Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བདུན་པ།


   
   
   
   
   
འཆི་བ་མི་རྟགས་པ་ལ་བསམ་ནས་ལེ་ལོ་སྙོམ་ལས་ལས་བློ་ལྡོག་སྟེ་ཆོས་ལ་བརྩོན་འགྲུས་བསྐྱེད་པའི་ཁྲིད།
   
   
   
   
   
   
   


 
previousའཆི་བ་མི་རྟགས་པ་ལ་བསམ་ནས་ལེ་ལོ་སྙོམ་ལས་ལས་བློ་ལྡོག་སྟེ་ཆོས་ལ་བརྩོན་འགྲུས་བསྐྱེད་པའི་ཁྲིད།next

འཆི་བ་མི་རྟགས་པ་ལ་བསམ་ནས་ལེ་ལོ་སྙོམ་ལས་ལས་བློ་ལྡོག་སྟེ་ཆོས་ལ་བརྩོན་འགྲུས་བསྐྱེད་པའི་ཁྲིད།

༈ གཉིས་པ་འཆི་བ་མི་རྟགས་པ་ལ་བསམ་ནས་ལེ་ལོ་སྙོམ་ལས་ལས་བློ་ལྡོག་སྟེ་ཆོས་ལ་བརྩོན་འགྲུས་བསྐྱེད་པའི་ཁྲིད་ལ་བཞི། སྣོད་བཅུད་མི་རྟག་པའི་རང་བཞིན་སྤྱིར་བསྟན་པ། གདམས་ངག་རྣམ་པ་བཅུ་གཉིས་ཀྱི་སྒོ་ནས་རྒྱས་པར་དབྱེ་བ། འཆི་བ་དགུ་ཕྲུགས་ཀྱི་ཚུལ་དུ་དྲིལ་ནས་ཉམས་སུ་ལེན་པ། དེ་ལྟར་བསྒོམ་པའི་ཕན་ཡོན་འབྱོངས་ཚད་དང་བཅས་པ་བསྟན་པའོ། །དང་པོ་ནི། ཨོ་རྒྱན་ཆེན་པོས་ཆོས་སྤྱོད་ལམ་རིམ་ལས། སྣོད་ཀྱི་འཇིག་རྟེན་མི་རྟག་མེ་ཆུས་འཇིག །བཅུད་ཀྱི་སེམས་ཅན་མི་རྟག་ལུས་སེམས་བྲལ། །དབྱར་དགུན་སྟོན་དཔྱིད་ནམ་ཟླ་དུས་མི་རྟག །སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །ན་ནིང་ད་ལོ་ནམ་ཟླ་སྟོད་སྨད་དང་། །ཞག་དང་ཉིན་མཚན་སྐད་ཅིག་དུས་མི་རྟག །ལེགས་པར་བསམ་ན་རང་ཉིད་འཆི་བས་གཏུག །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །ཞེས་དང་། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། དེ་ལྟར་རྙེད་དཀའི་དལ་བ་ཐོབ་གྱུར་ཀྱང་། །སྐད་ཅིག་མི་རྟག་འཇིག་པའི་ཆོས་ཅན་ཏེ། །རྣམ་པར་བརྟགས་ན་སྙིང་པོ་འགའ་ཡང་མེད། །དབུ་བ་རྡོས་འདྲ་ཡིད་བརྟན་མི་རུང་བས། །ཉིན་མཚན་ཀུན་ཏུ་ངེས་པར་འཆི་བ་བསམ། །ཞེས་གསུངས་པས། ཕྱི་སྣོད་ཀྱི་འཇིག་རྟེན་རི་རབ་གླིང་བཞི་དང་བཅས་པའི་སྟོང་གསུམ་མི་མཇེད་ཀྱི་ཞིང་རགས་པ་སྲ་ཞིང་འཐས་པར་སྣང་བ་འདི་ཡང་མཐར་མེ་ཆུ་རླུང་གསུམ་གྱིས་འཇིག་སྟེ་ནམ་མཁའ་སྟོང་པར་འགྲོ་བའི་སྐབས་ཡོད་དེ། ཏིང་འཛིན་རྒྱལ་པོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་འབྱུང་བ་དང་། །བྱུང་ནས་ཞིག་སྟེ་འཇིག་རྟེན་ཁམས་འདི་མེད། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་སྐྱེ་ཤིའི་འཁོར་ལོ་ལས་མ་འདས་ཏེ། ཚེ་རིང་པོ་བསྐལ་པར་ཐུབ་པ་རྣམས་ཀྱང་འཆི། ཐུང་བ་སྐད་ཅིག་ལས་མེད་ཀྱང་འཆི། བར་མ་ལོ་ཟླ་ཞག་ལ་སོགས་པ་ཐུབ་པ་ཐམས་ཅད་ཀྱང་འཆི་བ་ལས་མ་འདས་ཏེ། མྱང་འདས་ལས། འཇིག་རྟེན་བཅས་པ་ཐམས་ཅད་ནི། །སྐྱེ་བ་ཡོད་ན་འཆི་བ་ཡོད། །འདུས་པ་ཡོད་ན་འབྲལ་བ་ཡོད། །ཚེ་ལོ་གྲངས་མེད་ཐུབ་པ་ཡང་། །ཐ་མ་ཟད་པར་ཤེས་པར་བྱ། །ཞེས་གསུངས། ད་ལྟ་ཅུང་ཟད་གནས་པའི་སྐབས་འདིར་ཡང་། སྔོན་བསྐལ་པ་རྫོགས་ལྡན་གྱི་དུས་དང་། སུམ་ལྡན་དང་ཉིས་ལྡན་དང་ཐ་མ་རྩོད་ལྡན་གྱི་དུས་བཞིར་འགྱུར་བ་དང་མི་ཚེ་གཅིག་ལའང་བཙས་པ་བུ་ཆུང་གི་དུས་དང་བྱིས་པ་གཞོན་ནུའི་དུས་དང་དར་ལ་བབ་པའི་དུས་དང་། རྒས་ཤིང་འཁོགས་པའི་དུས་བཞིར་འགྱུར་བ་དང་། ལོ་གཅིག་ལའང་དཔྱིད་ས་བོན་རྨོ་རྐོའི་དུས་དང་། དབྱར་ལོ་འདབ་རླན་རྒྱས་ཀྱི་དུས་དང་། སྟོན་འབྲས་བུ་བཅུད་རྫོགས་ཀྱི་དུས་དང་། དགུན་ས་སྐ མ་རྡོ་འཁྱགས་ཀྱི་དུས་བཞིར་འགྱུར་བ་དང་། དེ་བཞིན་དུ་ཉིན་མཚན་སྐད་ཅིག་ཐང་ཅིག་གིས་འགྱུར་བས་ཀྱང་མི་རྟག་པར་མངོན་སུམ་གྱིས་གྲུབ་ལ། ཕྲ་བ་ཆོས་ཉིད་ཀྱི་མི་རྟག་པ་བྱིས་པ་རྣམས་ཀྱིས་དངོས་སུ་མི་མཐོང་ཡང་འཕགས་པ་རྣམས་ཀྱིས་གཟིགས་པས་མི་བསླུ་བར་གྲུབ་ལ། དོན་དུ་བེམ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྐད་ཅིག་མའི་ཕྲེང་བ་ལས་མ་འདས་ཏེ། ཆེད་དུ་བརྗོད་པའི་ཚོམ་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པར་འགྱུར་བ་ཡིན། །སྐྱེས་ནས་འཇིག་པར་འགྱུར་བས་ན། །དེ་བས་མྱུར་དུ་ཞི་བ་བདེ། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་ལྟར། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་ཀུན་དེ་ལྟར་བལྟ། །ཞེས་གསུངས། གཞན་ཡང་བསགས་པ་ཐམས་ཅད་མི་རྟག་སྟེ་འཛད། མཐོན་པོར་སྣང་བ་ཐམས་ཅད་མི་རྟག་སྟེ་དམའ། དར་བ་ཐམས་ཅད་མི་རྟག་སྟེ་གུད། འདུས་པ་ཐམས་ཅད་མི་རྟག་སྟེ་འབྲལ། བཟང་པོ་ཐམས་ཅད་མི་རྟག་སྟེ་འགྱུར། བརྩེགས་པ་ཐམས་ཅད་མི་རྟག་སྟེ་འགྱེལ། སྐྱེས་པ་ཐམས་ཅད་མི་རྟག་སྟེ་འཆི་བར་འགྱུར་བས་གང་ལའང་ཡིད་བརྟན་རུང་བ་མེད་དེ། འདུལ་བ་ལུང་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྷུང་འགྱུར། །སྐྱེས་པའི་མཐའ་ནི་འཆི་བ་སྟེ། །འདུས་པའི་མཐའ་ནི་འབྲལ་བ་ཡིན། །ཞེས་དང་། མྱང་འདས་ལས། དར་བ་ཡོད་ན་རྒུད་པ་ཡོད། །འདུས་པ་ཡོད་ན་འབྲལ་བར་འགྱུར། །ལང་ཚོ་དེ་ཡང་མི་རྟག་སྟེ། །དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག །རྟག་པའི་ཆོས་ནི་གང་ཡང་མེད། །ཅེས་དང་། ཚོམ་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །བསླངས་པའི་ཐ་མ་འགྱེལ་བར་འགྱུར། །འཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པོའི་མཐའ་ནི་འཆི་བར་འགྱུར། །ཞེས་དང་། ཨོ་རྒྱན་ཆེན་པོས། མདོར་ན་སྐྱེས་པའི་ཐ་མ་འཆི་བ་སྟེ། །འགྲོགས་པའི་ཐ་མ་དེ་བཞིན་འབྲལ་བ་ཡིན། །བསགས་པ་འཛད་ཅིང་འབྱོར་པ་རྒུད་པའི་རྒྱུ། །ཞེས་དང་། ཕ་དམ་པས། བཟའ་ཚང་མི་རྟག་ཚོང་དུས་མགྲོན་པོ་འདྲ། །ངན་ཤགས་འཐབ་མོ་མ་བྱེད་དིང་རི་བ། །ཞེས་གསུངས། གཉིས་པ་གདམས་ངག་རྣམ་པ་བཅུ་གཉིས་ཀྱི་སྒོ་ནས་རྒྱས་པར་དབྱེ་བ་ནི། ཀུན་མཁྱེན་བླ་མའི་དོན་ཁྲིད་ལས། ཚེ་མི་རྟག་པར་བསམ་པ་ལ་བཅུ་གཉིས་ཏེ། རྟེན་ཕུང་པོ་ལ་བསམས་ཏེ་མི་རྟག་པ། སྐྱེ་དགུའི་བདག་པོ་ལ་བསམས་ཏེ་མི་རྟག་པ། སྣོད་བཅུད་ཆགས་འཇིག་ལ་བསམས་ཏེ་མི་རྟག་པ། དམ་པའི་སྐྱེ་བོ་ལ་བསམས་ཏེ་མི་རྟག་པ། ནམ་འཆི་ངེས་མེད་ལ་བསམས་ཏེ་མི་རྟག་པ། འདུས་བྱས་ཀྱི་རང་བཞིན་ལ་བསམས་ཏེ་མི་རྟག་པ། འཆི་རྐྱེན་དྲག་པོ་ལ་བསམས་ཏེ་མི་རྟག་པ། གཅིག་པུར་འགྲོ་བ་ལ་བསམས་ཏེ་མི་རྟག་པ། དུས་ཀྱི་སྐྱེ་བོ་ལ་བསམས་ཏེ་མི་རྟག་པ། ཡིད་བརྟན་མེད་པ་ལ་བསམས་ཏེ་མི་རྟག་པ། རྐྱེན་སྣང་ངེས་མེད་ལ་བསམས་ཏེ་མི་རྟག་པ། འདུན་པ་དྲག་པོ་ལ་བསམས་ཏེ་མི་རྟག་པའོ། །ཞེས་གསུངས་པས། དང་པོ་རྟེན་ཕུང་པོ་ལ་བསམ་པ་ནི། རང་དང་གཞན་གྱི་ལུས་ཡན་ལག་དང་ཉིང་ལག་ཏུ་ཚོགས་པ་ལ་བལྟས་ཏེ། ད་ལྟ་མཐུན་པའི་ཟས་གོས་བརྟེན། རྒྱན་དང་བྱི་དོར་བྱས་ཀྱང་ནམ་ཞིག་འཆི་བའི་དུས་སུ་གཅེར་བུ་གོས་དང་བྲལ། ས་ཕྱོགས་སྟོང་པར་བསྐྱལ། ཝ་དང་བྱ་རྒོད་ཀྱིས་ཟ། ཡན་ལག་དང་ཉིང་ལག་འབྲལ། རུས་པའང་དུམ་བུ་ཐ་དད་དུ་འགྲོ་བའི་གནས་སྐབས་ཡོད་ན། དེས་ན་ད་ལྟ་ཉིད་དུ་དམ་པའི་ཆོས་ལ་སྤྱོད་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་བར་བྱ་སྟེ། སྤྱོད་འཇུག་ལས། དཀའ་བ་མང་པོས་སྒྲུབ་པ་ཡི། །ཟས་དང་གོས་ཀྱིས་བསྐྱང་བའི་ལུས། །ཁྱོད་དང་མི་འགྲོགས་བྱ་ཁྱིས་ཟ། །ཡང་ན་འབར་བའི་མེ་ཡིས་འཚིག །ཡང་ན་ཆུ་ཡི་ནང་དུ་འདྲུལ་{འདྲུག}། ཡང་ན་ས་ཡི་དོང་དུ་སྦ། །ཞེས་དང་། ལུས་འདི་ཐང་ཅིག་བརྙན་པོ་བཞིན། །ཞེས་གསུངས། གཉིས་པ་སྐྱེ་དགུའི་བདག་པོ་ལ་བསམ་པ་ནི། འདི་ལྟར་ལྷའི་དབང་པོ་ཚངས་པ་དང་བརྒྱ་བྱིན་དང་། དབང་ཕྱུག་དང་། ཁྱབ་འཇུག་དང་། དྲང་སྲོང་ཆེན་པོ་རྒྱས་པ་དང་། གྲོག་མཁར་བ་སོགས་གཟུགས་བཟང་བ། གཟི་བརྗིད་ཆེ་བ། ཚེ་བསྐལ་པར་ཐུབ་པ། རིག་པའི་ཡོན་ཏན་ཆེ་བ། སྤྱན་དང་མངོན་ཤེས་མངའ་བ། རྫུ་འཕྲུལ་དཔག་ཏུ་མེད་པ་དག་ཀྱང་འཆི་བའི་རང་བཞིན་ལས་མ་འདས་ཏེ། འདུལ་བ་ལུང་ལས། ཚངས་དང་བརྒྱ་བྱིན་དྲག་པོ་མིག་སྟོང་ཅན། །སྲེད་མེད་གྱུར་ཀྱང་མི་རྟག་ཕ་རོལ་འགྲོ། །ཉི་མ་ཟླ་བ་ཡུད་ཙམ་རོལ་བ་དང་། །ས་ཆེན་གླིང་བཞིའི་འཇིག་རྟེན་སྟོང་ལ་ལྟོས། །ཞེས་དང་། བསམ་གཏན་གྲུབ་པའི་ལྷ་དང་མིའམ་ཅི། །ལྷ་མིན་དྲང་སྲོང་དཀའ་ཐུབ་དཔལ་འབར་བ། །རྒྱུན་རིང་བསྐལ་པར་གནས་པའང་མི་རྟག་ན། །མི་རྣམས་ལྟོས་མེད་དབུ་བ་རྡོས་འདྲའི་ལུས། །སོ་སོར་འཇིག་ཅིང་འབྲལ་བ་སྨོས་ཅི་འཚལ། །ཞེས་དང་། མྱ་ངན་བསལ་བ་ལས། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། །གང་དུ་འཆི་མེད་སྤྱོད་ཡུལ་བའི། །ས་དེར་འགྲོ་བར་མི་ནུས་སོ། །ཞེས་གསུངས། གཞན་ཡང་གླིང་བཞིའི་དབང་པོ་འཁོར་ལོས་སྒྱུར་བ་དང་། རྒྱལ་པོ་དང་བློན་པོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། ཁྱིམ་བདག་ལ་སོགས་པ་འགྲོ་བ་ཕལ་པ་ཇི་སྙེད་པ་ཀུན་ཀྱང་འཆི་བ་ལས་མ་འདས་ཏེ། ཆེད་དུ་བརྗོད་པའི་ཚོམ་ལས། རིན་ཆེན་བདུན་ལྡན་རྒྱལ་པོ་དང་། །གཞན་ཡང་རྒྱལ་ཕྲན་བློན་པོ་དང་། །དགེ་སྦྱོང་བྲམ་ཟེ་ཁྱིམ་བདག་སོགས། །འགྲོ་བ་འདི་ཀུན་མི་རྟག་སྟེ། །རྨི་ལམ་འགྲོ་བ་ཇི་བཞིན་ནོ། །ཞེས་གསུངས། དེས་ན་བདག་ལྟ་བུ་ཅིའི་ཕྱིར་མི་འཆི། དེ་བས་ད་ལྟ་རང་དམ་པའི་ཆོས་སྒྲུབ་སྙམ་དུ་བསམ་མོ། །གསུམ་པ་སྣོད་བཅུད་ཆགས་འཇིག་ལ་བསམ་པ་ནི། འདི་ལྟར་རི་དང་ཡུལ་གྲུས་མཚོན་པའི་སྣོད་ཀྱི་འཇིག་རྟེན་རི་རབ་གླིང་བཞི་ལྷ་གནས་དང་བཅས་པའི་བཀོད་པ་སྲ་ཞིང་འཐས་པ་ལྟར་སྣང་བ་འདི་རྣམས་ཀྱང་། ཐོག་མར་འབྱུང་བའི་བྱེར་སྡུད་དང་སེམས་ཅན་གྱི་ལས་སྣང་བཀོད་པས་རིམ་གྱིས་ཆགས་ཤིང་། མཐར་མེ་བདུན་དང་ཆུ་གཅིག་གིས་ཞིག་ནས་སྟོང་པའི་སྐབས་ཡོད་ཀྱིས། སྐྱེས་པ་དང་བུད་མེད་ཀྱིས་མཚོན་པའི་ནང་བཅུད་ཀྱི་སེམས་ཅན་འདི་ཐམས་ཅད་ཀྱང་། མ་རིག་ཀུན་རྟོག་ལས་རླུང་གི་འཕེན་པས་ཐོག་མར་མ་ཡི་མངལ་དུ་ཆགས་ཤིང་། མཐར་ཕྱི་ནང་གི་འབྱུང་བའི་ཐིམ་རིམ་གྱིས་འགགས་ནས་ཐམས་ཅད་ནམ་མཁའ་བཞིན་དུ་སྟོང་པའི་སྐབས་ཡོད་ན། བདག་ཅིའི་ཕྱིར་མི་འཆི་སྙམ་དུ་བསམ་པར་བྱ་སྟེ། བཤེས་སྤྲིང་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་། །ཐལ་བར་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །ཞེས་དང་། ཀུན་མཁྱེན་བླ་མས། སྣོད་བཅུད་མི་རྟག་སྲིད་པ་ཆགས་འཇིག་གིས། །མེ་བདུན་ཆུ་གཅིག་རླུང་གིས་འཐོར་བའི་ཚེ། །ཁོར་ཡུག་རྒྱ་མཚོ་གླིང་དང་རིས་བསྐོར་བའི། །ལྷུན་པོ་རི་ཆེན་བཞི་ཡང་མི་རྟག་ཅིང་། །ཐམས་ཅད་ནམ་མཁའ་གཅིག་ཏུ་འགྱུར་བའི་སྐབས། །ངེས་པར་བསམ་སྟེ་སྙིང་ནས་ཆོས་མཛོད་ཅིག །ཅེས་གསུངས། བཞི་པ་དམ་པའི་སྐྱེ་བོ་ལ་བསམ་པ་ནི། འདི་ལྟར་སངས་རྒྱས་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་ཐམས་ཅད་སྐྱོབ་དང་། འཁོར་བ་འཇིགས་དང་གསེར་ཐུབ་དང་། འོད་སྲུང་དང་། ཤཱཀྱ་ཐུབ་པ་སྟེ་སངས་རྒྱས་རབ་བདུན་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་དང་། བར་བར་དུ་བྱོན་པའི་རང་སངས་རྒྱས་ཀྱི་ཚོགས་དང་བཅས་པ་བསྒྲངས་ལས་འདས་པ་བྱོན་ཀྱང་ཐམས་ཅད་རིམ་གྱིས་གཤེགས་ཤིང་། དེ་དག་གི་བསྟན་པ་དམ་པའི་ཆོས་ཀྱང་རིམ་པར་ནུབ་ནས། ད་ལྟ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པའི་ལྷག་ཞབས་ཙམ་དུ་ཐུག་ན། བདག་ཅག་ལྟ་བུ་ལས་ངན་གྱིས་བསྐྱེད་པའི་སེམས་ཅན་ཉེ་འཁོར་དང་བཅས་པ་ལ་རྟག་པ་ག་ལ་ཡོད། དེའི་ཕྱིར་ད་ལྟ་ཉིད་ནས་དམ་པའི་ཆོས་སྒྲུབ་སྙམ་དུ་བསམ་པར་བྱ་སྟེ། མི་རྟག་པའི་ཚོམ་ལས། མཚན་སྟོང་གིས་འབར་བདེ་གཤེགས་སྙིང་པོའི་སྐུ། །བསོད་ནམས་བརྒྱ་ལས་གྲུབ་པའང་མི་རྟག་ན། །དབུ་བ་རྡོལ་འདྲ་ཡིད་བརྟན་མི་རུང་བའི། །རང་གི་ལུས་འདི་ངེས་པར་ཅིས་མི་འཇིག །འགྲོ་བའི་དོན་གཤེགས་རྒྱལ་བ་ཉི་མ་འདྲ། །དམ་ཆོས་མཛོད་ཀྱི་ཟླ་བ་ནུབ་ལ་ལྟོས། །རང་གི་ཕུན་ཚོགས་འཁོར་དང་ལོངས་སྤྱོད་ཀུན། །རྟག་པ་མེད་པ་ཉིད་དུ་མཁྱེན་འཚལ་ལོ། །ཞེས་དང་། གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །ཞེས་གསུངས། ལྔ་པ་ནམ་འཆི་ངེས་མེད་ལ་བསམ་པ་ནི། ཚེ་ལ་སྣོན་པ་ནི་མེད། འབྲིད་པ་ནི་ཡོད་ཉིན་མཚན་སྐད་ཅིག་ཐང་ཅིག་རེས་ཀྱང་འཆི་བ་ལ་ཇེ་ཉེར་སོང་སྟེ། བྱི་བ་དཀར་ནག་གི་རྩ་ཐག་གི་ཉག་མ་གཅོད་པ་དང་འདྲ། གར་འཆི་དང་འདིར་འཆི་ཆ་མེད་ལ་འཆི་བའི་རྐྱེན་མང་བས་ནམ་འཆི་ཨང་བསམ་དུ་བསྒོམ་དགོས་ཏེ། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མིན་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་དང་། དཔུང་བཟང་གི་མདོར། རིའམ་ངམ་གྲོག་གཅོང་རོང་གཡང་སའམ། །ཁྱིམ་མམ་ལམ་སྲང་ཆུ་བོའི་ངོགས་ཉིད་དམ། །ས་ཡི་ཕྱོགས་གང་བདག་གི་ཐ་མའི་གནས། །གཏོལ་མ་མཆིས་པ་ཉིད་དུ་ཤེས་བྱ་སྟེ། །འཇིག་རྟེན་དགའ་བ་རྣམ་པར་ཟློག་པར་བྱ། །ཞེས་དང་། རིན་ཆེན་ཕྲེང་བ་ལས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པོའི་རྐྱེན་ནི་ཉུང་ཟད་ཅིག །དེ་ཡང་འཆི་བའི་རྒྱུ་བྱེད་པས། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས། དྲུག་པ་འདུས་བྱས་ཀྱི་རང་བཞིན་ལ་བསམ་པ་ནི། སྤྱིར་འདུས་བྱས་ཀྱི་ཆོས་མི་རྟགསྒོས་སུ་སྐྱེས་བུའི་ཚེ་མི་རྟག ཁྱད་པར་ལུས་སེམས་ཀྱི་ཚོགས་པའི་རྟེན་མི་རྟག སྔོན་དར་ཞིང་རྒྱས་པའི་གྲོང་ཁྱེར་དང་། སྡེ་དགོན་ཞིག་རལ་སྟོང་པའི་དཔེས། རང་གི་ལུས་གྲོང་ལྟ་བུ། སེམས་མི་ལྟ་བུས་ནམ་སྟོང་པའི་སྐབས་ཡོད་དམ་སྙམ་དུ་སྙིང་ནས་སྒོམ་དགོས་ཏེ། ངལ་གསོ་ལས། འབྱུང་བཞི་འདུས་པའི་ལྡིང་ཁང་སེམས་པ་ཅན། །གཡོ་བའི་ཀུན་རྟོག་སྐྱེ་བོས་བརྒྱན་པ་ཡང་། །རྐྱེན་ལས་སྐྱེས་ཕྱིར་འདུས་བྱས་འཇིག་པའི་ཆོས། །གྲོང་ཁྱེར་རྙིང་པ་བཞིན་དུ་མི་རྟག་གིས། །མྱུར་བ་ཉིད་དུ་དམ་པའི་ཆོས་མཛོད་ཅིག །ཅེས་དང་། བཅོམ་ལྡན་འདས་ཀྱིས། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཅེས་གསུངས། བདུན་པ་འཆི་རྐྱེན་དྲག་པོ་ལ་བསམ་པ་ནི། དཔེར་ན་མར་མེ་འབར་བ་ནི་མྱུར་དུ་འཛད་པས་མི་རྟག་པ་ལ་གློ་བུར་དུ་རླུང་གིས་བཏབ་ན་སྐད་ཅིག་ལ་འཆི་བ་ལྟར། སྐྱེས་ནས་འཆི་བར་ཕྱོགས་པ་ལ། གློ་བུར་དུ་ནད་གདོན་ནམ་འཚེ་བ་དྲག་པོས་དུས་མ་ཡིན་པར་འཆི་བའི་རྐྱེན་བྱུང་ན་སྐད་ཅིག་ཀྱང་གནས་དབང་མེད་པའི་ཕྱིར། བདག་ལའང་དེ་ལྟ་བུ་ནམ་འབྱུང་ཆ་མེད་སྙམ་དུ་བསམ་དགོས་ཏེ། སློབ་སྤྲིང་ལས། མར་མེའི་མེ་ལྕེ་ཤུགས་དྲག་རླུང་གིས་བསྐྱོད་པ་ལྟའི། །ཚེ་འདི་སྐད་ཅིག་གནས་པའི་གདེང་ཡང་ཡོད་མ་ཡིན། །ཞེས་གསུངས། བརྒྱད་པ་གཅིག་པུར་འགྲོ་བ་ལ་བསམ་པ་ནི། འཇིག་རྟེན་འདིའི་སྣང་བ་ནི་འདོར། ཕྱི་མའི་ལམ་དུ་ནི་ཞུག མལ་གྱི་ཐ་མར་ཉལ། ཟས་དང་གོས་ཀྱི་ཐ་མར་སྤྱོད། གཏམ་གྱི་ཐ་མལ་སྨྲ་བའི་ཚེ། འཁོར་དང་། ལོངས་སྤྱོད་དང་། ཉེ་དུ་འབྲེལ་བ་ལ་སོགས་པ་ཐམས་ཅད་བཞག་ནས་གཅིག་པུར་འགྲོ་དགོས་པའི་དུས་ཤིག་འབྱུང་སྟེ་ཤིན་ཏུ་བཟོད་པར་དཀའ། བདག་ལའང་དེ་ལྟ་བུ་ནམ་འབྱུང་ཆ་མེད་སྙམ་དུ་བསམ་སྟེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་བསྙེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་གི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་དང་། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། འདྲེས་མའི་ལས་ཀྱིས་ལོངས་སྤྱོད་ཚོལ་བྱེད་ཅིང་། །བུ་དང་དེ་བཞིན་ཆུང་མ་གསོ་བར་བྱེད། །ཤིན་ཏུ་སྡུག་བསྔལ་གྱུར་པ་འཆི་དུས་ན། །བུ་དང་ཆུང་མ་སྐྱབས་སུ་འགྱུར་མ་ཡིན། །ཇི་ལྟར་སྣ་ཚོགས་ལས་བྱས་བླངས་པ་བཞིན། །བུ་དང་ཆུང་མ་དག་ཀྱང་འདོར་བར་འགྱུར། །བདག་ཉིད་གཅིག་པུ་སྡུག་བསྔལ་མྱོང་བར་འོང་། །དེ་དག་དེ་ཚེ་བདག་གི་སྐལ་མི་ལེན། །ཕ་མ་སྤུན་ཟླ་བུ་དང་ཆུང་མ་དང་། །བྲན་དང་ནོར་དང་རྩ་ལག་རྣམས་ཀྱི་ཚོགས། །ཤི་བའི་ཕྱི་བཞིན་དེ་དག་འགྲོ་བ་མེད། །ལས་རྣམས་རྗེས་སུ་འབྲང་ཞིང་བྱིས་པ་འགྲོ། །ཞེས་གསུངས། དགུ་པ་དུས་ཀྱིས་སྐྱེ་བོ་ལ་བསམ་པ་ནི། འདི་ལྟར་ལོ་བརྒྱའི་གོང་དུ་འདས་པའི་མི་དང་དུད་འགྲོ་ལ་སོགས་པའི་སེམས་ཅན་ཡོད་པ་ཀུན་ད་ལྟ་གཅིག་ཀྱང་མེད་ལ། ད་ལྟའི་ས་སྟེང་གི་སེམས་ཅན་ཕལ་ཆེར་ཡང་ལོ་བརྒྱའི་འོག་ཏུ་གཅིག་ཀྱང་མེད་པར་འགྱུར་ལ། བདག་ཀྱང་རང་བཞིན་དེ་ལས་མ་འདས་ཤིང་། མ་འོངས་པའི་འགྲོ་བ་རྣམས་ཀྱང་དེ་དང་འདྲ་སྟེ། དུས་ཀྱི་ལོ་ཐོག་བརྗེ་བ་ལྟར་རྙིངས་ཤིང་། སྔོན་བདག་བཙས་པའི་དུས་ཀྱི་ཡུལ་གྱི་ནང་མི། ཁྱིམ་མཚེས། གྲོགས་གཉེན་འདུན། སྒོ་ཁྱི་ར་ཕྱུགས། དགྲ་སྡང་བ། ན་ཟླ་དང་སྤུན་སྲིང་ལ་སོགས་རིམ་གྱིས་འཆི་བའི་ཚུལ་ལ་བསམ་པར་བྱ་སྟེ། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་མཛད་པའི་ཐེག་ཆེན་རྣལ་འབྱོར་ལས། འཇིག་རྟེན་འདི་ན་ཆེ་ཆུང་ཕྱུག་དབུལ་ཀུན། །འཆི་བདག་དབང་དུ་མ་གྱུར་གང་ཡང་མེད། །སྔ་མ་ཤི་བའི་མི་རྣམས་ཀུན་གྱིས་ཀྱང་། །རྟག་ཏུ་རེ་རེས་བུ་དང་ནོར་བསགས་ཀྱང་། །བུ་ནོར་ཕྱིར་ལུས་བདག་ལ་ཕན་པ་མེད། །རང་ཉིད་དགེ་སྡིག་གཉིས་དང་འགྲོགས་ནས་འགྲོ། །ད་ལྟ་རང་རེ་གནས་པའི་རིང་འདི་ལ། །དགེ་བཤེས་གཉེན་འདུན་མཛའ་དང་མི་མཛའ་དང་། །ན་ཚོད་མཐུན་དང་རྒན་གཞོན་ཇི་སྙེད་ཅིག །ཤི་བ་མཐོང་ཞིང་ཐོས་པ་མ་ལགས་སོ། །ད་ལྟའི་ས་སྟེང་སེམས་ཅན་འདི་ཀུན་ཀྱང་། །ལོ་བརྒྱ་ཚུན་ཆོད་གཅིག་ཀྱང་མི་ལུས་པས། །དེ་བས་རང་རེའང་འཆི་བའི་ཆོས་ཅན་ཡིན། །དེང་འཆི་སང་འཆི་སུས་ཀྱང་མི་ཤེས་ཏེ། །ཚོད་འཛིན་པའམ་མི་འཇིགས་སྦྱིན་མེད་པས། །སོང་ཕོད་དེང་སང་བདག་ནི་ཇི་འདྲར་འགྱུར། །འཆི་བའི་ཚེ་ན་ཕ་མ་བུ་ཚ་དང་། །ཕུ་ནུ་མཛའ་བཤེས་བྲན་ཁོལ་ནོར་རྣམས་ཀྱང་། །བདག་ཉིད་འཆི་བའི་ཚེ་ནི་འོང་མེད་པས། །སྡུག་བསྔལ་སྐལ་ལེན་འགའ་ཡང་མ་མཆིས་ཏེ། །བདག་ཉིད་དགེ་སྡིག་གཉིས་དང་ཆས་ནས་འགྲོ། །དེ་བས་སྐྱེ་བའང་བདག་ཉིད་གཅིག་པུར་སྐྱེ། །མཐའ་མ་འཆི་བའང་བདག་ཉིད་གཅིག་པུར་འཆི། །སྐབས་གཅིག་ཚེ་འདིར་ལས་མཐུན་ཉེ་བཞི་རྣམས། །མགྲོན་པོ་གནས་མཐུན་ཙམ་སྟེ་སོ་སོར་འགྲོ། །འོ་ན་བུ་ཚ་ཉེ་བཞིས་ཅི་ལ་ཕན། །སྐད་ཅིག་ཙམ་ཡང་འབྲལ་བར་མི་ཕོད་པའི། །བུ་དང་ཆུང་མ་ཉེ་བཞི་རྩ་ལག་དང་། །ཡུལ་འཁོར་ནོར་ཕྱུགས་ལོངས་སྤྱོད་ཀུན་བོར་ནས། །དེ་རིང་སང་ནི་བདག་ཉིད་གཅིག་པུར་འགྲོ། །ཇི་ཙམ་སྡིག་དང་བསྡོས་ནས་ནོར་བསགས་ཀྱང་། །སྡིག་པའི་རྣམ་སྨིན་རྨོངས་པ་བདག་ཉིད་ཁུར། །བསགས་པའི་ནོར་ནི་ཁོང་ཅག་བུ་ཚས་ཁྱེར། །དེ་ཕྱིར་བསགས་པའི་ནོར་གྱིས་ཅི་ཞིག་ཕན། །ཞེས་དང་། ཀུན་མཁྱེན་བླ་མས། སྔ་རབས་སྐྱེ་བོ་དཔག་མེད་འདས་གྱུར་ཅིང་། །ད་ལྟའི་ས་སྟེང་འགྲོ་བ་ཕལ་ཆེར་ཡང་། །ལོ་བརྒྱའི་ནང་དུ་ངེས་པར་མི་རྟག་ལ། །མ་འོངས་རྣམས་ཀྱང་ཚུལ་དེའི་རྗེས་སུ་འགྲོ། །རྒན་རབས་གཞོན་རབས་སྐལ་མཉམ་འདས་ལ་ལྟོས། །བདག་ཀྱང་རང་བཞིན་དེ་ལས་མ་འདས་པས། །ངེས་པར་འཆི་བ་བསམས་ལ་ཆོས་མཛོད་ཅིག །ཅེས་གསུངས། བཅུ་པ་ཡིད་བརྟན་མེད་པ་ལ་བསམ་པ་ནི། རིའི་ཟོམ། རྒྱ་མཚོའི་ནང་། བར་སྣང་གི་ཁམས་ལ་སོགས་པ་ཕྱོགས་གང་དང་འདུག་ས་ཇི་ལྟ་བུ་ནའང་འཆི་བས་མི་ཚུགས་པ་གཅིག་ཀྱང་མེད་པར། དུས་དང་དུས་མ་ཡིན་པའི་རྐྱེན་གྱིས་རང་དབང་མེད་པར་འཆི་བས་ཡིད་བརྟན་མི་རུང་བའི་ཕྱིར་ནམ་འཆི་ཆ་མེད་སྙམ་དུ་བསམ་སྟེ། འདུལ་བ་ལུང་ལས། གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ནའང་མེད། །རི་རབ་རྣམས་ཀྱི་གསེབ་ཏུ་ཞུགས་པའང་མེད། །ཅེས་གསུངས། བཅུ་གཅིག་པ་རྐྱེན་སྣང་ངེས་མེད་ལ་བསམ་པ་ནི། འཆི་རྐྱེན་གློ་བུར་བ་མེད་ཀྱང་ནུབ་ཀའི་གྲིབ་སོ་ལྟར་འཆི་བདག་འོང་ན་དུག་དང་། མཚོན་དང་། མེ་དང་། ཆུ་དང་། དགྲ་དང་། ནད་དང་། གདོན་དང་། ཐ་ན་ཟས་གོས་སྤྱོད་ལམ་ཉེས་པས་རྐྱེན་བྱས་ཏེ་འཆི་བ་ཤིན་ཏུ་མང་བས། བདག་ཀྱང་ནམ་འཆི་སྙམ་དུ་སྙིང་ཐག་པ་ནས་བསམ་པར་བྱ་སྟེ། སྤྱོད་འཇུག་ལས། ནད་མེད་ཉི་མ་འདི་ལྟ་བུར། །ཟས་བཅས་འཚེ་བ་མེད་ཀྱང་ནི། །ཚེ་འདི་སྐད་ཅིག་བསླུ་བ་སྟེ། །ལུས་འདི་ཐང་ཅིག་བརྙན་པོ་བཞིན། །ཞེས་དང་། སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང། །ཞེས་དང་། ལུང་ལས། ཁ་ཅིག་ཟས་ཀྱིས་བརྣངས་ནས་འཆི། །ལ་ལ་སྨན་གྱིས་འཆི་བའང་ཡོད། །མི་མཐུན་རྐྱེན་ལྟ་ཅི་ཞིག་སྨོས། །དེ་བས་ངེས་པ་འགའ་མེད་དོ། །ཞེས་གསུངས། བཅུ་གཉིས་པ་འདུན་པ་དྲག་པོ་ལ་བསམ་ཏེ་མི་རྟག་པ་བསྒོམ་པ་ནི། ཡུལ་གཞན་དུ་འགྲོ་ན་ད་རེས་འཆིའམ་གནས་འདིར་ཨེ་ལོག་ཆ་མེད་དོ་སྙམ་པ་དང་། ལམ་དུ་ཞུགས་པ་དང་ངལ་སྟེགས་ལ་སྡོད་ནའང་འདིར་འཆིའམ་སྙམ་པ་དང་། གང་ན་འདུག་ཀྱང་ད་རེས་འཆི་འམ་སྙམ་པ་དང་། ཟ་བ་དང་འཆག་པ་དང་། ཉལ་བ་ལ་སོགས་པའི་སྤྱོད་ལམ་ཅི་བྱེད་ཀྱང་འ ཇིག་རྟེན་འདིའི་སྤྱོད་ལམ་གྱི་ཐ་མ་ཡིན་སྙམ་དུ་འཆི་བ་འབའ་ཞིག་དུང་དུང་བསྒོམ་སྟེ། སྤྱོད་འཇུག་ལས། དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། །ཞེས་དང་། ཕྱིན་ཅི་ལོག་བཞི་སྤང་བའི་གཏམ་ལས། བྱིས་པ་རྣམས་ལ་བརྩེ་མེད་རྒན་ལ་གུས་པར་གྱུར་བ་ཅུང་ཟད་མེད། །གཞོན་ནུ་མ་ལ་ངོར་ལྟ་ཕྲ་མོ་མེད་ཅིང་ཉམ་ཐག་རྣམས་ལ་བརྩེ་མེད་པས། །དེ་ལྟར་གཞུངས་ལུགས་མེད་པའི་འཆི་བདག་གང་ཡིན་དེ་ནི་བདག་ལ་ནི། །དུས་ལ་སྡོད་ཅེས་གཞོན་ལུས་ཤ་རྒྱས་སྲ་བར་ཁྱེད་ཡིད་མ་སེམས་ཤིག །ཅེས་གསུངས་པ་བཞིན་ནོ། །གསུམ་པ་འཆི་བ་དགུ་ཕྲུགས་ཀྱི་ཚུལ་དུ་དྲིལ་ནས་ཉམས་སུ་ལེན་པ་ནི། པདྨའི་ལམ་རིམ་ཆེན་མོ་ལས། མི་རྟག་པ་བསྒོམ་པ་ལ་གསུམ་སྟེ། སྐྱེས་ཕན་ཆད་འཆི་ངེས་པར་འདུགདེ་ཀ་མི་རྟག་པའི་ངོ་བོ་ཡིན། དཔེ་སྙིང་ལ་མཚོན་ཕོག་པའི་སྐྱེས་བུ་དང་འདྲ། དེ་ཡང་ནམ་འཆི་ངེས་པ་མི་འདུག དེ་ཀ་མི་རྟག་པའི་མཚན་ཉིད་ཡིན། དཔེ་རྩྭ་ཁའི་ཟིལ་བ་དང་འདྲ། འཆི་བ་ལ་ཅིས་ཀྱང་མི་ཕན་པར་འདུག དེ་ཀ་མི་རྟག་པའི་ཁྱད་ཆོས་ཡིན། དཔེ་ཉི་མ་རྒས་པའི་གྲིབ་སོ་དང་འདྲའོ། །ཞེས་སོགས་དེ་རེ་རེ་ལའང་རྒྱུ་མཚན་གསུམ་གསུམ་གྱིས་གསུངས་པ་ལྟར། དང་པོ་འཆི་ངེས་པ་ལ་རྒྱུ་མཚན་གསུམ་ལས། དང་པོ། སྔར་སྐྱེས་ནས་མ་ཤི་བར་ཚེ་ཐར་དུ་ལུས་པ་མེད་པས་རང་ཡང་འཆི་བར་ངེས་ཏེ། མྱ་ངན་བསལ་བ་ལས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་དང་། མི་རྟག་པའི་གཏམ་ལས། བདག་བཞིན་ཁྱོད་ཀྱང་འཆི་འགྱུར་ཞེས། །མི་རྟག་གདམས་ངག་འདི་འདྲ་ལ། །ཐེ་ཚོམ་ཡང་ནི་མི་ཟ་བ། །ཀྱི་ཧུད་བདག་ནི་བྱོལ་སོང་བཞིན། །ཞེས་གསུངས། གཉིས་པ། ཚེ་ལ་སྣོན་པ་མེད་ཅིང་རྟག་ཏུ་འབྲིད་པ་ཡོད་པས་ཀྱང་ངེས་པར་འཆི་སྟེ། མི་རྟག་པའི་གཏམ་ལས། ལྟག་ཆུ་བཅད་པའི་རྫིང་བཞིན་དུ། །སྣོན་མེད་འབྲིད་པ་དང་བཅས་པས། །ཀུན་ཀྱང་འཆི་བའི་ལམ་ཞུགས་ན། །གློ་བུར་ཚེ་ལ་སུ་ཡིད་རྟོན། །ཞེས་དང་། འདུས་པ་རིན་པོ་ཆེའི་ཏོག་ལས། གྲོགས་དག་ཚེ་འདི་མྱུར་འགྲོ་སྟེ། །རི་གཟར་ཆུ་དྲག་མགྱོགས་འདྲ་ན། །བྱིས་པའི་སྐྱེ་བོས་མི་ཤེས་ཏེ། །མི་མཁས་འདོད་པའི་དྲེགས་པས་མྱོས། །ཞེས་དང་། ལྗོན་ཤིང་གི་མདོ་ལས། གསོད་སར་ཁྲིད་པའི་བརྩོན་བཞིན་དུ། །གོམ་རེ་བོར་ཞིང་འཆི་ལ་ཉེ། །ཞེས་གསུངས། གསུམ་པ། ལུས་སེམས་འདུས་བྱས་ཡིན་པས་ཀྱང་ངེས་པར་འཆི་སྟེ། མདོ་ལས། འདུས་བྱས་རྟག་པར་གྱུར་པ་ཡི། །གནས་ནི་གང་ནའང་མི་རྙེད་དེ། །འདུས་བྱས་ཐམས་ཅད་མི་རྟག་གི། །མྱ་ངན་མ་བྱེད་ཀུན་དགའ་བོ། །ཞེས་དང་། ཚོམ་ལས། ཀྱེ་མ་འདུས་བྱས་མི་རྟག་སྟེ། །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་དང་། རྒྱ་ཆེ་རོལ་པ་ལས། འདུ་བྱེད་བརྟན་པ་མ་ཡིན་མི་རྟག་སྟེ། །རྫ་སོ་མ་བཏང་ལྟ་བུར་འཇིག་པའི་བདག །གཞན་གྱི་རྫས་ལ་བརྙན་པོ་བྱས་དང་མཚུངས། །ཞེས་གསུངས། གཉིས་པ་ནམ་འཆི་ངེས་པ་མེད་པ་ལའང་རྒྱུ་མཚན་གསུམ་ལས། དང་པོ། ཚེ་ལ་དུས་བཏབ་མེད་པས་ནམ་འཆི་ངེས་པ་མེད་དེ། སྤྱིར་སྒྲ་མི་སྙན་མ་གཏོགས་འགྲོ་བ་གཞན་གྱི་ཚེ་ལ་ངེས་པ་མེད་ཅིང་། ཁྱད་པར་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད། ཡང་དགོས་སྙིགས་མ་ལྔ་བདོའི་ཚེ་ལ་ངེས་པ་མེད་དེ། མཛོད་ལས། འདི་ན་མ་ངེས་ཐ་མ་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་དང་། ཆེད་དུ་བརྗོད་པའི་ཚོམ་ལས། གང་གི་ནུབ་མོ་ཁོ་ན་ནས། །མངལ་དུ་དང་པོ་འཇུག་པའི་མི། །དེ་ནི་སྣོན་མེད་གོད་འགྱུར་ཞིང་། །སོང་བ་ལས་ཀྱང་བཟློག་པ་མེད། །སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །སྐྱེས་པ་བུད་མེད་མང་པོ་དག །དར་ལ་བབ་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེང་བྲོད་ཅི་ཞིག་ཡོད། །ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །ཁ་ཅིག་གོག་པོ་འགོག་ཙམ་ན། །དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་རབ་ཏུ་འགྲོ་གྱུར་ཏེ། །འབྲས་བུ་སྨིན་པ་ལྷུང་བ་བཞིན། །ཞེས་གསུངས། གཉིས་པ། འཆི་བའི་རྐྱེན་མང་བས་ཀྱང་ནམ་འཆི་ངེས་པ་མེད་དེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གློ་བུར་གྱི་འཆི་བའི་རྒྱུ་དགུ་སྟེ། མི་འཕྲོད་པའི་ཟས་ཟ་བ་དང་། ཟས་འབྲངས་ཀྱང་མང་དུ་ཟ་བ་དང་། སྔ་མ་མ་ཞུ་བར་ཕྱི་མ་ཟ་བ་དང་། བཤང་གཅི་དུས་སུ་མི་འདོར་བར་བསྡོམ་པ་དང་། ནད་པས་སྨན་པ་དང་ནད་གཡོག་གི་ངག་མི་ཉན་པ་དང་། མཚན་མོ་འགྲོ་བས་གདོན་དང་འབྱུང་པོ་དྲག་པོས་བཏབ་པ་དང་། སྐྱུག་སྨན་བཏང་བ་མནན་ནས་མི་སྐྱུག་པ་དང་། མ་བརྟགས་པའི་དྲག་ཤུལ་སྤྱོད་པ་དང་། བག་མེད་པར་བུད་མེད་ལ་འཁྲིག་པ་སྤྱོད་པའོ། །ཞེས་གསུངས་པས་མཚོན་ཚད་མེད་དོ། ཀུན་མཁྱེན་བླ་མས། ཁྱད་པར་མི་ཡི་འཇིག་རྟེན་འཚེ་བ་མང་། །ནད་གདོན་གནོད་པ་དུ་མའི་གཞིར་གྱུར་ཅིང་། །མཚོན་དང་མེ་དང་གཡང་ས་གཅན་གཟན་དུག །རྒྱལ་པོ་དགྲ་དང་ཆོམ་རྐུན་ལ་སོགས་ཀྱིས། །འཚོ་བའི་སྲོག་འཇོམས་ཕུན་ཚོགས་འཇིག་པར་བྱེད། །ཅེས་དང་། བཤེས་སྤྲིང་ལས། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་གང་ལོག་པ། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས། གསུམ་པ། ལུས་ཉམ་ཆུང་ཞིང་སྙིང་པོ་མེད་པས་ཀྱང་ནམ་འཇིག་ཆ་མེད་དེ། སྤྱོད་འཇུག་ལས། ཐོག་མར་པགས་པའི་རིམ་པ་འདི། །རང་གི་བློ་ཡིས་ཐ་དད་དབྱེ། །ཤ་ཡང་རུས་པའི་དྲྭ་བ་ལས། །ཤེས་རབ་མཚོན་གྱིས་གུད་དུ་ཕྱེད། །རུས་པ་རྣམས་ཀྱང་ཕྱེ་བྱས་ནས། །རྐང་གི་བར་དུ་བལྟ་བྱ་ཞིང་། །འདི་ལ་སྙིང་པོ་ཅི་ཡོད་ཅེས། །བདག་ཉིད་ཀྱིས་ནི་བལྟ་བར་གྱིས། །ཞེས་དང་། ཨོ་རྒྱན་ཆེན་པོས། ཅི་སྟེ་མཚན་དང་དཔེ་བྱད་འབར་བའི་སྐུ། །རྡོ་རྗེ་ཅན་ཡང་རྟག་པར་མི་འགྱུར་ན། །མི་གཙང་རྫས་ལས་གྲུབ་པའི་འདམ་གཟུགས་དག །མི་རྟག་མྱུར་དུ་འཇིག་པ་སྨོས་ཅི་དགོས། །ཞེས་གསུངས། མདོར་ན་མཁས་མཆོག་དཔའ་བོས། འཆི་བདག་སུ་དང་མི་བཤེས་པ། །གློ་བུར་དག་ཏུ་འབབ་འགྱུར་བས། །སང་དག་བྱ་ཞེས་མ་སེམས་པར། །དམ་པའི་ཆོས་ལ་བསྣུར་ཏེ་མཛོད། །འདི་སང་དེང་འདི་མི་བྱ་ཞེས། །བྱ་བ་མི་ལ་བཟང་པོ་མིན། །ནམ་ཞིག་ཁྱོད་ནི་མེད་གྱུར་པའི། །སང་དེ་གདོན་མི་ཟ་བར་འོང་། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་འཆི་བ་ལ་ཅིས་ཀྱང་མི་ཕན་པ་ལ་རྒྱུ་མཚན་གསུམ་ལས། དང་པོ། བསགས་པའི་ནོར་གྱིས་མི་ཕན་པ་ནི། ནོར་གྱི་མཆོག་ལྷ་རྫས་ཀྱི་རིན་པོ་ཆེ་སྣ་བདུན། འཁོར་ལོས་སྒྱུར་བའི་དཔལ་འབྱོར། རྣམ་ཐོས་སྲས་ཀྱི་བང་མཛོད་ལྟ་བུ་ཡོད་ཀྱང་ཐམས་ཅད་བཞག་ནས་འགྲོ་དགོས་ཏེ། འདུལ་བ་ལུང་ལས། ལྗོན་ཤིང་རྡིབ་པར་གྱུར་པའི་ཚེ། །ཡལ་ག་ལོ་མས་ཅི་ཞིག་བྱ། །དེ་བཞིན་སྐྱེས་བུ་འཆི་བའི་ཚེ། །ཡོངས་སུ་བཟུང་བས་ཅི་ཞིག་བྱ། །ཞེས་གསུངས། གཉིས་པ་འབྲེལ་བའི་གཉེན་གྱིས་མི་ཕན་པ་ནི། གྲོགས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྙེད་ཀྱང་། ཆུང་མ་ལྷའི་བུ་མོ་ལྔ་བརྒྱས་བསྐོར་ཀྱང་། བུ་ཚ་ལྷའི་ཁྱེའུ་སྟོང་གིས་རྩེ་ཡང་། ཚ་ཞང་ལྷའི་དབང་པོ་ཡོད་ཀྱང་། སྲིད་སྡེ་ལྷ་མིན་གྱི་དམག་མི་ཡོད་ཀྱང་། རྒྱལ་འབངས་གླིང་བཞི་ལྷ་ཡུལ་ཡོད་ཀྱང་། ཕ་ཁུ་ཚངས་པ་བརྒྱ་བྱིན་ཡོད་ཀྱང་། མཛའ་གྲོགས་རྒྱལ་ཆེན་རིགས་བཞི་ཡོད་ཀྱང་། བྲན་གཡོག་ལྷ་བྲན་སྟོང་ཕྲག་ཡོད་ཀྱང་། ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་ཡོད་ཀྱང་། དགོན་གཞིས་ལྷའི་གྲོང་ཁྱེར་ལྟ་བུ་ཡོད་ཀྱང་། གྲྭ་འཁོར་ནམ་མཁའི་སྐར་ཙམ་ཡོད་ཀྱང་། ཡོན་བདག་ཆུ་ཁའི་བྱེ་མ་རྙེད་ཡོད་ཀྱང་། དེ་དག་གིས་སྲོག་བཟུང་བའམ། ཕན་གདགས་པའམ། ཚེ་མཐུད་པའམ། ར་མདའ་སྙེགས་པའམ། གྲོགས་བྱར་མེད་ཅིང་། གབ་ས་དང་འཁྲས་ས་ཅུང་ཟད་ཀྱང་མེད་པར་གཅིག་པུར་མར་གྱི་གསེབ་ནས་སྤུ་བཏོན་པ་ལྟར་བར་དོའི་འཕྲང་ལ་སུ་དང་ཡང་འགྲོགས་སུ་མེད་པར་འགྲོ་དགོས་ཏེ། འཇམ་དཔལ་རྣམ་པར་རོལ་པ་ལས། ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །རང་ཉིད་གཅིག་པུ་ཕྱི་མར་འགྲོ། །ཞེས་དང་། རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་ཛ་ག་ཏ་མི་ཏྲས། ལྷ་ཅིག་ཇི་ལྟར་ཁྱེད་འབྱོར་ཀྱང་། །གཤེགས་ནས་འཇིག་རྟེན་གཞན་བཞུད་ཚེ། །མྱ་ངན་ཐང་ལ་དགྲས་བཅོམ་ལྟར། །གཅིག་པུ་སྲས་མེད་བཙུན་མོ་མིན། །ན་བཟའ་མ་མཆིས་བཤོས་མ་མཆིས། །རྒྱལ་སྲིད་མ་མཆིས་ཁབ་མ་མཆིས། །དཔག་མེད་མཐུ་དཔུང་མངའ་ལགས་ཀྱང་། །གཟིགས་སུ་མ་མཆིས་གསན་མ་མཆིས། །གཅིག་ཙམ་ཉིད་ཀྱང་ཕྱི་ཐག་གིས། །རྗེས་སུ་འབྲང་བའང་མི་མངའོ། །མདོར་ན་ཉིད་ཀྱི་མཚན་ཙམ་ཡང་། །དེ་ཚེ་མེད་ན་གཞན་ཅི་སྨོས། །ཞེས་དང་། རྒྱལ་སྲས་ཞི་བ་ལྷས། བདག་ཉིད་མལ་ན་གནས་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང་། །སྲོག་འཆད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་བྱེད། །ཅེས་གསུངས། གསུམ་པ། ལྷན་ཅིག་སྐྱེས་པའི་ལུས་ཀྱིས་ཀྱང་མི་ཕན་ཏེ། ཐེག་ཆེན་རྣལ་འབྱོར་ལས། བདག་ལ་ཤིན་ཏུ་ཕངས་{འཕངས}པའི་ལུས་འདི་ཡང་། །དེ་རིང་སང་ནི་རྫ་ཆག་བཞིན་དུ་འདོར། །ལྷན་ཅིག་སྐྱེས་པའི་ཤ་རུས་གཉིས་དང་འབྲལ། །དབང་མེད་བདག་ནི་གཅིག་པུར་འཁྱམས་ནས་ནི། །ལས་ཀྱི་དབང་གིས་གང་དུ་སྐྱེ་འགྱུར་ཨང་། །དེ་བས་ལུས་ཀྱི་ཕྱིར་ན་སྡིག་མི་བྱ། །ལུས་འདི་ས་སྟེང་འདྲ་སྟེ་ཆོག་མི་ཤེས། །མི་གཙང་ལས་བྱུང་མི་གཙང་ཕུང་པོ་ཡིན། །རྒ་ན་འཆི་སོགས་སྡུག་བསྔལ་ཀུན་གྱི་གནས། །ཤི་ནས་ལུས་བོར་ས་ཡི་ཕྱོགས་ཙམ་བཙོག །བྱ་དང་ཁྱི་སྤྱང་ལ་སོགས་ཀུན་གྱི་ཟས། །བསྙེན་བཀུར་འབད་ཀྱང་འཆི་བདག་སྲིན་པོས་འཕྲོག །མཁས་པས་སྨོད་ཅིང་བླུན་པོ་ཆགས་པའི་གནས། །དེ་བས་ལུས་ལ་མཁས་པ་སུ་ཞིག་ཆགས། །ལུས་ཀྱི་ཕྱིར་ནི་རང་ཡང་སྡུག་མི་བྱ། །འདི་ལ་གླ་རྔན་གོས་ཟས་བྱིན་ནས་ཀྱང་། །ཡུན་གྱི་ཕན་ཕྱིར་དགེ་བ་བྱེད་དུ་ཆུག །ཅེས་དང་། བཤེས་སྤྲིང་ལས། ལུས་མཐའ་ཐལ་བ་མཐར་སྐམ་མཐར་འགྲུལ་ཞིང་། །ཐ་མར་མི་གཙང་སྙིང་པོ་མ་མཆིས་པ། །རྣམ་པར་འཇིག་དེངས་མྱགས་པར་འགྱུར་བ་སྟེ། །སོ་སོར་འགྱེས་ཆོས་ཅན་དུ་མཁྱེན་འཚལ་ལོ། །ཞེས་གསུངས། གཞན་ཡང་གཙོ་བོའི་གྲོས་ཀྱིས་མི་བསྟོངས་པས། གཏམ་དང་ཤགས་ཀྱིས་ལན་གདབ་ས་མེད། དཔའ་བོའི་རྩལ་གྱིས་མི་བསྟོངས་པས་འཐབ་ས་མེད། མགྱོགས་པའི་བང་གིས་མི་བསྟོངས་པས་འབྲོས་ས་མེད། མཚར་མོའི་བྱད་ཀྱིས་མི་བསྟོངས་པས་བསླུ་ས་མེད། དྲག་པོའི་ལས་ཀྱིས་མི་བསྟོངས་པས་རྩོམ་ས་མེད། ངན་པའི་གཡོ་སྒྱུས་མི་བསྟོངས་པས་འབྱོལ་ས་མེད་པར་གཅིག་པུར་འགྲོ་དགོས་ཏེ། འདུལ་བ་ལུང་ལས། འདི་ན་མཐུ་ཆེན་གནས་མཐོ་བར། །གནས་པའི་ལྷ་ཚེ་རིང་པོ་ཡང་། །ཚེ་ཟད་ཉམས་པར་འགྱུར་བ་ལ། །འཆི་ལས་དེ་རིང་སུ་ཞིག་ཐར། །དཔའ་བརྟུལ་གྱིས་ཀྱང་སྐྱོབ་ནུས་མིན། །རྒྱལ་པོ་སྡོམ་བརྩོན་དཀའ་ཐུབ་དང་། །ལས་དང་བརྩོན་འགྲུས་བརྟུལ་ཕོད་དང་། །འཁོར་ཚོགས་རྒྱ་ཆེན་བློ་གྲོས་ཀྱིས། །འཆི་ལས་ཇི་ལྟར་ཐར་མི་ནུས། །ཞེས་སོ། །མཐུ་སྟོབས་དཔུང་གཉེན་གྱིས་ཀྱང་མི་བསྟོངས་ཏེ། ཚངས་པ་དང་། བརྒྱ་བྱིན་དང་། དབང་ཕྱུག་དང་། ཁྱབ་འཇུག་དང་། དྲང་སྲོང་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་མཐུ་སྟོབས་ཅན་རྣམས་ཀྱང་འཆི་བ་ལས་མ་འདས། གནོད་སྦྱིན་དང་། སྲིན་པོ་དང་། བདུད་དང་ཀླུ་ལ་སོགས་པ་རྣམས་ཀྱིས་མི་ཐར། སྨན་དང་གཙུག་ལག་དང་མོ་པྲ་ལ་སོགས་པའི་ཐབས་ཀྱིས་མི་ཐར། གསང་སྔགས་དང་། རིག་སྔགས་དང་། རྫུ་འཕྲུལ་དང་། མངོན་ཤེས་ལ་སོགས་པའི་ནུས་པས་མི་བསྟོངས། ཕོ་ལྷ་དང་ཆོས་སྐྱོང་དང་མཁའ་འགྲོ་ལ་སོགས་པའི་སྲུང་མས་མི་སྐྱོབ། བཅུད་ལེན་དང་། རྫས་དང་། སྨན་གྱི་ནུས་པས་མི་ཕན་པར་འཆི་སྟེ། དེ་ཉིད་ལས། མཐུ་ཆེན་ནོར་ལྡན་གྲགས་འབར་བ། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །མུན་བྱེད་སྐྲ་ངན་སྐྱ་སེང་བུ། །དེས་ཀྱང་འཆི་བ་ཟློག་མི་ནུས། །མཐར་བྱེད་པ་ལ་སྨན་དག་དང་། །རིག་སྔགས་ཀུན་དང་དཔུང་དག་དང་། །ལྷ་དང་སྲུང་མ་རྟེན་འབྲེལ་དང་། །ནོར་དང་ཉེ་དུས་སྐྱོབ་མི་ནུས། །ཞེས་དང་། ཨོ་རྒྱན་ཆེན་པོས། གཅེས་དགུ་བཞག་ནས་འགྲོ་ལ་ཐུག་ཙ་ན། །འཆི་བ་མ་བཤོལ་ཚེ་ལ་གདན་འདྲེན་བྱུང་། །སྨན་པའི་རྒྱལ་པོ་དངོས་སུ་བྱོན་གྱུར་ཀྱང་། །ཚེ་ཡི་འཕེན་ཟད་སྲོག་ལ་མཐུད་མི་ཤེས། །མར་གྱི་དཀྱིལ་ནས་སྤུ་བཏོན་བཞིན་དུ་འགྲོ། །ཞེས་གསུངས། ཟས་གོས་ལོངས་སྤྱོད་ཀྱིས་མི་བསྟོངས་ཏེ། ལྷའི་བདུད་རྩིའི་ཟིལ་མངར། པཉྩ་ལི་ཀའི་གོས་མཆོག མིའི་ཟས་མཆོག་རོ་བརྒྱ། དར་ཟབ་རས་མཆོག་སྣ་ཚོགས་ཏེ། མདོར་ན་གཟུགས་མཛེས་སྒྲ་སྙན། དྲི་ཞིམ། རོ་བྲོ། རེག་བྱ་འཇམ་པོ་སྣ་ཚོགས་ཀྱིས་མི་བསྟོངས་པར་ཚེ་ཡི་དུས་བྱེད་པ་ཉིད། རྒྱ་ཆེར་རོལ་པ་ལས། རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང་། །དྲི་ཞིམ་རོ་མཆོག་རེག་ན་བདེ་བྱེད་དང་། །དུས་ངན་རྙི་ལ་འགྲོ་བ་འདི་དག་ཐོགས། དཔེར་ན་རྔོན་པའི་རྙི་ལ་སྤྲེའུ་ཐོགས་བཞིན། །འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མང་། །འཇིག་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་བཅས། རལ་གྲིའི་སོ་ལ་དུག་གི་ལོ་མ་འདྲ། །ཞེས་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། བདག་གི་ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ་བརྟན་པ་སྙིང་པོ་དང་ལྡན་པ་མ་གས་པ། མ་ཞིག་པ་ཤིན་ཏུ་མཁྲེགས་པ་ལྷུན་མཐོ་བ་ཞིག་བཟློག་སྟེ། རྡིབ་ནས་དུས་གཅིག་ལ་རྩྭ་དང་ནགས་ཚལ་དང་སྲོག་ཆགས་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་ན། དེ་དག་ལ་མགྱོགས་པས་འབྲོས་པའམ་ནོར་གྱིས་བསླུ་བའམ་སྟོབས་ཀྱིས་བཟློག་པའམ་ཐབས་ཀྱིས་ཐར་བའམ་སྨན་དང་སྔགས་དང་རྫས་ཀྱི་ནུས་པས་བཟློག་པའི་གོ་སྐབས་མེད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་འཇིགས་པ་ཆེན་པོ་འདི་དག་འོང་སྟེ། དེ་དག་ལ་མགྱོགས་པར་འབྲོས་པའམ། ནོར་དང་སྟོབས་ལ་སོགས་པས་བཟློག་པའི་གོ་སྐབས་མེད་དོ། །དེ་ཡང་རྒས་པས་ནི་དར་ལ་བབ་པ་འཇོམས་ཤིང་འོང་ངོ་། །ན་བས་ནི་ནད་མེད་པའི་བདེ་བ་འཇོམས་ཤིང་འོང་ངོ་། །རྒུད་པས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་ངོ་། །འཆི་བས་ནི་ཚེ་དང་སྲོག་འཇོམས་ཤིང་འོང་སྟེ། ཅིས་ཀྱང་བཟློག་པར་མེད་དོ། །ཞེས་གསུངས། གཞན་ཡང་དཔེ་དོན་སྣ་ཚོགས་ལ་བསམ་དགོས་ཏེ། ཉང་གཏེར་བླ་མའི་དམར་ཁྲིད་མཚོ་རྒྱལ་གྱི་ཞུས་ལན་ལས། ཨོ་རྒྱན་པདྨའི་ཞལ་ནས། མཚོ་རྒྱལ་ཉོན་དང་། མི་འཆི་བ་མ་དྲན་པ་རྣམས་ཀྱིས་ཆོས་ཡེ་མི་འོང་། འཆི་བ་རྗེས་སུ་དྲན་པ་སྒོམ་དགོས་པར་འདུག