ཆགས་པས་ཆོས་སྒྲུབ་པ་དང་། ཕ་རོལ་གྱི་རྙེད་པ་ལ་ཕྲག་དོག་དང་སེར་སྣ་བྱེད་པ་དང་། ཆོས་སྨྲ་བའི་ཡོན་ཏན་ལ་མི་སེམས་པར་འཁྲུལ་བ་ཚོལ་བ་དང་། སྡིག་པའི་སློབ་དཔོན་ལ་དད་ཅིང་བརྟེན་པ་དང་། རྟོག་གེ་འཚོལ་གྱི་བསོད་ནམས་ཀྱི་ཡོན་ཏན་མི་འཚོལ་བའོ། །ཞེས་སོ། །ཐེག་པ་ཆེན་པོ་ལས་གོལ་བའི་ཆོས་དྲུག་ནི། འཇམ་དཔལ་རྣམ་པར་འཕྲུལ་བའི་མདོ་ལས། བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་འཚོལ་བར་མུ་སྟེགས་ཀྱི་རྫུ་འཕྲུལ་འཚོལ་བ་དང་། འཇིག་རྟེན་པའི་ཞལ་ཏ་བྱེད་ཅིང་མང་དུ་ཐོས་པ་མི་འཚོལ་བ་དང་། ཚིག་གིས་ཐོས་པ་འཚོལ་ཞིང་དེའི་རྣམ་པར་གྲོལ་བ་མི་འཚོལ་བ་དང་། ཉན་རང་གི་སྡེ་སྣོད་ཚོལ་གྱི་བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་འཚོལ་བ་དང་། ཐབས་ལ་མཁས་པ་མངོན་དུ་མི་བྱེད་པར་ཉོན་མོངས་པ་ཟད་པ་འཚོལ་བ་དང་། རིག་པའི་གནས་ལ་མཁས་པ་འདོད་ཀྱི་དགེ་བའི་བཤེས་གཉེན་མི་འཚོལ་བའོ། །ཞེས་སོ། །དེ་ལྟ་བུའི་སྐྱོན་རྣམས་སྤངས་ནས་ལེགས་པར་ཚུལ་བཞིན་དུ་མཉན་པར་བྱའོ། །གཉིས་པ་ནི། འཆད་པ་པོ་སློབ་དཔོན་གྱིས་ཀྱང་། ཉོན་མོངས་པ་ང་རྒྱལ་དང་། རྣམ་གཡེང་དང་། ཆོས་དང་གང་ཟག་ལ་མ་གུས་པ་དང་། བག་མེད་པ་དང་། ཆོས་བརྒྱད་དོན་གཉེར་གྱི་བསམ་པ་སོགས་ཀུན་སློང་གི་བསམ་པ་ངན་པ་དང་། སྦྱོར་བ་ཆོས་འཆད་པའི་ཚེ་ན། སྐབས་འཆོལ་བ། བརྡ་མ་འཕྲོད་པ། ཚིག་དོན་ནོར་བ། ཕྲག་དོག་སོགས་ཉོན་མོངས་པས་ཀུན་ནས་བསླངས་པའི་སེམས་དང་ངག་སྤྲོ་བ། ཚིག་མི་གསལ་བ། ལྷག་ཆད་དུ་གྱུར་པ། དམ་བཅའ་སྔ་མ་ཕྱི་མས་སུན་འབྱིན་པ། ཆོས་ཀྱི་གསེབ་ཏུ་ཟུར་གྱིས་བདག་ལ་བསྟོད་པ་དང་། གཞན་ལ་འཕྱ་བ་དང་། ཡུལ་གྱི་བརྡ་སྐད་ངན་པ་འདྲེས་པ། གདུལ་བྱའི་བློ་དང་མི་འཚམ་པར་སྟོན་པས་སློབ་མའི་རྒྱུད་ཆུད་འཛའ་ཞིང་སྐྱོན་དུ་གྱུར་པ་རྣམས་སྤངས་ལ། ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པས་བཤད་དེ། བརྡ་གསལ་ལ་འཁོར་གྱི་ཁྱམས་སུ་ཁྱབ་པ། རྣ་བར་སྙན་པས་ཀུན་གྱིས་ཉན་པར་སྤྲོ་བ། ཚིག་དོན་ངེས་པས་ཐེ་ཚོམ་གཅོད་པ། དཔེ་དོན་མཁས་པས་ཉན་པ་པོའི་ཡིད་དུ་འབབ་ཅིང་རྟོགས་པར་སླ་བ། བློ་དང་འཚམ་པས་གདུལ་བྱའི་དོན་དུ་འགྱུར་བ། སྐབས་སུ་གཏམ་རྒྱུད་ངོ་མཚར་ཅན་བསྟན་པས་ཉན་པ་པོའི་གཉིད་རྨུགས་དང་སྐྱོ་བ་སེལ་བ། ལུང་རིགས་ཀྱི་སྒྲོམ་ནས་བཏོན་པས་ནོར་འཁྲུལ་མེད་པ། ཕྱོགས་སྔ་དང་སྐྱོན་རྣམས་སྤངས་པས་ཉེས་པ་ལས་བཟློག་པར་མཁས་པ། ཐེག་པ་ཐམས་ཅད་དང་མཐུན་པར་བཤད་པས་ཀུན་དང་འཐད་པ། གོ་བདེ་ཞིང་ཡུལ་སྐད་ངན་པ་མ་འདྲེས་པས་ཚིག་གཟུང་བར་འོས་པ། སྤྲོས་ཤིང་སྡུད་པ་ལ་མཁས་པས་བཤད་པ་རང་དབང་དུ་གྱུར་པ། སོས་དལ་ཞིང་ཁོང་ཡངས་པ་ཐོགས་རྡུགས་དང་ངལ་དུབ་མེད་པའི་ཚུལ་ནི་ཡོན་ཏན་འབྱོར་ལྡན་གྱི་བཤད་པ་ཞེས་བྱའོ། །གསུམ་པ་ནི། ཆོས་འཆད་ཉན་ལ་ཞུགས་པའི་ཚེ། དཔོན་སློབ་ཐམས་ཅད་ཀྱིས་ཡིད་གཡེང་བའི་རྒྱུ་འདུ་འཛི་རྣམ་གཡེང་གི་ཟང་ཟིང་དང་། བསྙེན་བཀུར་སོགས་ཀྱི་ཆེད་དུ་མགྲོན་དུ་བོས་པས་དུས་འགྱངས་པ་དང་། དྲན་པ་མི་གསལ་བའི་རྒྱུ་ཆང་དང་གཉིད་རྨུགས་ལ་སོགས་པ་ཆོས་འཆད་ཉན་ལ་བར་ཆད་དུ་གྱུར་པ་རྣམས་སྤང་བར་བྱ་སྟེ། ཀུན་མཁྱེན་བླ་མས། ཕྱི་ནང་འདུ་འཛི་བསྙེན་བཀུར་ཟང་ཟིང་དང་། །ཆང་དང་གཉིད་རྨུགས་དྲན་པ་ཉམས་ལ་སོགས། །ཐོས་པའི་དོན་ལ་བར་ཆད་གྱུར་རྣམས་སྤང་། །ཞེས་སོ། །གཉིས་པ་བླང་བྱའི་ཀུན་སྤྱོད་ལའང་བཤད་མ་ཐག་པ་ལྟར་གསུམ་ལས། དང་པོ་སློབ་མའི་ཀུན་སྤྱོད་ལ། ཡོན་ཏན་སུམ་ཅུ་རྩ་དྲུག་དང་ལྡན་པ། ཡང་དག་པའི་འདུ་ཤེས་བཞི་བསྐྱེད་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་བྱ་བ། སྤྱོད་ལམ་གཞན་བསྟན་པ་དང་བཞི་ལས། དང་པོ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གང་ཚེ་ལེགས་པའི་ཚུལ་གྱིས་མཉན་བྱ་བ། །ནོར་བུའི་འདུ་ཤེས་ལ་སོགས་གཅེས་པ་དྲུག །ཉོན་མོངས་བཟོད་སོགས་དཀའ་བའི་སྤྱོད་པ་དྲུག །ཐོས་མང་གཉེར་སོགས་རྐྱེན་གྱིས་མི་འགྱུར་དྲུག །སྙིང་རྗེ་བསྐྱེད་སོགས་ཆེད་དུ་བྱ་བ་དྲུག །བྱེ་བྲག་ཤེས་སོགས་དགོས་པ་རྣམ་པ་དྲུག །ཆོས་འཚོལ་ལ་སོགས་འཚོལ་བ་རྣམ་དྲུག་སྟེ། །ཡོན་ཏན་སུམ་ཅུ་རྩ་དྲུག་ལྡན་པས་ཉན། །ཞེས་གསུངས་ཏེ། དེ་ལས་གཅེས་པའི་འདུ་ཤེས་དྲུག་ནི། ལག་བཟང་གིས་ཞུས་པའི་མདོ་ལས། ཆོས་སྨྲ་བའི་བླ་མ་ལ་རིན་པོ་ཆེའི་གཏེར་དུ་འདུ་ཤེས་པ་དང་། དེ་བཞིན་དུ་ཆོས་ལ་ཡིད་བཞིན་གྱི་ནོར་བུར། ཆོས་ཉན་པ་ལ་རབ་ཏུ་དཀོན་པར། ཆོས་འཛིན་ཅིང་བསམ་པ་ལ་གཅེས་པའི་དོན་ཡོད་པར། ཆོས་སོ་སོར་རྟོག་པ་ལ་ཚེ་རབས་བརྒྱར་མི་རྙེད་པར། ཆོས་འཚོལ་བ་སྤང་བ་རྣམས་ལ་བདུད་རྩི་བོར་ནས་དུག་ལ་སྤྱོད་པར་འདུ་ཤེས་པ་དང་། ཉན་ཞིང་སེམས་པ་རྣམས་ལ་དོན་དང་བཅས་པར་འགྱུར་བའི་འདུན་པ་བརྟེན་པར་བྱའོ། །ཞེས་སོ། །དཀའ་བའི་བཟོད་པ་དྲུག་ནི། དེ་ཉིད་ལས། དགེ་བའི་བཤེས་གཉེན་དང་ཆོས་ཀྱི་ཕྱོགས་སུ་ཚ་བ་དང་གྲང་བའི་ཉོན་མོངས་པ་བཟོད་པ་དང་། དེ་བཞིན་དུ། བཀྲེས་པ་དང་སྐོམ་པས་ཉོན་མོངས་པ། ངན་སྨྲས་དང་རྒྱ་གད་ཀྱིས་ཉོན་མོངས་པ། ངལ་དུབ་འགྲོ་ལས་ཀྱིས་ཉོན་མོངས་པ། ཡོ་བྱད་གཏོང་བ་དང་འཚོལ་བས་ཉོན་མོངས་པ་བཟོད་པ་དང་། གཅེས་པར་བྱ་བའི་སྲོག་ལའང་བསྡོ{བདོ}ས་ཏེ་བཟོད་པར་བྱ་བ་གཅེས་སོ། །ཞེས་སོ། །རྐྱེན་གྱིས་མི་འགྱུར་བའི་གོ་ཆ་དྲུག་ནི། དེ་ཉིད་ལས། ཆོས་སྟོན་པ་དང་ཆོས་ཀྱི་ནན་ཏན་ལྷུར་བྱེད་པ་ལ་མདུང་ཐུང་གིས་ཀྱང་མི་བཟློག་པར་འབད་དོ། །ཐོས་པ་མང་དུ་བསོག་པ་དང་། ཐོས་པ་མང་དུ་འཛིན་པ་དང་། ཆོས་ཀྱི་དོན་ཤེས་པ་དང་། དེ་ཉིད་སྤྱོད་པ་དང་ལྡན་པ་དང་། གཞན་ཡང་དེ་ལྟ་བུ་ལ་བརྟེན་པ་དང་། དེ་ལྟ་བུ་ལ་བསྙེན་བཀུར་བྱེད་པའོ། །ཞེས་སོ། །ཆེད་དུ་བྱ་བའི་ཁྱད་པར་དྲུག་ནི། དེ་ཉིད་ལས། དགེ་བའི་རྩ་བ་ཐམས་ཅད་ཤེས་པར་བྱ་བ་དང་། ཤེས་ནས་དེ་དག་ཚུལ་བཞིན་དུ་བསྒྲུབ་པ་དང་། སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད་པ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བ་དང་། དཀོན་མཆོག་གསུམ་གྱི་གདུང་མི་གཅད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྟེ། ཆེད་དུ་བྱ་བ་དེ་ལྟ་བུ་དང་ལྡན་པར་བྱའོ། །ཞེས་དང་། དགོས་པ་དྲུག་སྒྲུབ་པ་ནི། འོད་སྲུང་གིས་ཞུས་པ་ལས། ཐོས་ནས་ཆོས་ཀྱི་བྱེ་བྲག་ཤེས་པར་བྱ་བའི་དགོས་པ་དང་། དེ་བཞིན་དུ། ཤེས་ནས་བྱ་བ་མ་ཡིན་པ་མི་བྱེད་པའི། གཞན་ལའང་དེ་ལྟར་བསྟན་པའི། དེ་ལྟར་བསྟན་པས་རང་དང་གཞན་གྱིས་རྣམ་པར་གྲོལ་བ་ཐོབ་པའི། རང་དང་གཞན་གྱིས་ཤེས་རབ་སྦྱོང་བའི་དགོས་པ་དང་། ཕྱོགས་བཞི་ནས་ལྷགས་པ་རྣམས་ཀྱི་ཐེ་ཚོམ་གཅོད་པའི་དགོས་པ་སྟེ། དེ་ལྟར་དྲུག་གིས་ཉན་པ་ལ་བརྩོན་པར་བྱའོ། །ཞེས་སོ། །འཚོལ་བ་དྲུག་ནི། ཤིན་ཏུ་རྒྱས་པ་ཆེན་པོ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། གཡོ་དང་སྒྱུ་མེད་པར་བསམ་པ་ཐག་པ་ནས་ཆོས་འཚོལ་བ་དང་། དེ་བཞིན་དུ། རང་གི་ཆེད་མ་ཡིན་པར་ཀུན་ལ་ཕན་པའི་ཆེད་དུ། རྙེད་པ་དང་བཀུར་སྟི་མི་འདོད་པར་འགྲོ་བའི་ཉོན་མོངས་པ་སྤོང་བར་འདོད་པས། གཟུ་ལུམ་མ་ཡིན་པར་ཤེས་རབ་ཀྱི་འཇུག་པས། ཡིད་གཉིས་མེད་པར་ཀུན་གྱི་ཐེ་ཚོམ་གཅོད་པའི་ཕྱིར་འཚོལ་བ་དང་། རློམ་སེམས་དང་འདོད་པ་མེད་པར་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱ་བའི་ཕྱིར་འཚོལ་བ་སྟེ། ཡོངས་སུ་འཚོལ་བ་དེ་ལྟ་བུས་བཙལ་བར་བྱའོ། །ཞེས་སོ། །གཉིས་པ་ཡང་དག་པའི་འདུ་ཤེས་བཞི་བསྟེན་པ་ནི། འཕགས་པ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་སོགས་དཔེ་དུ་མའི་སྒོ་ནས་རྒྱ་ཆེར་གསུངས་པ་བཞིན་ནོ། །གསུམ་པ་ཕར་ཕྱིན་དྲུག་དང་ལྡན་པར་བྱ་བ་ནི། ཀུན་མཁྱེན་བླ་མས། མེ་ཏོག་སྟན་སོགས་འབུལ་བ་སྦྱིན་པ་སྟེ། །སྒོ་གསུམ་རབ་བསྡམས་ཚུལ་ཁྲིམས་ཕ་རོལ་ཕྱིན། །གནོད་པ་བཟོད་པ་སྤྲོ་བ་བརྩོན་འགྲུས་ཏེ། །མ་ཡེངས་ཐོས་པ་འཛིན་པ་བསམ་གཏན་ཉིད། །ཐེ་ཚོམ་སྒྲོ་འདོགས་གཅོད་པ་ཤེས་རབ་མཆོག །ཅེས་གསུངས་པས། ཆོས་ཉན་པའི་ཚེ་བླ་མའི་ཆོས་ཀྱི་ཁྲི་སྟན་བཤམས་པ་དང་། མེ་ཏོག་ལ་སོགས་པའི་མཆོད་པས་བརྒྱན་ཅིང་མཎྜལ་འབུལ་བ་སོགས་སྦྱིན་པ། རང་གི་སྒོ་གསུམ་བསྡམས་ཤིང་ཕྱོགས་དེའི་སྲོག་ཆགས་ཕྲ་མོ་ལྗི་ཤིག་ཚུན་ཆད་ལ་འཚེ་བ་སྤོང་བ་ཚུལ་ཁྲིམས། ཚ་གྲང་སོགས་བཟོད་པ་ནི་བཟོད་པ། བླ་མ་ལ་གསོལ་བ་འདེབས་ཤིང་ཉན་པ་ལ་སྤྲོ་བ་བརྩོན་འགྲུས། སེམས་མ་ཡེངས་པར་རྩེ་གཅིག་ཏུ་ཉན་པ་བསམ་གཏན། ཐོས་པའི་དོན་ལ་ཐེ་ཚོམ་དང་སྒྲོ་འདོགས་གཅོད་པ་ཤེས་རབ། དེ་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་མཉན་པར་བྱའོ། །བཞི་པ་སྤྱོད་ལམ་གཞན་བསྟན་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དེ་ཡང་རྣམ་གཡེང་འདུ་འཛིན་རྣམ་སྤངས་ལ། །ཆོས་ཀྱི་མཆོད་པ་དངོས་དང་ཡིད་མཆོད་ནས། །ཕྱག་འཚལ་དྲང་པོར་འདུག་སྟེ་ཐལ་མོ་སྦྱར། །མ་ཡེངས་གུས་པའི་ཚུལ་གྱིས་མཉན་པར་བྱ། །ཞེས་གསུངས་ཏེ། དེ་ལ་རྣམ་གཡེང་དང་འདུ་འཛི་ནི། འཇིག་རྟེན་གྱི་ཚོང་ལ་སོགས་པ་ནི་སྒོ་གསུམ་རྣམ་པར་གཡེང་བ་ཡིན་ལ། འཁོར་དང་ལོངས་སྤྱོད་ནང་དུ་འདུ་བ་དང་། དེའི་དབང་དུ་སོང་བས་སྒོ་གསུམ་བྲེལ་བས་འཛི་བ་དང་འཛིངས་པ་ཞེས་བྱ་སྟེ། དེ་དག་སྤངས་ནས། ཆོས་ལ་བར་དུ་གཅོད་པའི་སྐྱོན་མེད་པའི་ཕྱོགས་སུ་ཆོས་འཆད་པ་པོ་ལ་སེང་གེའི་ཁྲི་བཤམས་ཏེ། དར་ཟབ་ལ་སོགས་པའི་གདན་ལ་བཞུགས་སུ་གསོལ་ནས། ཕྱག་འཚལ་བ་དང་། སྤོས་དང་མེ་ཏོག་མར་མེ་ལ་སོགས་པ་དངོས་སུ་བཤམས་ཤིང་མཆོད་པ་དང་། ནམ་མཁའི་དབྱིངས་སུ་བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བའི་མཆོད་པའི་སྤྲིན་ཕུང་འཁྲིགས་པར་བསམ་ལ་འབུལ་ཞིང་། རང་གི་སྒེག་ཆོས་གདུགས་དང་། འཁར་བ་དང་། མཚོན་ཆ་དང་། མགོ་གཡོགས་པ་དང་། མཆིལ་ལྷྭམ་གྱོན་པ་རྣམས་སྤངས་ལ། རྒྱབ་དང་ཟུར་གྱིས་བལྟ་བ་རྣམས་མ་ཡིན་པར་སྐྱིལ་ཀྲུང་ཕྱེད་པའམ་ཙོག་པུར་འདུག་ལ། མིག་ཕབ་ཐལ་མོ་སྦྱོར་ཏེ་འཁོད་པར་བྱའོ། །ཆོས་ལས་སེམས་གཞན་དུ་མ་ཡེངས་པར་ཉན་ཞིང་ཆོས་དང་བླ་མ་ལ་གུས་ཤིང་དགའ་སྤྲོ་དང་བཅས་པས་ཉན་ཏེ། སྡུད་པ་ལས། དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་སྟེ། །སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