Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བདུན་པ།


   
   
   
   
   
   
   
   
   
ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་ཐེག་ཆེན་ལམ་རྩ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཁྲིད།
   
   
   


 
previousལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་ཐེག་ཆེན་ལམ་རྩ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཁྲིད།next

ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་ཐེག་ཆེན་ལམ་རྩ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཁྲིད།

༈ གཉིས་པ་ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་ཐེག་ཆེན་ལམ་རྩ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཁྲིད་ལ་གསུམ། སྔོན་འགྲོ་ཚད་མེད་བཞི་ལ་བློ་སྦྱོང་བ། དངོས་གཞི་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་བསྟན་པ། རྗེས་བསླབ་བྱ་སྲུང་ཚུལ་ཕན་ཡོན་བཅས་པའོ། །དང་པོ་ནི། སེམས་ཉིད་ངལ་གསོ་ལས། དེ་ལྟར་སྐྱབས་སོང་རྟེན་གྱི་གང་ཟག་གིས། །བྱམས་པའི་ས་གཞིར་སྙིང་རྗེའི་མེ་ཏོག་བཀྲམ། །དགའ་བའི་གྲིབ་བསིལ་བཏང་སྙོམས་ཆུ་གཙང་གིས། །འགྲོ་ལ་ཕན་ཕྱིར་རང་གི་སེམས་སྦྱང་ངོ་། །ཞེས་དང་། ཡུམ་བར་མ་ལས། རབ་འབྱོར། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ། །ཞེས་གསུངས་ཏེ། དེ་ལ་ཚད་མེད་པ་བཞི་ཡི་ངོ་བོ་ནི། སེམས་ཅན་རྣམས་བདེ་བ་དང་ལྡན་པར་འདོད་པ་བྱམས་པ། སྡུག་བསྔལ་དང་བྲལ་བར་འདོད་པ་སྙིང་རྗེ། སྡུག་བསྔལ་མེད་པའི་བདེ་བ་ལ་གནས་པར་འདོད་པ་དགའ་བ། ཉེ་རིང་ཆགས་སྡང་གི་བློ་བཏང་བ་བཏང་སྙོམས་ཏེ་དེ་བཞི་ཡིན། དེ་ལ་དབྱེ་ན། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཡོད་དེ། སྙིང་པོ་མཆོག་ལས་ཤཱ་རིའི་བུ་འདི་ལ་སེམས་ཡང་དག་པར་མ་བསྐྱེད་རྗེས་སུ་མ་བསྐྱེད་པའི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་བཞི་ནི་ཚངས་པའི་གནས་པ་བཞི་སྟེ། སྲིད་པར་མངོན་པར་འདུ་བྱེད་པ་དང་བཅས་པའོ། །སེམས་ཡང་དག་པར་བསྐྱེད། རྗེས་སུ་བསྐྱེད་པའི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་བཞི་ནི་ཚད་མེད་པ་བཞི་སྟེ། མྱ་ངན་ལས་འདས་པའི་ལམ་དུ་འདུ་བྱེད་པའི་ཕྱིར་རོ་ཞེས་གསུངས། དེ་ལ་ཚངས་པའི་གནས་པ་བཞིའི་དམིགས་ཡུལ་སེམས་ཅན་གཅིག་དང་གཉིས་ལ་སོགས་པ་ཚད་ཡོད་པ་ལ། བློའི་རྣམ་པ་བྱམས་པ་ལ་སོགས་པ་བཞིར་སྐྱེ་ཞིང་། དེ་ཡང་ཐར་པའི་སེམས་ཀྱིས་མ་ཟིན་པ་སྟེ། དཔེར་ན་ཆུ་བོ་གངྒཱ་ལ་བུད་མེད་བུ་ཆུང་ངུ་དང་བཅས་པས་བརྒལ་དུས་ཕན་ཚུན་གཅིག་ལ་གཅིག་བྱམས་བཞིན་དུ་ཚེ་ཡི་དུས་བྱས་པས་ཚངས་པའི་འཇིག་རྟེན་དུ་སྐྱེས་པ་ལྟ་བུ་སྲིད་པའམ་འཁོར་བའི་རྒྱུ་བྱེད་པ་སྟེ། སྤྱོད་འཇུག་ལས། སེམས་གསལ་གཅིག་སྐྱེས་འབྲས་བུ་གང་། །ཚངས་ལ་སོགས་པ་ཡིན་པ་ལྟར། །ཞེས་པ་བཞིན་ནོ། །ཚད་མེད་པ་བཞིའི་དམིགས་ཡུལ་ནི་འགྲོ་བ་ཐམས་ཅད་ལ་བློའི་རྣམ་པ་དམིགས་པ་དང་བཅས་པའི་ཚད་མེད་པ་བཞི་སྐྱེ་ཞིང་། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དམིགས་པའི་ཡུལ་ལ། བློའི་རྣམ་པ་དམིགས་པ་མེད་པའི་ཚད་མེད་པ་བཞི་སྐྱེ་སྟེ། ས་སྡེ་ལས། སེམས་ཅན་དང་ཆོས་ཉིད་ལ་བརྟེན་ནས་དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པའི་ཚད་མེད་པ་རྣམ་པ་བཞི་ཉིད་སྐྱེ་སྟེ། ཞེས་སོ། །དེ་ལ་དབྱེ་ན། སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པ་དང་། དམིགས་པ་མེད་པ་གསུམ་སྟེ། དེ་གསུམ་རིམ་པར་བདག་མེད་པའི་དོན་མ་རྟོགས་པའི་སྐྱེ་བོ་ཕལ་པ་དང་། གང་ཟག་གི་བདག་མེད་ཙམ་མམ་ཆོས་ཀྱི་ཕྱོགས་གཅིག་སྟེ་བདག་མེད་ཕྱེད་དང་གཉིས་རྟོགས་པའི་འཕགས་པ་ཉན་ཐོས་དང་རང་སངས་རྒྱས། གཉིས་ཀ་རྫོགས་པར་རྟོགས་པ་བྱང་སེམས་འཕགས་རྒྱུད་དང་འབྲེལ་བའི་ཚད་མེད་པ་བཞི་ལ་དེ་སྐད་ཅེས་བྱ་སྟེ། བྱང་ས་ལས། སེམས་ཅན་ལ་དམིགས་པ་ནི་མུ་སྟེགས་ཅན་རྣམས་དང་ཐུན་མོང་བ་ཡིན་ནོ། །ཆོས་ལ་དམིགས་པ་ནི་ཉན་ཐོས་དང་རང་རྒྱས་ཐམས་ཅད་དང་ཐུན་མོང་བ་ཡིན་ནོ། །དམིགས་པ་མེད་པ་ནི་དེ་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ། །ཞེས་གསུངས། དེས་ན་དམིགས་པ་མེད་པའི་བྱམས་སོགས་ནི་ཐེག་པ་ཆེན་པོའི་ལམ་གྱི་གཞུང་ཤིང་ཡིན་པས་དེའི་དབང་དུ་མཛད་ནས། པདྨའི་ལམ་རིམ་ཆེན་པོའི་འགྲེལ་པར། ཡུལ་གང་ལའང་ཡིད་དུ་འོང་ཅིང་། དེ་དག་བདེ་བ་དང་ལྡན་པར་བྱའོ་སྙམ་པ་འཇིག་རྟེན་པར་བྱམས་པ། ཡུལ་སེམས་ཅན་དེ་དག་ལ་ཕ་མར་ཤེས་ཤིང་། དེ་རྣམས་བདེ་བ་དང་ལྡན་པར་བྱའོ་སྙམ་དུ་བསྒོམ་པ་ཆོས་ཀྱི་བྱམས་པ། དེ་ལྟར་སེམས་ཅན་ཐམས་ཅད་ཕ་མར་ཤེས་ཤིང་། དེ་དག་ལ་ཕན་གདགས་པའི་བློ་སྐྱེས་པ་ནི་བྱམས་པའི་ཏིང་ངེ་འཛིན། དེ་རྒྱུན་ཆགས་སུ་སྐྱེས་པ་ནི་བྱམས་པ་ཚད་མེད་པའམ་ཆེན་པོ་ཞེས་བྱའོ། །དེ་ལ་གསུམ་ལས། སེམས་ཅན་ལ་དམིགས་པ་ནི། སེམས་ཅན་ཐམས་ཅད་ཕ་མར་ཤེས་ཤིང་། དེ་དག་བདེ་བ་དང་ལྡན་པར་བྱ་སྙམ་པའི་བློ་སྐྱེས་པའོ། །ཆོས་ལ་དམིགས་པའི་བྱམས་པ་ནི། དོན་དམ་པར་ཅིར་ཡང་མ་གྲུབ་པ་ཡིན་ཡང་། ཀུན་རྫོབ་རྨི་ལམ་སྒྱུ་མ་ཙམ་གྱི་ངོར་མ་འདི་རྣམས་བདེ་བ་དང་ལྡན་པར་བྱ་སྙམ་པའི་བློའོ། །དམིགས་པ་མེད་པའི་བྱམས་པ་ནི། དེ་ལྟར་བསྒོམ་པའི་དུས་ཉིད་ན་རང་གཞན་ཐམས་ཅད་ཀྱི་ངོ་བོ་སྟོང་ཉིད་སྤྲོས་བྲལ་ནམ་མཁའ་ལྟར་ཤེས་པས། གདངས་མ་འགགས་པར་བྱམས་པར་དུང་ངེ་། གཤིས་མ་གྲུབ་པ་སྟོང་པར་ལྷག་གེ། ངོ་བོ་མི་རྟོག་མི་དམིགས་ཤིང་འཁོར་གསུམ་ཡོངས་སུ་དག་པའོ། །ཞེས་སྙིང་རྗེ་ལའང་དེས་བསྒྲེས་ཏེ་གསུངས་པས་གཞན་གཉིས་ལའང་མཚོན་པར་ནུས་ལ། འདིའི་སེམས་ཅན་ལ་དམིགས་པ་སོགས་གསུམ་པོ་འདི་ནི་ཐེག་ཆེན་ཁོ་ནའི་དབང་དུ་མཛད་ནས། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དང་། བདེན་གཉིས་ཀྱི་རྣམ་དབྱེ་ལ་གོ་མྱོང་ཅི་རིགས་སྐྱེས་པ་དང་། གནས་ལུགས་རྟོགས་པའི་དབང་དུ་བྱས་ནས་བཞག་པ་ཡིན་པས། གོང་དུ་མུ་སྟེགས་སོགས་གསུམ་དུ་བཞག་པ་དང་འཁྲུལ་བར་མི་བྱའོ། །དེ་ལྟར་གོམས་པའི་ཕན་ཡོན་ཡང་། བྱམས་པས་གནས་སྐབས་སུ་ཀུན་གྱི་ཡིད་དུ་འོང་ཞིང་མཐར་ཐུག་ཞེ་སྡང་གནས་གྱུར་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པ་ཡིན་ཏེ། པདྨ་རྩེ་མོ་ལས། བྱམས་པས་ཞེ་སྡང་གནས་སུ་དག །མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས། །ཞེས་སོ། །སྙིང་རྗེས་གནས་སྐབས་སུ་འཚེ་བ་མེད་ཅིང་མཐར་ཐུག་འདོད་ཆགས་དག་པ་སོ་སོར་རྟོག་པའི་ཡེ་ཤེས་དང་ཆོས་སྐུ་ཐོབ་སྟེ། དེ་ལས། སྙིང་རྗེས་འདོད་ཆགས་གནས་སུ་དག །ཀུན་རྟོགས་ཡེ་ཤེས་ཆོས་ཀྱིས་སྐུ། །ཞེས་སོ། །དགའ་བས་གནས་སྐབས་སུ་ཕྲག་དོག་མེད་ཅིང་མཐར་ཐུག་ཕྲིན་ལས་ཕུན་སུམ་ཚོགས་པའི་རང་བཞིན་བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་ཅིང་། ཕྲག་དོག་དག་ནས་སྤྲུལ་པའི་སྐུ་མངོན་དུ་བྱེད་དེ། སྔ་མ་ལས། དགའ་བས་ཕྲག་དོག་གནས་སུ་དག །བྱ་གྲུབ་ཡེ་ཤེས་སྤྲུལ་པའི་སྐུ། །མཛད་པ་ལྷུན་གྲུབ་དམ་པའོ། །ཞེས་སོ། །བཏང་སྙོམས་ཀྱིས་གནས་སྐབས་སུ་སེམས་ལས་སུ་རུང་ཞིང་མཐར་ཐུག་ང་རྒྱལ་དང་གཏི་མུག་གནས་སུ་དག་ནས་མཉམ་པ་ཉིད་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འགྲུབ་སྟེ། ངོ་བོ་ཉིད་ཀྱི་སྐུ་མི་འགྱུར་བས་རྡོ་རྗེ་དང་། མངོན་པར་བྱང་ཆུབ་པའི་སྐུ་མངོན་དུ་བྱེད་དེ། དེ་ཉིད་ལས། བཏང་སྙོམས་བཏང་སྙོམས་ཆེན་པོ་ཡིས། །ང་རྒྱལ་གཏི་མུག་གནས་སུ་དག །མཉམ་ཉིད་ཆོས་དབྱིངས་ཡེ་ཤེས་བདག །བྱང་ཆུབ་རྡོ་རྗེའི་སྐུ་ཉིད་དོ། །ཞེས་སོ། །གཞན་ཡང་འདོད་པར་ལྷ་དང་མིའི་ལུས་འགྲུབ་པས་གནས་སྐབས་ཀྱི་ཕན་བདེ་བྱེད་ལ། གཟུགས་ཀྱི་ཏིང་ངེ་འཛིན་དང་སྐྱེ་གནས་དག་པའི་ཡོན་ཏན་མངོན་དུ་བྱེད་པ་སོགས་ཕན་ཡོན་ཚད་མེད་པ་དང་ལྡན་ཏེ། དཔལ་ཕྲེང་གི་མདོ་ལས། གང་གིས་ཚད་མེད་བཞི་བསྒོམ་པ། །དེ་ནི་བདེ་གཤེགས་རྣམས་ཀྱིས་དགོངས། །ཀུན་ཏུ་ཡོན་ཏན་ཚད་མེད་དེ། །ནམ་མཁའི་ལམ་ལས་རབ་འདས་པའོ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་ངེས་པར་བྱས་ནས་སྒོམ་ཚུལ་དངོས་ལ། ཐོག་མར་སྐྱེ་སླ་རིམ་ནས་བཟུང་སྟེ། དང་པོ་བཏང་སྙོམས་བསྒོམ་པ་ལའང་དམིགས་པ་དང་རྣམ་པ་གཉིས་ལས། དམིགས་ཡུལ་ཡོངས་སུ་བརྟགས་ནས་ཤེས་པར་བྱ་བ་ནི། ད་ལྟར་ཕ་མ་དང་གཉེན་འདུན་ལ་སོགས་པ་རང་གི་ཕྱོགས་ལ་ཆགས་ཤིང་། དགྲ་དང་དེའི་ཕྱོགས་ལ་སྡང་བའི་སེམས་འདི་མི་རིགས་ཏེ། ཚེ་རབས་སྔ་མར་དགྲ་འདིས་ཀྱང་གཉེན་བྱས། གཉེན་གྱིས་ཀྱང་དགྲ་བྱས་པའི་ཕྱིར་མ་ངེས་པ་དང་། ད་ལྟའང་རྟག་ཏུ་དགྲས་ཀྱང་གནོད་པར་མི་ནུས་ཤིང་བསྟུན་ན་གཉེན་བཞིན་ཕན་པའང་སྲིད་ལ། གཉེན་གྱིས་ཀྱང་ཚིག་མི་སྙན་པར་སྨྲ་བ་དང་། འཐབ་པ་དང་། ནོར་རྫས་འགོད་པ་དང་། དེ་ལ་མི་འདོད་པ་བྱུང་ན་རང་གི་སེམས་ལ་ཟུག་རྔུ་བསྐྱེད་པའི་ཕྱིར་དགྲ་བཞིན་དོན་ལ་གནས་པ་དང་། མ་འོངས་པ་ནའང་གཉེན་དགྲར་འགྱུར་བ་དང་། དགྲ་གཉེན་དུ་འགྱུར་བ་སོགས་ངེས་པ་མེད་པའི་ཕྱིར། རང་ཕྱོགས་ལ་ཆགས། གཞན་ཕྱོགས་ལ་སྡང་བའི་སེམས་ཀྱིས་ཉེ་རིང་དུ་བཏགས་པའི་བློ་སྤངས་ལ་དགྲ་གཉེན་ངོ་མཉམ་གྱི་དོན་ལ་བརྟག་ཅིང་། སེམས་ཅན་ཐམས་ཅད་ལ་དེ་ལྟར་བལྟ་བ་ནི་ཡུལ་ལ་དམིགས་པའོ། །བློའི་རྣམ་པ་ནི་དེ་ལྟར་སེམས་ཅན་གཅིག་ནས་གཉིས་དང་གསུམ་དང་། གྲོང་གཅིག་དང་། ཡུལ་ཁམས་གཅིག་དང་། གླིང་གཅིག་དང་། སྟོང་གཅིག་ནས་ནམ་མཁའི་མཐའི་བར་གྱི་ཀུན་ལ་སྙོམས་པར་བསྒོམས་ཤིང་མཐར་དམིགས་པ་མེད་པའི་བཏང་སྙོམས་ཆེན་པོ་ལ་གོམས་པར་བྱའོ། །དེ་ལ་གོམས་ནས་བྱམས་པ་བསྒོམ་པ་ལའང་གཉིས་ལས། དམིགས་ཡུལ་ནི་སེམས་ཅན་ཐམས་ཅད་དེ། རང་ཕྱོགས་ཕ་བདེ་བ་དང་མི་ལྡན་པ་ཀུན་ལ་བདེ་བ་དང་འཕྲད་པར་སྨོན་པ་བཞིན། སེམས་ཅན་ཐམས་ཅད་ལའང་བདེ་བ་དང་མི་ལྡན་པ་ཀུན་བདེ་བ་དང་ཕྲད་པར་གྱུར་ཅིག་སྙམ་དུ་ཡོངས་ལ་སྙོམས་པར་བྱམས་པ་བསྒོམ་པ་སྟེ། བློའི་རྣམ་པ་ནི་དང་པོ་རང་གི་ཕ་མ་ལྟ་བུས་མཚོན་ནས་སྙིང་ཉེ་བ་དག་བདེ་བ་འཕྲད་པར་འདོད་པ་དང་། དེ་ནས་གཞན་གཅིག་ནས་ཀུན་གྱི་བར་དུ་དེ་ལྟར་དུ་བསྒོམ། རྗེས་གང་དུའང་དམིགས་པ་མེད་པའི་ངང་དུ་མཉམ་པར་བཞག་གོ །དེ་ལ་གོམས་ནས་སྙིང་རྗེ་བསྒོམ་པ་ལའང་། དམིགས་ཡུལ་ངན་སོང་གི་འགྲོ་བའམ་མི་མཛེ་ནད་ཅན་ལྟ་བུ་སྡུག་བསྔལ་དྲག་པོས་གདུངས་པ་བློས་མི་བཟོད་པ་ཞིག་བསམས་ལ། བློའི་རྣམ་པ་སྡུག་བསྔལ་འདི་དང་བྲལ་བར་ཤོག་ཅིག་སྙམ་པའི་སྙིང་རྗེ་དུང་དུང་བ་མཆི་མ་ཐོན་ཐོན་དུ་བསྒོམས་ལ་མཐར་སེམས་ཅན་གཅིག་ནས་ཀུན་གྱི་བར་ལ་བསྒོམས་པའི་རྗེས་གང་ལ་ཡང་མི་དམིགས་པའི་ངང་ལ་དར་ཅིག་མཉམ་པར་བཞག་གོ །དེ་ནས་དགའ་བ་སྒོམ་པ་ནི། མཐོ་རིས་ཀྱི་ཡུལ་ན་སུ་ཞིག་བདེ་ཞིང་སྐྱིད་པ་ཆེ་ཆུང་ཅི་ཡོད་པ་ནས། བདེ་བ་དང་ལྡན་པའི་ཆ་ཐམས་ཅད་དམིགས་ཡུལ་དུ་བྱས་ཏེ། བློའི་རྣམ་པ་བདེ་བ་འདི་དང་མི་འབྲལ་ཞིང་། འདི་བས་ཀྱང་སྐྱིད་ཅིང་བདེ་བ་ཚེ་རིང་བ་དང་། འཁོར་མང་བ། ལོངས་སྤྱོད་འབྱོར་པ། འཚེ་བ་མེད་པ། ཤེས་རབ་ཆེ་བ་ལ་སོགས་པས་ནམ་སངས་རྒྱས་མ་ཐོབ་ཀྱི་བར་དུ་འབྱོར་བར་ཤོག་ཅིག་སྙམ་དུ་ཡུལ་གཅིག་ནས་ཀུན་གྱི་བར་ལ་སྦྱར་ཞིང་བསྒོམས། ཁྱད་པར་དུ་རང་ལ་གནོད་པའི་དགྲ་བོ་དང་སེམས་ལ་ཕྲག་དོག་གི་གནས་སུ་གྱུར་པ་རྣམས་ལ་ཡང་དང་ཡང་དུ་སྦྱར་ཞིང་མཐར་སྟོང་ཉིད་ཀྱི་ངང་དུ་མཉམ་པར་བཞག་གོ །དེ་ནས་རྩལ་སྦྱང་བ་ནི། གོ་རིམ་ངེས་པ་ཅན། བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་བཞི་པོ་རིམ་པར་བསྒོམ་ཞིང་། ཡང་བཟློག་ནས་བསྒོམ་པ་བཏང་སྙོམས་ནས་བྱམས་པའི་བར་དང། སྤེལ་མ། བྱམས་པ་དང་དགའ་བ། སྙིང་རྗེ་དང་བཏང་སྙོམས་སྤེལ་ཏེ་བསྒོམ་ཞིང་། སྐད་ཅིག་སྐད་ཅིག་ལ་གོམས་པར་སྦྱོང་སྟེ། དེ་དག་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པར་ཉམས་སུ་བླང་ངོ་། །གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་བསྟན་པ་ལ། གོ་དོན་རྣམ་པར་བཞག་པ་དང་དམིགས་ཁྲིད་དངོས་བསྟན་པའོ། །དང་པོ་ལ་གཉིས། རྣམ་གཞག་སྤྱིར་བཤད་པ་དང་། བྱེ་བྲག་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ལུང་དངོས་བཤད་པའོ། །དང་པོ་ནི། སེམས་ཉིད་ངལ་གསོ་ལས། དེ་ལྟར་ཚད་མེད་བཞི་ལ་གོམས་པ་ཡིས། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས་གཉིས་བསྒོམས། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་པས། ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ། །ཞེས་གསུངས་ཏེ། འདི་ལ་གཉིས། དེ་ལྟར་སློབ་དགོས་པའི་རྒྱུ་མཚན་དང་། སེམས་བསྐྱེད་ཚུལ་དངོས་བཤད་པའོ། །དང་པོ་ནི། རང་ཅག་རྣམས་ད་རེས་བླ་མེད་བྱང་ཆུབ་ཀྱི་འབྲས་བུ་མ་ཐོབ་ན་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་རྒྱུ་ལས་དང་ཉོན་མོངས་པ་དང་། འབྲས་བུ་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་པས་ཉེས་པའི་སྐྱོན་གྱི་རང་བཞིན་ངན་སྐྱུགས་དང་ཕྱི་སའི་ཕུང་པོ་ལྟ་བུ་སྟེ། མདོ་ལས། འདོད་པའི་ཁམས་ནི་སྐྱོན་དང་བཅས་པ་སྟེ། །དེ་བཞིན་གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས། །གཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས་པ་སྟེ། །མྱ་ངན་འདས་པ་འབའ་ཞིག་སྐྱོན་མེད་མཐོང་། །ཞེས་གསུངས། འོ་ན་སྲིད་པ་ལས་ཐར་པའི་མྱང་འདས་ཀྱི་འབྲས་བུ་ཉན་རང་དགྲ་བཅོམ་ཙམ་ཐོབ་པས་ཆོག་གམ་སྙམ་ན་མི་ཆོག་སྟེ། ཉན་རང་འཕགས་པ་དེ་དག་རང་རེ་སོ་སྐྱེ་ལས་དང་པོ་པ་ལ་ལྟོས་ན་སྡུག་ཀུན་འགོག་པའི་མྱང་འདས་ཀྱི་འབྲས་བུ་མངོན་དུ་མཛད་པས་ངོ་མཚར་དང་ཡོན་ཏན་ཆེ་མོད། ཐེག་ཆེན་བྱང་ཆུབ་སེམས་དཔའ་ལ་ལྟོས་ན་རྒྱ་མཚོ་དང་གནག་རྗེས་ཀྱི་ཆུ་ལས་ཀྱང་ཡོན་ཏན་གྱི་ཁྱད་པར་ཆེ་སྟེ། ཉན་རང་དགྲ་བཅོམ་པ་དེ་དག་རང་དོན་དུ་ཡང་སྤངས་པ་མ་རྫོགས་ཏེ། ཉོན་མོངས་ཁོ་ན་སྤངས་ཀྱི་ཤེས་བྱའི་སྒྲིབ་པ་གཏན་ནས་མ་སྤངས་པ་དང་། རྟོགས་པ་མ་རྫོགས་ཏེ་གང་ཟག་གི་བདག་མེད་དང་གནས་སྐབས་ཀྱི་རྟེན་འབྲེལ་ཉི་ཚེ་ཙམ་རྟོགས་མོད་ཀྱི་ཆོས་ཀྱི་བདག་མེད་དང་རྟེན་འབྲེལ་མཐར་ཐུག་མ་རྟོགས། ཡོན་ཏན་གྱི་ཁྱད་པར་ཡང་ཐར་བུ་ཐོར་བུ་མ་གཏོགས་སྟོབས་བཅུ་མི་འཇིགས་མ་འདྲེས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་དང་བྱང་འཕགས་ཀྱི་ལམ་གྱི་ཡོན་ཏན་མཐའ་དག་མ་རྫོགས། གཞན་དོན་དུ་ཐབས་དང་ཤེས་རབ་རྒྱ་ཆུང་བས་སེམས་ཅན་ལ་ཕན་ཐོགས་ཀྱི་ནུས་པའི་ཤུགས་ཆུང་བ་དང་། དགེ་བའི་རྩ་བ་དང་ཡོན་ཏན་གྱི་ཆོས་ཀུན་ཀྱང་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་རྒྱུན་ཆད་ནས་དུས་རིང་མོ་ཞིག་ན་སླར་ཡང་ཐེག་ཆེན་ལ་ཞུགས་དགོས་པའི་ཕྱིར་ཏེ། དཔལ་ལྡན་ཟླ་བས་སྐྱབས་འགྲོ་བདུན་བཅུ་པར། དེས་ནི་ཐེག་པ་ཆེན་པོའི་ཤིང་། །མ་ལུས་རང་གི་ལམ་གྱིས་བསྲེགས། །བྱང་ཆུབ་སེམས་དཔའི་ནང་དུ་ནི། །སྐྱེས་བུ་དབུལ་པོ་ལྟ་བུར་གནས། །འདི་དག་སྲིད་པས་སྐྲག་པ་ཡི། །ཡིད་ཀྱིས་བྱང་ཆུབ་གཉིས་ཐོབ་པ། །ཚེ་ཟད་པར་ནི་དགར་འགྱུར་ཞིང་། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དེ་ལ་མྱ་ངན་འདས་ཡོད་མིན། །འོན་ཀྱང་སྲིད་གསུམ་སྐྱེ་བ་ནི། དེ་དག་ལ་ནི་ཡོད་མིན་གྱི། །ཟག་པ་མེད་པའི་དབྱིངས་ན་འཁོད། །མི་ཤེས་ཉོན་མོངས་མིན་སྤང་ཕྱིར། །ཕྱིས་ནས་སངས་རྒྱས་ཀྱིས་བསྐུལ་བས། །བྱང་ཆུབ་ཀྱི་ནི་ཚོགས་བསགས་པས། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །ཞེས་དང་། འཕགས་པ་ཀླུས། ཐེག་པ་གཉིས་པོ་དག་ཀྱང་ནི། །ཐེག་པ་ཆེན་པོས་འབྱུང་བས་ན། །སྲིད་པའི་ལམ་གྱིས་དུབ་རྣམས་ལ། །ངལ་གསོའི་དོན་དེ་དེ་ཉིད་མིན། །ཉན་ཐོས་དེ་དག་དེ་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བར། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་མྱོས་པས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་དགའ་བྱེད་ཅིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་བྱང་ཆུབ་འཐོབ་པར་འགྱུར། །ཞེས་གསུངས་། དེ་དག་སྔོན་སློབ་ལམ་དུ་ཚོགས་ཇི་ཙམ་བསགས་པ་དེ་སྙེད་ཀྱི་ཡུན་ཙམ་དུ་འགོག་པའི་དབྱིངས་སུ་ཏིང་ངེ་འཛིན་གྱིས་བརྒྱལ་ཏེ་གནས་པ་ལ། སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་བསྐུལ་བས་བརྒྱལ་སངས་ནས་སླར་ཐེག་ཆེན་གྱི་ལམ་ལ་ཞུགས་ན་རང་སྔར་ལམ་དམན་པ་ལ་ཞུགས་པའི་དབང་གིས་རང་དོན་ཡིད་བྱེད་ཀྱི་བག་ཆགས་ངན་པ་དེས་གེགས་བྱས་པས་ལམ་བགྲོད་པ་ལ་ཤིན་ཏུ་བུལ་བ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་གྱིས་བླ་ན་མེད་པའི་འབྲས་བུ་ལས་བསྐལ་པ་ཆེན་པོ་བརྒྱད་ཁྲིས་རིང་སྟེ། ཞེས་གསུངས། སྐྱོན་གཞན་ཡང་ཡོད་དེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །བྱིས་པ་པང་ན་བཙས་པ་ཅི་ཡང་མི་ནུས་པས། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་ཟག་འཐུངས་པ། །ངལ་བ་མང་བརྟེན་བྱམས་པས་བརྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཤིག་ནའང་སྤོང་བར་སུ་ཞིག་སྤྲོ། །ཞེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་ཚེ་རབས་ཐོག་མ་མེད་པ་ནས་རང་གི་ཕ་མ་བྱས་པའི་དྲིན་ཆེན་ཤ་སྟག་ཡིན་པ་ལ། དེ་དག་གི་དོན་མི་བྱེད་པར་རང་གཅིག་པུ་ཞི་བདེ་ཚོལ་བ་ནི་དྲིན་མི་ཤེས་ཤིང་བྱས་པ་མི་གཟོ་བའི་ཁུར་ཅན་སྐྱེ་བོ་ཐ་ཤལ་མ་རབས་ཁྲེལ་མེད་ཀྱི་སྤྱོད་པར་འགྱུར་བ་དང་། ཁྱད་པར་དུའང་ཐེག་པ་ཆེན་པོའི་ལམ་གྱི་མི་མཐུན་ཕྱོགས་ཀྱི་རྒྱུའི་གཙོ་བོ་སེམས་བསྐྱེད་ཀྱི་སྡོམ་པ་རྩད་ནས་གཏོང་བར་བྱེད་པས་ཉེས་པ་ཕས་ཕམ་བས་ཀྱང་ལྕི་སྟེ། ཤེར་ཕྱིན་སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས། རྒྱུ་མཚན་དེའི་ཕྱིར་མགོན་པོ་བྱམས་པས་མདོ་སྡེ་རྒྱན་ལས། ཇི་ལྟར་བདག་ལ་ཕན་འདོད་དུག་དང་མཚོན་དང་ནི། །གནམ་ལྕགས་ལྕེ་དང་དགྲ་ལས་རང་གི་ལུས་ཟློག་པ། །དེ་བཞིན་རྒྱལ་སྲས་ཐེག་པ་དམན་པ་རྣམ་གཉིས་ལས། །ལས་རྣམ་གསུམ་གྱིས་བདག་ཉིད་ཟློག་པར་བྱེད་པ་ཡིན། །ཞེས་གསུངས་སོ། །འོ་ན་གང་ཐོབ་པར་བྱ་སྙམ་ན། བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་སྟེ། དེ་ནི་སྔ་མ་ལས་ལྡོག་སྟེ་སྤངས་པའི་ཁྱད་པར་སྒྲིབ་གཉིས་བག་ཆགས་དང་བཅས་པ་རྫོགས་པར་སྤངས། རྟོགས་པའི་ཁྱད་པར་ཤེས་བྱ་ཇི་ལྟ་བ་དང་། ཇི་སྙེད་པའི་རྣམ་པ་མ་ལུས་པ་མངོན་སུམ་དུ་མཁྱེན། གཞན་དོན་སེམས་པའི་ཕྲིན་ལས་ཀྱི་ཁྱད་པར་འཁོར་བ་མ་སྟོང་གི་བར་རྒྱུན་མི་ཆད་པར་འབད་མེད་ལྷུན་གྲུབ་ཏུ་འབྱུང་བས་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུའང་དགེ་ཚོགས་རྒྱུན་མི་འཆད་པར་ཆོས་ཀྱི་དབྱིངས་དང་མཉམ་པར་འབྱུང་བ་སྟེ། མདོར་ན་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པར་ཡོངས་སུ་རྫོགས་པ་ཡིན་པས་དེ་ཐོབ་པར་བྱ་བ་ཡིན་ལ། དེའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་ཡིིན་ཏེ། འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་དང་། སྡུད་པ་ལས། ཆུ་ཡི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱི་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་གསུངས། ཕན་ཡོན་གྱི་ཁྱད་པར་གཞན་རྣམས་ནི་འོག་ཏུ་འཆད་པར་འགྱུར་ལ། གལ་ཏེ་གང་ཟག་བློ་ཆུང་བ་ཁ་ཅིག་འདི་སྙམ་དུ། རྫོགས་པའི་བྱང་ཆུབ་ནི་ཡོན་ཏན་ཆེ་མོད་ཐོབ་པར་དཀའ་ཞིང་དེའི་རྒྱུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་བསླབ་དགོས་ན་དེ་ལྟ་བུ་བདག་གིས་ག་ལ་ནུས་སྙམ་དུ་སེམས་ཤིང་སྒྱིད་ལུག་པར་གྱུར་ན། དེ་ལྟར་བསམ་པར་མི་བྱ་སྟེ། ལག་བཟང་གིས་ཞུས་པའི་མདོ་ལས། ལག་བཟང་། གཞན་ཡང་བྱང་ཆུབ་སེམས་དཔས་འདི་ལྟར་བསླབ་སྟེ། སེང་གེ་དང་། སྟག་དང་། ཁྱི་དང་། ཅེ་སྤྱང་དང་། བྱ་རྒོད་དང་། ཁྲུང་ཁྲུང་དང་། བྱ་རོག་དང་། འུག་པ་དང་། སྲིན་བུ་དང་། སྦྲང་མ་དང་། སྦྲང་བུ་དང་། ཤ་སྦྲང་དུ་གྱུར་པ་དེ་དག་གིས་ཀྱང་སངས་རྒྱས་ཐོབ་པར་འགྱུར་ན། བདག་མིར་གྱུར་བཞིན་དུ་སྲོག་གི་ཕྱིར་ཡང་ཅིའི་ཕྱིར་བྱང་ཆུབ་ཐོབ་པར་འགྱུར་བའི་བརྩོན་འགྲུས་ཉམས་པར་བྱ་སྙམ་མོ། །ལག་བཟང་། གཞན་ཡང་འདི་ལྟར་བསླབ་པར་བྱ་སྟེ། མི་བརྒྱའམ་སྟོང་གིས་ཀྱང་སངས་རྒྱས་ཉིད་རྟོགས་ཤིང་ཐོབ་ན། བདག་གིས་ཀྱང་ཅིའི་ཕྱིར་མི་རྟོགས་ཤིང་ཐོབ་པར་མི་འགྱུར། ཞེས་གསུངས་ཏེ། དེ་ཡང་ཟ་མ་ཏོག་བཀོད་པ་ལས། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་སིངྒའི་གླིང་ནས་བྱུང་སྟེ། ཡུལ་འཁོར་མོ་འཇིག་གི་གྲོང་ཁྱེར་ཆེན་པོ་བཤང་བ་དང་གཅི་བའི་གནས་དེ་ན། སྲིན་བུའི་རིགས་བརྒྱ་སྟོང་དུ་མ་གནས་པ་ལས། དེའི་ཚེ་སྤྱན་རས་གཟིགས་ཀྱི་དབང་པོ་བུང་བའི་གཟུགས་སུ་སྤྲུལ་ཏེ་སྒྲ་བུང་བུང་བྱུང་སྟེ་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་སྨྲས་པ་དང་། དེ་དག་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱ་བ་རྗེས་སུ་དྲན་ནས། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས། དེ་དག་བྱང་ཆུབ་སེམས་དཔའ་ཁ་ནས་སྤོས་ཀྱི་དྲི་ཞེས་བྱ་བར་གྱུར་ཏེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེས་སོ། །ཞེས་གསུངས་པ་ལྟ་བུས་མཚོན་ཏེ། རྒྱུ་མཚན་དེའི་ཕྱིར། སྤྱོད་འཇུག་ལས། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པར་གསུངས་པས་བདེན་འདི་གསུངས། །སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་ཐོབ། །བདག་ལྟ་རིགས་ཀྱི་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་པས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་འཐོབ། །ཅེས་དང་། བསོད་ནམས་ཀྱིས་ནི་ལུས་བདེ་ལ། །མཁས་པ་ཡིས་ནི་སེམས་བདེ་ན། །གཞན་དོན་འཁོར་བར་གནས་ཀྱང་ནི། །སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། །འདི་ནི་བྱང་ཆུབ་སེམས་སྟོབས་ཀྱིས། །སྔོན་གྱི་སྡིག་པ་ཟད་བྱེད་ཅིང་། །བསོད་ནམས་རྒྱ་མཚོ་སྡུད་བྱེད་ཕྱིར། །ཉན་ཐོས་རྣམས་ལས་མཆོ་ཏུ་བཤད། །དེ་བས་སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་དང་། མདོ་རྒྱན་ལས། གང་ཞིག་སེམས་ཅན་མི་གྱུར་པ། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར། །ཞུམ་པ་དང་དུ་བླང་མི་བྱ། །ཞེས་གསུངས། མདོར་ན་འཕགས་པ་ཀླུ་སྒྲུབ་ཀྱིས། ལུས་ཅན་དཔག་ཏུ་མེད་དོན་དུ། །བྱང་ཆུབ་དཔག་ཏུ་མེད་འདོད་ཅིང་། །དགེ་བ་དཔག་ཏུ་མེད་བྱེད་པ། །དེ་ཀོ་བྱང་ཆུབ་དཔག་མེད་ཀྱང་། །དཔག་ཏུ་མེད་པ་རྣམ་པ་བཞིའི། །ཚོགས་ཀྱང་རིང་པོར་མི་ཐོགས་པར། །ཇི་ལྟ་བུར་ན་ཐོབ་མི་འགྱུར། །བསོད་ནམས་མཐའ་ཡས་ཞེས་པ་དང་། །ཡེ་ཤེས་མཐའ་ཡས་ཞེས་པ་དེས། །ལུས་དང་སེམས་ཀྱི་སྡུག་བསྔལ་དག །མྱུར་བ་ཉིད་དུ་སེལ་བར་བྱེད། །སྡིག་པས་ངན་འགྲོར་ལུས་ཀྱི་ནི། །སྡུག་བསྔལ་བཀྲེས་སྐོམ་ལ་སོགས་འབྱུང་། །དེས་སྡིག་མ་བྱས་བསོད་ནམས་ཀྱིས། །སྲིད་པ་གཞན་ན་དེ་མེད་དོ། །རྨོངས་པས་ཡིད་ཀྱི་སྡུག་བསྔལ་ནི། །ཆགས་དང་འཇིགས་དང་འདོད་ལ་སོགས། །དེ་རྟེན་མེད་པའི་ཡེ་ཤེས་ཀྱིས། །དེ་ནི་མྱུར་བ་ཉིད་དུ་སྤོངས། །ལུས་དང་ཡིད་ཀྱི་སྡུག་བསྔལ་གྱིས། །དེ་ལྟར་ཤིན་ཏུ་མ་སྨས་ན། །གལ་ཏེ་འཇིག་རྟེན་མཐར་ཐུག་པར། །འཇིག་རྟེན་འདྲེན་ཀྱང་ཅི་སྟེ་སྐྱོ། །སྡུག་བསྔལ་བ་ལ་དུས་ཐུང་ཡང་། །བཟོད་དཀའ་ཡུན་རིང་སྨོས་ཅི་དགོས། །སྡུག་བསྔལ་མེད་ཅིང་བདེ་བ་ལ། །མཐའ་ཡས་དུས་ཀྱང་ཅི་ཞིག་གནོད། །དེ་ལ་ལུས་ཀྱི་སྡུག་བསྔལ་མེད། །ཡིད་ཀྱི་སྡུག་བསྔལ་ག་ལ་ཡོད། །དེ་ནི་སྙིང་རྗེས་འཇིག་རྟེན་ན། །དེ་ཉིད་ཀྱིས་ནི་ཡུན་རིང་གནས། །དེ་བས་སངས་རྒྱས་རིང་ཐོགས་ཞེས། །བློ་དང་ལྡན་པ་སྒྱིད་མི་ལུག །ཉེས་ཟད་ཡོན་ཏན་དོན་དུ་ནི། །འདི་ལ་རྟག་ཏུ་འབད་པར་བྱ། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱུ་ལས་ཉོན་སྤངས་པས་འབྲས་བུ་སྡུག་བསྔལ་མི་འབྱུང་ལ། དུས་སྐད་ཅིག་རེར་ཡང་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ཟླུམ་པས། འབྲས་བུ་བདེ་ནས་བདེ་བར་འགྲོད་པ་ལ་སུ་ཞིག་སྒྱིད་ལུག་སྟེ། དེ་བས་ན་ངོ་མཚར་རྨད་དུ་བྱུང་བའི་ཚུལ་འདི་ལ་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་པར་བྱའོ། །དེ་ལྟར་ཁེ་ཉེན་གྱི་ཁྱད་པར་ཤེས་པར་བྱས་ནས། གཉིས་པ། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ་དངོས་བཤད་པ་ལའང་། སྐལ་བ་དང་ལྡན་པའི་གཞི་རིགས་ཀྱི་རང་བཞིན་དང་། བསླབ་པ་ལ་སྦྱོར་བའི་གཞི་སེམས་བསྐྱེད་ཀྱི་རྣམ་གཞག་གཉིས་ལས། དང་པོ། རིགས་ཞེས་བྱ་བ་ནི་སྤྱིར་ཁམས་དང་ས་བོན་དང་རྒྱུ་རྣམས་ལ་འཇུག་པ་ལས། འདིར་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུའམ་ས་བོན་ཏེ། དེ་ལ་གྲུབ་མཐའི་དབང་གིས་འདོད་ཚུལ་དང་ཁས་ལེན་མི་འདྲ་བ་ཤིན་ཏུ་མང་ཡང་། འདིར་ཐེག་ཆེན་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན། རྒྱུད་བླ་མ་ལས། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླང་བ་མཆོག་ཡིན་ནོ། །ཞེས་གསུངས་པས་རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་གཉིས་སུ་བཞེད་ལ། རང་བཞིན་གནས་རིགས་དེ་ཡང་། དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བཞག་དང་བསལ་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་འདིས་མྱོང་ངོ་། །ཞེས་བསལ་བཞག་དང་བྲལ་བའི་ཆོས་ཉིད་འདུས་མ་བྱས་ལ་གསལ་བར་བཤད་པ་དེ་ཡིན། དེ་ཡང་སྤྱིར་འཁོར་ལོ་ཐ་མའི་མདོ་དང་དེའི་དགོངས་འགྲེལ་བྱམས་གཞུང་རྗེས་འབྲང་བཅས་ལ་བོད་འདིར་དབུ་སེམས་སུ་འདོད་ཕྱོགས་སྣ་ཚོགས་སྣང་ན་ཡང་། རང་ལུགས་སྔ་འགྱུར་པ་རྣམས་ནི། ཨོ་རྒྱན་དུས་གསུམ་མཁྱེན་པ་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སོགས་རིག་འཛིན་སྔ་མ་རྣམས་ཀྱི་བཞེད་པའི་རྗེས་སུ་འབྲང་དགོས་པས། དེ་ལྟ་ན་ཀུན་མཁྱེན་ཆེན་པོས་ངེས་དོན་ཤིང་རྟ་ཆེན་མོར། འདི་ལྟར་བཀའ་ཐ་མ་ལས་ཁམས་རང་བཞིན་གྱིས་དག་པ་ཡོན་ཏན་ཡེ་ལྡན་དུ་ཡོད་ལ། ལམ་ཉམས་སུ་བླང་དུས་ཡོན་ཏན་སྐྱེ་བ་ལྟར་སྣང་བ་ཁས་ལེན་པ་དང་། སྔགས་ལས་རང་བཞིན་གྱི་དཀྱིལ་འཁོར་འགྲོ་བ་ཀུན་ལ་གནས་པར་བཤད་པ་གཉིས་ཁྱད་མེད་པས་གཞི་གཅིག་ལ། ལམ་ཡང་ཐབས་ཤེས་ཚོགས་གཉིས་སུ་གཅིག་ལ། འབྲས་བུ་ཡང་སྐུ་དང་ཡེ་ཤེས་སུ་གཅིག་པས་ན། སྔོན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་སོགས་པས་ཕྱི་ནང་དུ་བཤད་པ་མཛད་པ་ཡིན་ནོ། །ཞེས་གསུངས་པ། རིག་འཛིན་འཇིགས་མེད་གླིང་པས་ཀྱང་ཡོན་མཛོད་འགྲེལ་པར་འགོད་པར་མཛད་ལ། རྗེ་དེ་ཉིད་ཀྱི་རིགས་བདག་ཤནྟ་པུ་རི་བ་ཆེན་པོས་ཀྱང་། གཟུང་བའི་ཆོས་ཀུན་ནམ་ཡང་ཡོད་མིན་ཞིང་། །འཛིན་པའི་ཤེས་པའང་འཁྲུལ་བར་གདོན་མི་ཟ། །གཉིས་མེད་ཡེ་ཤེས་སྦྱང་གཞིར་བཞག་པ་འདི། །འཁོར་ལོ་ཐ་མའི་ལམ་གྱི་རིམ་པའོ། །མི་ཕམ་མགོན་དང་ཀླུ་སྒྲུབ་སྙིང་པོ་ཡིས། །བྱམས་པའི་ཆོས་བཞི་བསྟོད་ཚོགས་གཞུང་གིས་བཀྲལ། །ཐོགས་མེད་མཆེད་ཀྱི་གསུང་རབ་ཉི་འོད་ཀྱིས། །གངས་རིའི་ཁྲོད་འདིར་མི་ཕམ་རྒྱལ་བ་དང་། །ཐོགས་མེད་མཆེད་ཀྱི་གཞུང་བཟང་ངོ་མཚར་ཅན། །དབུ་སེམས་སོ་སོར་འགྲེལ་བྱེད་མང་ན་ཡང་། །གང་དེ་དབུ་མའི་གཞུང་དུ་གདོན་མི་ཟ། །ཞེས་གསུངས་ཤིང་། ཆོས་རྗེ་སྨིན་གླིང་པ་ཡབ་སྲས་སོགས་ཚད་མར་གྱུར་པའི་མཁས་གྲུབ་ཆེན་པོ་རྣམས་དགོངས་པ་གཅིག་ཏུ་འབབ་པ་ཡིན་ལ། དེར་མ་ཟད་བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་རིགས་ཁམས་ནོར་བུ་སྦྱང་བའི་དཔེ་སོགས་ཀྱིས་ངེས་དོན་མཐར་ཐུག་ཏུ་དངོས་སུ་གསུངས་པ་ལ་སུས་ཀྱང་བསྙོན་དུ་མེད་དོ། །དེས་ན་དབུ་མ་སྤྱིའི་ལུགས་ལ། སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ཉིད་ཉོན་མོངས་པའི་སྦུབས་ན་གནས་པ་ལ་བདེ་གཤེགས་སྙིང་པོ་ཞེས་གྲགས་པ་དེ་ཉིད་རང་བཞིན་གནས་རིགས་དང་། ཐེག་པ་ཆེན་པོའི་ཆོས་ལ་ཐོས་བསམ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་ཀྱི་རྣམ་པར་དཀར་བའི་རྐྱེན་གང་ཡང་རུང་བས་རང་བཞིན་གནས་རིགས་ལ་གསོས་བཏབ་པ་ཉིད་རྒྱས་འགྱུར་གྱི་རིགས་སུ་བཞེད་པ་སོགས་ཡོད་ཀྱང་། སྔ་འགྱུར་རང་ལུགས་ཐུན་མིན་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། ཐར་པ་དགེ་བའི་རྟེན་ནི་རིགས་ཡིན་ལ། དེ་ཡང་སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མེད་ཁམས་ཏེ་རང་བཞིན་གནས་པའི་རིགས། །དེ་ཡི་སྣང་ཆ་སྐུ་གཉིས་དཔེ་རྣམ་དགུ། །སྙིང་རྗེའི་རང་བཞིན་ཡེ་ནས་གནས་པ་ནི། །རྒྱས་འགྱུར་རིགས་ཞེས་བདེ་བར་གཤེགས་པས་གསུངས། །རྩ་བ་རིགས་པའི་ཡེ་ཤེས་འོད་གསལ་བ། །ངོ་བོ་དུག་གསུམ་མེད་པའི་དགེ་བ་ཡིན། །ཞེས་དང་། དེའི་འགྲེལ་པར། དེའང་རང་བཞིན་གྱིས་དག་ཅིང་ངོ་བོ་ཉིད་དྲི་མ་མེད་པའི་སེམས་ཉིད་སངས་རྒྱས་ཀྱི་ཡེ་ཤེས་དམ་པ་ཡེ་ནས་གནས་པའི་སེམས་ཀྱི་རང་བཞིན་འོད་གསལ་བའི་སྣང་ཆ་ལས་སངས་རྒྱས་གཟུགས་སྐུའི་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པ་དཔེ་དགུས་བསྟན་ཅིང་། སྟོང་ཆ་ལ་ཆོས་སྐུའི་ཡོན་ཏན་ནམ་མཁའ་ལྟ་བུའི་དཔེ་མདོ་དང་རྒྱུད་ཐམས་ཅད་ནས་བཤད་ལ། དེ་གཉིས་དབྱེར་མེད་པ་ནི་ཐོག་མ་མེད་པའི་ཆོས་ཁམས་དགེ་བ་སྟེ། འགྱུར་བ་མེད་པས་རང་བཞིན་དུ་གནས་པའི་རིགས་དང་། དྲི་མ་སྦྱངས་ནས་ཡོན་ཏན་རྒྱས་པར་མངོན་པས་རྒྱས་འགྱུར་གྱི་རིགས་ཞེས་བཏགས་ཀྱང་། རྩ་བ་རང་རིག་པའི་ཡེ་ཤེས་འོད་གསལ་བ་ཉིད་དོ། །ཞེས་གསུངས་པ་ལྟར་སྒྲ་ཇི་བཞིན་པར་འདོད་དེ། ཀུན་མཁྱེན་འཇིགས་མེད་གླིང་པས། ཤེས་བྱ་སྣང་བས་མ་བཅིངས་སྟོང་པའི་དངོས། །སྟོང་པའི་རང་བཞིན་གསལ་བའི་སྙིང་པོ་ནི། །རིག་པར་བཞུགས་པས་སྐུ་དང་ཡེ་ཤེས་ཁམས། །འདུ་འབྲལ་མེད་པ་ཉི་མའི་སྙིང་པོ་བཞིན། །ཞེས་གསུངས། དེས་ན་རིགས་གཉིས་སུ་བཤད་པའང་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཙམ་ལས་དོན་ལ་ནི་རང་གི་སེམས་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་གཤིས་ཅིར་ཡང་མ་གྲུབ་ལ་གདངས་འགག་མེད་དུ་འཆར་བའི་གཉུག་མའི་ཤེས་པ་དྭངས་གསལ་རྗེན་པ་འདི་ཉིད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ས་བོན་ནམ་བདེ་བར་གཤེགས་པའི་སྙིང་པོ་ཡིན་ཏེ། འཇམ་དཔལ་རྣམ་པར་རོལ་པ་ལས། སྲིང་མོ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་གང་ལ་མེ་འབར་ཡང་ནམ་མཁའ་ནི་མེ་དེས་ཚིག་པར་མི་ནུས་སོ། །སྲིང་མོ་དེ་བཞིན་དུ་གང་རང་བཞིན་གྱིས་འོད་གསལ་བ་ལ། གློ་བུར་གྱི་ཉོན་མོངས་པ་བྱུང་ཡང་། རང་བཞིན་གྱིས་འོད་གསལ་བ་དེ་ནི་གློ་བུར་གྱི་ཉོན་མོངས་པ་དེས་ཀུན་ནས་ཉོན་མོངས་པར་བྱེད་མི་ནུས་སོ། །ཞེས་དང་། མགོན་པོ་བྱམས་པས་རྒྱུད་བླ་མར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་དང་། འཕགས་པ་ཀླུས་སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་ལས། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། རྣམ་སྣང་མངོན་བྱང་ལས། བྱིས་པ་མི་ཤེས་པས་བསྒྲིབས་པ། །ཚུལ་འདི་ཤེས་པར་མ་གྱུར་རྣམས། །སངས་རྒྱས་གཞན་དུ་ཚོལ་བར་བྱེད། །འདི་ན་གནས་པར་ཡོད་མ་རྟོགས། །འཇིག་རྟེན་ཁམས་གཞན་གང་ནས་ཀྱང་། །སངས་རྒྱས་རྙེད་པར་ཡོང་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་བསྟན་ཏོ། །ཞེས་དང་གླང་པོ་རབ་འབོག་གི་རྒྱུད་ལས། སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཅེས་དང་། གསང་སྙིང་ལས། ཕྱོགས་བཅུ་དུས་བཞི་ཀུན་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཅེས་དང་། རྡོ་རྗེ་གུར་ལས། ཆོས་ཀྱི་དབྱིངས་ནི་མཆོག་ཏུ་ཞི། །འདི་ནི་རིན་ཆེན་སེམས་སུ་བརྗོད། །འདོད་དོན་འབྲས་བུ་རབ་སྟེར་བ། །སེམས་ཀྱི་དེ་ཉིད་རང་བཞིན་དག །ཅེས་དང་། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་ལྟ་བུའི་བདེ་གཤེགས་སྙིང་པོ་དེ་ནི་འགྲོ་བ་ཀུན་ལ་ཁྱབ་གདལ་དུ་ཡོད་པར་གང་གིས་ངེས་ན་ལུང་དང་། རིགས་པ་དང་། རྟགས་གསུམ་གྱིས་ངེས་ནུས་ཏེ། ལུང་ནི། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ་སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་དང་། ཕལ་པོ་ཆེ་ལས། གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་འགའ་ཡང་མེད་དེ། ཞེས་དང་། མྱང་འདས་ལས། སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བརྗོད་པ་ལས། ངས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གང་བསྟན་པ་གང་ཡིན་པ་དེ་ནི་བྱིས་པ་རྣམས་བདག་ཏུ་ཞེན་པ་ལས་ཡོངས་སུ་གྲོལ་བའི་ཕྱིར་བཤད་ཀྱི། ཡང་དག་པར་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཉག་གཅིག་དོན་དམ་པའི་བདེན་པའོ། །ཞེས་དང་། དཔེར་ན་འོ་མ་ལ་མར་གྱིས་ཁྱབ་པར་གནས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོས་ཀྱང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་སོ། །ཞེས་དང་། མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་དང་། ཀླུ་སྒྲུབ་ཀྱིས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱོང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་བཞིན་ནོ། །ཞེས་དང་། །ཇི་ལྟར་སོ་གའི་དུས་སུ་ཆུ། །དྲོའོ་ཞེས་ནི་བརྗོད་པར་བྱེད། །དེ་ཉིད་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་ཡིན། །ཉོན་མོངས་དྲྭ་བས་གཡོགས་པ་ན། །སེམས་ཅན་ཞེས་ནི་བརྗོད་པར་བྱ། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱེད། །ཅེས་དང་། ཇོ་བོའི་བྱང་ཆུབ་ལམ་སྒྲོན་འགྲེལ་པ་ལས། ཡང་ན་ཐེག་པ་ཆེན་པོའི་གྲུབ་མཐའ་དབང་བཙན་པར་བྱས་ན་ནི། འདི་ལྟར་ཐེག་པ་ཆེན་པོའི་སྣོད་དུ་མ་གྱུར་པ་འགའ་ཡང་མེད་དེ། སེམས་ཅན་ཐམས་ཅད་རིགས་གཅིག་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་དང་། མཐར་ཐུག་གསང་རྒྱུད་ཀུན་ནས་བསྟན་ཏེ། དུས་འཁོར་ཡེ་ཤེས་ལེའུ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །ཞེས་དང་། གསང་འདུས་རྩ་རྒྱུད་ལས། རིགས་ཀྱི་བུ་དག་སེམས་ཅན་གྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་སངས་རྒྱས་ལ་གནས་པ་བྱང་ཆུབ་རྡོ་རྗེའོ། །ཞེས་དང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སེམས་ཅན་མེད་ཅིང་སངས་རྒྱས་མེད། །ཅེས་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་སྒྲིབ། །དྲི་མ་དེ་བསལ་སངས་རྒྱས་དངོས། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། འབྱུང་དང་འབྱུང་འགྱུར་ཐམས་ཅད་ལ། །བཅོམ་ལྡན་འདས་ནི་བདེ་ཆེན་པོ། །ཀུན་ཏུ་བཟང་པོ་རྡོ་རྗེ་འཛིན། །ཀུན་ཏུ་ཁྱབ་པར་བྱས་ཏེ་གནས། །ཞེས་དང་། གཉིས་མེད་རྣམ་རྒྱལ་ལས། བདེ་བར་གཤེགས་པའི་མཚན་དང་དཔེ་བྱད་རྣམས། །སེམས་ཅན་ཀུན་གྱི་ལུས་ལ་ངེས་པར་བཞུགས། །དབྲི་བསྣན་མེད་པར་འཆར་བས་གསལ་བར་བྱེད། །དེ་ནི་སྦས་པའི་དོན་དུ་ཚུལ་འདི་བསྟན། །ཞེས་སོགས་མཐའ་ཡས་ཏེ། མདོར་ན། གསང་སྙིང་ལས། སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ། །ཞེས་གསུངས་པས་ཤེས་པར་ནུས་སོ། །རིགས་པ་ནི། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་ཏེ། དེ་ཡང་གོང་དུ་སྨོས་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་བར་ཐར་ངོ་བོ་སྟོང་ཕྱོགས་དང་། རང་བཞིན་སྐུ་དང་ཡེ་ཤེས་སོགས་སྣང་ཕྱོགས་ནས་བསྟན་པ་དེ་ཐམས་ཅད་འགལ་མེད་སྣང་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་ཟུང་འཇུག་མཉམ་པ་ཉིད་རྡོ་རྗེ་ནམ་མཁའི་དཀྱིིལ་ལྟ་བུ་མཐར་ཐུག་རྣམ་གྲངས་མིན་པའི་དོན་དམ་རང་བྱུང་འདུས་མ་བྱས་ཆེན་པོ་དེ་ལ་ཆོས་ཀྱི་དབྱིངས་སམ། བདེ་བར་གཤེགས་པའི་སྙིང་པོའམ། སྔགས་སུ་གཉུག་མ་འོད་གསལ་གྱི་སེམས་སོགས་གང་ལ་འདོགས་གཞི་དེ་ཡིན་པས་དེ་ཉིད་སྒྲིབ་བྱེད་མཐའ་དག་དང་བྲལ་བའི་དག་པ་མཐར་ཐུག་མངོན་དུ་གྱུར་པ་ན་སངས་རྒྱས་ཆོས་ཀྱི་སྐུ་ཞེས་བྱ་སྟེ་དེ་ལས་གཞན་དུ་དམིགས་སུ་མེད་དོ། །དེའི་ཕྱིར་མཐར་ཐུག་ཆོས་སྐུའི་ཡོན་ཏན་ནམ་མཁའ་དང་མཉམ་པ་དེ། སྔོན་ཐ་མལ་འཆིང་བ་ཀུན་ལྡན་དུ་གྱུར་པའི་གང་ཟག་གི་རྒྱུད་ལས་ཕྱིས་མངོན་དུ་གྱུར་པ་ཡོད་པའི་ཕྱིར་དང་། རིགས་མེད་ན་བརྩོན་ཀྱང་དེ་ལྟར་མངོན་དུ་འགྱུར་བར་མི་འཐད་པའི་ཕྱིར་དང་། བྲལ་འབྲས་ཆོས་སྐུའི་ཡོན་ཏན་དེ་རང་བཞིན་འགྱུར་བ་མེད་པ་འདུས་མ་བྱས་རྟག་པའི་ངོ་བོ་ཡིན་པའི་ཕྱིར་ཏེ། དེ་ལྟར་རྒྱུ་མཚན་གསུམ་གྱིས་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་ལྟོས་པའི་རིགས་པས་གྲུབ་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཉིད་དེ་བཞིན་ཉིད་གདོད་མའི་འོད་གསལ་ཆེན་པོར་དབྱེར་མེད་རོ་གཅིག་པའི་ཕྱིར། འཁྲུལ་པ་གློ་བུར་བས་སྤྲུལ་པའི་སེམས་ཅན་ལྟར་སྣང་བ་རྣམས་ཀྱང་གནས་ལུགས་དོན་དམ་པའི་ཆོས་ཉིད་ལས་ཅུང་ཟད་ཀྱང་མ་གཡོས་པར་ཆོས་ཉིད་ཀྱི་རིགས་པས་གྲུབ་པ་དང་། སེམས་ཅན་གྱི་རྒྱུད་ལ་དྲི་མ་གློ་བུར་པ་སྤང་རུང་དང་། ཡོན་ཏན་ཡེ་ལྡན་གྱི་ཆོས་སྐུ་མངོན་རུང་དུ་ཀུན་ལ་ཁྱད་མེད་དུ་བཞུགས་པའི་ཕྱིར་སངས་རྒྱས་ཀྱི་རིགས་ཡོད་པར་གྲུབ་ལ། རིགས་དེ་ཡོད་ན་ལུས་ཅན་དེ་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བྱ་བ་བྱེད་པའི་རིགས་པས་གྲུབ་པ་ཡིན་ཏེ། ཞིབ་པར་སྟོང་ཐུན་སེང་གེའི་ང་རོ་སོགས་ལས་ཤེས་པར་བྱའོ། །རྟགས་ཀྱིས་ངེས་པ་ནི། རྒྱུད་བླ་མ་ལས། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པའང་མེད་པར་འགྱུར། །སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་ཕྱིར་དེ། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་གསུངས་ཏེ། སྲིད་པའི་སྡུག་བསྔལ་ལ་སྐྱོ་བའི་ཡིད་ཅན་དེས། ཐར་པའི་བདེ་བ་ལ་སྨོན་པའི་སེམས་སྐྱེ་བ་དེ་ཡང་ཡེ་ནས་རང་གི་རྒྱུད་སྡུག་བསྔལ་བ་དང་འབྲལ་རུང་དང་། མྱང་འདས་ཐོབ་རུང་དུ་ཡོད་པའི་རྟགས་ཡང་དག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་བྱང་ཆུབ་ཆེན་པོའི་རིགས་སམ་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་རང་ལ་ཡོད་པའི་ཚུལ་འདི་ཐོག་མར་ངེས་དགོས། དེ་མ་ངེས་ན་སངས་རྒྱས་སྒྲུབ་འདོད་ཀྱི་བློ་མི་སྐྱེ་སྟེ། དཔེར་ན་ས་འོག་ན་གསེར་ཡོད་པར་མ་ངེས་ན་གསེར་བརྐོ་འདོད་ཀྱི་བསམ་པ་མི་སྐྱེ་བ་བཞིན་ཏེ། ཀླུ་སྒྲུབ་ཀྱིས། ཁམས་ཡོད་ན་ནི་ལས་བྱས་པ། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ན། །ཉོན་མོངས་འབའ་ཞིག་སྐྱེ་བར་ཟད། །ཅེས་གསུངས། འདི་ལ་བློ་ཆུང་ཁ་ཅིག་གིས། དེ་ལྟ་བུའི་བདེ་གཤེགས་སྙིང་པོ་རང་ལ་ཡོད་ན་ད་ལྟ་མི་མངོན་པ་ཅི་སྙམ་དུ་ཐེ་ཚོམ་ཟ་ན། དེ་ནི་ཐོག་མ་མེད་པའི་དུས་ནས་གོམས་པའི་ལས་ཉོན་བག་ཆགས་ཀྱིས་སྒྲིབ་པའི་ཕྱིར་ཡིན་ཏེ། རྒྱུད་བླ་མ་ལས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱིས་སྒྲིབ་ཕྱིར་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་སྒྲིབ་པ་བཞིན། །ཞེས་གསེར་གཟུགས་ས་འདོམ་གྱིས་སྒྲིབ་པའི་དཔེ་བསྟན་པ་དང་། དབུ་མ་ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་རིན་ཆེན་བཻཌཱུཪྱ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང་། །རྡོ་ཡི་ནང་ན་གནས་གྱུར་པ། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང་། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར། །ཞེས་ནོར་བུ་ཤུན་པས་སྒྲིབ་པའི་དཔེས་གསུང་བ་ཡིན་ལ། མདོར་ན་ཀུན་མཁྱེན་པྲཛྙཱ་ར