འཆི་བ་མ་དྲན་པས་འཇིག་རྟེན་འདི་ལ་མངོན་པར་ཞེན་པ་ཡིན། དེ་ལ་དང་པོ་ཕྱིའི་མི་རྟག་པ་ནི། ཡུལ་གང་ན་གཅེས་པའི་མི་ཞིག་ཤི་བ་ལ་བལྟས་པས། མི་ན་བའི་གནས་སྐབས་ནས། ན་བའི་གནས་སྐབས་ཇི་ལྟར་སོང་། མི་ན་བའི་དུས་མདངས་ཡལ་ལེ་ཡོད་པ་ལས་ན་ཙམ་ན་སོ་དྲེག་{དྲག}མཆུ་དྲེག་{དྲགས}ཆགས་ཤིང་མདངས་ཡལ་ནས་ནག་ཆོམ་གྱིས་སོང་། དེ་ཚུར་བདག་ལ་སྦྱར་ཏེ་བདག་ལའང་འདི་ལྟ་བུ་འོང་ངེས། དེ་ནས་གསོན་པའི་གནས་སྐབས་ན། ཀུན་ལ་གཅེས་པར་ཡོད་པས། ཉེ་འབྲེལ་ཐམས་ཅད་ཀྱིས་བསྐོར་ཞིང་ཁ་ཟས་སྟེར་ནས་གནས་པ་ལས། ཤི་ནས་སུ་ལ་ཡང་མི་མཁོ། གཟུགས་ཀྱི་ཕུང་པོ་དེ་ཕྱིར་མྱུར་དུ་ཐོན་ན་དགའ། དེ་ལྟར་ཤི་བ་དེ་ལྟ་ཞིང་བདག་ཀྱང་འདི་ལས་མ་འདས་པ་ཡིན་སྙམ་དུ་བསམ། དེ་ནས་རོ་དེ་ཕྱིར་ཕྱུང་ནས་དུར་ཁྲོད་དུ་བསྐྱལ་བའི་གནས་སྐབས་ན་ཡང་ཕུང་པོ་ཞིག་པ་དང་རུལ་བ་དང་མ་རུལ་བའི་རྣམ་པ་ལ་སོགས་པ་ལའང་བལྟས་ནས། བདག་ཀྱང་དེ་ལས་མ་འདས་བསམ། གཞན་ཡང་རང་གི་ཉེ་འབྲེལ་དང་། ཡུལ་མི་ཁྱིམ་མཚེས་ན་ཟླ་ལ་སོགས་པ་ཤི་བ་མཐོང་བའི་དུས་ལ་ཡང་རང་ལ་སྦྱར་བས་རང་ཡང་དེ་ལས་མ་འདས་པ་ཡིན། སྟོན་དཔྱིད་ལ་སོགས་པ་དུས་ཀྱི་འགྱུར་བ་ལ་བརྟེན་ནས་ཚེ་ཟད་པར་རྟོགས་པ་རིགས་ཏེ། དེ་ལྟར་མ་རིག་པ་རྣམས་ལ་འཆི་བའི་རྣམ་པར་རྟོག་པ་བློ་ལ་མ་སྐྱེས་པ་ཡིན། མི་རྣམས་ཀྱིས་སྐད་ཅིག་མའི་མི་རྟག་པ་ཡང་མ་ཚོར་བར་འདུག བདག་སྐྱེས་ནས་ད་ལྟ་ཕན་ཆད་དུ། སྐད་ཅིག་མ་རེ་རེ་ནས་ཚེ་ཟད་པས་སྔ་མ་ཡང་ཚེ་དེ་ཙམ་ཞིག་ཟད་དེ། རང་གིས་ལོ་དེ་ཙམ་ཞིག་ལོན། ད་ཡང་ཚེ་ཚད་བཅས་པར་ཐུབ་ཀྱང་། དེ་བས་ལྷག་པར་ཐུབ་ཀྱང་། སྐད་ཅིག་མ་རེ་རེ་ནས་འཛད་པ་ཡིན། སྐད་ཅིག་མ་རེ་སོང་ཞིང་འཆི་ལ་ཉེར་འགྲོ་བས་བདག་མྱུར་དུ་འཆི་བར་འགྱུར་བ་ཡིན། དུད་འགྲོ་ལ་སོགས་པའི་སྲོག་ཆགས་གསོད་པའི་སར་ཁྲིད་ན་གོམ་པ་རེ་བོར་ཞིང་འཆི་བ་ལ་ཉེར་འགྲོ་བ་བཞིན་དུ་བདག་ཀྱང་འཆི་བ་ལ་ཉེར་འགྲོ་བ་ཡིན། ལར་སྐད་ཅིག་མ་ཉི་མའི་གྲིབ་སོ་ཙམ་དུ་ཚེ་འགྲོ་བ་ཡིན་ཏེ། ཡུད་ཙམ་མི་སྡོད་པར་འདི་ཁམ་ཆེ་བར་འདུག མི་ཐམས་ཅད་ཀྱིས་རྒྱུན་གྱིས་མི་རྟག་པ་ཡང་མ་ཚོར་བར་འདུག བདག་མ་ལས་སྐྱེས་ནས་ད་ལྟ་ཕན་ཆད་ཉིན་མཚན་དེ་སྙེད་ཀྱིས་ཚེ་ཟད་ཨང་། སྔ་མ་ཡང་ཚེ་དེ་ཙམ་ཞིག་ཟད། ད་ཡང་དེ་བས་ལྷག་པ་ཐུབ་ཀྱང་ཉིན་མཚན་ཙམ་གྱིས་ཚེ་འཛད་པ་ཡིན། དེ་རིང་སོང་། དོ་ནུབ་སོང་། ཞག་གཅིག་སོང་གཅིག་འུད། གཉིས་སོང་གཉིས་འུད། དེ་བཞིན་དུ་ཉིན་མཚན་འུད་འུད་འཛད་པས། བདག་རིང་པོ་མི་ཐོག་པར་འཆི་བར་འགྱུར་བ་ཡིན། ལར་ཚེ་ཉིན་ཞག་གཅིག་གིས་འཛད་པར་འདུག་པ་ལ། ཉི་མ་རིང་ཐུང་དང་ནམ་རིང་ཐུང་བརྩི་བར་འདུག་སྟེ། ཉི་མ་དང་ནམ་རིང་བས་བདག་གི་ཚེ་ལ་མི་ཕན། མི་རྣམས་ཀྱིས་རང་མི་རྟག་པ་ཡང་མ་ཚོར་བར་འདུག་རང་གི་ཚེ་འདི་སྐྱ་བ་མེད་པའི་རྒྱ་མཚོའི་གྲུ་དང་འདྲ། འཆི་བདག་གི་བདུད་རྒྱ་མཚོའི་ཆུ་བོ་དང་འདྲ། རང་ནི་ཚེ་གད་ཁའི་ཤིང་ཕུང་དང་འདྲ། འཆི་བདག་གི་བདུད་གད་རྩའི་ཆུ་རྒྱུན་དང་འདྲ་བས་རྐོ། རང་གི་ཚེ་ཐོ་ཡོར་ཁར་བྱ་སྒྲོ་བཙུགས་པ་དང་འདྲ། འཆི་བདག་གི་བདུད་སྐྱི་སེར་གྱི་རླུང་དང་འདྲ་བས་གཡོ། རང་གི་ཚེ་ཤ་བ་རྨས་མ་དང་འདྲ་བར་བྲོས། འཆི་བདག་གི་བདུད་ཤ་ཁྱིས་ཉུལ་མ་དང་འདྲ་སྟེ་འདེད་པ་ཡིན། ལར་རང་གི་ཚེའི་འགྲིབ་ལུགས་མི་མཐོང་བར། གཞན་དག་ཤི་བ་ལ་མྱ་ངན་ཆེན་པོ་བྱེད་པར་འདུག ཇི་ལྟར་ཡིན་ནམ། མི་རྣམས་ཀྱིས་གློ་བུར་དུ་མི་རྟག་པ་ཡང་མ་ཚོར་བར་འདུག ཚེ་ཚད་དང་ལྡན་པར་ཐུབ་ཀྱང་ནམ་ཀྱང་འཆི་བ་ལས་མ་འདས། དེ་རིང་འཆིའམ་དོ་ནུབ་འཆི་རང་ཡང་ངེས་པར་རང་དབང་ཐོབ་པ་མེད། རང་གི་ལུས་ཀྱིས་ཀྱང་ལྕགས་ནས་འཆི། ལུས་འབྱུང་བ་བཞིས་བསྐྱེད་དེ། འབྱུང་བ་བཞི་རླུང་མཁྲིས་བད་ཀན་འདུས་པ་ཆ་མ་སྙོམས་པ་ལས་འཆི་རྐྱེན་བྱེད། ལུས་ཟས་ཀྱིས་གསོ་བ་ཡིན་ཏེ། སུབ་པ་དང་བརྣངས་པས་ཀྱང་འཆི། ཆུ་རྩལ་ཅན་ཆུ་གྲིར་འཆི། གཟོབ་པོ་ལྕེ་གྲིར་འཆི། ཤ་དུག་དང་ཟས་མ་འཕྲོད་པས་ཀྱང་འཆི། རྟ་རྩལ་ཅན་རྟ་གྲིར་འཆི། དཔའ་བོ་མཚོན་གྲིར་འཆི། དྲག་པོ་དུག་གྲིར་འཆི། ལར་འཆི་རྐྱེན་དུ་མ་སོང་བ་མེད། རང་གིས་ཞག་གཅིག་ཀྱང་མི་འཆི་བའི་གསོན་ཡང་མི་ལོན་པར། རང་ལ་རྫུན་ཟེར་བ་ཤ་སྟག་སྣང་། འཆི་རྐྱེན་གྱིས་ནམ་འཆི་ཆ་མེད། འཆི་རྐྱེན་ཅི་འོང་ཆ་མེད། ཚེ་ལ་ཡིད་བརྟན་དུ་མེད། བདག་འཆི་ངེས་པ་ཡིན། གཞོན་པ་མི་འཆི་བ་མེད། རྒས་པ་ཐར་བ་མེད། ན་བ་གཅིག་གི་སྔོན་མི་ན་བ་བརྒྱ་འཆི། ནད་ཚབས་ཆེན་པོ་ཞིག་ཐང་ཅིག་སོས་ཀྱང་དེས་འཆི་བ་དང་ན་བ་ལས་ཐར་བ་མེད། འཆི་བ་ལ་མི་དགའ་བས་ཕན་པ་མེད། ཤི་མོད་རང་གཅིག་པུ་མིན། གཞན་ཐམས་ཅད་འཆི་བ་ལ་ཟེར་བས་ཀྱང་མི་ཕན། ཤི་ནས་ལུས་མི་ལེན་ན་དེ་ཉིད་ཡིན་ཏེ། སྐྱེ་བ་ལེན་དགོས། སྐྱེ་གནས་ལ་རང་དབང་མེད། ཤི་ཙ་ན་དགེ་སྡིག་གི་ལས་འབའ་ཞིག་རྗེས་སུ་འབྲང་བ་ཡིན། ལར་འཆི་བར་ཤེས། དགེ་སྡིག་ཆ་ཡོད་བཞིན་དུ་སྡིག་པ་བྱེད་པ་འདི་ཀུན་ལ་བསམ་པ་ཅི་ཡོད་དམ། མཚོ་རྒྱལ་ཤི་ནས་མེད་དུ་མི་འགྲོ། ཡང་ལས་ཀྱི་སྐྱེ་དགོས་པ་ཡིན། ལས་དགེ་མི་དགེ་ལུང་མ་བསྟན་གསུམ་ལས། དགེ་བའི་འབྲས་བུ་མཐོ་རིས་ལ་སོགས་བདེ་བ་ཡིན། མི་དགེ་བའི་འབྲས་བུ་ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་ཡིན། ལུང་དུ་མ་བསྟན་པ་ས་བོན་རུལ་བ་དང་འདྲ་བར་འབྲས་བུ་མི་འབྱིན། ལར་ངན་སོང་གསུམ་དུ་སྐྱེ་བའི་རྒྱུ་སྡིག་པ་དང་ཞེན་པ་ཡིན། དེ་ཡང་སྡིག་པའི་ལས་ཀྱིས་དམྱལ་བ་ཡིན། ཞེན་པས་ཡི་དྭགས་དང་དུད་འགྲོར་སྐྱེ་བ་ཡིན་གསུངས། ཡང་ཨོ་རྒྱན་དུས་གསུམ་མཁྱེན་པས་རྗེ་མངའ་བདག་ཆེན་པོ་ལ་གདམས་པ་ལས་ཀྱང་། ཉོན་མོངས་པ་མ་བཏུལ་ན་དགྲ་སྡང་བ་མང་བས་དོན་མེད་རང་སེམས་སྡུག་པར་ཡིད་ཆེས། ཆོས་སྤྱོད་ཀྱི་དགེ་སྦྱོར་མ་བསྐྱངས་ན་གཉེན་བྱམས་པ་ལ་མི་ཚེ་བསྐྱལ་ཀྱང་འཆི་བའི་དུས་མི་བསྟོངས་པར་ཡིད་ཆེས། ཐུབ་པའི་གདན་ས་ལ་མ་བཟུང་ན་འཇིག་རྟེན་གྱི་ཁེ་གྲགས་བཟུང་བས་སླར་འཁོར་བར་བསྐྱུར་བར་ཡིད་ཆེས། འགྱུར་མེད་ཀྱི་རྫོང་ལ་མ་གནས་ན་ས་རྡོའི་མཁར་ལེན་བཟང་ཡང་བཞག་ནས་འགྲོ་བར་ཡིད་ཆེས། ཚོགས་གཉིས་མ་བསགས་ན་ནོར་རྫས་བསགས་ཀྱང་ཤི་ནས་སྤྱོད་དུ་མེད་པར་ཡིད་ཆེས། ཆོས་ཉིད་ཀྱི་བདུད་རྩི་མ་བསྟེན་ན་ཟས་ཞིམ་དགུ་ཟོས་ཀྱང་མི་གཙང་བར་འགྱུར་