། །འགྲོ་དོན་མངོན་ཞུགས་ངེས་པའི་ཤེས་རབ་ཕ་རོལ་ཕྱིན། །གང་ལ་དཔའ་རྣམས་སྤྱོད་པ་དེ་ནི་མཉན་པར་གྱིས། །ཞེས་སོ། །དེ་ལས་གཞན་དུ་འཆད་པ་པོ་འདིས་ཆོས་མི་ཤེས་ཀྱི། རིགས་ངན་པ་དང་། ལོངས་སྤྱོད་ཆུང་བ་དང་། ཉོན་མོངས་པ་རགས་པ་དང་། ཁྲོ་བ་དང་། གཏུམ་པ་དང་། ངག་མི་སྙན་པ་དང་། ཆས་གོས་ངན་པ་དང་། དབུལ་ཞིང་ཕོངས་པ་དང་། འཁོར་ངན་པ་ལ་སོགས་པར་སེམས་པ་སྐད་ཅིག་ཀྱང་བསྐྱེད་པར་མི་བྱའོ། །དེ་ལྟར་སེམས་པ་བྱུང་ན་བཤགས་བསྡམ་བྱ་ཞིང་། བཀའ་དྲིན་ལ་བསམས་ནས་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ཉན་པའི་ཚེ་ཏིང་ངེ་འཛིན་ནི་འཆད་པ་པོའི་ཞལ་ནས་ཆོས་ཀྱི་འོད་ཟེར་བྱུང་། རང་རང་གི་སྙིང་ནང་དུ་ཕོག་པས། མ་རིག་པའི་མུན་པ་སངས་ཤིང་བློ་གྲོས་ཀྱི་པདྨོ་རྒྱས་པར་བསམ་པ་ནི་གདམས་ངག་ཡིན་ནོ་གསུངས་སོ། །གཉིས་པ་འཆད་པ་པོ་སློབ་དཔོན་གྱི་ཀུན་སྤྱོད་ནི། དམ་ཆོས་པད་དཀར་ལས། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །མཛེས་པའི་ཁྲི་སྟན་ལེགས་པར་བཤམས་ནས་ནི། །གོས་བཟང་ཡིད་འོང་གཙང་མ་རྣམས་བགོས་ཏེ། །བཅོས་མའི་རས་སོགས་རྣམ་པ་མང་བཏིང་ནས། །རྐང་རྟེན་བཅས་པའི་ཁྲི་ལ་འདུག་ནས་ནི། །རྩེ་གཅིག་ཉན་པའི་འཁོར་གྱི་ཚོགས་ནང་དུ། །ཟང་ཟིང་རྙེད་དང་གྲགས་ལ་མི་སེམས་པར། །བྱམས་པའི་སེམས་ཀྱིས་ལེ་ལོ་མེད་པར་སྟོན། །ཞེས་གསུངས་པས། ཐོག་མར་ཆོས་སྨྲ་བ་པོ་རང་ཉིད་ཁྲུས་བྱ་ཞིང་། ཆོས་གོས་སོགས་ལེགས་པར་བགོ གཙང་སྦྲའི་ཀུན་སྤྱོད་དང་ལྡན་པས་ཆོས་ཀྱི་ཁྲི་ལ་འདུག་སྟེ་སྐྱིལ་མོ་ཀྲུང་བཅས་ནས། ཡན་ལག་བདུན་པ་སོགས་དབྱངས་དང་བཅས་པས་དབུལ་ཞིང་། བདུད་ཚར་གཅོད་ཀྱི་སྔགས་དང་། ཉན་པར་བསྐུལ་བ་སོགས་སྔོན་དུ་འགྲོ་བས། རྙེད་བཀུར་སོགས་ཟང་ཟིང་གི་བསམ་པས་མ་ཡིན་པར། སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་མིག་རྙེད་པར་བྱ། ཡེ་ཤེས་ཀྱི་སྒྲོན་མེ་སྦར་བར་བྱ། སངས་རྒྱས་ཀྱི་ཆོས་ཡུན་རིང་དུ་གནས་པར་བྱ་སྙམ་དུ་དྲན་པས་རང་ཉིད་བསྐྱེད་རྫོགས་ཀྱི་དོན་གསལ་བཏབ་སྟེ་བཤད་དོ། །འཆད་ཚུལ་ཡང་། ཀུན་མཁྱེན་བླ་མས། ཆོས་ཀྱི་ཚིག་དོན་ནོར་འཁྲུལ་སྐྱོན་མེད་པར། །དོན་གསལ་དབྱངས་སྙན་མོས་པ་ཇི་བཞིན་བཤད། །དབྱངས་དེས་འཇིག་རྟེན་ཁམས་ཀུན་ཁྱབ་གྱུར་ཏེ། །སེམས་ཅན་ཀུན་ཐོས་མ་རིག་སངས་པར་བསམ། །ཞེས་གསུངས་པས། ཆོས་ཀྱི་སྒྲ་དབྱངས་ཡན་ལག་དྲུག་ཅུ་པར་གྱུར་པ་དེས་འཇིག་རྟེན་གྱི་ཁམས་ཀུན་ཁྱབ་ཅིང་སེམས་ཅན་ཐམས་ཅད་ཀྱིས་ཐོས་པས་མ་རིག་པའི་མུན་པ་སངས་ཏེ། ཐམས་ཅད་ཀྱིས་ཆོས་སྒོའི་གཟུངས་དང་སྤོབས་པ་དང་ཏིང་འཛིན་ཐོབ་པར་བསམ་ཞིང་ཆོས་ཀྱི་ཚིག་འབྲུ་གསལ་དག་སྙན་པས་རྒྱས་བསྡུས་འཚམ་ཤིང་གདུལ་བྱར་གོ་སླ་ལ་ཐེ་ཚོམ་ཆོད་པར་རང་རང་གི་བློ་དང་སྐལ་བ་འཚམ་པར་བཤད་དེ། སྤྱོད་འཇུག་ལས། དམན་ལ་མཆོག་གི་ཆོས་མི་བསྟན། །རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་སོ། །དེས་ན་ཨ་ཏི་བཀོད་པ་ཆེན་པོ་ལས། དམན་པ་གསུམ་ལ་བསྟན་པ་ནི། །འདུལ་བ་མདོ་སྡེ་མངོན་པ་སྟེ། །འབྲིང་པོ་གསུམ་ལ་ངེས་བསྟན་པ། །ཀྲཱི་ཡ་ཡོ་ག་ཨུ་པའོ། །ཆེན་པོ་རིམ་ལྡན་གསུམ་དག་ལ། །བསྐྱེད་དང་རྫོགས་པ་ཆེན་པོར་བསྟན། །ཞེས་གསུངས་པ་བཞིན་དབང་པོའི་རིམ་པ་དང་འཚམས་པར་བསྟན་ཞིང་། ཁྱད་པར་དུ་སློབ་མ་ངེས་འབྱུང་ཅན་སྒྲུབ་པ་སྙིང་པོར་བྱེད་པ་རྣམས་ལ། ཚིག་ཉུང་ལ་དོན་འདྲིལ་བས་མྱུར་དུ་ཐར་པར་བགྲོད་པའི་གནད་ཟབ་མོ་རྣམས་བཤད་དེ། ཚེ་ཡུན་ཐུང་བ་དང་། ཚིག་ཐ་སྙད་མང་བ་དང་། གང་ལའང་སྙིང་པོ་མེད་པའི་ཕྱིར་ཏེ། དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པ་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་གྱིས། །ཞེས་དང་། འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམས་ཀྱང་ཕན་པར་མི་གདའ་བས། །རང་གི་སེམས་ལ་ལྟ་བ་གོམས་པར་གྱིས། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་དམ་ཆོས་ལེགས་པར་བཤད་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་ཏེ། ཀུན་མཁྱེན་བླ་མས། དེ་ཚེ་འཆད་པའི་ཕ་རོལ་ཕྱིན་དྲུག་ནི། །ཚིག་དོན་ལེགས་བཤད་ཆོས་ཀྱི་སྦྱིན་པ་སྟེ། །ཉོན་མོངས་མེད་བཤད་ཚུལ་ཁྲིམས་ཕ་རོལ་ཕྱིན། །སྐྱོ་ངལ་བཟོད་པ་སྤྲོ་བས་བརྩོན་འགྲུས་ཏེ། །མ་ཡེངས་བསམ་གཏན་འབྱེད་པ་ཤེས་རབ་བོ། །ཞེས་གསུངས་ཏེ། ཆོས་ཀྱི་ཚིག་དོན་ལེགས་པར་བཤད་པ་སྦྱིན་པ། ཉོན་མོངས་ཆགས་སྡང་སོགས་དང་མ་འདྲེས་པར་འཆད་ཅིང་ངག་གི་ཉེས་སྤྱོད་སྡོམ་པས་ཚུལ་ཁྲིམས། འཆད་ཚེ་སྐྱོ་ངལ་བཀྲེས་སྐོམ་ཚ་གྲང་སོགས་བཟོད་པས་བཟོད་པ། འཆད་པ་ལ་མི་སྐྱོ་ཞིང་སྤྲོ་བས་བརྩོན་འགྲུས། སེམས་གཞན་དུ་མ་ཡེངས་པར་འཆད་པས་བསམ་གཏན། གང་བཤད་བྱའི་གནས་སོ་སོར་འབྱེད་པ་དང་རང་བཞིན་མེད་པར་རྟོགས་ཤིང་ཆོས་འཆད་དུས་ན་རྨི་ལམ་དང་སྒྱུ་མ་ལྟ་བུར་ཤེས་པ་ཤེས་རབ་སྟེ། དེས་ན་དམ་ཆོས་ལེགས་པར་བཤད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པར་འགྱུར་རོ། །གསུམ་པ་ནི། བླ་སློབ་གཉིས་ཀས་འཆད་ཉན་ལེགས་པར་ཟིན་པ་ན། སྒྱུ་མ་ལྟ་བུའི་ངང་ནས། བདག་དང་། ཉན་པ་པོ་དང་། ཆོས་རྣམས་སྣང་ལ་རང་བཞིན་མེད་པར་ཤེས་པར་བྱས་ལ། སྦྱིན་པ་རྒྱ་ཆེན་སོགས་དང་། རིན་ཆེན་དགེ་ཚོགས་སོགས་ཀྱིས་དགེ་བ་བསྔོ་ཞིང་། དམ་པའི་ཆོས་ལ་སྤྱད་དུ་ཡོད་པ་འདི་བླ་མ་དགེ་བའི་བཤེས་གཉེན་ལས་བྱུང་བས། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་བཀའ་དྲིན་ཆེ་སྙམ་པ་དང་། ཆོས་ནི་སངས་རྒྱས་ཀྱི་གསུང་ཡིན་པས་སངས་རྒྱས་བཀའ་དྲིན་ཆེ་སྙམ་པ་དང་། གྲོགས་དམ་པ་རྣམས་དང་ལྷན་ཅིག་ཐོས་པས་དགེ་བ་ལ་འདུན་པའི་གྲོགས་རྣམས་བཀའ་དྲིན་ཆེ་སྙམ་པ་དང་། ཆོས་ལ་བར་ཆད་མེད་པ་འདི་མཁའ་འགྲོ་དམ་ཅན་རྒྱ་མཚོའི་དྲིན་ཡིན་པས་སྲུང་མ་དམ་ཅན་རྒྱ་མཚོ་རྣམས་བཀའ་དྲིན་ཆེ་སྙམ་པ་དང་། ཆོས་ལ་སྤྱོད་པའི་ལུས་གསོ་སྐྱེད་བྱེད་པའི་ཕ་མ་བཀའ་དྲིན་ཆེ་སྙམ་པ་དང་། ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་དམ་པའི་བཀའ་དྲིན་ཡིན་པས། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་བཀའ་དྲིན་ཆེ་བས་ཡུན་རིང་དུ་གནས་པར་གྱུར་ཅིག་སྙམ་དུ་བསམ་པར་བྱ་བའོ། །གསུམ་པ་ཞར་བྱུང་ཕན་ཡོན་གྱི་སྒོ་ནས་སྤྲོ་བ་བསྐྱེད་པ་ལ་གཉིས་ལས། དང་པོ་འཆད་པ་པོ་སློབ་དཔོན་གྱིས་ཐོབ་པའི་ཕན་ཡོན་ནི། ཀུན་མཁྱེན་བླ་མས། དེ་ཡི་ཕན་ཡོན་དྲན་དང་ཏིང་འཛིན་དང་། །ཉོན་མོངས་རྙོག་བྲལ་སྤོབས་པ་ཟད་མི་ཤེས། །ཆོས་མཛོད་འཛིན་དང་བདེ་གཤེགས་ཆོས་ཐོས་ནས། །ལྷ་མིས་བསྟོད་ཅིང་གྲགས་དང་བསམ་པ་འགྲུབ། །ཚེ་རབས་ཀུན་ཏུ་ཆོས་དང་མི་འབྲལ་ཞིང་། །མྱུར་དུ་བདེ་གཤེགས་ཆོས་ཆར་འབེབས་པ་ཐོབ། །ཅེས་གསུངས་པས། ཟང་ཟིང་མེད་པའི་སེམས་ཀྱིས་དམ་པའི་ཆོས་ལེགས་པར་བཤད་ན། དྲན་པ་དང་། ཏིང་ངེ་འཛིན་དང་། སྤོབས་པ་དང་། ཉོན་མོངས་པ་ལས་རྣམ་པར་གྲོལ་བ་དང་། ཆོས་ཀྱི་མཛོད་འཛིན་པ་དང་། སངས་རྒྱས་ལས་ཆོས་ཐོས་པ་དང་། ལྷ་དང་མིའི་ཚོགས་ཀྱིས་བསྟོད་ཅིང་འདུན་པ་དང་། ལེགས་དགུའི་བསམ་པ་ཐམས་ཅད་འགྲུབ་པ་དང་། ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་དང་མི་འབྲལ་བ་དང་། མྱུར་དུ་སངས་རྒྱས་ནས་ཆོས་ཀྱི་ཆར་ཆེན་པོས་གདུལ་བྱ་སྨིན་པར་བྱེད་པ་དང་། རང་གཞན་གྱི་དོན་ཐམས་ཅད་འགྲུབ་པར་འགྱུར་བ་སོགས་ཕན་ཡོན་ཚད་མེད་དེ། རབ་ཞི་རྣམ་ངེས་ཀྱི་མདོ་ལས། ཤེས་རབ་རྣོ་བ། སྤོབས་པ་མི་ཟད་པ། འཁོར་ལོས་སྒྱུར་བ་དང་། བརྒྱ་བྱིན་དང་ཚངས་པའི་རྫུ་འཕྲུལ་ཐོབ་པ་དང་། བླ་ན་མེད་པའི་སངས་རྒྱས་སུ་འགྱུར་བ་རྣམས་གསུངས་ཤིང་། ནམ་མཁའ་མཛོད་ཀྱི་མདོ་ལས། སྐྱེ་བོ་མང་པོ་དགའ་བ། ཆོས་སྲུང་རྣམས་ཀྱིས་བསྲུང་བ། ལྷ་རྣམས་ཀྱིས་བསྟོད་པ། མི་མ་ཡིན་གྱི་གནོད་པས་མི་བརྫི་བ། དམ་པའི་ཆོས་བསྲུང་བ། ཕྱོགས་བཅུར་སྙན་པས་གྲགས་པ། བདེ་བར་གཤེགས་པ་རྣམས་ཀྱིས་བསྔགས་པ། ཆོས་གོས་ལ་སོགས་པ་རྙེད་པ། ལས་བྱས་ནས་བསོད་སྙོམས་ཟ་བ། བློ་གྲོས་དང་རྟོགས་པ་ལྡན་པ། དུག་གསུམ་ཆུང་བ། རང་གཞན་གྱི་ཉོན་མོངས་པ་ཚར་གཅོད་པ། སངས་རྒྱས་ཀྱི་ཆོས་འཛིན་པ། ངན་སོང་གི་འཇིགས་པ་མེད་པ། དཀའ་བ་མེད་པར་ལྷ་དང་མིར་སྐྱེ་བ། སྐྱེ་བ་དྲན་པ། ཞིང་དག་པར་སྐྱེ་བ། དབང་པོ་ཚང་བ། དཀོན་མཆོག་གསུམ་དང་མི་འབྲལ་བ། སྤོབས་པ་མི་ཟད་པའི་རྒྱུ་འཛིན་པ། གཟི་བརྗིད་ཅན་གྱི་གཟུངས་ཐོབ་པ། སྐྱེ་བོ་མཁས་པའི་གཡོག་བྱེད་པ། ཤེས་རབ་ཆེན་པོའི་རྒྱུད་འཛིན་པ། མྱུར་དུ་ཆོས་ཀྱི་སྣང་བ་ཐོབ་པ། ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་མི་འབྱུང་བ། ཟང་ཟིང་གི་སྦྱིན་པ་ཐམས་ཅད་ཟིལ་གྱིས་གནོན་པ། མཚན་སུམ་ཅུ་རྩ་གཉིས་ཐོབ་པ། ཆོས་ཀྱི་གཏེར་མི་ཟད་པ་ཡོངས་སུ་འཛིན་པ་རྣམས་གསུངས་ཤིང་། གཞན་ཡང་ལྷག་བསམ་བསྐུལ་བའི་མདོ་ལས་ཆོས་བཤད་པའི་ཕན་ཡོན་ཉི་ཤུ་དང་། ཏིང་འཛིན་རྒྱལ་པོ་ལས་ཕན་ཡོན་བཅུ་གསུངས་པས་མཚོན་མཐའ་ཡས་ཏེ། གསང་སྔགས་ཀྱི་ལྷའི་མཚན་དང་གཟུངས་སྔགས་ཁྱད་པར་ཅན་རེ་རེ་ཙམ་གཞན་གྱི་རྣ་བར་བསྒྲགས་པས་ཀྱང་བསྐལ་པ་མང་པོའི་སྒྲིབ་པ་དག་པ་དང་ཚོགས་རྫོགས་པ་སོགས་བསམ་གྱིས་མི་ཁྱབ་སྟེ། མདོར་ན་ཤེར་ཕྱིན་སྡུད་པ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་བསྒོམ་སྟེ། །དེ་ལས་ལངས་ནས་གོས་པ་མེད་པའི་ཆོས་བརྗོད་ཅིང་། །དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་རྒྱུར་བསྔོ་ན། །དགེ་བ་དེ་དང་མཉམ་པ་འཇིག་རྟེན་གསུམ་ན་མེད། །ཅེས་དང་། རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པ་ལས། ང་ནི་འདས་ནས་གཤེགས་ཕྱིན་ན། །མི་ཡི་ནང་ན་ལ་ལ་ཞིག །སེམས་ཅན་རྣམ་པ་ཐམས་ཅད་ལ། །བདེ་གཤེགས་སྙིང་པོ་ཉིད་ཡོད་ཅེས། །མོས་པ་རྣམ་དག་བྱེད་ནུས་པ། །སངས་རྒྱས་བཀའ་དྲིན་འཚོབ་པ་ཡིན། །ཞེས་དང་། མདོ་གཞན་ལས་ཀྱང་། ལེགས་སོ་ལེགས་སོ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན། །ལེགས་བརྗོད་གར་བགྱིད་དེ་བཞིན་གཤེགས་པའི་སྙིང་པོ་ཐོས། །དེ་དག་འཇིག་རྟེན་དུ་ནི་འཁོར་མོར་མི་གཅིག་པུ། །ཕྱིས་དུས་སངས་རྒྱས་འགྱུར་ཞེས་དེ་བཞིན་གཤེགས་པས་གསུངས། །ཞེས་དང་། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པ་ནི། ཉོན་མོངས་པ་དང་བཅས་པའམ། ཉོན་མོངས་པ་མེད་པའམ་གང་ཡང་རུང་སྟེ། དེ་ཉིད་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཞེས་དང་། ཧེ་རུ་ཀ་གལ་པོ་ལས། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །རྣལ་འབྱོར་འདིར་གྱུར་ཕྱིན་ཆད་ནི། །ཀློག་གམ་ཡང་ན་སེམས་ཀྱང་རུང་། །དེ་ཡང་རྡོ་རྗེ་འཛིན་འདྲར་འགྱུར། །ཞེས་གསུངས་པས་མཚོན་ཞིབ་པར་གཞན་དུ་ཤེས་སོ། །གཉིས་པ་ཉན་པ་པོ་སློབ་མས་ཐོབ་པའི་ཕན་ཡོན་ཡང་། ཀུན་མཁྱེན་བླ་མས། དེ་ཡི་ཕན་ཡོན་ཤིན་ཏུ་ཚད་མེད་དེ། །ཆོས་རྔ་བསྒྲགས་པ་ཐོས་པའི་སེམས་ཅན་ཡང་། །ངན་སོང་རྣམ་གྲོལ་ཉན་པ་སྨོས་ཅི་འཚལ། །ཤེས་རབ་ཏིང་འཛིན་དྲན་པའི་གཟུངས་ཐོབ་ཅིང་། །སྤང་བླང་མཚམས་བྱེད་དགེ་འཕེལ་སྡིག་ཀུན་སྲབ། །ལྷ་མིས་བསྟོད་ཅིང་མ་རིག་མུན་པ་སངས། །པདྨའི་སྟེང་མཛེས་རྒྱ་ཆེན་ཆོས་ཐོས་ཤིང་། །མྱུར་དུ་ཆོས་རྒྱལ་མྱ་ངན་མེད་ཐོབ་འགྱུར། །ཞེས་གསུངས་པས། རྣམ་གྲོལ་དང་། ཤེས་རབ་དང་། ཏིང་འཛིན་དང་། ཆོས་ཀྱི་རྒྱུན་ལ་སོགས་པའི་གཟུངས་དང་། སྤང་བླང་གི་མཚམས་ཕྱེད་པ་དང་། དགེ་བ་འཕེལ་ཞིང་མི་དགེ་བ་སྲབ་པ་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྟོད་ཅིང་འདུན་པ་དང་། མ་རིག་པའི་མུན་པ་སངས་པ་དང་། ཤི་འཕོས་ནས་ཀྱང་དག་པའི་ཞིང་ཁམས་སུ་པདྨོ་ལ་བརྫུས་ཏེ་སྐྱེ་བ་དང་། སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་ལས་ཆོས་ཐོས་པ་དང་། མྱུར་དུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་པ་སོགས་ཕན་ཡོན་ཚད་མེད་དེ། སྲེད་མེད་བུས་ཞུས་པའི་མདོ་ལས། ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བ་དང་། ཤེས་རབ་དང་ལྡན་ན་ཉོན་མོངས་པ་ཞི་བ་དང་། ཉོན་མོངས་པ་མེད་ན་བདུད་ཀྱིས་གླགས་མི་རྙེད་པར་གསུངས་པ་དང་། སྒྱུ་མ་མཁན་རབ་བཟང་གིས་ཞུས་པའི་མདོ་ལས། རང་གཞན་གྱི་ཤེས་རབ་སྦྱོང་བ། གདུལ་བྱ་རྣམས་ཀྱི་ཐེ་ཚོམ་གཅོད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྔགས་པ། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་བཞིར་གསུངས་པ་དང་། ཆེད་དུ་བརྗོད་པའི་ཚོམ་སོགས་ལས་ཀྱང་ཐོས་པའི་བསྔགས་པ་རྒྱ་ཆེར་གསུངས་ཤིང་། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལས། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས་མོས་པའི་སེམས་ཅན་དེ་དག་ནི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་ལགས་སོ། །བྱང་ཆུབ་ལ་ཉེ་བར་གྱུར་པ་དང་། དེ་དག་ནི་སངས་རྒྱས་ཉིད་དུ་བལྟ་བར་བྱའོ། །ཞེས་དང་། བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། བདག་ཏུ་ལྟ་བ་ཐམས་ཅད་ཀྱིས་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་འཁོར་དང་བཅས་པ་ལ་ཇི་སྲིད་འཚོ་བའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་བས། ཆོས་ཟབ་མོ་སྟོང་པ་ཉིད་དང་མཚན་མ་མེད་པའི་སྒོའི་རྣམ་གྲངས་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ཐོས་ནས་དད་པ་བྱེད་པ་ཕན་ཡོན་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། འདིས་ནི་ཆོས་ཟབ་མོ་སྤངས་པས་དམྱལ་བར་ལྟུང་བ་དེ་ཡང་ཆེས་མྱུར་དུ་ལྡང་ཞིང་ཐར་བར་འགྱུར་ལ། ཐོས་པ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་བ་དང་འདྲའོ། །ཞེས་དང་། ཕལ་པོ་ཆེའི་དྲང་སྲོང་བླ་མའི་རབས་ལས། བྱང་ཆུབ་སེམས་དཔའ་ཆོས་འདོད་པ་དང་། བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ལ། འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་སངས་རྒྱས་རྣམས་ཀྱང་ཞལ་ཉེ་བར་སྟོན་ཅིང་ཆོས་ཐོས་པར་མཛད་དོ། །བྱང་ཆུབ་སེམས་དཔའ་ཆོས་འདོད་པ་དྲི་མ་མེད་པའི་གཟི་བརྗིད་ཅན་རྣམས་ནི་ཆོས་ཀྱི་གཏེར་རིའི་སུལ་དང་། ཤིང་གི་ནང་དུ་བཅུག་པའི་ཆོས་ཀྱི་སྒོ་གླེགས་བམ་དུ་གྱུར་པ་མཐའ་ཡས་པ་དག་ཀྱང་ལག་མཐིལ་དུ་གནས་པར་འགྱུར་རོ། །དེ་བཞིན་དུ་དེ་དག་ལ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་སྤོབས་པ་ཉེ་བར་བསྒྲུབ་པ་དང་། ཚེ་ཟད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་དང་ལྷ་རྣམས་ཀྱིས་སྟོབས་ཉེ་བར་བསྒྲུབ་པ་དང་། རྒྱུ་དེས་འདོད་ན་ལོ་སྟོང་དུ་ཡང་གནས་པ་དང་། བསྐལ་པའང་ཇི་སྙེད་འདོད་པ་སྲིད་དུ་གནས་པ་དང་། བདེ་བར་གཤེགས་པ་རྣམས་ཀྱིས་དགའ་བ་སྤེལ་བ་དང་། ནད་སེལ་བ་དང་། དྲན་པ་ཉེ་བར་བསྒྲུབ་པ་དང་། རྟོགས་པ་དང་། བློ་གྲོས་དང་། སྤོབས་པ་ཡང་ཉེ་བར་བསྒྲུབ་པ་དང་ལྟ་བ་ལོག་པ་ཡང་སེལ་བ་དང་། ཡང་དག་པའི་ལྟ་བ་ཉེ་བར་བསྒྲུབ་པ་དང་། ཕ་རོལ་གྱི་གནོད་པས་འཇིགས་པ་ཐམས་ཅད་མི་འབྱུང་ངོ་། །དེས་ན་བྱང་ཆུབ་སེམས་དཔའ་དེས་ཐོས་པའི་ཚོགས་ལ་མངོན་པར་བརྩོན་པར་བྱའོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། མདོ་སྡེ་དམ་པ་འདི་ཐོས་ནས། །མ་འོངས་པ་ཡི་བསྐལ་པ་ནི། །གྲངས་མེད་བདུན་ཅུ་རྩ་གསུམ་དུ། །ངན་འགྲོ་རྣམས་སུ་ལྟུང་མི་སྲིད། །བསྟན་པ་ཟད་དུས་ཉེ་བའི་ཚེ། །གང་གིས་མདོ་སྡེ་འདི་བཟུང་ནས། །མྱུར་དུ་སྤོབས་པ་ཐོབ་པར་འགྱུར། །ཚིགས་བཅད་གཅིག་ཙམ་བཟུང་བས་ཀྱང་། །བསོད་ནམས་ཕུང་པོ་དཔག་ཡས་ན། །ཉན་པར་འདོད་པས་མདོ་སྡེ་ཡང་། །ཐམས་ཅད་བཟུང་བ་ཅི་ཞིག་སྨོས། །སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ། །ཅེས་དང་། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་ལས། ང་ཡང་སྔོན་དུ་སྤྱད་པ་སྤྱོད་པའི་ཚེ། །བདེ་བར་གཤེགས་པ་སེང་གེའི་རྒྱལ་མཚན་ལས། །མདོ་སྡེ་འདི་ཡི་མིང་ནི་ཐོས་པར་གྱུར། །གུས་པར་བྱས་ཏེ་ཐོས་ནས་ཐལ་མོ་སྦྱར། །ང་ནི་ལེགས་པར་བྱས་པའི་ལས་དེ་ཡིས། །བྱང་ཆུབ་དམ་པ་མྱུར་དུ་ཐོབ་པར་གྱུར། །དེ་བས་བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱིས། །རྟག་ཏུ་མདོ་སྡེ་མཆོག་འདི་བཟུང་བར་གྱིས། །ཞེས་དང་། གསང་སྙིང་ལས། གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་སོགས་མདོ་རྒྱུད་ཀུན་ནས་རྒྱ་ཆེར་གསུངས་པ་ཡིན་ནོ། །སྐྱོབ་པ་མཆོག་དེས་གྲངས་མེད་བསྐལ་པ་རུ། །སྐུ་སྲོག་བྱེ་བ་བཏང་ནས་བཙལ་བའི་དངོས། །དམ་ཆོས་རིན་ཆེན་མཛོད་ཁང་འདི་ཡིན་པས། །གུས་པས་འཆད་ཉན་མཛོད་ཅིག་ཤེས་ལྡན་རྣམས། །ཐོག་མར་དགེ་བ་ཉན་འཆད་ཇི་ལྟར་བྱ་བའི་སྐབས་སོ། །གཉིས་པ་བར་དུ་དགེ་བ་ཐུན་མོང་བློ་ལྡོག་རྣམ་བཞིས་རང་རྒྱུད་སྦྱོང་བ་ལའང་གཉིས། ཐུན་ལ་འཇུག་པའི་སྔོན་འགྲོ་དང་། བྱེ་བྲག་སོ་སོར་བསྒོམ་པའོ། །དང་པོ་ནི། ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ་དང་མཚན་མོ་སྒྲའི་ཀློག་སྦྱོར་ལ་སོགས་པ་བསམ་གཏན་གྱི་ཚེར་མ་མི་འབྱུང་བའི་གནས་དབེན་པར་བདེ་བའི་སྟན་ལ་ལུས་གནད་རྣམ་སྣང་ཆོས་བདུན་བཅའ་སྟེ། དེ་ཡང་རྐང་པ་གཉིས་གཡོན་འོག་དང་གཡས་སྟེང་དུ་བྱས་པའི་རྡོ་རྗེ་སྐྱིལ་ཀྲུང་བཅའ། ལག་གཉིས་མཐེ་བོང་གིས་སྲིན་རྩ་མནན་ཏེ་ཁུ་ཚུར་བརྐྱངས་པ་བརླ་གཡས་གཡོན་གཉིས་ཀྱི་ཁུག་པར་བཞག ལག་ཡུ་དྲང་པོར་བསྲང་། དཔུང་མགོ་གྱེན་ལ་འཐེན། ལྟོ་བ་མདུན་དུ་ཕུལ། སྒལ་ཚིགས་གསེར་གྱི་དོང་ཙེ་ལྟར་བརྩེགས། ལྟག་རྩ་བསྲང་སྟེ། མགྲིན་པའི་ཨོལ་ཀོས་ཨོལ་མདུད་མནན། མིག་འབྲས་མི་གཡོ་ཞིང་རྫི་མ་ཐབ་ཐིབ་མི་བྱེད་པར་སྣ་རྩེའི་ཐད་ཀྱི་བར་སྣང་ལ་ཅེ་རེ་གཏད། མགོ་བོ་ཡ་ཡོ་མེད་པར་གཟིང་བྱ་ཞིང་ལུས་ཀྱི་ཆ་ཐམས་ཅད་ཧྲིལ་གྱིས་བསྒྲིམས་ལ་འཇོག་དགོས་ཏེ། དེའི་རྒྱུ་མཚན་ཡང་ལུས་གྲོང་ཁྱེར་དང་འདྲ། རྩ་ལམ་སྲང་དང་འདྲ། རླུང་རྟ་དང་འདྲ། རྣམ་ཤེས་མི་ཞ་བོ་དང་འདྲ་བས་བྱེད་པ་བཅིངས་ན་གསང་སྒོ་ཁེགས་པས་མི་རྟ་ནང་དུ་ཚུད་དེ་འགྲོ་མི་ཐུབ་པ་དང་འདྲ་སྟེ། དཔེར་ན་སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུར་ན་མི་གསལ་བ་དང་འདྲ་བས་ན། ལུས་ཀྱི་གནད་དང་ཆུན་ཆེར་ཡོང་བའི་ཐབས་བྱས་པས་ཡེ་ཤེས་ཀྱི་སྣང་བ་རྣམས་གོང་འཕེལ་དུ་འགྱུར་ཏེ། རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བའི་དགོས་པ་ཡོད་ཅེས་མཁས་གྲུབ་གོང་མ་རྣམས་ཀྱིས་གསུངས་སོ། །དེ་ལྟར་ལུས་གནད་བཅས་ཟིན་མཚམས་ངག་གི་གནད་ཐུན་གྱི་ཐོག་མར་རླུང་རོ་དགུ་སྤྲུགས་སུ་བསལ་ཏེ། དེ་ཡང་དང་པོ་སྣ་བུག་གཡོན་ནས་ཆུང་འབྲིང་ཆེ་གསུམ། དེ་བཞིན་གཡས་ནས་གསུམ། གཉིས་ཀ་ནས་ཕྲུགས་གཅིག་ཏུ་གསུམ་སྟེ་དགུ་སྤྲུགས་དང་། ཐུན་ཕྱི་མ་རྣམས་ཀྱི་མགོར་གཡོན་གཡས་དབུས་གསུམ་ནས་ལན་རེ་སྟེ་སུམ་སྤྲུགས་སུ་བསལ། དེའི་ཚེ་དམིགས་པ་ནི། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་ཐོགས་མ་མེད་པས་བསགས་པའི་སྡིག་སྒྲིབ་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་འུབ་ཀྱིས་འདུས་ནས་སྣ་སྒོའི་རླུང་དང་འགྲོགས་ཏེ་ཕྱིར་སང་སང་སོང་བར་བསམ་པའམ། ཡང་ན་སྣ་བུག་གཡོན་ནས་འདོད་ཆགས། གཡས་ནས་ཞེ་སྡང་། དབུས་ནས་གཏི་མུག་གིས་བསགས་པའི་ལས་ཉོན་དྲི་མའི་ཚོགས་རྣམས་སང་གིས་སོང་བས་ལུས་ནང་བཤལ་བ་ལྟར་གྱུར་པར་བསམས་ཏེ། འདི་ནི་དཔེར་ན་བཅུད་བཟང་པོ་ཞིག་བླུགས་པ་ལ་སྔོན་དུ་སྣོད་བཀྲུ་བཤལ་བྱེད་པ་དང་འདྲའོ། །དེ་ནས་སེམས་ཀྱི་གནད་གོང་དུ་བཤད་པ་ལྟར་གྱིས་ཀུན་སློང་གི་བློ་བཅོས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། རང་ཐ་མལ་དུ་གནས་པའི་སྤྱི་བོར་རྟོག་པའི་མཐའ་བརྒྱད་རྣམ་པར་དག་པའི་རང་བཞིན་གྱི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གེ་སར་ཟེ་ཕོན་དང་བཅས་པའི་སྟེང་དུ་ཐབས་དང་ཤེས་རབ་མཚོན་བྱེད་འོག་ཉི་མ་དང་སྟེང་ཟླ་བའི་དཀྱིལ་འཁོར་རྣམས་རེག་ལ་མ་འབྱར་བའི་ཚུལ་དུ་གསལ་བཏབ། དེ་རྣམས་ལ་གསལ་སྣང་ཐོན་བྱུང་བ་དང་། དེའི་སྟེང་དུ་རང་གི་རྩ་བའི་བླ་མ་ཉིད་རྣམ་པ་རྡོ་རྗེ་སེམས་དཔའ་འམ་ཨོ་རྒྱན་ཆེན་པོ་ལྟ་བུ་གང་མོས་སམ་ཡང་ན་རྒྱུན་གྱི་སྐུའི་རྣམ་འགྱུར་ཇི་ལྟ་བ་ལ་ཕྱག་གཉིས་ཆོས་འཆད་དམ་མཉམ་བཞག་གི་ཕྱག་རྒྱ་གང་བདེར་བཞུགས་ཤིང་གཟི་བྱིན་མཆོག་ཏུ་འབར་བའི་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པའི་སྐུ་ཅན་དུ་ལམ་གྱིས་གསལ་གདབ་སྟེ། དེ་ཡང་རང་གི་དད་མོས་སྐྱེ་ཚུལ་ལ་ཁྱད་ཡོད་ན་གང་མོས་དེའི་རྣམ་པར་བསྒོམ་པ་ཡིན་ལ། ཁྱད་མེད་ན་བླ་མ་ཉིད་དངོས་སུ་བསྒོམ་པར་གསུངས་སོ། །གང་ལྟར་ཡང་ལས་དང་པོ་པས་ཐོག་མར་ཙབ་ཙུབ་ཅི་དྲག་མང་པོ་མི་བསམ་པར་ལམ་གྱིས་གསལ་བཏབ་སྟེ་རྩེ་གཅིག་ཏུ་བསྒོམ་པར་བྱ། དེ་ལ་གསལ་སྣང་ཐོན་བྱུང་བ་དང་། བླ་མ་སངས་རྒྱས་སུ་མཐོང་ཞིང་ཅི་མཛད་ཁྱེད་ཤེས་ཀྱི་མོས་གུས་གདུང་ཤུགས་དྲག་པོས་ངག་ཏུ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །སོགས་དང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་འདེབས་ཀྱི་ཚིག་ཅི་ནུས་དང་། སྤྲོ་ན་བླ་མ་རྒྱང་འབོད་སོགས་ཀྱང་བྱ་སྟེ། མདོར་ན་མོས་གུས་ཀྱི་རྟོགས་པ་གོང་འཕེལ་དུ་མ་གྱུར་པ་དེ་སྲིད་དུ་འདོད་པའི་དོན་ལ་ཞེ་ཐག་པ་ནས་གསོལ་བ་ཕུར་ཚུགས་སུ་བཏབ་རྗེས། མཐར་བླ་མ་ཉིད་ཐུགས་དགྱེས་པ་ཆེན་པོས་སྐུ་འོད་ལྔའི་གོང་བུར་ལྟེམ་གྱིས་ཞུ་ནས་རང་གི་སྤྱི་བོ་ནས་སྙིང་དབུས་སུ་སིབ་ཀྱིས་ཐིམ་སྟེ་རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་ཐ་དད་དུ་འཛིན་པའི་རྟོག་པ་དང་ཕྲལ་ཏེ་རང་བཞིན་གཉིས་སུ་མེད་པ་ཆུ་ལ་ཆུ་བཞག་པའི་ཚུལ་གྱིས་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་ཅི་ག ནས་སུ་མཉམ་པར་བཞག་རྗེས། མཐར་དགེ་བ་འདི་ཡིས་སོགས་ཀྱིས་དགེ་བ་བསྔོ་བ་དང་བཅས་བྱ་སྟེ། འདི་ནི་ངེས་གསང་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པའི་ཉི་མ་གཅིག་པུར་གྱུར་པ་ཆོས་རྒྱལ་གཏེར་བདག་གླིང་པའི་ཕྱག་བཞེས་ཐུན་ནམ་སྒོམ་རེ་བཞིན་སྔོན་འགྲོ་མགོ་འཛིན་གྱི་ཚུལ་དུ་གཏོང་བར་མཛད་དེ། བྱིན་རླབས་མྱུར་དུ་འཇུག་པས་དངོས་གཞི་གང་སྒོམ་གྱི་ཉམས་རྟོགས་མྱུར་དུ་སྐྱེ་བར་བྱེད་པའི་སྒོ་ཁྱད་པར་དུ་འཕགས་པ་ཡིན་ནོ། །གཉིས་པ་ནི། སྤྱིར་ཀུན་མཁྱེན་བླ་མས་མཛོད་འགྲེལ་པདྨ་དཀར་པོར། དལ་འབྱོར་རྙེད་དཀའ་བ། ཚེ་མི་རྟག་པ། དད་པའི་ཕན་ཡོན། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་ཏེ། རྣམ་པ་ལྔ་བསམ་པ་ལ་འཇུག་པར་བྱའོ། །དེ་ཡང་བྱང་ཆུབ་སྒྲུབ་པའི་རྟེན་རྣམས་ལས་མཆོག་ཏུ་གྱུར་པ་དལ་འབྱོར་གྱི་མི་ལུས་ཡིན་པས་དེ་ཐོབ་པ་ལ་སྤྲོ་དགའ་བསྐྱེད་དགོས་ཏེ། དེ་མ་བསམས་ན་དལ་བ་ཆུད་གསོན་པའི་ཉེས་པ་ཡོད། དེ་ནས་དེ་ཐོབ་ཀྱང་ཡིད་བརྟན་{བརྟེན}མེད་པས། དགེ་བའི་ཚོགས་སྒྲུབ་པ་ལ་བསྐུལ་བ་བརྩོན་འགྲུས་ཀྱི་ལྕག་འདེབས་ཚེ་མི་རྟག་པར་བསམ་དགོས། དེ་མ་བསམས་ན་ལེ་ལོ་སྙོམ་ལས་ཀྱིས་ཐར་པའི་ལམ་ཟིན་དུས་མི་འོང་བའི་ཉེས་པ་ཡོད། དེ་ནས་རྩེ་གཅིག་ཏུ་གཅེས་པ་དད་པའི་དཔུང་ཚོགས་བསྐྱེད་དགོས། དེ་མ་བསྐྱེད་ན་ཆོས་ཀྱི་རྩ་བ་སྟོར་བའི་ཉེས་པ་ཡོད། དེ་ནས་ལས་དགེ་སྡིག་རྒྱུ་འབྲས་ཕྲ་མོ་ལ་བསམ་དགོས། དེ་མ་བསམས་ན་གཏན་དུ་འཁོར་བའི་སྡུག་བསྔལ་ལས་མི་ཐར་བའི་ཉེས་པ་ཡོད། དེ་ནས་འཁོར་བ་མཐོ་དམན་གྱི་ཉེས་དམིགས་བསམ་དགོས། དེ་མ་བསམས་ན་འཁོར་འདས་ལ་སྤང་བླང་མི་ཤེས་པས་ཐར་པ་བྱང་ཆུབ་ཀྱི་ལམ་སྣ་མི་ཟིན་པའི་ཉེས་པ་ཡོད། དེ་ལྟར་ན་ཆོས་འདི་ལྔས་གང་ཟག་གཅིག་ཐར་པར་བགྲོད་པའི་འཇུག་སྲོལ་མི་འཆུག་པར་བྱེད་པའོ། །ཞེས་བསམ་བྱའི་རྣམ་གྲངས་ལྔར་གསུངས་པ་ལས། དད་པའི་རང་བཞིན་ནི་འོག་ཏུ་སྐྱབས་འགྲོའི་སྐབས་སུ་འཆད་པར་འགྱུར་བས་འདིར་ཁྲིད་རིམ་སྤྱི་ལྟར་སྟོན་པ་ལ་བཞི། དལ་འབྱོར་རྙེད་དཀའ་བ་ལ་བསམས་ནས་དོན་མེད་འཇིག་རྟེན་གྱི་བྱ་བ་ལས་བློ་ལྡོག་ནས་ཐར་ལམ་དོན་དུ་གཉེར་བའི་ཁྲིད། འཆི་བ་མི་རྟག་པ་ལ་བསམས་ནས་ལེ་ལོ་སྙོམ་ལས་ལས་བློ་ལྡོག་སྟེ་ཆོས་ལ་བརྩོན་འགྲུས་བསྐྱེད་པའི་ཁྲིད། ལས་རྒྱུ་འབྲས་ལ་བསམས་ནས་མི་དགེ་བ་མཐའ་{ཐ}དག་ལས་བློ་ལྡོག་ནས་དཀར་པོ་དགེ་ཆོས་ལ་རྩེ་གཅིག་ཏུ་འབད་པའི་ཁྲིད། འཁོར་བའི་སྡུག་བསྔལ་ལ་བསམས་ནས་སྲིད་པའི་ཕུན་ཚོགས་ལས་བློ་ལྡོག་སྟེ་གཏན་གྱི་ཐར་པ་དོན་དུ་གཉེར་བར་བྱེད་པའི་ཁྲིད་དོ། དང་པོ་ལ། སྤྱིར་ཀུན་མཁྱེན་བླ་མས་སེམས་ཉིད་ངལ་གསོའི་དོན་ཁྲིད་དུ་ས་བཅད་དམ་ཁྲིད་རྐང་བཅུའི་སྒོ་ནས་གསུངས་ཀྱང་། འདིར་འཆད་བདེ་བའི་དབང་དུ་བྱས་ཏེ། དལ་འབྱོར་ངོས་བཟུང་བ། དེ་ཉིད་རྙེད་དཀའ་བ། རྙེད་ན་དོན་ཆེ་བ། དེ་ལྟར་བསྒོམ་པའི་ཕན་ཡོན་དང་འབྱོང་ཚད་བསྟན་པ་བཞི་ལས། དང་པོ་དལ་འབྱོར་ངོས་བཟུང་བ་ལ་གཉིས། ངོ་བོ་དལ་བ་དང་། ཁྱད་པར་ཀྱི་ཆོས་འབྱོར་བ་ངོས་བཟུང་བའོ། །དང་པོ་ནི། ཁྱད་གཞི་མི་ཁོམ་པའི་གནས་རྣམས་ལས་ལྡོག་པ་ནི་དལ་བའི་ངོ་བོ་ཡིན་ཏེ། དེ་ལ་མི་ཁོམ་པའི་གནས་ལའང་དབྱེ་ན་གསུམ། རང་རྒྱུད་རྟེན་གྱིས་མི་ཁོམ་པ་བརྒྱད། འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་པ་བརྒྱད། རིགས་ཆད་བློ་ཡིས་མི་ཁོམ་པ་བརྒྱད་དོ། དང་པོ་ནི། པདྨའི་ལམ་རིམ་ཆེན་མོའི་རང་འགྲེལ་རིན་ཆེན་ཕྲེང་བ་ལས། བྱང་ཆུབ་སྒྲུབ་པའི་རྟེན་ནི་དལ་འབྱོར་ཁོ་ན་ཡིན་ལ། དལ་བ་ཞེས་བྱ་བ་ནི་མི་ཁོམ་པའི་གནས་བརྒྱད་དང་བྲལ་བ་ལ་བྱ་སྟེ། མི་ཁོམ་པ་བརྒྱད་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་དང་། །སངས་རྒྱས་མི་འབྱུང་ལོག་ལྟ་དང་། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པས། ངན་སོང་གསུམ་དང་ལྷ་ཚེ་རིང་པོ་སྟེ། མི་མ་ཡིན་པ་བཞི་དང་། སངས་རྒྱས་ཀྱི་བསྟན་པ་མེད་པ་དང་། ཡོད་ཀྱང་མ་ཁྱབ་པའི་ཀླ་ཀློ། ལས་འབྲས་མེད་ཅེས་ལོག་པར་ལྟ་བ་དང་། འོན་ལོང་དིག་ལྐུགས་ལ་སོགས་པ་དབང་པོ་མ་ཚང་བ་མིས་བསྡུས་པ་བཞི་སྟེ་བརྒྱད་དོ། །སྐྱོན་བཞི་གཉིས་དང་བྲལ་བ་ནི་དལ་བ་སྟེ། ཆོས་ཁྱད་པར་ཅན་གྱི་རྟེན་དུ་རུང་བ་ཡིན་ནོ། །ཞེས་གསུངས་ཏེ། དེ་ཡང་ཀུན་མཁྱེན་བླ་མས་དོན་ཁྲིད་དུ་རང་ཉིད་དེར་མ་ལྟུང་བས་དལ་བ་ཐོབ་པ་ལ་དགའ་བ་བསྐྱེད་དེ་ཆོས་བསྒྲུབ་པ་ལ་བརྩོན་པར་བྱའོ། །དེའང་དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་ལ་སྤྱོད་ནས་ཆོས་སྒྲུབ་པའི་གནས་མེད། ཡི་དྭགས་སུ་སྐྱེས་ན་བཀྲེས་སྐོམ་གྱི་མེ་འབར་བས་ཆོས་སྒྲུབ་པའི་གནས་མེད། དུད་འགྲོར་སྐྱེས་ན་གཅིག་ལ་གཅིག་ཟ་ལ་སོགས་པས་འཚེ་བས་ཆོས་སྒྲུབ་པའི་གནས་མེད། ལྷ་ཚེ་རིང་པོར་སྐྱེས་ན་འདུ་ཤེས་མེད་པའི་ངང་དུ་བསྐལ་པར་འབྱམས་ནས་འཆི་ཁར་ལོག་པར་ལྟ་བས་ཆོས་སྒྲུབ་པའི་གནས་མེད། ཡུལ་མཐའ་འཁོབ་ཏུ་སྐྱེས་ན་བསྟན་པའི་སྣང་བ་མེད་པས་ཆོས་སྒྲུབ་པའི་གནས་མེད། མུ་སྟེགས་བྱེད་ལ་སོགས་པར་སྐྱེས་ན། ལོག་པར་ལྟ་བས་ཆོས་སྒྲུབ་པའི་གནས་མེད། མུན་པའི་བསྐལ་པ་ལ་སྐྱེས་ན་དཀོན་མཆོག་གསུམ་གྱི་སྒྲ་མི་གྲགས་པས་ཆོས་སྒྲུབ་པའི་གནས་མེད། ལྐུགས་པར་སྐྱེས་ན་ཡིད་ཀྱི་དབང་པོ་སྣོད་དུ་མི་{མ}རུང་བས་ཆོས་སྒྲུབ་པའི་གནས་མེད། དེ་བས་ན་བརྒྱད་པོ་དེར་དེ་ལྟར་བདག་མ་སྐྱེས་པས་ཁོམ་པ་ཞེས་བྱ་སྟེ། ཆོས་སྒྲུབ་པ་ལ་བརྩོན་པར་བྱ་སྙམ་པ་སྟེ། དེའང་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། མི་ཁོམ་པ་བརྒྱད་དང་དེ་ལས་ལོག་པ་དལ་བ་ཐོབ་པའི་རང་བཞིན་ལ་བསམ་སྟེ་ཆོས་ཁོ་ན་བྱ་སྙམ་པ་ཡང་ནས་ཡང་དུ་བསམ་ལ། རྗེས་དགེ་བ་བསྔོ་ཞིང་སྤྱོད་ལམ་ཐམས་ཅད་དུ་ཡང་དེ་ལྟར་བསམ་ལ་སྦྱར་རོ། །ཞེས་གསུངས། སྒོམ་ཚུལ་འདི་འོག་གི་ཁྲིད་རྐང་ཐམས་ཅད་ལ་འགྲེ་ཤེས་པར་བྱ་དགོས་པས་ཀུན་ལ་སྦྱོར་རྗེས་ཚང་བར་ཉམས་སུ་བླང་བར་བྱའོ། །གཉིས་པ་ནི། ཀུན་མཁྱེན་བླ་མས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དུག་ལྔ་འཁྲུག་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་རྡོལ། །གཞན་དབང་འཇིགས་སྐྱོབ་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་རྣམ་པ་བརྒྱད། །ཐར་ལམ་ཆོས་ཀྱི་སྣོད་མིན་ཕྱིན་ཅི་ལོག །ཅེས་མིར་གྱུར་པ་གང་ཞིག་ཆོས་སྤྱོད་པའི་ཡུལ་དུ་སྐྱེས་ཀྱང་། དུག་ལྔ་ཤིན་ཏུ་རགས་པས་རང་རྒྱུད་རྟག་ཏུ་འཁྲུག་པ་དང་། སྡིག་པའི་གྲོགས་པོས་ཁྲིད་པའི་བླུན་རྨོངས་རྣམས་དང་། ལྟ་སྤྱོད་ཕྱིན་ཅི་ལོག་པས་ལམ་ནོར་བའི་བདུད་ཀྱིས་ཟིན་པ་དང་། ཆོས་ལ་སློབ་པར་འདོད་ཀྱང་བརྩོན་འགྲུས་མེད་པའི་ལེ་ལོ་ཅན་དང་། བརྩོན་ཀྱང་ཡོན་ཏན་མི་སྐྱེ་བའི་སྡིག་སྒྲིབ་ཅན་ལས་ངན་གྱི་མཚོ་རྡོལ་བ་དང་། རང་དབང་མེད་པར་གཞན་གྱིས་བཀོལ་བ་བྲན་གྱི་རིགས་རྣམས་དང་། ཚེ་འདིའི་ལྟོ་གོས་ཀྱི་ཆེད་དམ་འཚེ་བས་འཇིགས་ནས་དེའི་ཆེད་དུ་ཆོས་ལ་ཞུགས་ནའང་སྔོན་གྱི་བག་ཆགས་རྙིང་པས་ཆོས་མིན་སྤྱོད་པ་དང་། ཆོས་སུ་བཅོས་ནས་ཡོ་བྱད་དང་རྙེད་བཀུར་དང་སྙན་གྲགས་སྒྲུབ་པའི་གཟུགས་བརྙན་ཅན་རྣམས་ཏེ། བརྒྱད་པོ་དེ་ཡང་ཆོས་སྒྲུབ་པའི་གནས་སུ་མི་ཁོམ་པ་ཡིན་ནོ། །གསུམ་པ་ནི། དེ་ཉིད་ལས། འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བས་མི་སྐྲག་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་མེད། །སྡོམ་དང་དམ་ཚིག་ཉམས་པ་ཞེས་བྱ་བ། །རིགས་ཆད་བློ་ཡིས་མི་ཁོམ་རྣམ་པ་བརྒྱད། །ཆོས་ལས་རིང་གྱུར་ཐར་པའི་སྒྲོན་མེ་ནུབ། །ཅེས་ཚེ་འདིའི་རྫས་ཡོ་བྱད་བུ་ནོར་གཉེན་འདུན་ལ་སོགས་པའི་འཆིང་བ་དམ་པོས་བཅིངས་པ་དང་། ངང་རྒྱུད་ངན་པས་མི་གཞི་ཏིལ་འབྲུ་ཙམ་མེད་ཅིང་ཀུན་སྤྱོད་ལ་སྐྱེད་འདོན་དུ་མེད་པ་དང་། ངན་སོང་དང་འཁོར་བའི་ཉེས་པ་བཤད་དམ་ཚེ་འདིའི་སྡུག་བསྔལ་ཇི་ལྟ་བུ་ལའང་སྐྲག་པའི་བློ་གཏན་ནས་མི་སྐྱེ་བ་དང་། ཐར་པ་དང་དཀོན་མཆོག་གི་བསྔགས་པ་བརྗོད་དམ་ཡུལ་ཡོན་ཏན་ཅན་མཐོང་ཡང་དད་པ་ཅུང་ཟད་མེད་པ་དང་། མི་དགེ་སྡིག་སྤྱོད་ལ་དགའ་བས་སྒོ་གསུམ་ཉེ་བར་མ་ཞི་བ་དང་། ཡོན་ཏན་དང་དགེ་བ་དང་དམ་པའི་ཆོས་ཀྱི་སེམས་པ་མེད་པ་ཁྱིའི་མདུན་དུ་རྩྭ་བཞག་པ་ལྟ་བུ་དང་། ཐུན་མོང་གི་ཐེག་པ་ལ་ཞུགས་ནས་སེམས་བསྐྱེད་དང་སྡོམ་པ་རལ་བས་ངན་སོང་ལས་འགྲོ་ས་མེད་པ་དང་། གསང་སྔགས་ཀྱི་ཐེག་པར་ཞུགས་ནས་བླ་མ་དང་མཆེད་གྲོགས་ལ་དམ་ཚིག་ཉམས་པ་སྟེ། བརྒྱད་པོ་འདི་ནི་དམ་པའི་ཆོས་ལས་རིང་ཞིང་ཐར་པའི་སྒྲོན་མེ་ནུབ་པ་ཞེས་བྱའོ། །འདིར་རིགས་ཆད་གསུངས་པ་ནི་དམན་པ་ལ་དགག་སྒྲ་སྦྱར་བ་སྟེ་ཡུན་རིང་པོར་འཁོར་བ་ན་འཁོར་བའི་དོན་ཡིན་གྱི་གཏན་གྱི་རིགས་ཆད་ནི་མ་ཡིན་ཏེ་རང་བཞིན་གནས་རིགས་མེད་པ་ནི་སེམས་ཅན་གྱི་ཁམས་ན་འགའ་ཡང་མེད་པའི་ཕྱིར་རོ། །ཕྱི་མ་འདི་གཉིས་ཀུན་མཁྱེན་ཆེན་པོས་མན་ངག་གི་ལུགས་གསར་དུ་བསྡུས་པར་བཞེད་མོད་སྔོན་གྱི་ཟུར་པའི་ཡིག་རྙིང་ཞིག་ནའང་སྣང་བས་སྔ་འགྱུར་གྱི་རྒྱུད་ཅིག་ནས་བསྟན་པ་འདྲའོ། །དེ་ལྟ་བུའི་མི་ཁོམ་པའི་གནས་བརྒྱད་ཚན་རྣམས་སུ་མ་སྐྱེས་པར་རང་དབང་དམ་པའི་ཆོས་ལ་སྤྱོད་དུ་ཡོད་པ་ནི་དལ་བ་ཕུན་སུམ་ཚོགས་པ་ཡིན་ཏེ། སྡུད་པ་ལས། མི་ཁོམ་བརྒྱད་སྤངས་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ཁྱད་པར་གྱི་ཆོས་འབྱོར་བ་ལ་གཉིས། རང་འབྱོར་དང་། གཞན་འབྱོར་རོ། །དང་པོ་ནི། ལམ་རིམ་ལས། མིར་གྱུར་ཡུལ་གྱི་དབུས་སྐྱེས་དང་། །དབང་པོ་ཚང་ཞིང་གནས་ལ་དད། །དེ་བཞིན་ལས་མཐའ་མ་ལོག་པའོ། །ཞེས་གསུངས་ཏེ། དེ་ཡང་། མིའི་ལུས་མ་ཐོབ་ན་ཆོས་བྱར་མེད་པ་ལས། ད་རེས་མིར་སྐྱེས་པས་ཀྱང་རང་ཉིད་འབྱོར་པ་དང་། ཡུལ་ཕྱོགས་ཆོས་མེད་སར་སྐྱེས་ནའང་ཆོས་སྤྱོད་དུ་མེད་པ་ལས། ཆོས་དར་ས་ནི་དོན་གྱི་ཡུལ་དབུས་ཏེ་དེར་སྐྱེས་པས་ཀྱང་རང་ཉིད་འབྱོར་པ་དང་། དབང་པོ་མ་ཚང་ནའང་ཆོས་བྱར་མེད་པ་ལས། དབང་པོའི་སྒོ་ཚང་བས་ཀྱང་རང་ཉིད་འབྱོར་བ་དང་། ལས་ཀྱི་མཐའ་ལོག་ནས་རྟག་ཏུ་མི་དགེ་བ་ལ་སྤྱོད་ནའང་ཆོས་བྱར་མེད་པ་ལས། ལས་ཀྱི་མཐའ་མ་ལོག་པར་དགེ་བ་ལ་མོས་པས་ཀྱང་རང་ཉིད་འབྱོར་བ་དང་། བསྟན་པ་ལ་མ་དད་ནའང་ཆོས་སྤྱད་དུ་མེད་པ་ལས། སངས་རྒྱས་ཀྱི་བསྟན་པ་ལ་དད་པས་ཀྱང་རང་ཉིད་འབྱོར་པ་སྟེ་ལྔ་ནི་རང་ངོས་ནས་ཚང་དགོས་པས་རང་འབྱོར་ཞེས་བྱ་སྟེ། དལ་བ་ཕུན་སུམ་ཚོགས་པ་བཅུ་གཉིས་བསྟན་པའི་མདོ་ལས། མི་ཉིད་ཐོབ་པ་དང་། འཕགས་པའི་ཡུལ་དུ་སྐྱེས་པ་དང་། དབང་པོ་ཚང་བ་དང་། ལས་ཀྱི་མཐའ་མ་ལོག་པ་དང་། གནས་ལ་དད་པ་སྟེ་ལྔ་ནི་བདག་ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་དང་། ཉང་གཏེར་བླ་མའི་དམར་ཁྲིད་ལས། ཡུལ་དབུས་སུ་སྐྱེས་པ་དང་། མི་ལུས་ཐོབ་པ་དང་། དབང་པོ་ཚང་བ་དང་། གནས་ལ་དད་པ་དང་། ལས་ཀྱི་མཐའ་མ་ལོག་པའོ། །ཞེས་སོ། །གཉིས་པ་གཞན་འབྱོར་ལྔ་ནི། ལམ་རིམ་ལས། སངས་རྒྱས་རྣམས་བྱོན་ཆོས་གསུངས་དང་། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་རྗེ་ལྔ་ཡིན་ནོ། །ཞེས་གསུངས་ཏེ། དེ་ཡང་། སངས་རྒྱས་འཇིག་རྟེན་དུ་མ་བྱོན་ན་ཆོས་ཀྱི་མིང་མེད་པ་ལས། ད་རེས་སངས་རྒྱས་བྱོན་པས་ཀྱང་གཞན་འབྱོར་དམ་པ་ཚང་བ་དང་། སངས་རྒྱས་བྱོན་ཀྱང་ཆོས་མ་གསུངས་ན་ཕན་མེད་པ་ལས། ཆོས་འཁོར་གསུམ་དུ་བསྐོར་བས་ཀྱང་གཞན་འབྱོར་དམ་པ་ཚང་བ་དང་། ཆོས་གསུངས་ཀྱང་བསྟན་པ་མི་གནས་ན་ཕན་མེད་པ་ལས། ད་ལྟ་བསྟན་པ་མ་ནུབ་ཙམ་དུ་ཡོད་པས་ཀྱང་གཞན་འབྱོར་དམ་པ་ཚང་བ་དང་། བསྟན་པ་གནས་ཀྱང་མ་ཞུགས་ན་ཕན་མེད་པ་ལས། བསྟན་པ་ལ་ཞུགས་པས་ཀྱང་གཞན་འབྱོར་ཚང་བ་དང་། ཞུགས་ཀྱང་མཐུན་རྐྱེན་དགེ་བའི་བཤེས་གཉེན་མེད་ན་བླང་དོར་གྱི་གནས་མི་ཤེས་པ་ལས། ཡང་དག་པར་དགེ་བའི་བཤེས་གཉེན་གྱི་སྙིང་བརྩེ་བས་ལྷག་པར་ཐུགས་རྗེས་ཡོངས་སུ་འཛིན་མཁན་ཡོད་པས་ཀྱང་གཞན་འབྱོར་དམ་པ་ཚང་བ་སྟེ། དེ་ལྟར་ལྔའོ། །སྐབས་འདིར་གཞན་རྣམས་གོ་སླ་ལ། བསྟན་པ་ལ་ཞུགས་པ་ཞེས་པ་ནི། མཛོད་འགྲེལ་པད་དཀར་ལས། བསྟན་པ་ཡོད་ཀྱང་བདག་ཉིད་ལ་འདོམས་ཤིང་རྗེས་སུ་ཕན་བདེ་བྱེད་པའི་གྲོགས་མེད་ན་ཕན་མེད་པ་ལས། བཀའ་ལུང་དང་རྗེས་སུ་མཐུན་པའི་ཆོས་ཀྱི་གྲོགས་ཁྱད་པར་ཅན་ཡོད་པས་ཐོས་བསམ་དང་སྒོམ་སྒྲུབ་བྱེད་པའི་འབྱོར་པ་ཚང་སྟེ། ཟླ་བའི་སྙིང་པོའི་མདོ་ལས། འཇིག་རྟེན་དང་ཆོས་དང་རྗེས་སུ་མཐུན་པའི་ནན་ཏན་བྱེད་པ་ཡང་རྙེད་པར་དཀའོ། །ཞེས་སོ། །ཞེས་གསུངས་པ་བཞིན་ཤེས་པར་བྱ་སྟེ། དེ་ལྔ་ནི་གཞན་ངོས་ནས་ཚང་དགོས་པས་གཞན་འབྱོར་ཞེས་བྱ་སྟེ། མདོ་སྔ་མ་ལས། སངས་རྒྱས་བྱོན་པ་དང་། ཆོས་གསུངས་པ་དང་། དམ་པའི་ཆོས་གནས་པ་དང་། གཞན་དག་ཀྱང་དེ་ལ་སྤྱོད་པ་དང་། ཆོས་བྱེད་པ་ལ་གཞན་བརྩེ་བ་སྟེ་ལྔ་ནི་གཞན་ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་དང་། དམར་ཁྲིད་ལས། གཞན་འབྱོར་ལྔ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། དེས་ཆོས་གསུངས་པ་དང་། དེའི་བསྟན་པ་ཡུན་རིང་དུ་གནས་པ་དང་། གཞན་དེའི་རྗེས་སུ་འཇུག་པའི་གྲོགས་ཡོད་པ་དང་། གཞན་གྱི་ཕྱིར་སྙིང་བརྩེ་ལ་ཞུགས་པའོ། །ཞེས་གསུངས་སོ། །དེ་ལྟ་བུའི་རང་གཞན་གྱི་འབྱོར་པ་ལྔ་ཕྲག་གཉིས་ལས་གཞན་རྣམས་ཅུང་དྲག་ཀྱང་། ཡུལ་རྐྱེན་ངན་པ་དང་། སྡིག་པའི་གྲོགས་པོ་སོགས་དང་འཕྲད་ན། ལས་མཐའ་ལོག་པ་དང་། དད་པ་ཉམས་པ་དང་། དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་དང་བྲལ་བ་སོགས་ཀྱིས་སྐལ་ངན་བྱེད་པས་རྟག་ཏུ་གཟབ་པར་བྱ་དགོས་ཏེ། ཀུན་མཁྱེན་འཇིགས་མེད་གླིང་པས། ཁོམ་ལྡན་མང་སྟེ་ལོག་ལྟས་མི་ཁོམ་བྱེད། །རང་གཞན་འབྱོར་པ་ལྔ་ཕྲག་གཉིས་སོ་སོའི། །དང་པོ་གསུམ་ལས་ཐ་མ་གཉིས་གཉིས་ནི། །འདུ་འབྲལ་བྱེད་པས་འདི་ལ་ལེགས་པར་སོམས། །ཞེས་གསུངས་ཤིང་། ཁྱད་པར་དུའང་མ་དད་པ་དང་ལོག་པར་ལྟ་བས་ནི་དལ་བ་ཕུན་སུམ་ཚོགས་པ་ཉམས་པར་བྱེད་ཅིང་དེ་ལས་ཕུང་ཚབས་ཆེ་བ་གཞན་ཡོད་མི་སྲིད་ཀྱང་། དེང་དུས་ཀྱི་སྐྱེ་བོ་སྐལ་དམན་ཕལ་མོ་ཆེ་ནི། རང་སྣང་ལོག་པར་ལྟ་བའི་རབ་རིབ་ཀྱིས་མིག་སྒྲིབ་སྟེ། དཔེར་ན་མཁྲིས་ནད་ཅན་གྱིས་དུང་སེར་པོར་མཐོང་བ་བཞིན། ཆོས་ལ་ང་མཁས་དང་། ཐོས་པ་ང་ཆེ་དང་། ཡོན་ཏན་ང་བཟང་སྙམ་པའི་ཨོ་ཟོབ་སྟོང་ལྡིར་གྱིས་གློ་བ་བརྒྱང་ནས། ཆོས་དང་བླ་མ་ལ་སྐྱོན་འདོགས་སོ་བྱ་ཉྭ་སྒུག་པ་ལྟ་བུས་སངས་རྒྱས་དངོས་སུ་བྱོན་ཀྱང་དག་མི་སྟེར་བ་འདིས། བླ་སློབ་ཐོག་མའི་རྟེན་འབྲེལ་འཆུགས། བྱིན་རླབས་ཀྱི་སྒོ་མོ་འགག དག་སྣང་གི་མིག་འགྲིབ། ལྷ་དང་སྲུང་མའི་བཀའ་ཆད་འདུ། ཆོས་ཇི་ཙམ་ཐོས་བཞིན་རྒྱུད་ཇེ་རྩུབ། ཉོན་མོངས་པ་ཇེ་རགས། འདོད་པ་ཇེ་ཆེ། སྤྱོད་པ་ཇེ་རྩིང་། མཐར་ཆོས་མགོ་ཙམ་ཡང་མི་ཐོན་པར། ཚེ་མཇུག་ཁྱིམ་པ་ཕལ་ལས་ཀྱང་ལོད་པར་བྱུང་བ་ནི་མཐོང་ཆོས་བཞིན་དང་། ལྷག་པར་ཡང་ངེས་དོན་གྱི་མདོ་རྒྱུད་ཟབ་མོ་རྣམས་དགོངས་པའི་སྐྱེལ་སོ་མཐར་ཐུག་གཅིག་ཀྱང་། གནས་སྐབས་གྲུབ་མཐའི་དབང་གི་བཀའ་ཡི་འགྲེལ་ཚུལ་དང་། བདེན་གཉིས་ཀྱི་འཇོག་མཚམས་ཐ་དད་པ་ཙམ་ལ་དཔག་ནས། ཡང་དག་པའི་ཆོས་དང་གང་ཟགས་ཚད་མར་གྱུར་པ་རྣམས་ལ་ངན་སེམས་སྐུར་འདེབས་དང་། རང་གཞན་གྱི་ཕྱོགས་བཟུང་ནས་ཆོས་སྤོང་གི་ལས་ཚན་པོ་ཆེ་བསགས་པ་འདི་ནི་ཤིན་ཏུ་ཡ་ཆ་ཞིང་འབྱུང་ཡང་ཉེ་བས་ཅི་ནས་ཀྱང་གཟབ་པར་བྱ་སྟེ། དབུ་མ་རིན་ཆེན་ཕྲེང་བ་ལས། དེ་བཞིན་གཤེགས་དགོངས་གསུངས་པ་རྣམས། །ཤེས་པར་སླ་མིན་དེ་ཡི་ཕྱིར། །ཐེག་གཅིག་ཐེག་པ་གསུམ་གསུངས་པས། །བཏང་སྙོམས་ཀྱིས་ནི་བདག་བསྲུང་བྱ། །བཏང་སྙོམས་ཀྱིས་ནི་སྡིག་མི་འགྱུར། །སྡང་བས་སྡིག་འགྱུར་དགེ་བ་མིན། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། འདི་ལྟར་མི་ཡི་ལུས་རྙེད་ཙམ་པོ་དང་། །ཁྱད་པར་ཅན་དང་མི་ལུས་རིན་པོ་ཆེ། །ཞེས་རྣམ་པ་གསུམ་དུ་གསུངས་པ་ལས། དང་པོ་ཙམ་པོ་པའམ་བྱུར་པོ་ཆེ་ནི། དེ་ཉིད་ལས། རིམ་བཞིན་དགེ་སྡིག་མི་ཤེས་ཆོས་མིན་སྤྱོད། །དབང་པོ་ཚང་ཡང་མི་ལུས་ཕལ་པ་སྟེ། །ཡུལ་དབུས་སྐྱེས་ཀྱང་མཐའ་འཁོབ་ཀླ་ཀློ་ཉིད། །ཅེས་གསུངས་ཏེ། འདི་ལྟར་དགེ་སྡིག་གི་དོན་མི་ཤེས་ཤིང་རྟག་ཏུ་སྡིག་པ་སྤྱོད་པའི་རིགས་ཅན་རྣམས་ནི་ངན་སོང་དམྱལ་བའི་གཏིང་རྡོ་ཡིན་པས་བྱུར་པོ་ཆེ་ཞེས་བྱ་སྟེ། ནམ་མཁའ་རིན་པོ་ཆེ་མདོ་ལས། གང་དག་སྔོན་གྱི་དགེ་བའི་རྒྱུས་མིའི་འཇིག་རྟེན་དུ་ཡང་སྐྱེས། དབང་པོ་རྣམས་ཀྱང་ཡོངས་སུ་ཚང་། རྟག་ཏུ་ཆོས་སྤྱོད་པའི་ཡུལ་དུ་སྐྱེས་ཀྱང་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མི་ཤེས། མི་དགེ་བའི་ལམ་མང་དུ་བརྟེན་ཅིང་སྤྱོད་པ་དེ་དག་མིར་གྱུར་པ་ཞེས་བརྗོད་ཀྱང་ཐ་མར་གྱུར་པ་སྟེ་ཤི་བའི་འོག་ཏུ་ངན་འགྲོ་མུ་མཐའ་མེད་པར་ལྟུང་བའི་ཕྱིར་རོ། །ཞེས་སོ། །གཉིས་པ་ཁྱད་པར་བ་ནི། ལུང་སྔ་མའི་འཕྲོར། བསྟན་ལ་མ་ཞུགས་པ་དང་དགེ་སྡིག་འཆོལ། །ཚེ་འདི་གཉེར་ཞིང་འདུ་འཛིས་རྣམ་པར་གཡེངས། །མི་བསྲུན་འཕྱར་ལ་ཕྱི་མ་རྒྱང་བསྲིང་སྟེ། །ཐར་པ་མི་གཉེར་དེ་དག་ཆོས་ཐོས་ནའང་། །མཆོག་གི་ཡུལ་མིན་རང་བཞིན་བར་མ་སྟེ། །སྐབས་འགར་དགེ་ལ་ཅུང་ཟད་སེམས་གཞོལ་ཞིང་། །ཕལ་ཆེར་སྡིག་པས་བློ་མིག་ཁེབས་པའི་ཕྱིར། །རྟགས་ཙམ་བཟུང་བས་རང་གཞན་ཕན་ཅི་ཡོད། །དེ་དག་ཁྱིམ་པའམ་དགེ་སྦྱོང་གཟུགས་བཟུང་རུང་། །ངན་འགྲོ་རྣམས་ལས་ཅུང་ཟད་འཕགས་པའི་ཕྱིར། །མི་ལུས་ཁྱད་པར་ཅན་ཞེས་རྒྱལ་བས་གསུངས། །ཞེས་གསུངས་ཏེ། གང་དག་རབ་ཏུ་བྱུང་བའམ་ཁྱིམ་པ་གང་ཡིན་ཀྱང་ཕལ་ཆེར་བག་མེད་པའི་དབང་དུ་རྣམ་པར་གཡེངས་ཤིང་། སྐབས་རེར་དགེ་བློ་ཅུང་ཟད་སྐྱེས་ཏེ་དགེ་སྡིག་འདྲེས་མར་སྤྱོད་པ་ནི་དུས་རིང་མོ་ཞིག་ན་ཐར་པའི་ས་བོན་ཐེབས་པས་སྔ་མ་ལ་ལྟོས་ནས་མི་ལུས་ཁྱད་པར་བ་ཞེས་བྱ་སྟེ། མདོ་སྔ་མ་ལས། སེམས་ཅན་གྱི་ཁམས་ན་གང་དག་ཆོས་འདི་པ་དག་ཏུ་མ་ཞུགས་པའམ། ཞུགས་ཀྱང་རུང་སྟེ། དགེ་བ་དང་མི་དགེ་བ་འདྲེས་མར་སྤྱོད་ཅིང་འདུ་འཛི་དང་རྣམ་པར་གཡེང་བ་ལྷུར་ལེན་པས། ལུས་དང་ངག་དང་ཡིད་མི་བསྲུན་ཞིང་འཕྱར་བ་ངན་སོང་གསུམ་དུ་འབབ་ཅིང་ངན་འགྲོར་གཞོལ་བའི་ལས་ཅན་དེ་དག་ཀྱང་། སངས་རྒྱས་ཀྱི་ཐུགས་རྗེ་ཉི་མའི་འོད་ཀྱིས་གཟིགས་ཏེ་ཡུན་རིང་མོ་ཞིག་ན་ཐར་པའི་ས་བོན་དང་ལྡན་པས། དེའི་ཕྱིར་མི་ལུས་ཁྱད་པར་ཅན་དུ་གྱུར་པ་ཞེས་བྱའོ། །ཞེས་སོ། །གསུམ་པ་མི་ལུས་རིན་པོ་ཆེ་ནི། ངལ་གསོ་ལས། རབ་མཆོག་སྐྱེ་བོ་དྲི་མེད་ཆོས་ཀྱི་སྣོད། །ཐོས་བསམ་སྙིང་པོའི་དོན་ལ་དབང་འབྱོར་ཞིང་། །རང་ཉིད་བརྟུལ་ནས་གཞན་དག་དགེ་ལ་འགོད། །སྒྲུབ་པའི་རི་རྒྱལ་རབ་ཏུ་མི་གཡོ་བ། །དྲང་སྲོང་རྒྱལ་མཚན་རྣམ་པ་དེ་དག་ཀུན། །ཁྱིམ་པའམ་རབ་ཏུ་བྱུང་བའི་གཟུགས་སླ་ཡིས། །མི་ལུས་རིན་ཆེན་ལགས་པར་སྟོན་པས་གསུངས། །ཞེས་གསུངས་ཏེ། དེ་ལ་དམ་པའི་ཆོས་ཀྱི་སྒོ་བཟང་པོ་ཐོས་པ་དང་། བསམ་པ་དང་། རྣལ་འབྱོར་དུ་གནས་པས་རང་གི་རྒྱུད་བཏུལ་ནས། །གཞན་དག་ཀྱང་དགེ་བ་ལ་བསྐུལ་ཞིང་ཐར་པའི་གོ་ཆ་ཆེན་པོ་བགོས་པ་ནི་དྲང་སྲོང་གི་རྒྱལ་མཚན་ཆེན་པོ་སྟེ། གོས་ཀྱི་ཆ་ལུགས་ལ་དྲང་སྲོང་གི་རྒྱལ་མཚན་བརྗོད་པ་ཙམ་མ་ཡིན་ནོ། །དེ་ལྟ་བུའི་བརྩོན་པ་དང་དགེ་བ་ལ་བསྐུལ་བ་ནི་ཁྱིམ་ན་གནས་པའམ། རབ་ཏུ་བྱུང་བའི་གཟུགས་སུ་འདུག་ཀྱང་མི་ལུས་རིན་པོ་ཆེ་ཞེས་བརྗོད་དེ། དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། དཔལ་སྦས། འདི་ལ་མང་དུ་ཐོས་པ་ཐོས་པར་བྱེད། དེའི་དོན་སེམས་པར་བྱེད། ཉོན་མོངས་པ་མེད་པའི་སྒོམ་པས་རྣལ་འབྱོར་དུ་བྱེད། གཞན་དག་ཀྱང་དེ་ལ་སྐུལ་བར་བྱེད་ན། དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་མཆོག་ཏུ་མཛེས་པས་དལ་འབྱོར་སྙིང་པོར་བྱེད་པ་ཞེས་བྱའོ། །དལ་འབྱོར་རིན་པོ་ཆེ་ཞེས་བྱའོ། །ཞེས་དང་། ཡུམ་བར་མ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དག་བདག་ཀྱང་དགེ་བ་ལ་སྤྱོད་ཅིང་གཞན་ཡང་དེ་ལ་བསྐུལ་བ་ནི་དལ་འབྱོར་སྙིང་པོར་བྱེད་པ་སྟེ་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་སོ། །བསྟོད་དོ། །བཀུར་རོ། །ཞེས་སོ། །དེས་ན་ད་རེས་དལ་འབྱོར་ཐོབ་པའི་རྟེན་ལ་དམ་པའི་ཆོས་ཤིག་མ་བསྒྲུབས་ན་ལས་ཀྱི་དབང་གིས་ཤི་བའི་འོག་ཏུ་ངན་སོང་གསུམ་དུ་སྐྱེས་དུས་ཆོས་ཀྱི་སྒྲ་ཡང་མི་ཐོས། དགེ་བའི་བཤེས་གཉེན་དང་ཡང་མི་མཇལ། དགེ་སྡིག་ངོ་ཡང་མི་ཤེས། གང་ཅི་བྱེད་ཐམས་ཅད་སྡིག་པ་མ་གཏོགས་དགེ་བ་མེད་པས། རྟག་ཏུ་འཁོར་བ་ན་འཁོར་བ་འདི་མཚང་རེ་ཆེ། དེ་བས་དལ་འབྱོར་དོན་ཡོད་པར་བྱའོ་སྙམ་དུ་བསྒོམ་པར་བྱའོ། །གཉིས་པ་དེ་ལྟ་བུའི་དལ་འབྱོར་ཕུན་སུམ་ཚོགས་པའི་མི་ལུས་རིན་པོ་ཆེ་ཉིད་རྙེད་དཀའ་བའི་རྒྱུ་མཚན་བསམ་པ་ལ་བཞི། ངོ་བོའི་སྒོ་ནས་རྙེད་དཀའ་བ། རྒྱུ་རྐྱེན་གྱི་སྒོ་ནས་རྙེད་དཀའ་བ། དཔེ་ཡི་སྒོ་ནས་རྙེད་དཀའ་བ། གྲངས་ཀྱི་ཁྱད་པར་ལ་བསམ་ནས་རྙེད་དཀའ་བའོ། །དང་པོ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འདི་ལྟར་སེམས་ཅན་ཙམ་གྱི་ལུས་མཐོང་ན། །མི་ལུས་ཐོབ་པ་འཁོར་ལོས་སྒྱུར་{བསྒྱུར}རྙེད་འདྲ། །མི་ལུས་ནང་ནས་དད་ལྡན་ཆོས་བྱེད་རིགས། །དེ་བས་དཀོན་ཕྱིར་སངས་རྒྱས་ཐོབ་དང་མཚུངས། །དེ་བས་རྟག་ཏུ་དལ་འབྱོར་བསམ་འཚལ་ལོ། །དེ་བཞིན་དབང་པོ་མ་ཚང་མཐའ་འཁོབ་སྐྱེས། །ཆོས་ལ་ལས་མེད་ལས་ཀྱི་མཐའ་ལོག་ཅིང་། །བསྟན་ལ་མ་དད་ཆོས་མིན་སྡིག་པའི་གྲོགས། །ཤིན་ཏུ་གྲངས་མང་རབ་ཏུ་བསམས་བྱས་ནས། །དེ་དག་མ་གྱུར་ཆོས་ལྡན་ལུས་རྙེད་འདི། །ཉིན་མཚན་ཀུན་ཏུ་ངེས་པར་བསམ་པར་བྱ། །ཞེས་གསུངས་པ་ལྟར། སྤྱིར་སེམས་ཅན་ཙམ་གྱི་རིམ་པ་དང་གྲངས་ལ་བསམ་ན་ཚད་མེད། དེ་ལས་འཛམ་བུའི་གླིང་གི་འབུ་སྲིན་སོགས་སེམས་ཅན་ཕྲ་མོ་རྣམས་ཀྱི་གྲངས་ལ་ལྟོས་ཀྱང་མི་ཡི་ལུས་ཉིད་ཐོབ་པ་ནི་འཁོར་ལོས་སྒྱུར་བ་རྙེད་པ་དང་འདྲ། མི་ལའང་རྒྱ་དཀར་ནག་ལ་སོགས་པའི་ཡུལ་གྲུ་དང་ཚོང་འདུས་རེ་རེ་ན་འཚོགས་པ་ལ་བསམས་ཀྱང་ཆོས་མེད་པ་སྡིག་པ་འབའ་ཞིག་ལ་སྤྱོད་པ་ལས་ཆོས་ལ་མོས་པ་དང་ཆོས་ཐོས་པ་སྲིད་པ་ཙམ། དེ་ལས་ཀྱང་སྙིང་ནས་ཡང་དག་པའི་ཆོས་ཀྱི་སྒོར་ཞུགས་པ་དང་ཚུལ་བཞིན་དུ་རྗེས་སུ་སློབ་ཅིང་སྤྱོད་པའི་དད་པ་ཅན་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པ་བས་ཀྱང་དཀོན་ཞིང་། ཞ་ལོང་འོན་ལྐུགས་སོགས་དབང་པོ་མ་ཚང་བ་རྣམས་ལ་བསམ་ན། ཐོས་བསམ་གྱི་རྟེན་དབང་པོ་ལས་སུ་རུང་བ་འདི་ལྟ་བུ་ཡང་ཤིན་ཏུ་རྙེད་པར་དཀའ། ཡུལ་མཐའ་འཁོབ་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་གྲགས་པའི་རྡོ་དང་། སོག་པོ་ལ་སོགས་པ་ལ་བལྟས་ཀྱང་རང་ཉིད་དེར་མ་སྐྱེས་པ་ཁ་རྗེ་ཆེ། ཆོས་ལ་ལས་འབྲས་མེད་པའི་མི། ཟ་ཉལ་འགྲོ་འདུག་ཅི་བྱེད་ཀྱང་། དཀོན་མཆོག་གསུམ་སྐད་ཅིག་ཀྱང་མི་དྲན་ཅིང་། སྐྱབས་སུ་མཆི་ཞེས་པ་ལན་གཅིག་ཀྱང་ཁར་འདོན་མ་མྱོང་བ་རྣམས་དང་། ལས་ཀྱི་མཐའ་ལོག་པ་སྔོན་ཆོས་སྒོར་ཞུགས་ཀྱང་ལོག་ནས་སྡིག་པ་སྣ་དགུ་བྱེད་པ་རྣམས་དང་། སངས་རྒྱས་ཀྱི་བསྟན་པ་ལ་མ་དད་པའི་རིགས་རྣམས་དང་། སྡིག་པ་འབའ་ཞིག་བྱེད་པ་རྣམས་ལ་བསམས་ནས། འདི་ལྟ་བུས་ཡུལ་གཞན་དག་ནའང་ཁེངས་ཡོད་ངེས། བདག་ཀྱང་དེ་འདྲ་བའི་རིགས་ཅན་དུ་མ་སྐྱེས་པར། སྔོན་གྱི་ལས་འཕྲོ་བཟང་པོས་དལ་འབྱོར་གྱི་རྟེན་རྙེད་པ་འདི་ངོ་མཚར། གང་དག་འདིར་མི་ཉིད་ཐོབ་ཀྱང་སྐྱེ་བ་ཕྱི་མ་ལ་མི་ལུས་གཏན་ནས་མི་ཐོབ་བའི་རིགས་ཀྱང་ཆེས་མང་སྟེ། སའི་སྙིང་པོའི་མདོ་ལས། འཁོར་བར་མི་ཉིད་རྙེད་དཀའ་བའི་གང་ཟག་བཅུ་ཡོད་དེ། གང་ཞེ་ན། དགེ་བའི་རྩ་བ་མི་བསྐྱེད་པ་དང་། བསོད་ནམས་ཀྱི་ཚོགས་མི་གསོག་པ་དང་། སྡིག་པའི་གྲོགས་པོའི་རྗེས་སུ་སྤྱོད་པ་དང་། ཉོན་མོངས་པས་ཉིང་མཚམས་སྦྱོར་བ་དང་། ཚེ་ཕྱི་མའི་སྡུག་བསྔལ་ལ་མི་འཇིགས་པ་དང་། ཉོན་མོངས་པས་སེམས་འཁྲུགས་པ་དང་། ལེ་ལོ་དང་གཡེངས་པས་ཆོས་ལ་རྟག་ཏུ་གཡེལ་བ་དང་། སངས་རྒྱས་ཀྱི་བཀའ་ལ་ཞུགས་ཀྱང་རྗེས་སུ་མི་སྤྱོད་པ་དང་ལོག་པར་ལྟ་བའི་རྗེས་སུ་འཇུག་པ་དང་། ལོག་པར་ལྟ་བ་དམ་དུ་འཛིན་པའོ། །ཞེས་སོ། །དེས་ན་སྤྱོད་འཇུག་ལས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་རྙེད་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དེ་ཚོ་བདག་གིས་མ་བྱས་སོ། །ཞེས་གསུངས། དེའི་ཕྱིར་ཡབ་སྲས་མཇལ་བའི་མདོ་ལས། མི་ཁོམ་བརྒྱད་པོ་ཐམས་ཅད་རབ་སྤངས་ཤིང་། །དལ་བ་ཕུན་ཚོགས་རྙེད་དཀའ་ཐོབ་གྱུར་ནས། །བདེ་གཤེགས་བསྟན་ལ་དད་པ་རྙེད་གྱུར་པའི། །མཁས་པ་རྣམས་ཀྱིས་རིགས་པའི་རྣལ་འབྱོར་སྤྱོད། །ཅེས་སོ། །གཞན་འབྱོར་རྣམས་ཀྱང་རྙེད་པར་དཀའ་སྟེ། སྤྱིར་བསྐལ་པ་ལ། སངས་རྒྱས་འཇིག་རྟེན་བྱོན་པ་སྒྲོན་མེའི་བསྐལ་པ་དང་། མ་བྱོན་པ་མུན་པའི་བསྐལ་པ་གཉིས་ཡོད་དེ། དེ་ཡང་དགོངས་འདུས་ལས། སྒྲོན་མེའི་བསྐལ་པ་ནི་སྔོན་འདས་པའི་དུས་ན་བསྐལ་པ་ཆེན་པོ་མངོན་པར་དགའ་བ་ཞེས་བྱ་བ་ལ། སངས་རྒྱས་སུམ་ཁྲི་སུམ་སྟོང་བྱོན། དེའི་འོག་ཏུ་མུན་པའི་བསྐལ་པ་བརྒྱ་བྱུང་ངོ་། །དེ་ནས་བསྐལ་པ་རྫོགས་ལྡན་ཞེས་བྱ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱུད་ཅུ་བྱུང་ངོ་། །དེའི་འོག་ཏུ་མཐའ་འཁོབ་ཀྱི་བསྐལ་པ་བརྒྱ་བྱུང་ངོ་། །དེའི་འོག་ཏུ་བསྐལ་པ་བཟང་ལྡན་ཞེས་བྱ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བྱུང་ངོ་། །དེའི་འོག་ཏུ་མུན་པའི་བསྐལ་པ་ལྔ་བརྒྱ་བྱུང་ངོ་། །དེ་ནས་བསྐལ་པ་མཐོང་ན་དགའ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་བྱུང་ངོ་། །དེ་ནས་མུན་པའི་བསྐལ་པ་བདུན་བརྒྱ་བྱུང་ངོ་། །དེ་ནས་བསྐལ་པ་དགའ་བ་དང་ལྡན་པ་ལ་སངས་རྒྱས་སྟོང་ཕྲག་དྲུག་ཅུ་བྱུང་ངོ་། །དེའི་རྗེས་ལ་བསྐལ་པ་བཟང་པོ་འདི་ཉིད་བྱུང་སྟེ་སངས་རྒྱས་སྟོང་མངོན་པར་བྱུང་བའོ། །འདིའི་འོག་ཏུ་མཐའ་འཁོབ་ཀྱི་བསྐལ་པ་རིགས་ངན་དྲུག་ཏུ་འབྱུང་ངོ། །དེའི་འོག་ཏུ་བསྐལ་པ་གྲངས་ལྡན་ལ་སངས་རྒྱས་སྟོང་ཕྲག་བཅུ་འབྱུང་ངོ་། །དེའི་འོག་ཏུ་རིགས་ངན་གྱི་བསྐལ་པ་སྟོང་ཕྲག་བཅུ་འབྱུང་ངོ་། །དེ་དག་ལ་སོགས་པ་མུན་པ་དང་སྒྲོན་མེའི་བསྐལ་པ་དུ་མ་འབྱུང་བ་ལས། མུན་པའི་བསྐལ་པ་དང་ཕྲད་པའི་དུས་སུ་སངས་རྒྱས་ཀྱི་མིང་ཡང་མེད་དོ། །ཞེས་གསུངས་པས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དཀའ། སངས་རྒྱས་བྱོན་ཀྱང་སྤྱིར་ཆོས་གསུངས་པ་དཀོན་ཞིང་བྱེ་བྲག་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ནི་ཨུ་དུམྺཱ་རའི་མེ་ཏོག་བཞིན་དུ་དུས་གསུམ་ན་འབྱོན་པར་དཀའ་སྟེ། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ཡང་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འདི་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་མ་ཡིན། །ཞེས་སོ། །ཆོས་གསུངས་ཀྱང་བསྟན་པ་ནུབ་ན་མི་ཕན་པ་ལས། ད་ནི་ལྔ་བརྒྱ་ཐ་མའི་དུས་ལ་བསླེབས་པས་མི་རྣམས་ཀྱི་བསམ་སྤྱོད་ཞན། སངས་རྒྱས་ཀྱི་བསྟན་པའི་ཉི་མའང་ནུབ་རིའི་མགོར་ལྷུང་དུ་ཉེ་བས། དམ་པའི་བཤེས་གཉེན་ཕལ་ཆེར་ནི་ཞིང་གཞན་གྱི་གདུལ་བྱ་ལ་དགོངས་ཏེ་མི་བཞུགས། རབ་ཏུ་བྱུང་བ་རྣམས་ཀྱང་གྲྭ་སའི་ཆགས་སྡང་དང་། ཟང་ཟིང་གི་འདུ་འགོད་ཙམ་ལས་སངས་རྒྱས་ཀྱི་བསྟན་པ་ཚུལ་བཞིན་དུ་ཐུགས་ལ་དགོངས་པ་དང་འཛིན་སྐྱོང་བྱེད་པ་ནི་ཉིན་མོའི་སྐར་མ་ཙམ། མཐའ་ཡི་དམག་མི་དང་ནག་ཕྱོགས་ཀླ་ཀློའི་རྒྱུ་འགྲུལ་ནི་སེར་སྤྲིན་བཞིན་དུ་གཡོ་བས། གང་ལ་བརྟགས་ཀྱང་རིང་དུ་མི་གནས་པའི་བརྡ་རྟགས་ཐམས་ཅད་མངོན་སུམ་དུ་གྱུར་པས་ཕྱིས་ནས་ཡང་ཡང་འཕྲད་པར་དཀའ། བསྟན་པ་གནས་ཀྱང་བཀའ་ལུང་དང་རྗེས་སུ་མཐུན་པའི་ཆོས་ཀྱི་གྲོགས་པོ་དང་། བླང་དོར་ཚུལ་བཞིན་དུ་འདོམས་པའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་དག་མེད་ན་མི་ཕན་པས། དེ་ལྟ་བུ་ཤིན་ཏུ་རྙེད་དཀའ་བ་དང་། ཆོས་སྒྲུབ་པ་ལ་ཟས་གོས་སོགས་མཐུན་རྐྱེན་སོགས་ཀྱང་འབྱོར་དཀའ་བས། དེ་ཐམས་ཅད་སྔོན་བསགས་ཀྱི་རྒྱུ་རྐྱེན་ལ་ལྟོས་དགོས་པས་ན་ཤིན་ཏུ་རྙེད་དཀའ་བ་ཡིན་ཏེ། འཕགས་པ་སྡོང་པོ་བཀོད་པ་ལས། མི་ཁོམ་པ་བརྒྱད་ལས་ལྡོག་པའང་རྙེད་པར་དཀའ། མིར་གྱུར་པའང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པའང་རྙེད་པར་དཀའ། སངས་རྒྱས་འབྱུང་བའང་རྙེད་པར་དཀའ། དབང་པོ་མ་ཚང་བ་མེད་པའང་རྙེད་པར་དཀའ། སངས་རྒྱས་ཀྱི་ཆོས་ཉན་པའང་རྙེད་པར་དཀའ། སྐྱེས་བུ་དམ་པ་དང་འགྲོགས་པའང་རྙེད་པར་དཀའ། ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་ཀྱང་རྙེད་པར་དཀའ། ཡང་དག་པའི་ཚུལ་རྗེས་སུ་བསྟན་པ་ཉེ་བར་སྒྲུབ་པ་ཡང་རྙེད་པར་དཀའ། ཡང་དག་པའི་འཚོ་བ་ཡང་རྙེད་པར་དཀའ། མིའི་འཇིག་རྟེན་ན་ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་བྱེད་པའང་རྙེད་པར་དཀའོ། །ཞེས་དང་། གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས། འདྲེན་པ་མཐོང་བ་ཤིན་ཏུ་རྙེད་པར་དཀའ། །ཞི་བའི་ཆོས་གསུངས་ཐོས་པའང་ཤིན་ཏུ་དཀའ། །དལ་འབྱོར་མིར་སྐྱེ་རྙེད་པར་ཤིན་ཏུ་དཀའ། །ཚུལ་ཁྲིམས་དད་པའང་རྟག་ཏུ་རྙེད་པར་དཀའ། །ཞེས་སོ། །དེས་ན་ད་རེས་ཡང་དག་པའི་བླ་མ་དང་མཇལ། ཟབ་མོའི་ཆོས་ཐོས། ཐར་པའི་ལམ་དུ་བསླབ་རྒྱུ་ཡོད་པ་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདིར། དཔེར་ན་ནོར་བུའི་གླིང་དུ་ཕྱིན་ནས་སྟོང་པར་ལོག་ན་རྒྱ་མཚོ་ཆེན་པོར་ཕྱིན་པ་དོན་མེད་པ་ལྟར། མི་ལུས་རིན་པོ་ཆེའི་གླིང་དུ་ཕྱིན་ནས། དམ་པའི་ཆོས་ཀྱི་ནོར་སྐལ་མ་བླངས། ཐར་པའི་ལམ་སྣ་མ་ཟིན་པར། ཚེ་འདིའི་བྱ་བས་གཡེངས་ན། མི་ལུས་རིན་པོ་ཆེ་ཐོབ་ཀྱང་སྟོང་ལོག་བྱས་པ་ཡིན། དམ་ཆོས་སྒྲུབ་པ་སེམས་ལ་རག་ལས་ཤིང་སེམས་དེ་དལ་འབྱོར་གྱི་ལུས་ལ་བརྟེན་པས་ན། མཐུན་པའི་རྟེན་འབྲེལ་ཚོགས་པའང་དཀའ་ལ། ནད་མེད་པ་དང་སྡུག་བསྔལ་གྱིས་མ་གཟིར་བ་དང་། གཞན་དབང་དུ་མ་གྱུར་པ་དང་། རང་དབང་ཐོབ་པའི་རྟེན་ལ་ཅི་ནས་དམ་པའི་ཆོས་ལ་འབད་དགོས་སྙམ་དུ་བསམ་པར་བྱའོ། །གཉིས་པ་རྒྱུ་རྐྱེན་གྱི་སྒོ་ནས་རྙེད་དཀའ་བར་བསམ་པ་ནི། དེ་ལྟ་བུའི་དལ་འབྱོར་ཕུན་སུམ་ཚོགས་པ་དེ་ཡང་རྒྱུ་མེད་རྐྱེན་མེད་དུ་བྱུང་བ་མ་ཡིན་ཏེ། སྔོན་བསོད་ནམས་བསགས་པའི་འབྲས་བུ་ཡིན། བསོད་ནམས་དེ་ཡང་སྦྱིན་སོགས་རྒྱ་ཆེན་པོ་དང་ལྡན་ཡང་ཚུལ་ཁྲིམས་དང་མི་ལྡན་ན། དེས་ལྷ་མི་ལ་སོགས་པའི་ལུས་ཕུན་སུམ་ཚོགས་པ་མི་ཐོབ་སྟེ། དབུ་མ་འཇུག་པ་ལས། སྐྱེས་བུ་ཚུལ་ཁྲིམས་རྐང་པ་ཆག་གྱུར་ན། །སྦྱིན་པས་ལོངས་སྤྱོད་ལྡན་ཡང་ངན་འགྲོར་ལྟུང་། །ཞེས་གསུངས་ཤིང་དེར་མ་ཟད། མང་དུ་ཐོས་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་གཞན་ཡོད་ཀྱང་མི་ཕན་ཏེ། དེ་ཉིད་ལས། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་དང་། ཏིང་འཛིན་རྒྱལ་པོ་ལས། ཚུལ་ཁྲིམས་འཆལ་བས་ངན་འགྲོར་དེ་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་ནུས། །ཞེས་དང་། མྱ་ངན་ལས་འདས་པའི་མདོ་ལས། དགེ་སློང་ལྷས་སྦྱིན་གྱིས་མདོ་སྡེ་བལ་གྱི་གླང་པོ་ཆེའི་ཁུར་གྱིས་ཐེག་ཚད་ཙམ་དུ་ཐོས་ཤིང་འཛིན་པར་བྱས་ཀྱང་། མི་དགེ་བའི་དབང་གིས་ངན་སོང་ལ་ལྟུང་བ་ལ་ལྟོས་ཞེས་གསུངས། གལ་ཏེ་ཚུལ་ཁྲིམས་ཡང་བསྲུང་། མཆོད་སྦྱིན་སོགས་དགེ་བ་རྒྱ་ཆེན་པོ་ལ་བརྩོན་ཀྱང་། རྐྱེན་བདུད་དང་གཤིན་རྗེའི་འཇིག་རྟེན་སོགས་སྲིད་པའི་ཕུན་ཚོགས་གཞན་དང་གཞན་དུ་བསྔོས་ན་མི་ཕན་པས་གཙོ་བོར་སྔོན་གྱི་སྨོན་ལམ་དང་འཆི་ཁའི་མཚམས་སྦྱོར་ཁོ་ན་ལ་རག་ལས་པས། དེ་ལྟ་བུའི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་དཀོན་པས་འབྲས་བུ་དལ་འབྱོར་ཕུན་སུམ་ཚོགས་པ་ཐོབ་པ་ཡང་ཆེས་དཀོན། དེས་ན་ད་ལྟ་ཆོས་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་ཐོབ་པ་འདི་སྔོན་བསོད་ནམས་རྒྱ་ཆེན་བསགས་པའི་འབྲས་རྟགས་བསླུ་མེད་ཡིན་ཏེ། བཤེས་སྤྲིང་ལས། མཐུན་པར་གྱུར་པའི་ཡུལ་ལ་གནས་བཅས་ཤིང་། །སྐྱེས་བུ་དམ་པ་རྣམས་ལ་བརྟེན་པ་དང་། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་གསུངས། དེས་ན་ལམ་གྱི་མཐུན་རྐྱེན་ལ་འཁོར་ལོ་ཆེན་པོ་བཞི་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཉིད་ཐོབ་པའི་སྐབས་སུ་མྱུར་དུ་བརྩོན་པས་ཆོས་ལ་མ་འབད་ན་ཕྱིས་རྙེད་པར་ཤིན་ཏུ་དཀའ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་བ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས། གསུམ་པ་དཔེའི་སྒོ་ནས་རྙེད་དཀའ་བར་བསམ་པ་ནི། རྒྱ་མཚོ་ཆེན་པོ་རླུང་གིས་བསྐྱོད་པའི་སྟེང་ན་གཉའ་ཤིང་བུ་ག་གཅིག་པ། གཅིག་ཏུ་མི་གནས་པར་ཆུའི་རླབས་ཀྱིས་འཁྱེར་བ་དང་། ཆུའི་འོག་ན་རུས་{རུ}སྦལ་ཞར་བ་ལོ་བརྒྱ་བརྒྱ་ན་སྟེང་དུ་ལན་རེ་འོང་བ་དེ་འཛོམས་ནས། གཉའ་ཤིང་གི་བུག་པར་རུས་སྦལ་གྱི་མགྲིན་པ་ཚུད་པ་བས། ངན་སོང་ནས་མི་ལུས་ཐོབ་པ་དཀའ་བ་དང་། གྱང་ལོག་གི་ཞལ་བ་འཇམ་པོ་ལ་སྲན་མ་སྤར་གང་གཏོར་ན་གཅིག་ཙམ་ཆགས་པའང་དཀའ་བ་ལས་མི་ལུས་ཐོབ་དཀའ་བ་སོགས་མདོ་ལས་གསུངས་ཏེ། བཤེས་སྤྲིང་ལས། རྒྱ་མཚོར་ཆེར་གཡེང་གཉའ་ཤིང་བུག་པ་དང་། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་བདེ་འབྲས་མཆིས་པར་མཛོད། །ཅེས་དང་། ཨོ་རྒྱན་ཆེན་པོས། ཡང་ཡང་རྙེད་དཀའ་ཨུ་དུམྺཱ་ར་འདྲ། །རྙེད་པ་དོན་ཆེན་ཡིན་བཞིན་ནོར་ལས་ལྷག །ད་རེས་ཕུན་ཚོགས་རྐྱེན་ཀུན་འཛོམས་དུས་འདིར། །བརྩོན་འགྲུས་དྲག་པོས་སྲིད་ལས་སྒྲོལ་བར་མཛོད། །ཅེས་དང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། མཚོ་དབུས་གཡེང་པའི་གཉའ་ཤིང་བུ་ག་རུ། །རུས་སྦལ་མགྲིན་ཆུད་སྲིད་ཀྱིས་ངན་སོང་ལས། །མིར་གྱུར་རྙེད་དཀའ་དེ་བཞིན་རྩིག་ངོས་ཀྱི། །ཞལ་ཞལ་ལོགས་ལ་སྲན་མ་ཆགས་སྲིད་ཀྱི། །མིར་གྱུར་ན་ཡང་ཡུལ་དབུས་སྐྱེས་པ་དཀོན། །ཨུ་དུམྦཱ་ར་འཇིག་རྟེན་འབྱུང་དཀའ་བས། །དེ་བས་ཆོས་ཞུགས་ཡང་དག་ལམ་ཕྲད་དཀོན། །ཁ བ་མིག་རས་ཡུག་ཆུད་པར་དཀའ་བས་ཀྱང་། །ལམ་རྙེད་དེ་དག་ཚུལ་བཞིན་སྒྲུབ་པ་དཀོན། །མཚོ་གླིང་དག་ནས་ཡིད་བཞིན་རྙེད་པས་ཀྱང་། །ཡང་དག་བླ་མ་རྙེད་པར་དཀའ་བས་ན། །དེ་དག་བསམ་ལ་བརྩོན་པས་སྒྲུབ་འཚལ་ལོ། །ཞེས་གསུངས་པ་བཞིན་ནོ། །བཞི་པ་གྲངས་ཀྱི་ཁྱད་པར་ལ་བསམ་ནས་རྙེད་དཀའ་བ་ནི། འདུལ་བ་རྣམ་འབྱེད་ལས། དགེ་སློང་དག ངན་སོང་གི་འགྲོ་བ་ལ་ལྟོས། ཕྱི་ཕྱིར་མི་ཉིད་ཀྱི་དངོས་པོ་ཐོབ་པའང་ཤིན་ཏུ་དཀའོ། །ལོག་པར་སྟོན་པའི་སྟོན་པ་འདི་དག་ལ་ལྟོས། ཡང་དག་པའི་དགེ་བའི་བཤེས་གཉེན་དང་འཕྲད་དང་པར་རབ་ཏུ་དཀའོ། །ཚུལ་ཁྲིམས་དང་རྣམ་པར་གྲོལ་བ་ལས་ཉམས་པའི་ཚུལ་ལས་ཉམས་པ་འདི་དག་ལ་ལྟོས། སྦྱངས་པའི་ཡོན་ཏན་ལ་གནས་པ་གཅིག་ཏུ་དགེ་བའི་ཆོས་སྒྲུབ་ཅིང་ཤིང་དྲུང་ངམ་དགོན་པའི་གནས་སུ་སྤྲོ་བས་ཚེ་འདའ་བར་གྱིས་ཤིག ཅེས་དང་། མདོ་གཞན་ལས་ཀྱང་། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། དམྱལ་བའི་ཚད་ནི་ཇི་ཙམ། ཡི་དྭགས་ཀྱི་ཚད་ཇི་ཙམ། དུད་འགྲོའི་ཚད་ཇི་ཙམ། ལྷ་མ་ཡིན་གྱི་ཚད་ཇི་ཙམ། ལྷ་མི་གཉིས་ཀྱི་ཚད་ཇི་ཙམ། བཀའ་སྩལ་པ། དམྱལ་བའི་ཚད་ནི་སའི་རྡུལ་གྱི་གྲངས་ཙམ། ཡི་དྭགས་ནི་བྱེ་མའི་གྲངས་ཙམ། དུད་འགྲོ་ནི་ཆང་གི་སྦང་མ་ཙམ། ལྷ་མ་ཡིན་ནི་ཁ་བ་དང་བུ་ཡུག་ཙམ། ལྷ་མི་ནི་སེན་མོའི་སྟེང་གི་རྡུལ་ཙམ་མོ་ཞེས་དང་། དཔེ་ཆོས་ལས་ཀྱང་འདི་དང་མཐུན་པར་གསུངས་ལ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཤིང་རྟའི་འཕང་ལོ་གཅིག་གི་ཁྱོན་ན་ཐམས་ཅད་མཁྱེན་པས་གཟིགས། གཞན་གྱི་མི་མཐོང་བའི་སེམས་ཅན་ཙམ་སྟོང་གསུམ་གྱི་ལྷ་མི་ལའང་མེད་པར་གསུངས་པས་མཚོན་སེམས་ཅན་ཀྱི་ལས་སྣང་བསམ་གྱིས་མི་ཁྱབ་སྟེ། མདོར་ན་ཨོ་རྒྱན་ཆེན་པོས། རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་འདི། །རྒྱུ་རྐྱེན་དཔེ་གྲངས་གང་ལ་བརྟག་དཔྱད་ཀྱང་། །ངེས་པར་དཀའ་སྟེ་རྒྱལ་ཀུན་འདིར་བརྟེན་འདུས། །དེ་ཕྱིར་དལ་འབྱོར་རྙེད་དཀའ་བསམ་པ་ལ། །ཕོངས་པས་གཏེར་རྙེད་བཞིན་དུ་སྤྲོ་བ་བསྐྱེད། །ཉིན་མཚན་མི་དལ་དམ་ཆོས་སྒྲུབ་པར་བྱ། །ཞེས་དང་། ཡུལ་འཁོར་སྐྱོང་གི་ཞུས་པའི་མདོ་ལས། སངས་རྒྱས་འཇིག་རྟེན་ཕན་པ་དྲང་སྲོང་ཆེ། །བསྐལ་པ་བྱེ་བར་བརྒྱ་ལམ་འབྱུང་བར་འགྱུར། །ད་ལྟར་དལ་བ་དམ་པ་རྙེད་པ་ལ། །གལ་ཏེ་ཐར་འདོད་བག་མེད་སྤོང་བར་གྱིས། །ཞེས་དང་། ཚུལ་ཁྲིམས་ཡོངས་སུ་དག་པའི་མདོ་ལས། དགེ་སློང་དག་དེ་ཐོབ་ནས་དེ་རྙེད་དེ་རྒྱལ་བའི་བསྟན་པ་ལས་རབ་ཏུ་བྱུང་བ་ཡང་རྙེད་པར་དཀའ་ན། ཅིའི་ཕྱིར་བརྩོན་འགྲུས་དང་། བརྟུལ་བ་བརྟན་པོས་བསྒྲུབ་པར་མི་བྱེད། རྒས་པ་དང་ན་བ་དང་འཆི་བ་ནི་མངོན་པར་འོང་ཞིང་། ཐུབ་པའི་བསྟན་པ་ཡང་ནུབ་པར་འགྱུར་ན། ཕྱིས་འགྱོད་པར་འགྱུར་ཏ་རེ། ཞེས་གསུངས་པ་བཞིན་ཡང་དང་ཡང་དུ་གོམས་པར་བྱའོ། །གསུམ་པ་སངས་རྒྱས་སྒྲུབ་པའི་རྟེན་ཁྱད་པར་དུ་འཕགས་པ་ཡིན་པས་དེ་རྙེད་ན་དོན་ཆེ་བར་བསྟན་པ་ནི། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། འདིར་ནི་འདྲེན་པ་མཐོང་བ་དོན་ཡོད་ཅིང་། །ཆོས་ཐོས་པ་དང་བསྒྲུབ་པའང་དོན་ཡོད་ལ། །ཚེ་འདི་དོན་ཡོད་ཕྱི་མ་འབྲས་བཅས་ཀུན། །དལ་འབྱོར་ལུས་རྙེད་ལས་བྱུང་དེ་ཡི་ཕྱིར། །རབ་ཏུ་དགའ་བ་ཡང་དང་ཡང་སྒོམས་ཤིག །ཅེས་གསུངས་པས། སྐྱེས་བུ་ཆུང་ངུའི་ལམ་མངོན་པར་མཐོ་བ་དང་། ཆེ་འབྲིང་གི་ལམ་ངེས་ལེགས་བྱང་ཆུབ་གསུམ་གང་ཡང་རུང་བའི་ལམ་གྱི་རྟེན་སངས་རྒྱས་མཇལ་ཞིང་ཆོས་ཐོས་པ་དང་ནན་ཏན་གྱིས་སྒྲུབ་པ་སོགས་འདི་ཕྱིའི་ལེགས་ཚོགས་མཐའ་དག་དལ་འབྱོར་གྱི་རྟེན་ཕུན་སུམ་ཚོགས་པ་ལས་འབྱུང་བ་ཡིན་ཏེ། དྲན་པ་ཉེར་བཞག་ཆེན་པོ་ལས། དགའ་བྱེད་ཁྱོད་ཀྱིས་ལེགས་པར་མཐོང་བ་དང་ལེགས་པར་ཐོས་པ་གང་ཡིན་དེ་ནི་དལ་བ་བསམས་པ་ལས་བྱུང་བ་ཇི་ལྟ་བ་བཞིན་དུ་མི་རྣམས་ཀྱི་བདེ་བ་དང་ལེགས་པའི་ཆོས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་འགྲུབ་པར་བལྟའོ། །ཞེས་གསུངས། གཞན་ཡང་ལུང་སྔ་མ་ལས། རྣམ་པར་མི་རྟོག་བདེན་མཐོང་ཡེ་ཤེས་ས། །ལྷ་མིའི་ནང་ནས་མིར་གྱུར་རྙེད་སླ་སྟེ། །རྡོ་རྗེ་ཐེག་པའི་ལམ་ཟབ་སྙིང་པོ་ཡང་། །མི་ཡི་ལུས་རྙེད་འབྲས་བུ་འགྲུབ་པར་སླ། །དེ་ཕྱིར་ཐེག་པ་ཆེ་ཆུང་ཆོས་ཀྱི་རྟེན། །དལ་འབྱོར་མི་ལུས་མཆོག་ཏུ་འཕགས་པར་གསུངས། །ཞེས་པ་ལྟར། ཐེག་པ་ཐམས་ཅད་ཀྱི་ལམ་གྱི་ངོ་བོ་ཟག་མེད་འཕགས་པའི་ཡེ་ཤེས་བསྐྱེད་པའི་རྟེན་ཡང་ཡིན་ཏེ། མཛོད་ལས། གསུམ་དུའོ་གོང་ན་མཐོང་ལམ་མེད། །ཅེས་གླིང་གསུམ་གྱི་མིའི་རྟེན་ཅན་དུ་གསུངས་པ་དང་། སློབ་སྤྲིང་ལས། བདེ་གཤེགས་ལམ་བསྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣགས་པར་གང་ཡིན་དེ་ནི་བརྟུན་ཏེ་སྒྲུབས། །ཞེས་གསུངས། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རྟེན་དུ་ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་འདི་འབའ་ཞིག་བསྔགས་ཏེ། འབྱུང་བཞི་ཟད་པའི་རྒྱུད་ལས། གསང་སྔགས་རྒྱལ་པོ་རྨད་བྱུང་འདི། །མི་རྣམས་ཀྱིས་ནི་བརྩོན་བྱས་ན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །རྣལ་འབྱོར་དངོས་གྲུབ་གཞན་ཅི་སྨོས། །ཞེས་གསུངས། དེར་མ་ཟད། ངལ་གསོ་ལས། ལྷར་བཅས་འཇིག་རྟེན་དབུས་ན་འགྲོ་བའི་གཙོ། །ཉན་རང་སྲས་ཀྱིས་བསྐོར་བའི་མགོན་པོ་ཡིས། །འཆི་མེད་བདུད་རྩིའི་གོ་འཕང་བརྙེས་པའང་། །མི་ལུས་རིན་ཆེན་མཆོག་ལས་བྱུང་བས་ན། །ལྷ་བས་ལྷག་པའི་ལུས་ཞེས་དལ་འབྱོར་བསྔགས། །དེ་ཕྱིར་མི་ཉིད་ཐོབ་ལ་སྤྲོ་བ་བསྐྱེད། །ཅེས་གསུངས་པ་ལྟར། ཐེག་གསུམ་ལམ་གྱི་འབྲས་བུ། ཉན་རང་གི་དགྲ་བཅོམ་དང་། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་དལ་འབྱོར་གྱི་རྟེན་ལས་ཐོབ་པས། ལྷ་ལས་ལྷག་པའི་ལུས་ཞེས་བསྔགས་པ་ཡིན་ཏེ། མངོན་པར་བྱང་ཆུབ་པའི་མདོ་ལས། ལྷའི་གནས་སུ་མངོན་པར་བྱང་མི་ཆུབ་པ་ནི། གནས་རིས་ལ་ང་རྒྱལ་དུ་བྱེད་པས་བདེན་པ་མངོན་པར་མི་རྟོགས་པའི་ཕྱིར་དང་། དལ་བ་དང་འབྱོར་པ་ཕུན་སུམ་ཚོགས་པ་མི་ཉིད་ཁོ་ནར་གཟིགས་ནས་སེར་སྐྱའི་གནས་སུ་གཤེགས་ཏེ་ཞེས་དང་། སྤྱོད་འཇུག་ལས། ལྷ་བས་ལྷག་པའི་ལུས་ཀྱིས་ནི། །ཞེས་གསུངས། དེས་ན་ཕོངས་པས་ནོར་བུ་རྙེད་པ་ལྟར། རང་གི་དལ་འབྱོར་ལ་ལྟ་ཞིང་འདི་རྨི་ལམ་ཡིན་ནམ། ངེས་པར་བདེན་པ་ཡིན་སྙམ་དུ་སྤྲོ་དགའ་བསྐྱེད་ཅིང་། དལ་འབྱོར་དོན་མེད་དུ་བྱེད་པའི་རྒྱུ་འཇིག་རྟེན་གྱི་བྱ་བ་ལས་བློ་ལྡོག་སྟེ་ཆོས་ལ་བརྩོན་པར་བྱ་དགོས་ཏེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཚེ་འདིའི་སོ་ཚིས་གྲོགས་དང་གྲོས་འདུན་དང་། །ལོངས་སྤྱོད་ཕྱོགས་རིས་གྲུབ་མཐའ་ངན་པ་རྣམས། །དལ་འབྱོར་ཆུད་གསོན་ཕུང་ཁྲོལ་ལགས་པས་སྤང་། །ཞེས་དང་། འཇིག་རྟེན་གྱི་བྱ་བ་ཅི་བྱས་ཀྱང་ཕྱི་མ་ཕན་ཆད་ཀྱི་དོན་ཆེན་པོ་མེད་ཅིང་འཁོར་བའི་འདམ་དུ་བྱིང་བ་ལས་མེད་པར་ཐག་བཅད་ནས་ཆོས་ལ་བརྩོན་དགོས། དེ་ཡང་སོ་ནམ་ཡུན་གྱི་གཏན་སྲིད་མེད་པ་ཡུལ་ཞིང་གི་སོ་ཚིས། གྲོགས་ཡུན་གྱི་དོན་སྲིད་མེད་པ་ཁྱོ་ཤུག་དང་ཉེ་འབྲེལ། ལོངས་སྤྱོད་ཟས་ནོར་གྱི་གཉེར་པ། གྲོས་འདུན་ཚེ་འདིའི་ཆེ་ཐབས། འཁྲུགས་རྩོད་དགྲ་གཉེན་གྱི་ཕྱོགས་རིས། གྲུབ་མཐའ་མཐར་འཛིན་གྱི་དགག་སྒྲུབ་སོགས་ཡུན་དུ་མི་ཕན་པའི་བྱ་བ་ཐམས་ཅད་སྤངས་ལ། དལ་འབྱོར་ཆུད་མི་གསོན་པར་སྙིང་ནས་དམ་པའི་ཆོས་ལ་བརྩོན་དགོས། དེ་ཡང་འཇིག་རྟེན་ཁྱིམ་པ་རྣམས་ལ་དགྲ་གཉེན་གྱི་ཕྱོགས་རིས། བུ་ཚ་དང་ཁྱིམ་ཐབ་ཀྱི་གཉེར་ཁ། ཁྲལ་དང་གཙེར་བའི་སེམས་ལས། ནང་ནུབ་ལྟོ་གོས་ཁོལ་པོ། གང་བྱས་ཀྱང་མ་ཟིན། ཅི་བྱུང་ཡང་མི་འདོད། ཇི་ལྟར་བྱས་ཀྱང་མི་མགུ། ཉིན་མི་དལ་མཚན་མི་གཉིད་པར་བྱས་ཀྱང་བྲེལ་དོ་ལ་ཟིན་པའི་དུས་མེད། ཆོས་ལ་སེམས་པའི་བློ་དཀོན། གང་བྱེད་སྡིག་པ་དང་འདྲེས་པས་གཞི་ཆེ། ཁྱིམ་མཚེས་ཆགས་སྡང་གི་མེ་དཔུང་དབལ་ཚ། བུ་ཚ་ལན་ཆགས་ཀྱི་རྡོས་ཐག་ཤུགས་དྲག ཅི་བྱས་སྡུག་བསྔལ་གྱི་བསྣོན་མ་ཁུར་ཆེ། རང་སྡུག་བསྔལ་བ་བས་གཞན་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་གྲངས་མང་བའི་ཕྱིར་ཆོས་ལས་རིང་བ་ཡིན་ཏེ། མདོ་ལས། ཁྱིམ་ན་ཉོན་མོངས་གནས་པ་སྟེ། །དཀར་པོའི་ཆོས་རྣམས་འཇིག་པར་བྱེད། །ཅེས་གསུངས། སྙིགས་དུས་ཀྱི་རབ་ཏུ་བྱུང་བ་རྣམས་ཀྱང་། ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན། ཚོང་དང་སོ་ནམ་གྱི་གཉེར་པ། རྟ་བོང་ཁལ་ཕྱུགས་ཀྱི་བྲན་གཡོག ནོར་རྫས་སྐྱེད་འཕེལ་གྱི་བྲེལ་དོ། །རྒས་ཀ་ཚེ་གཞུག་གི་སོ་ཚིས། ཉེ་དུ་འབྲེལ་བའི་གྲོས་འདུན། འདོད་ཡོན་སྲེད་པའི་ཞེན་ཆགས། བཟའ་བཏུང་ལོངས་སྤྱོད་ཀྱི་སྐྱིད་འདོད། གནས་དང་མཁར་ལས་ཀྱི་བྱ་གཞག ཟིན་མེད་བྲེལ་དོའི་རྣམ་གཡེང་། ཉིན་མཚན་ཆགས་སྡང་གི་ཁོར་ཡུག གོང་འོག་སེམས་འཛིན་གྱི་ཁུར་ལས། ལོ་འདོད་འཇིག་རྟེན་གྱི་སྣང་ཤེས། ཐོས་བསམ་གཟུགས་བརྙན་གྱི་ཁ་ཆོས། ཆགས་སྡང་འགྲན་སེམས་ཀྱི་མེ་དཔུང་། རྟག་ཏུ་ཟུག་རྔུའི་ཚེར་མ། ཅི་བྱས་ཚེ་འདིའི་བྱ་བ། རྟག་ཏུ་རེ་བའི་སོ་ཚིས། དཔོན་སློབ་དད་མེད་ཀྱི་འཆིང་རེས། གྲོགས་མཆེད་འགྲན་སེམས་ཀྱི་ཕྲག་དོག དྲགས་ཤོས་ཆོས་བརྒྱད་ཀྱི་རི་བོ། ཞན་ཤོས་ཐོས་མེད་ཀྱི་ཀུན་སྤྱོད། ཆོས་དང་རང་རྒྱུད་འཛོལ་བའི་ཉེས་པ་ཤིན་ཏུ་མང་བས་དམ་པའི་ལྷ་ཆོས་རབ་ཏུ་དཀའ་སྟེ། ལུང་ལས། གང་ཞིག་རབ་ཏུ་བྱུང་ཡང་ཡོན་ཏན་སྣོད་མ་གྱུར། །སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས། །རབ་བྱུང་དེ་ནི་རབ་བྱུང་མ་ཡིན་ཁྱིམ་པའང་མིན། །ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན། །ཞེས་གསུངས། དེས་ན་ཆོས་ཚུལ་བཞིན་བྱེད་ན་འཇིག་རྟེན་གྱི་སྣང་བ་ལས་བློ་བཟློག་པ་གལ་ཆེ། དེས་ན་ད་རེས་ཐར་པའི་ལམ་སྣ་མ་ཟིན་ན། གསེར་གླིང་ནས་སྟོང་པར་ལོག་པ་བས་ཀྱང་མདོ་ཆུང་བས་ཟབ་མོའི་ཆོས་ཤིག་བསྒྲུབས་ཏེ་ལམ་སྣ་ཅི་ཟིན་བྱ། སྤྱོད་ལམ་དུས་དྲུག་ཐམས་ཅད་དུ་དྲན་ཤེས་ཀྱི་བྱ་རས་ཟིན་པར་བྱས་ནས། ཚོགས་དྲུག་གི་ཡུལ་ལ་མ་ཡེངས་པར་རང་གིས་རང་ལ་བསྐུལ་ཏེ། དཔེར་ན་གྲུ་ཡོད་དུས་ཆུ་བོ་ལས་སྒྲོལ་དགོས་པའམ། རྟ་ཅང་ཤེས་ཡོད་དུས་ཤུལ་རིང་གི་ལམ་ལ་བགྲོད་དགོས་པ་དང་། དྲོད་གཤེར་དང་ཆུ་ལུད་འཛོམས་དུས་ས་བོན་ཅི་ཐེབས་བྱེད་པ་དང་། དཔའ་བའི་དཔུང་ཚོགས་ཡོད་དུས་དགྲ་འདུལ་བ་དང་། གསེར་དངུལ་གྱི་གཏེར་ཁ་རྡོལ་དུས་ཅི་ལོན་བྱེད་པ་དང་། སྟོན་ཀའི་ལོ་ཐོག་སྨིན་དུས་སུ་ཅི་འདུས་བྱེད་པ་དང་། འཇིགས་སར་སྐྱེལ་མ་ཡོད་དུས་བརྩོན་པ་ཆེར་བསྐྱེད་པ་དང་། བྲན་གཡོག་གི་བྱ་གཞག་བྱེད་དུས་སུ་ལསབསྒྲུབས་པ་ལྟར། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྙེད་དུས་འདིར་དལ་ཁོམ་མེད་པར་ཆོས་ལ་བརྩོན་པར་བྱ་དགོས་ཏེ་མི་རྟག་པ་མྱུར་དུ་འོང་བའི་ཕྱིར། འདི་ལ་བསམས་ན་གཉིད་ལོག་པ་དང་དབུགས་འབྱུང་རྔུབ་ཙམ་ཡང་ཁོམ་གླགས་མེད་པར་ཆོས་ལ་བརྩོན་པར་རིགས་ཏེ། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིན་ཆད་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས། དེས་ན་ཟ་ཉལ་འགྲོ་འདུག་སོགས་སྤྱོད་ལམ་གང་གི་སྐབས་སུའང་ལེ་ལོ། སྙོམས་ལས་དང་། བཏང་སྙོམས་དང་། གཡེང་བ་དང་། འདུ་འཛི་དང་། སྒོ་གསུམ་མ་ཞི་བའི་ཆ་ལུང་མ་བསྟན་དང་བཅས་པ་རྣམས་བསྡོམས་ཏེ། བདག་དམ་པའི་ཆོས་སྒོར་ཞུགས་པ་ཡིན་པས། ཐ་མལ་པའི་སྐྱེ་བོ་གཞན་དང་མི་མཚུངས་སྙམ་དུ་དྲན་པ་དང་ཤེས་བཞིན་གྱིས་རང་གི་རྒྱུད་ལ་བརྟགས། མི་དགེ་བ་བྱུང་ན་བཤགས་སྡོམ་བྱ། མ་བྱུང་ན་དགའ་བ་བསྒོམ། སྐབས་སུ་གང་བབས་ཀྱི་མཚན་བཅས་མཚན་མེད་ཀྱི་དགེ་སྦྱོར་ལ་འདེམ་ཁ་མེད་པར། བཀྲེས་པ་ཟས་ལ་འཕྲད་པ་བཞིན་དུ་མྱུར་དུ་བརྩོན། འདུས་བྱས་ཀྱི་དགེ་བ་ཁྱད་དུ་མི་གསད། ཀུན་ཀྱང་སྒྱུ་མ་ལྟ་བུའི་ངང་ནས་ཚོགས་གཉིས་ཟུང་འབྲེལ་རྒྱལ་བ་དགྱེས་པའི་ལམ་ལ་སློབ་ཅིང་གཞན་དག་ཀྱང་དགེ་བར་བསྐུལ་ནས་ཉིན་མཚན་ཆོས་ཀྱིས་འདའ་བས། ཕྱི་མའི་ལམ་སྣ་ཟིན་ངེས་ཀྱིས་དལ་འབྱོར་དོན་ཡོད་དུ་བྱའོ། །ཀུན་མཁྱེན་བླ་མས། འགྲོ་ཉལ་འདུག་དང་ཟས་ལ་སོགས་པ་ནའང་། །ལེ་ལོ་ལ་སོགས་སྐྱོན་དྲུག་རྣམ་སྤངས་ནས། །མངོན་མཐོ་ངེས་ལེགས་དོན་རྣམས་བསྒྲུབ་པ་ན། །བཀྲེས་པ་ཟས་མཐོང་ལ་སོགས་དཔེས་འཇུག་སྟེ། །ཉིན་མཚན་ཀུན་དུ་དགེ་ལ་བརྩོན་པར་བྱ། །ཞེས་དང་། ཕ་དམ་པས། དལ་འབྱོར་མི་ལུས་རིན་ཆེན་གླིང་དང་འདྲ། །མདོ་མེད་སྟོང་ལོག་མ་བྱེད་དིང་རི་བ། །ཞེས་གསུངས་པའི་དོན་རྣམས་ཡིད་ལ་ཡང་ནས་ཡང་དུ་གོམས་པར་བྱ་ཞིང་། ངག་ཏུའང་རྗེ་བླ་མ་ཐམས་ཅད་མཁྱེན་པ་འཇམ་དཔལ་དགྱེས་པའི་ཞལ་སྔ་ནས་བསྩལ་པའི་སྔོན་འགྲོ་ཐར་ལམ་རབ་གསལ་གྱི་ཚིག་འདི་ཉིད་བརྗོད་པས་གསལ་གདབ་པར་བྱ་སྟེ། དལ་འབྱོར་རྙེད་དཀའ་ཨུ་དུ མྺཱ་ར་འདྲ། །རྙེད་ན་དོན་ཆེ་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པར་ད་རེས་ཙམ་ཞིག་ལ། །དོན་ཆེན་གཏན་གྱི་འདུན་མ་མི་སྒྲུབ་པར། །དོན་མེད་ཆུད་ཟར་གྱུར་པ་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །དལ་འབྱོར་དོན་ཡོད་བྱེད་པར་བྱིན་གྱིས་རློབས། །ཞེས་སྙིང་ཐག་པ་ནས་ཡང་ཡང་བརྗོད་ཅིང་གསོལ་བ་གདབ་བོ། །བཞི་པ་དེ་ལྟར་བསྒོམས་པའི་ཕན་ཡོན་འབྱོངས་ཚད་དང་བཅས་པ་བསྟན་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དེ་ཡི་ཕན་ཡོན་ཚེ་འདི་བློས་ཐོངས་ཤིང་། །ཕྱི་མ་དོན་གཉེར་བརྩོན་འགྲུས་མེ་བཞིན་འབར། །དལ་ཁོམ་མེད་པར་དགེ་བས་དུས་འདའ་ཞིང་། །མྱུར་དུ་སྲིད་གསུམ་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་གསུངས་དེ་ལྟར་ཉིན་མཚན་དུ་དལ་འབྱོར་རྙེད་དཀའ་བསམ་པ་དེའི་ཕན་ཡོན་ཚད་མེད་ཀྱང་བསྡུ་ན། ཚེ་འདིའི་བྱ་བ་ཐམས་ཅད་དོན་མེད་དུ་འདུ་ཤེས་ནས་མི་འཇུག་པ། ཕྱི་མའི་འདོད་དོན་དང་དུ་ལེན་པ། ཅི་བྱེད་ལས་འབྲས་དང་མི་འགལ་བར་སྤྱོད་པ། དལ་ཁོམ་རེས་འཇོག་མེད་པར་བརྩོན་འགྲུས་མེ་བཞིན་འབར་བས་ཐོས་བསམ་བསྒོམ་པའི་དོན་ལ་བརྩོན་པ། སྡིག་པའི་གྲོགས་པོ་སྤངས་ནས་རྟག་ཏུ་དགེ་བ་ལ་སྤྱོད་པས་རང་ཉིད་དམ་པར་གནས་པ། འཁོར་བའི་འདུན་མ་བོར་ནས་དལ་བ་ཆུད་མི་གསོན་པས་འཆི་དུས་སྤྲོ་དགའ་དང་བཅས་པ། སེར་སྣའི་མདུད་པ་གྲོལ་བས་སྦྱིན་པའི་ལམ་རྒྱགས་སོག་ནས་གར་སྐྱེས་དབུལ་ཕོངས་དང་བྲལ་བ། རྟག་ཏུ་ཆོག་ཤེས་ཡོད་པས་ནོར་རྫས་ལ་ཞེན་པ་མེད་ཅིང་སྒོ་གསུམ་ཆོས་དང་མཐུན་པ། གང་ཡང་སྙིང་པོ་མེད་པས་བྱས་པ་དོན་མེད་དུ་རྟོགས་ཏེ་ཆགས་ཞེན་གྱི་འཁྲི་བ་ཆོད་པ། ཐམས་ཅད་འགྲོ་བར་ཤེས་པས་འཐབ་རྩོད་ཀྱི་ཟུག་རྔུ་མེད་ཅིང་ངང་རྒྱུད་ཁོང་ནས་དགེ་བ། ཅི་བྱས་དགོས་མེད་དུ་མཐོང་བས་མཐུན་འཇུག་གི་རྩིག་པ་འགྱེལ་ཞིང་ཆོས་བརྒྱད་ཀྱི་རི་བོ་ཞིག་པ། ཐར་པའི་ལམ་སྣ་ཟིན་པས་དམ་ཆོས་ཚུལ་བཞིན་བསྒྲུབ་ཅིང་མྱུར་དུ་སངས་རྒྱས་འགྲུབ་པར་འགྱུར་བའོ། །ཞེས་གསུངས། འབྱོངས་པའི་ཚད་ནི་དགེ་བཤེས་སྤྱན་སྔ་བ་ལྟ་བུ་ཞིག་དགོས་པ་ཡིན་ཏེ། ཁོང་མནལ་ཡེ་མ་ལོག་པར་དགེ་སྦྱོར་ཁོ་ན་མཛད་པས། དགེ་བཤེས་སྟོན་པས། བུ་ཁམས་དུབ་པ་རེ་སང་། ཁམས་ལོག་ཉེན་ཡོད་གསུངས་པས། ཁམས་སང་བ་ཡང་དེ་ཀ་ལགས་ཏེ། བདག་གིས་དལ་འབྱོར་རྙེད་དཀའ་འདི་བསམ་ཙ་ན་ཁམས་སང་ལོང་མི་འདུག་གསུངས། ཁོང་གིས་མི་གཡོ་བའི་བསྙེན་པ་དུང་ཕྱུར་དགུ་གསུངས་པ་ཡིན། མི་ཚེ་ལ་མནལ་ཡེ་མ་ལོག་པ་ཡིན་ནོ། །མདོར་ན། ད་རེས་ཀྱི་རྟེན་འདིར་ཆོས་གཤའ་མ་ཞིག་མ་འགྲུབ་ན། ཕྱིན་ཆད་འདི་འདྲའི་རྟེན་བཟང་མི་རྙེད་པར་ཁོ་ཐག་ཆོད་འདུག་བསམས་ནས། ཚེ་འདིའི་བྱ་གཞག་ཐམས་ཅད་བོར་ནས་དམ་པའི་ཆོས་ཁོ་ན་ལ་ཆིག་དྲིལ་དུ་བྱེད་ན་འབྱོངས་ཚད་ཡིན་པས། དེ་ལྟར་ངེས་པར་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་བསྒོམ་པར་བྱའོ། །རྙེད་དཀའ་དོན་ཆེན་ཡིད་བཞིན་ནོར་འདྲའི་རྟེན། །སྔོན་བསགས་མཐུ་ཡིས་རྙེད་པ་ད་རེས་ཙམ། །དོན་མེད་ཚེ་འདིའི་བྱ་བས་མི་གཡེངས་པར། །དོན་ཆེན་སྙིང་པོ་ལོངས་ཤིག་ཤེས་ལྡན་རྣམས། །དལ་འབྱོར་རྙེད་དཀའ་བསམ་པའི་ཁྲིད་དོ། །


previousརྡོ་རྗེ་ཐེག་པའི་ཐུན་མོང་གི་སྔོན་འགྲོ་སྤྱི་ལ་སྦྱོར་ཆོག་པའི་ཁྲིད་ཀྱི་རྒྱབ་ཡིག་ཀུན་མཁྱེན་ཞལ་ལུང་རྣམ་གྲོལ་ཤིང་རྟ།next