བ་ཡིད་ཆེས། ཆོས་སྐུ་སྐྱེ་མེད་མ་ཐོབ་ན་ཤ་ཁྲག་གི་ཕུང་པོ་ལ་བདག་འཛིན་གཅེས་སྤྲས་བྱས་ཀྱང་འབྱུང་བ་གཡར་པོ་བདག་པོས་ཁྱེར་བར་ཡིད་ཆེས། ཐབས་ཤེས་རབ་དང་མ་འགྲོགས་ན་ཡིད་མཐུན་གྱི་མཛའ་བཤེས་སྟོང་དང་འགྲོགས་ཀྱང་མྱུར་དུ་བྲལ་ནས་འགྲོ་བར་ཡིད་ཆེས། བརྗོད་མེད་ཀྱི་དོན་དང་མ་འཕྲད་ན་སྙན་གྲགས་ཀྱིས་སྟོང་གསུམ་ཁྱབ་ཀྱང་བསླུ་བྲིད་ཀྱི་བདུད་ཡིན་པར་ཡིད་ཆེས། རང་སེམས་ལ་རང་དབང་མ་ཐོབ་ན་འཁོར་ལོས་སྒྱུར་བའི་མཐུ་དཔུང་དང་ལྡན་ཡང་འཆི་བའི་དུས་ལ་བབ་པའི་ཚེ་རང་དབང་མི་འོང་བར་ཡིད་ཆེས། ཤེས་རབ་རིག་པའི་རྩལ་དང་མ་ལྡན་ན་གྱད་སྟོབས་པོ་ཆེ་ལྟར་དཔའ་ཡང་འཁོར་བའི་གཡུལ་ངོ་མི་ཟློག་པར་ཡིད་ཆེས། གྲགས་སྟོང་ཀ་དག་གི་དོན་ཁོང་དུ་མ་ཆུད་ན་སྨྲ་བའི་སེང་གེར་གྱུར་ཀྱང་རྣམ་སྨིན་ལ་ཤགས་མི་ཐེབ་པ་ཡིད་ཆེས། བདེ་ཆེན་རང་ལ་མ་རྙེད་ན་ཅང་ཤེས་རྟ་ལ་ཞོན་ཡང་འཁོར་བའི་སྡུག་བསྔལ་ལས་མི་ཐར་བར་ཡིད་ཆེས། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གྱིས་མ་སྤྲས་ན་ནམ་མཁའི་ལྷ་ཕྲན་ལྟར་གཟུགས་མཛེས་ཀྱང་འཆི་བདག་གི་བདུད་བསླུར་མི་འདོད་པ་ཡིད་ཆེས། བླ་མ་དང་དཀོན་མཆོག་གི་སྐྱབས་འོག་ཏུ་མ་ཚུད་ན་ཉོན་མོངས་ཀྱི་དགྲ་ལས་{ལ}སུས་ཀྱང་མི་སྐྱོབ་པར་ཡིད་ཆེས། རང་སེམས་སངས་རྒྱས་སུ་མ་རྟོགས་ན་རྟོག་པ་གཞན་ཐམས་ཅད་ཀྱིས་བསླུ་བར་ཡིད་ཆེས། དེས་ན་ཐར་པ་དང་བྱང་ཆུབ་ཀྱི་རྒྱུར་མི་འགྱུར་བའི་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་དོན་མེད་པས་ཆུ་ཤིང་ལྟར་སྙིང་པོ་མེད་པར་ཡིད་ཆེས་པར་མཛོད་ཅིག་གསུངས། ཡང་གསུངས་པ། འཁོར་བའི་རྒྱུ་ང་བདག་གཟུང་འཛིན་གྱི་རྣམ་རྟོག་མ་སྤོང་བ་ལས་བྱུང་སྟེ་བདག་དང་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་གཅིག་པ་ལ་བདག་གཞན་གྱི་རིས་སུ་འབྱེད་པ་སྙིང་མེད་པ་ཡིན། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཚེ་སྔ་མ་ཡང་སྔ་ལ་སོགས་པའི་ཕ་མ་ཡིན་པ་ལ་དགྲ་གཉེན་དུ་འཛིན་པ་སྙིང་མེད་པ་ཡིན། འཁོར་འདས་གཉིས་ཀྱི་ཤན་འབྱེད་པའི་དུས་འདིར་འཇིག་རྟེན་ཆོས་བརྒྱད་སྐྱོང་ཁོམ་པ་སྙིང་མེད་པ་ཡིན། ཚེ་འདི་ཡུད་ཙམ་དུ་འདུག་པ་ལ་གནས་ཁང་གི་མཁར་ལས་བྱེད་པ་སྙིང་མེད་པ་ཡིན། མི་གཙང་བའི་རྫས་ཀྱིས་གང་བའི་ཕུང་པོ་ལ་ཚེར་མ་ཟུག་ཀྱང་མི་བཟོད་པའི་བདག་འཛིན་བྱེད་པ་སྙིང་མེད་པ་ཡིན། གྲོགས་ཉེ་འབྲེལ་ཐམས་ཅད་མི་རྟག་པར་འཆི་ཞིང་འདུག་པ་ལ་བདག་རྟག་ཏུ་རེ་བ་སྙིང་མེད་པ་ཡིན། རང་འཆི་བའི་དུས་སུ་ལག་སྟོང་དུ་འགྲོ་བ་ལ་མི་དགེ་བ་སྣ་ཚོགས་སྤྱད་ནས་ཟས་ནོར་འཚོལ་བ་སྙིང་མེད་པ་ཡིན། ཕྱི་སྣང་བ་ཡང་མི་སྡོད་པར་འགྱུར་ཞིང་འདུག་པ་ལ་ལོངས་སྤྱོད་རྟག་ཏུ་རེ་བ་སྙིང་མེད་པ་ཡིན། ཚེ་ཉི་མ་ནུབ་པའི་གྲིབ་སོ་ལྟར་འགྲིབ་པ་ལ་ལེ་ལོ་སྙོམ་ལས་བྱེད་པ་སྙིང་མེད་པ་ཡིན། འདི་ཕྱི་གཉིས་ཀར་སྐྱིད་པ་ཆོས་ལས་ལོག་ནས་ཁྱིམ་ཐབས་ལ་འཇུག་པ་སྙིང་མེད་པ་ཡིན། སྡིག་པའི་ལས་བྱས་པས་ངན་སོང་དུ་འགྲོ་ངེས་པ་ལ་རྣམ་སྨིན་ལ་མི་འཛེམ་པ་སྙིང་མེད་པ་ཡིན། ད་ལྟ་མེ་སྟག་ཕོག་པ་ཡང་མི་བཟོད་པར་ཚ་བའི་དམྱལ་བ་བཟོད་དུ་རེ་བ་སྙིང་མེད་པ་ཡིན། དགུན་ཁ་ནང་གཅིག་འཁྱགས་པ་ཡང་མི་བཟོད་པར་གྲང་བའི་དམྱལ་བར་བཟོད་དུ་རེ་བ་སྙིང་མེད་པ་ཡིན། ཞག་གསུམ་གྱི་བཀྲེས་སྐོམ་ཡང་མི་བཟོད་པར་ཡི་དྭགས་ཀྱི་སྡུག་བསྔལ་བཟོད་དུ་རེ་བ་སྙིང་མེད་པ་ཡིན། རང་གི་བཀོལ་སྤྱོད་ལ་སོགས་པ་དར་གཅིག་མི་བཟོད་པར་དུད་འགྲོའི་སྡུག་བསྔལ་བཟོད་དུ་རེ་བ་སྙིང་མེད་པ་ཡིན། རང་གི་རང་ལ་གྲོས་འདེབས་དགོས་པའི་དུས་འདིར་བླ་མས་བཤད་ཀྱང་མི་ཉན་པ་སྙིང་མེད་པ་ཡིན། རང་དབང་རང་གིས་ཐོབ་པའི་དུས་འདིར་འདོད་པའི་ཁོལ་པོ་བྱེད་པ་སྙིང་མེད་པ་ཡིན། ཆོས་སྐད་ཅིག་ཀྱང་མི་བྱེད་པར་ཚེ་ཕྱི་མ་ལ་ཡང་འདི་ལྟར་འོང་དུ་རེ་བ་སྙིང་མེད་པ་ཡིན། སྐྱེས་ནས་འཆི་བ་དང་རང་ཆས་སུ་འགྲོགས་པ་ལ་སོང་ཕོད་ཀྱི་བཙས་{བཅས}བྱེད་ཁོམ་པ་སྙིང་མེད་པ་ཡིན། ཡར་འགྲོ་མར་འགྲོ་རང་དབང་ཡོད་པའི་དུས་ད་རེས་ཐར་པའི་ཆོས་ལ་མི་འཇུག་པ་སྙིང་མེད་པ་ཡིན། འཁོར་བར་ཅི་བྱས་སྡུག་བསྔལ་ལས་མ་འདས་པར་འདུག་པ་ལ་བྱ་བྱེད་མི་སྤང་བ་སྙིང་མེད་པ་ཡིན། འཁོར་བ་མཐའ་མེད་དུ་ད་གཟོད་འཁྱམས་དགོས་པ་ལ་རང་བརྫུན་རང་ལ་གཏོང་བ་འདི་སྙིང་མེད་པ་ཡིན། མངའ་བདག་མིའི་ལུས་ལ་བ་གླང་གི་བསམ་པ་ཅན་དེ་རྣམས་ཀྱིས་གྱོད་ལ་གཏུག་པར་མཆིའོ་གསུངས། དེས་ན་རང་ཉིད་འཆི་དུས་ལམ་སྣ་འདྲེན་ཅིང་བར་དོའི་འཇིགས་པ་སེལ་བ་དང་བདེ་ཆེན་ཐར་པའི་གོ་འཕང་ལ་འགོད་པར་མཛད་པ་ནི་བླ་མ་དཀོན་མཆོག་འབའ་ཞིག་ཡིན་པས། ད་ལྟ་ཉིད་ནས་བླ་མ་དམ་པ་འབྲལ་མེད་དུ་བསྟེན། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཆོས་སྤྱོད་དགེ་སྦྱོར་ལ་ཡེངས་མེད་དུ་འབད། ཚོགས་གཉིས་ཀྱི་ལམ་རྒྱགས་བསགས། ཏིང་འཛིན་གྱི་ཕ་མཁར་བརྩེགས། དྲན་ཤེས་ཀྱི་གྲོགས་དང་འགྲོགས། སྐུ་གསུམ་གྱི་བཙན་ས་ཟིན་པ་ཞིག་ཅིས་ཀྱང་དགོས་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཆོས་ནི་གླིང་དང་གནས་དང་མགོན་དང་རྟེན་པར་འགྱུར་རོ། །དཔེར་ན་གྲང་བས་ཉེན་པ་ལ་མེ་དང་། ཚ་བས་ཉེན་པ་ལ་བསིལ་ཁང་དང་། སྐོམ་པས་ཉེན་པ་ལ་ཆུ་བསིལ་དང་། མགྲོན་པོ་ངལ་ཞིང་དུབ་པ་ལ་གྲིབ་མ་དང་། ལམ་རིང་པོར་ཞུགས་པ་ལ་བཞོན་པ་དང་། ཉལ་བ་ལ་གནས་མལ་བཟང་པོ་དང་། བཀྲེས་པ་ལ་ཁ་ཟས་བཟང་པོ་དང་། གདུང་བ་ལ་ཚིམ་པར་བྱེད་པ་དང་། ལམ་སྟོར་བ་ལ་ས་མཁན་དང་། ནད་ཀྱིས་བཏབ་པ་ལ་སྨན་པ་དང་། འདམ་དུ་བྱིང་བ་ལ་འཇུ་ཐག་དང་། ཆུ་བོས་ཁྱེར་བ་ལ་གྲུ་གཟིངས་དང་། བརྒལ་བར་དཀའ་བ་ལ་ཟམ་པ་དང་། ཉམ་ང་བ་ལ་འབབ་སྟེགས་དང་། མུན་ཁུང་དུ་སྒྲོན་མེ་དང་། རྒྱ་མཚོ་ཆེན་པོ་ལ་གྲུ་བོ་དང་། དབུལ་པོ་ལ་ནོར་དང་། ལས་བྱེད་པ་ལ་གྲོགས་དང་། གཅོད་པ་ལ་ལག་ཆ་དང་། གཡུལ་ངོར་འཇུག་པ་ལ་གོ་ཆ་དང་། འཇིགས་པ་ལ་བསྐྱེལ་མ་བཟང་པོ་དང་། འཐབ་པ་ལ་དཔུང་གཉེན་དང་། མུ་གེ་ལ་འབྲུ་དང་། དོག་པ་ལ་གོ་འབྱེད་པ་དང་། འཁྱམས་པ་ལ་གནས་དང་། ཉེན་པ་ལ་མགོན་སྐྱབས་བྱེད་པ་ལྟ་བུའོ། །ཞེས་སོ། །དེ་ལྟ་བུའི་དཔེ་དང་གཏན་ཚིགས་སྣ་ཚོགས་པའི་སྒོ་ནས་འགྲོ་འཆག་ཉལ་འདུག བཟའ་བགོ་གཏམ་སྨྲ་བ་སོགས་སྤྱོད་ལམ་ཐམས་ཅད་ཀྱི་སྐབས་སུ་འཆི་བ་མི་རྟག་པ་འབའ་ཞིག་དྲན་པར་བྱ་སྟེ། ལས་བརྒྱ་པ་ལས། རྟག་ཏུ་སྤྱོད་ཡུལ་ཐམས་ཅད་དུ། །འཆི་བདག་རྗེས་སུ་དྲན་པར་བྱ། །ཞེས་དང་། སྤྱོད་འཇུག་ལས། ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པས་རིགས། །ཞེས་གསུངས། དེ་ལྟ་བུའི་ཚུལ་གྱིས་ངག་ཏུ་ཡང་། འདུས་བྱས་ཐམས་ཅད་མི་རྟག་གློག་བཞིན་གཡོ། །སྣོད་བཅུད་གང་ལ་བསམས་ཀྱང་འཇིག་པའི་ཆོས། །འཆི་བར་ངེས་ཤིང་ནམ་འཆི་ཆ་མེད་ཀྱང་། །རྟག་འཛིན་སེམས་ཀྱིས་རང་མགོ་བསྐོར་ནས་སུ། །བག་མེད་ངང་དུ་གནས་པ་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །ཞེས་བརྗོད་ལ་སེམས་ཀྱིས་གསལ་གདབ་ཡང་ཡང་བྱ་ཞིང་དམ་པ་གསུམ་གྱིས་རྩིས་ཟིན་པར་བྱའོ། །བཞི་པ་དེ་ལྟར་བསྒོམ་པའི་ཕན་ཡོན་འབྱོང་ཚད་དང་བཅས་པ་བསྟན་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དེ་ཡི་ཕན་ཡོན་ཤིན་ཏུ་མཐའ་ཡས་ཏེ། །འཁོར་བའི་ཉེས་སྤོང་ཡོན་ཏན་ངང་གིས་འདུ། །རྟག་འཛིན་ལས་གྲོལ་དགྲ་གཉེན་ཆགས་སྡང་ཞི། །དགེ་ལ་རབ་བརྩོན་ཚེ་འདི་འཁྲུལ་བར་ཤེས། །ཚོགས་གཉིས་རབ་རྫོགས་གྲགས་ལྡན་ལྷས་གཟིགས་ཤིང་། །བདེ་བར་ཚེ་ཡི་དུས་བྱེད་མཐོ་རིས་འགྲོ། །མྱུར་དུ་འཆི་མེད་བདུད་རྩིའི་གོ་འཕང་ཐོབ། །ཅེས་འཁོར་བའི་ཆོས་ལ་སྐྱོ་ཤས་གཏིང་ནས་སྐྱེ་བས་ཚེ་འདིའི་ཆོས་ལས་བློ་ལྡོག་པ་དང་། སྔར་མེད་པའི་ཡོན་ཏན་མང་པོ་རྒྱུད་ལ་སྐྱེ་བ་དང་། རྟག་འཛིན་གྱི་བློ་ལས་ལོག་པ་དང་། དགྲ་གཉེན་ལ་ཆགས་སྡང་མེད་པ་དང་། རྟག་ཏུ་དགེ་ལ་བརྩོན་པ་དང་། ཚེ་འདི་འཁྲུལ་སྣང་དུ་ཤེས་པ་དང་། ཚོགས་གཉིས་རྫོགས་པ་དང་། ཆོས་མཐུན་གྱི་གྲགས་པ་དང་ལྡན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོངས་པ་དང་། བདེ་བར་ཚེ་ཡི་དུས་བྱེད་ཅིང་མཐོ་རིས་སུ་སྐྱེ་བ་དང་། སྐྱེས་མ་ཐག་པར་དམ་པའི་ཆོས་དང་། དགེ་བའི་བཤེས་གཉེན་དང་ཕྲད་པ་དང་། རྟག་ཏུ་རང་དབང་ཡོད་པ་དང་། བསྟན་ལ་རབ་ཏུ་བྱུང་བ་དང་། ཚུལ་ཁྲིམས་མཐར་ཕྱིན་པ་དང་། ཉིན་མཚན་ཆོས་ཀྱིས་འདའ་བ་དང་། ཐེག་པ་ཆེན་པོའི་ཆོས་ལ་སྤྱོད་པ་དང་། སྐྱེས་བུ་དམ་པ་རྣམས་དང་འགྲོགས་པ་དང་། མྱུར་དུ་སངས་རྒྱས་འགྲུབ་པ་སོགས་ཕན་ཡོན་ཚད་མེད་པར་གསུངས་ཤིང་། རྗེ་དྭགས་པོ་རིན་པོ་ཆེ་སྒྲུབ་པ་ལ་བྱོན་ཁར། བླ་མ་བྱ་ཡུལ་པས། ངའི་སྙིང་ཕྱུང་ཡང་ཤ་དུམ་པ་ཞིག འཆི་བ་མི་རྟག་པ་སྒོམ་པ་གལ་ཆེ། དེ་མ་བསྒོམས་{སྒོམས}ན་ཆོས་གནད་དུ་མི་འགྲོ་བ་ཡིན་གསུངས། སྒོམ་པོ་པས་ཀྱང་དེ་ལ་ཐུགས་ཆེས་ནས་ཐུགས་དམ་གྱི་མཐིལ་དུ་མཛད། དེའི་སློབ་མ་དང་ཡང་སློབ་ཐམས་ཅད་ཀྱིས་ཀྱང་འདི་ལ་ཐུགས་རྩིས་ཆེར་མཛད། ཆོས་རྗེ་སངས་རྒྱས་སྟོན་པའི་ཞལ་ནས་ཀྱང་འཆི་བ་མི་རྟག་པའི་འདི་བཤད་པ་པོས་བཤད་རིན་མ་ཆོག ཉན་པ་པོས་ཉན་རིན་མ་ཆོག སྒོམ་པ་པོས་བསྒོམས་རིན་མ་ཆོག་པར་བྱས་ནས། ཆོས་ཟབ་མོ་ཞིག་ལྐོག་ཏུ་ལུས་འདུག་གསུངས། སྒ་ལོ་སྤྱན་ལྔའི་དྲུང་དུ་བྱོན་དུས། ཆོས་ཟབ་མོ་ཞིག་ཐུགས་ལ་འདོག་པར་ཞུས་པས། འཆི་བ་མི་རྟག་པ་སྒོམས་ཤིག་གསུངས། དེ་རྒྱུད་ལ་སྐྱེ་གདའ་བས། དེ་བས་ཟབ་པ་ཞིག་གསུངས་པར་ཞུ་ཞུས་པས། དགེ་བའི་བཤེས་གཉེན་འབྲོམ་སྟོན་གྱིས་སློབ་མ་བྱང་ཆུབ་སེམས་དཔའ་སྟོང་དང་ལྔ་བརྒྱ་བཞུགས་པ་རྣམས་ལ་ཆོས་ཟབ་ཤོས་འདི་ལ་བྱེད་པ་ཡིན་གསུངས། འདི་ལས་ཟབ་པའི་ཆོས་ང་ལ་མེད་གསུངས། སངས་རྒྱས་དབོན་སྟོན་གྱིས། འཆི་བ་རྒྱུད་ལ་མ་དྲན་ན། །ཆོས་གསང་བ་འདུས་པ་ཟབ་རྒྱུ་མེད། །འཆི་བ་རྒྱུད་ལ་སྐྱེས་པ་ན། །ལམ་སྐྱབས་སུ་འགྲོ་ལས་ཟབ་པ་མེད། །ཅེས་དང་། རྨོག་ཅོག་པས། འཆི་བ་རྒྱུད་ལ་མ་སྐྱེས་པའི། །ཉམས་མྱོང་སྟོན་ཀའི་ན་བུན་འདྲ། །འཆི་བ་རྒྱུད་ལ་མ་སྐྱེས་པའི། །བཙུན་པོ་རྒྱལ་པོའི་བཙུན་མོ་འདྲ། །འཆི་བ་རྒྱུད་ལ་མ་སྐྱེས་པའི། །སྙིང་རུས་དབྱར་ཁའི་ཆབ་རོམ་འདྲ། །ཞེས་གསུངས། གཞན་ཡང་དམ་པ་རྒྱ་གར་སོགས་སྒྲུབ་བརྒྱུད་འཛིན་པ་ཐམས་ཅད་ཀྱིས་འདི་འབའ་ཞིག་བསྔགས་ཤིང་ཐུགས་དམ་གྱི་མཐིལ་དུ་མཛད། བཅོམ་ལྡན་འདས་ཀྱིས་ཀྱང་། རྗེས་རྣམས་ཀྱི་ནང་ནས་ཁྱུ་མཆོག་གི་རྗེས་མཆོག་ཡིན་པ་བཞིན་དུ་འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པ་དྲན་པ་མཆོག་ཡིན་པར་གསུངས་པ་དང་། འདུལ་བ་ལུང་ལས་ཀྱང་། ངའི་འཁོར་བུམ་པ་བཟང་པོ་ལྟ་བུ། དགེ་སློང་ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་དང་འདྲ་བ་བརྒྱ་ལ་གདུགས་ཚོད་ཡོན་དང་བཅས་པ་བྱིན་པ་བས། འདུས་བྱས་མི་རྟག་སྐད་ཅིག་དྲན་པ་མཆོག་ཡིན་ནོ། །ཞེས་གསུངས། འབྱོངས་ཚད་ཀྱང་ཀུན་མཁྱེན་བླ་མས། སྣང་བ་གང་ལ་ཡང་འཇིག་པར་མཐོང་བས་ཕྱི་ཡུལ་ལ་མི་ཞེན་པའི་བློ་གཏིང་ནས་སྐྱེས་པ་དང་། དགེ་བ་ལ་བརྩོན་འགྲུས་མེ་འབར་བ་འདྲ་བའི་བློ་སྐྱེས་པ་དང་། འཁོར་བའི་སྡུག་བསྔལ་ལ་འཇིགས་སྐྲག་ཐུན་མོང་མ་ཡིན་པ་སྙིང་ནས་སྐྱེས་པ་དང་། འཆི་བའི་ཚེ་ཅིས་ཀྱང་མི་བསྟོངས་པར་ཤེས་ནས་ཚེ་འདིའི་བྱ་བ་འདོར་བ་དང་། སྐད་ཅིག་ཙམ་ཡང་ཐ་མལ་སོས་དལ་དུ་མི་སྡོད་པར་སྒོ་གསུམ་ཆོས་ལ་སྤྱོད་པ་དང་། ལས་འབྲས་ཀྱི་སྨིན་སོ་མཐོང་བས་ངེས་འབྱུང་སྐྱོ་ཤས་སྐྱེས་པ་དང་། ནམ་འཆི་ངེས་མེད་དུ་ཤེས་པས་གང་ལ་ཡང་བློ་ལྟོས་མི་འཆའ་བ་རྣམས་ཏེ། མི་རྟག་པ་སྙིང་ནས་གོམས་པའི་རྟགས་དང་ཚད་དོ་གསུངས། དེ་རྒྱུད་ལ་སྐྱེས་པ་ཁ་རག་སྒོམ་ཆུང་ལྟ་བུ་ཡིན་ཏེ། ཁོང་གཙང་གི་ཇོ་མོ་ཁ་རག་གི་རི་ཁྲོད་དུ་སྒྲུབ་པ་བྱེད་པ་ལ་བྱོན་པས་བྲག་ཕུག་གི་སྒོ་ན་ཚེར་ཕུང་ཞིག་འདུག་པ་ལ་ན་བཟའ་ཐོགས་པས་དང་པོ་བཅད་དམ་སྙམ་པ་ལ། རྗེས་སུ་ཨ་ཅང་བྲག་ཕུག་གི་ནང་འདིར་འཆི་བ་ལས་སླར་ཨེ་ལྡོག་མི་ཤེས་དེ་བས་དགེ་སྦྱོར་རང་བྱས་ན་ཁེ་བས་ཆེ་དགོངས་བཅད་པ་མ་བྱུང་། ཡང་སྒོར་བྱོན་སྐབས་ཀྱང་དེ་བཞིན་བྱུང་བ་ལ་ང་སྒོ་ནང་དུ་ཨེ་ལྡོག་མི་ཤེས་དགོངས་ཏེ་དེ་ལྟར་གནས་དེར་ལོ་བཅུ་གཉིས་ཀྱི་བར་དུ་བཞུགས་ཏེ་བླ་མ་གྲུབ་པ་ཐོབ་ཀྱང་ཚེར་ཕུང་གཅོད་རྒྱུ་མ་བྱུང་བ་ཡིན། ཁོང་གི་ཞལ་ནས། ཚེ་འདིའི་ལྟོ་གོས་ཇི་ལྟར་བྱས་ཀྱང་ཕྱིད། །ཤི་ནས་འབྲས་བུ་བྱང་ཆུབ་བཙལ་ཐབས་མེད། །དགྲ་གཉེན་སྡེ་རིས་ཀུན་ལ་མ་ཆགས་པར། །བསོད་ནམས་ཆེན་པོ་འཕྲལ་དུ་བསག་པར་བྱ། །ཚེ་ལ་ལོང་མེད་ཐ་སྙད་ཐུག་པ་མེད། །དེ་བས་དམ་པའི་དགོངས་པ་ལོངས་མཛོད་ལ། །འདུ་འཛི་སྤང་བའི་དགོན་པར་ཞི་གནས་བསྟེན། །བསེ་རུ་ལྟ་བུ་གཅིག་པུར་གནས་པར་བྱ། །ཞེས་གསུངས་པ་ལྟར་ཅིས་ཀྱང་དགོས་མེད་ཀྱི་བློ་སྣ་བཙན་ཐབས་སུ་བསྟུང་ཞིང་འདོད་ཆུང་ཆོག་ཤེས་འཕགས་པའི་རིགས་ལ་གནས་པས་གཅིག་པུར་དབེན་པར་ཉམས་སུ་ལེན་པ་གལ་ཆེ་སྟེ། སྔོན་གྱི་སློབ་དཔོན་དག་གི་གསུངས་ལས། འདོད་པ་ཆུང་ན་འཕགས་པའི་རིགས་ཡིན་ཞིང་། །འདོད་པ་ཟད་ན་འཕགས་པ་དངོས་ཡིན་པས། །རྟག་ཏུ་འདོད་པ་ཆུང་ལ་བསླབ་པར་བྱ། །ཞེས་དང་། སོ་སོ་ཐར་པའི་མདོ་ལས། ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དང་། །དགོན་པ་ཞི་བ་རྣམས་སུ་རྒས་གྱུར་པ། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ནི་གནས་པ་བདེ། །ཞེས་རྗེས་སུ་འདོམས་པར་མཛད་པ་ཡིན་ནོ། །སྣོད་བཅུད་མི་རྟག་སྒྱུ་མའི་སྤྲིན་རུམ་དུ། །ཚེ་སྲོག་གཡོ་བ་གློག་གི་ཟློས་གར་རྩེན། །སང་ཙམ་མི་འཆིའི་གདེང་ཚད་ཡོད་མིན་པས། །གཅིག་བུར་བྱང་ཆུབ་སྒྲུབས་ཤིག་ཤེས་ལྡན་རྣམས། །ཚེ་མི་རྟག་པར་བསམ་པའི་ཁྲིད་དོ། །། །


previousའཆི་བ་མི་རྟགས་པ་ལ་བསམ་ནས་ལེ་ལོ་སྙོམ་ལས་ལས་བློ་ལྡོག་སྟེ་ཆོས་ལ་བརྩོན་འགྲུས་བསྐྱེད་པའི་ཁྲིད།next