སྨིས། ཁམས་ཀྱིས་རང་བཞིན་བདེ་གཤེགས་སྙིང་པོ་ཉིད། །ཐོག་མའི་མགོན་པོ་ཡེ་ཤེས་སྐུར་བཞུགས་ཀྱང་། །ཕྲ་རབ་རྡུལ་གྱིས་ཆ་ལས་རབ་འདས་ཤིང་། །ས་བཅུའི་དབང་ཕྱུག་གིས་ཀྱང་མཐོང་མི་ནུས། །དུས་གསུམ་རྒྱལ་བ་ཁོ་ནའི་རང་སྣང་ངོ་། །ཞེས་གསུངས་པ་བཞིན་ནོ། །འོ་ན་ཁྱི་ཕག་སོགས་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་སྟོབས་བཅུའི་ཡེ་ཤེས་ཡོད་དམ་སྙམ་ན། སྟོབས་བཅུའི་ཡེ་ཤེས་ཀྱི་ཡོན་ཏན་དེའི་རྒྱུད་ཀྱི་གཤེགས་སྙིང་ལ་ཡེ་ནས་ཡོད་དེ། ཁོ་རང་གི་ཆོས་ཉིད་ཀྱི་ཡོན་ཏན་ཡིན་པས་མེ་དང་ཚ་བ་བཞིན་དུ་ནམ་ཡང་འབྲལ་མི་ཤེས་པས་ཁམས་ཡོད་ན་ཡོད་མོད་ཀྱི་དེ་ཉིད་མངོན་དུ་མི་འགྱུར་ཏེ། དཔེར་ན་རལ་གྲི་ལ་གཅོད་པའི་བྱ་བ་ཡོད་ཀྱང་ཤུབ་ཏུ་ཆུད་པ་ལ་གཅོད་པའི་བྱ་བ་མངོན་གྱུར་དུ་མེད་པ་དང་། མེ་ལོང་ལ་གཟུགས་བརྙན་འཆར་རུང་གི་ཡོན་ཏན་ཡོད་ཀྱང་སྒྲོམ་དུ་བཅུག་པ་ལ་མངོན་གྱུར་དུ་མི་འཆར་བ་དང་འདྲ་སྟེ། རང་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ལ་ཡོད་པའི་སྒྲིབ་པས་ཁམས་ཀྱི་ཡོན་ཏན་མངོན་དུ་མི་སྣང་སྟེ། རང་གི་སེམས་ཀྱི་ཆོས་ཉིད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡོད་ཀྱང་ངོ་མ་སྤྲད་ཅིང་གོམས་པར་མ་བྱས་ན་མངོན་དུ་མི་འགྱུར་བ་བཞིན་ནོ། །དེས་ན་གཤིས་ཀྱི་གནས་ལུགས་གོ་བ་ཙམ་གྱིས་མི་ཕན་པར་སྒྲིབ་པ་སྤོང་བའི་ཚུལ་ལ་འབད་དགོས་ཤིང་། དེའི་ཐབས་ཀྱི་མཆོག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ཏེ། འཕགས་པ་བྱམས་པས་ཞུས་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན་ངན་སོང་ཐམས་ཅད་ཡོངས་སུ་སྤངས་ཤིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་ཏེ། བྱམས་པ་ཆོས་གཅིག་པོ་དེ་དང་ལྡན་ན། ངན་འགྲོ་ཐམས་ཅད་སྤངས་ཤིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་གསུངས། སེམས་མ་བསྐྱེད་པར་སངས་རྒྱས་པའི་ཐབས་གཞན་མེད་དེ། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང་། །འཁོར་བར་རང་གཞན་དོན་སྒྲུབ་པའི། །ཐབས་གཞན་ཡོད་པར་མ་ཡིན་ནོ། །ཞེས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཡང་དགེ་རྩ་གོམས་པ་ལས་སམ། ཐེག་ཆ ེན་གྱི་སྡེ་སྣོད་ཐོས་པ་ལས་སམ། དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བསྟན་པ་ལས་ཀྱང་རུང་སྟེ་རིགས་སད་པའི་རྟགས་དང་ལྡན་པ་ཞིག་ལ་སྐྱེ་བས། དེ་ལ་རྒྱས་འགྱུར་གྱི་རིགས་སད་པའི་རྟགས་ནི། མདོ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་དང་། རང་བཞིན་གནས་རིགས་སད་པའི་རྟགས་ནི། དབུ་མ་འཇུག་པ་ལས། སོ་སོ་སྐྱེ་བོའི་དུས་ནའང་སྟོང་ཉིད་ཐོས། །རབ་ཏུ་དགའ་བ་ཡང་དང་ཡང་དུ་ལྡན། །དགའ་བ་ལས་བྱུང་མིག་ནི་མཆི་མས་བརླན། །ལུས་ཀྱི་བ་སྤུ་ལྡང་བའང་སྐྱེ་བར་འགྱུར། །དེ་ལ་རྫོགས་སངས་རྒྱས་བློའི་ས་བོན་ཡོད། །ཅེས་པ་ལྟར་རོ། །དེ་ལྟ་བུའི་རིགས་སད་པའི་རྟགས་དང་ལྡན་པས་སྲོལ་གཉིས་གང་ཡང་རུང་བའི་ཆོ་གའི་ཡན་ལག་ཚང་བ་ཞིག་གི་སྒོ་ནས་བྱང་ཆུབ་མཆོག་གི་སེམས་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ་བསྐྱེད་ནས་བསླབ་པ་ལ་ཚུལ་བཞིན་དུ་སློབ་པར་བྱས་ན་རིང་པོར་མི་ཐོགས་པར་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ནས་མཐའ་ཡས་པའི་ལུས་ཅན་ཐམས་ཅད་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་བྱེད་པར་འགྱུར་ཏེ། ཀུན་མཁྱེན་ཆོས་རྗེས། མ་ལུས་འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན། །གློ་བུར་དྲི་མས་གཡོགས་པའི་སྦུབས་ནང་ན། །འོད་གསལ་ཆོས་ཁམས་མར་མེ་ཡེ་ནས་གནས། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཆོས། །རང་ལ་ཡོད་དེ་དེ་ཉིད་ལྷུན་གྱིས་གྲུབ། །སྟོང་དང་སྙིང་རྗེའི་སྙིང་པོ་ལྷུར་ལེན་པས། །ཁམས་དེ་བྱང་ཆུབ་ཞེས་བྱའི་མིང་ཐོབ་ནས། །མ་ལུས་སྐྱེ་དགུའི་ཚོགས་ལ་ཕན་བདེ་བྱེད། །ཅེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། ཇི་ལྟར་མར་མེ་བུམ་ནང་ན། །སུ་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་ན། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཕྱོགས་ནི་གང་དང་གང་དག་ནས། །བུམ་པར་བུ་ག་བཏོད་གྱུར་པའི། །དེ་དང་དེ་ཡི་ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ཉིད་བཅག་གྱུར་པ། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཅེས་གསུངས། མདོར་ན། ཨོ་རྒྱན་དུས་གསུམ་མཁྱེན་པས། གདོད་ནས་དག་པའི་རིག་པ་ནིཿ ཡེ་ནས་ཆོས་སྐུར་གནས་པ་ལ༔ དབུལ་པོའི་ཁྱིམ་གྱི་ས་འོག་ན༔ གནས་པའི་ནོར་བུ་རིན་ཆེན་བཞིན༔ ངོ་མ་ཤེས་པས་འཁོར་བར་འཁྲུལ༔ ངོ་སྤྲོད་དེ་ངོ་ཤེས་པ་ནི༔ ཆོས་དབྱིངས་ཡེ་ཤེས་རྟོགས་པ་སྟེ༔ སངས་རྒྱས་ཞེས་སུ་གྲགས་པའོ༔ ཞེས་དང་། ཀུན་མཁྱེན་དྷརྨ་ཤྲཱི ས། སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་འགྱུར་བ་མེད་པ་ཉིད་རྒྱལ་བ་རྣམས་ཀྱི་རང་བཞིན་ནམ་གཤིས་ཚུལ་ཡིན་པས་ན་རྒྱལ་བའི་སྙིང་པོའམ་བདེ་བར་གཤེགས་པའི་སྙིང་པོ་སྟེ། དེ་ཉིད་གདོད་མ་ནས་དྲི་མ་དང་བྲལ་བ་ཡིན་ཡང་སྒྲིབ་གཉིས་མ་གྲོལ་བར་དུ་སངས་རྒྱས་སུ་མི་འགྱུར་བས་རང་བཞིན་གནས་རིགས་སམ་དྲི་བཅས་དེ་བཞིན་ཉིད་དེ་ཁམས་ཀྱི་དོན་དང་། དྲི་མ་དང་འབྲེལ་ཡང་དྲིི་མ་དེ་མེད་སྣང་གློ་བུར་བ་ཡིན་པས་རང་གི་ངོ་བོ་ལ་གོས་མ་མྱོང་བ་ནི་རང་བཞིན་རྣམ་དག་སྟེ་བྱང་ཆུབ་ཀྱི་དོན་དང་། གདོད་མ་ནས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་གཞི་ལ་ལྷུན་གྲུབ་ཏུ་བཞུགས་ཀྱང་དཀར་པོའི་ཆོས་ཀྱིས་སད་པར་མ་བྱས་ན་ནུས་པ་འབྱིན་མི་ནུས་པ་ཡོན་ཏན་གྱི་དོན་དང་། སེམས་ཅན་ཐམས་ཅད་ལ་རིས་མེད་ཀུན་ཁྱབ་ཀྱིས་མགོན་དང་བཅུད་དུ་བཞུགས་པས་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་སེལ་ཞིང་བདེ་བ་བསྐྱེད་པའི་ཕྲིན་ལས་ལྷུན་གྱིས་གྲུབ་ཀྱང་བྱ་བྱེད་ཀྱི་རྟོག་པ་མེད་པ་ཕྲིན་ལས་ཀྱི་དོན་ཏེ། དེ་ལ་ནི་རྟོག་གེ་པའི་བློའི་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པའི་གནས་ཡིན་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཆོས་དང་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་སོ། །ཞེས་གསུངས་པ་བཞིན་ཏེ། ཞིབ་པར་ངེས་དོན་གྱི་མདོ་སྡེ་རྣམས་མཇལ་ཞིང་དོན་ཕྱིན་ཅི་མ་ལོག་པར་སེམས་པར་བྱས་ན་ཐེ་ཚོམ་གྱི་འཆིང་བ་ལས་གྲོལ་ཞིང་ཡང་དག་པའི་བློ་མིག་ཐོབ་པར་འགྱུར་བ་ཡིན་ཏེ། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་དཔལ་སྤྲུལ་རིན་པོ་ཆེས་ཀྱང་ཐེག་ཆེན་མདོ་མཐོང་གི་ཕན་ཡོན་ལས། ཤིན་ཏུ་རྣམ་དག་དྲི་མེད་ཆོས་ཀྱི་དབྱིངས། །ཐུབ་པའི་ཆོས་སྐུ་མཐའ་ཡས་འགྲོ་ཁམས་ལ། །པདྨའི་སྦུབས་བཞུགས་སྤྲུལ་པའི་སངས་རྒྱས་བཞིན། །ཡོད་པར་ཤེས་པ་མདོ་སྡེ་མཐོང་ལ་ཡོད། །གཞི་ལམ་འབྲས་བུའི་ཁམས་ཀྱི་དེ་བཞིན་ཉིད། །རིན་ཆེན་གསེར་ལྟར་འགྱུར་བ་མེད་པའི་ཆོས། །ཉོན་མོངས་རྟོགས་པའི་སྐྱོན་གྱིས་གོས་མིན་ཞེས། །ཡང་དག་ཤེས་པ་མདོ་སྡེ་མཐོང་ལ་ཡོད། །སྙིང་རྗེ་ཆེན་པོ་རྒྱལ་བ་ཀུན་གྱི་རིགས། །རིན་ཆེན་གཏེར་དང་འབྲས་བུ་ཅན་ཤིང་བཞིན། །མངོན་བྱས་ཡོན་ཏན་གོང་ནས་གོང་འཕེལ་བའི། །རིགས་དེ་སད་པ་མདོ་སྡེ་མཐོང་ལ་ཡོད། །ཁམས་ཀྱི་རང་བཞིན་སྒྲིབ་པའི་དྲིས་སྤངས་པ། །བདེ་གཤེགས་བྱང་ཆུབ་འབྲས་བུའི་མཐར་ཐུག་ཉིད། སྒྲིབ་མ་མྱོང་ཡང་དྲི་མས་དག་གྱུར་ཕྱིར། །བསམ་གྱིས་མི་ཁྱབ་མདོ་སྡེ་མཐོང་རྣམས་ཤེས། །རྟོགས་པའི་ཡེ་ཤེས་གསར་དུ་ཐོབ་མིན་ཏེ། །སྤྲིན་དང་བྲལ་བའི་ཉི་བཞིན་གསལ་གྱུར་པ། །སྐུ་གསུམ་བདག་ཉིད་རྟག་པ་ཆེན་པོའི་དོན། །ཇི་བཞིན་མཐོང་བས་མདོ་སྡེ་མཐོང་ལ་ཡོད། །བྲལ་སྨིན་ཡོན་ཏན་རྣམ་པ་ཐམས་ཅད་པ། །ཚད་མེད་བསམ་གྱིས་མི་ཁྱབ་རྣམ་པར་དག །གང་ཚེ་མངོན་བྱས་འབྲལ་མི་ཤེས་པའི་ཁམས། །ཇི་བཞིན་མཐོང་བ་མདོ་སྡེ་མཐོང་ལ་ཡོད། །འདུ་ཤེས་འཆིང་བས་སྔོན་ཆད་བཅིངས་གྱུར་པའི། །ཡང་དག་ཡེ་ཤེས་འཆིང་བ་ཆད་པ་ན། །སྟོབས་སོགས་མཁྱེན་པ་ཐོགས་པ་མེད་འཇུག་ཅིང་། །མཚན་དཔེའི་གཟུགས་སྐུ་འགྲོ་ལ་སྟོན་ནུས་པའི། །རྒྱལ་བའི་གོ་འཕང་མདོ་སྡེ་མཐོང་རྣམས་ཐོབ། །ཡིད་བཞིན་ནོར་ལྟར་འབད་མེད་འགྲོ་བའི་དོན། །རྒྱལ་བའི་ཕྲིན་ལས་རྟག་ཁྱབ་ལྷུན་གྲུབ་ཏུ། །གདུལ་བྱའི་སྐལ་བཞིན་ཐོགས་པ་མེད་འཇུག་པའི། །གནས་དེར་མི་རྨོངས་མདོ་སྡེ་མཐོང་ལ་ཡོད། །ཅེས་རྒྱ་ཆེར་གསུངས་པ་བཞིན་ནོ། །གཉིས་པ་བསླབ་པ་ལ་སྦྱོར་བའི་གཞི་སེམས་བསྐྱེད་དངོས་ཀྱི་རྣམ་པར་གཞག་པ་ལ་གཉིས། སེམས་བསྐྱེད་སྐྱེ་བའི་རྟེན་དང་། བརྟེན་པ་བྱང་ཆུབ་སེམས་ཀྱི་རང་བཞིན་བཤད་པའོ། །དང་པོ་རྟེན་ལ། ལུས་ཀྱི་རྟེན་ནི། སེམས་ཙམ་གྱི་ལུགས་ལྟར་ན་འཇུག་སེམས་ཀྱི་རྟེན་དུ་སོ་ཐར་རིགས་བདུན་གང་རུང་དགོས་པས་རྟེན་ཡང་གླིང་གསུམ་གྱི་སྐྱེས་པ་བུད་མེད་གང་རུང་ལ་བཤད་དེ། ལམ་སྒྲོན་ལས། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱིས་གཞན་དུ་མིན། །ཞེས་སོ། །དབུ་མའི་ལུགས་ལ་དེ་ལྟར་དགོས་པའི་ངེས་པ་མེད་དེ། མདོ་སྡེ་རྣམས་ལས་ལྷ་དང་ཀླུ་དང་ལྷ་མ་ཡིན་དང་དྲི་ཟ་དང་ནམ་མཁའ་ལྡིང་ལ་སོགས་པ་འགྲོ་བ་དུ་མས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བསྟན་པས་ལུས་ཀྱི་རྟེན་ལ་མི་ལྟོས་པར་བཞེད། རང་ལུགས་ཀུན་མཁྱེན་ཆེན་པོས་ནི། ལུགས་འདི་གཉིས་ཀྱང་དོན་གྱིས་མི་འགལ་བར་གོ་སྟེ། འདི་ལྟར་སེམས་བསྐྱེད་དུས་སོ་སོར་ཐར་པའི་སྡོམ་པར་མིང་མ་བཏགས་ཀྱང་། དོན་འདྲ་བར་སྲོག་མི་གཅོད་པར་དམ་བཅའ་ནུས་པ་ལ་སོགས་པ་དགོས་པས། དེའི་ཆ་ནས་རྟེན་འདྲ་རུང་དུ་ངེས་ཏེ། དོན་ལ་གནོད་པ་ལས་བློ་ལོག་པ་ཞིག་ལ་སྐྱེ་ངེས་སོ། །སོ་སོར་ཐར་པའི་སྡོམ་པ་གང་རུང་སྡོམ་ནུས་པ་ཞིག་མེད་ན་གང་ལའང་མི་སྐྱེ་སྟེ། སེམས་བསྐྱེད་དེ་ཉིད་ཀྱི་བསླབ་པ་དང་འགལ་བའི་ཕྱིར་རོ། །ཞེས་གསུངས། གང་ལྟར་ཡང་གཉིས་ཀ་ལ་བསམ་པའི་རྟེན་གཙོ་ཆེ་སྟེ། དེ་ལ་རྣམ་གྲངས་མང་ཡང་སངས་རྒྱས་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཐོས་ནས་ཡིད་ཆེས་ཤིང་སྡོམ་པ་ལེན་འདོད་ཡོད་པ་གསུམ་ལ་འདུ་སྟེ། དཀོན་མཆོག་སྒྲོན་མེའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་བྱེད་ན། །བློ་དང་ལྡན་པ་རྣམས་ཀྱི་སེམས་སྐྱེའོ། །ཞེས་གསུངས། དེ་ལས་ཀྱང་སྙིང་རྗེ་ནི་བྱང་ཆུབ་ཐོབ་པའི་རྒྱུའི་གཙོ་བོ་མེད་དུ་མི་རུང་ཞིང་ཡོད་ན་དེ་ཁོ་ནས་ཀྱང་ཆོག་པ་ཡིན་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། སྤྱན་རས་གཟིགས་ཀྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཐོབ་པར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བགྱི་ཡི་ཆོས་གཅིག་ལ་བསླབ་པར་བྱའོ། །དེ་གང་ཞེ་ན། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། བཅོམ་ལྡན་འདས། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིས་པ་ལགས་སོ། །ཞེས་གསུངས་པ་ལྟར་སྙིང་རྗེ་ཆེན་པོ་དང་ལྡན་པའི་བསམ་པ་གཙོ་ཆེའོ། །གཉིས་པ་བརྟེན་པ་སེམས་བསྐྱེད་ཀྱི་རང་བཞིན་དངོས་བཤད་པ་ལ་བཞི། ངོ་བོ་སྒྲ་དོན། དབྱེ་བ་ལེན་ཚུལ་ལོ། །དང་པོ་ནི། པཎྜི་ཏ་པདྨ་དབང་གི་རྒྱལ་པོས་སྡོམ་གསུམ་རྣམ་ངེས་ལས། ངོ་བོ་བྱམས་དང་སྙིང་རྗེས་རྒྱུད་བརླན་ཅིང་། །གཞན་གྱི་དོན་དུ་བྱང་ཆུབ་ཐོབ་འདོད་པས། །སྒོ་གསུམ་ཉེས་པ་སྤོང་བའི་སེམས་པའོ། །ཞེས་གསུངས་པ་ལྟར། དོན་གཉིས་སམ་ཟུར་གཉིས་དང་ལྡན་པ་སྟེ། གང་གི་ཆེད་དུ་བྱ་བ་སྙིང་རྗེས་གཞན་དོན་ལ་དམིགས་པ་དང་། གང་ཆེད་དུ་བྱ་བ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་གཉིས་སོ། །དེ་གཉིས་མ་ཚང་ན་གཞན་ལ་ཕན་འདོད་ཙམ་དང་རྫོགས་བྱང་ཐོབ་འདོད་ཙམ་ནི་སེམས་བསྐྱེད་དུ་མི་འགྲོ་སྟེ། མཐར་ཐུག་རྫོགས་བྱང་མི་འདོད་ན་སེམས་ཅན་གཞན་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་གཞན་ཇི་ལྟ་བུ་འདོད་ཀྱང་བྱམས་པ་དང་སྙིང་རྗེ་ཙམ་ལས་མི་འདའ་ལ། རང་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་ཙམ་ནི་ཉན་ཐོས་ཀྱི་གཞུང་ནས་ཀྱང་བཤད་པས་མདོར་ན་སེམས་ཅན་གྱི་དོན་དུ་སྙམ་པ་དང་། རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པའི་ཟུར་གཉིས་པོ་འདི་མ་ཚང་ན་བྱང་ཆུབ་ཀྱི་སེམས་མཚན་ཉིད་པར་མི་འགྲོ་བས་བྱམས་སྙིང་རྗེ་བྱང་ཆུབ་སེམས་གསུམ་གྱི་ཁྱད་པར་ལེགས་པར་ཤེས་དགོས་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །དེ་ལའང་བློ་སྟོབས་ཆེ་ཆུང་གི་དབང་གིས། སྔོན་ལ་སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད་ནས་རྗེས་རང་ཉིད་འཚང་རྒྱ་བར་འདོད་པ་ཕྱུགས་རྫི་ལྟ་བུ་དཔེ་མེད་པའི་སེམས་བསྐྱེད་དང་། བདག་གཞན་ཐམས་ཅད་དུས་མཉམ་དུ་སངས་རྒྱས་པར་འདོད་པ་མཉན་པ་ལྟ་བུ་ཡེ་ཤེས་དམ་པའི་སེམས་བསྐྱེད་དང་། སྔོན་ལ་རང་ཉིད་སངས་རྒྱས་ནས་གཞན་གྲོལ་བར་འདོད་པ་རྒྱལ་པོ་ལྟ་བུ་འདོད་ཆེན་སེམས་བསྐྱེད་གསུམ་དུ་ཡོད་ཅིང་། དེ་རྣམས་ཀྱང་བློ་སྟོབས་ཆེ་ཆུང་གིས་རིམ་བཞིན་བསྐལ་པ་གྲངས་མེད་གསུམ་དང་། བདུན་དང་། སུམ་ཅུ་རྩ་བདུན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བཞེད་དོ། །གཉིས་པ་ནི། བོ་དྷི་ས་ཏྭ་ཞེས་པའི་སྒྲ་ལས་དྲངས་ན་བྱང་ཆུབ་ཀྱི་སེམས་ཏེ་སྤང་བྱའི་སྒྲིབ་པ་མཐའ་དག་བྱང་ཞིང་རྟོགས་བྱ་མཐའ་དག་ཐུགས་སུ་ཆུབ་པའི་མི་གནས་པའི་མྱང་འདས་ཆེན་པོ་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ནས་རང་གཞན་རྣམས་ཀྱིས་དེ་ཐོབ་འདོད་ཀྱི་འདུན་པ་དང་བཅས་པའི་སེམས་པ་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །གསུམ་པ་ནི། རྣམ་ངེས་ལས། དབྱེ་བ་ཀླུ་སྒྲུབ་ཐོགས་མེད་སྲོལ་གཉིས་གྲགས། །རེ་རེ་གཅིག་ནས་དྲུག་བར་གཉིས་གཉིས་ཏེ། །དང་པོ་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན། །ཚོགས་གཉིས་བསླབ་པ་ཀུན་རྫོབ་དོན་དམ་གཉིས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབ་པ་གསུམ། །ཚོགས་སྦྱོར་མོས་པས་སྤྱོད་པའི་སེམས་བསྐྱེད་དང་། །མ་དག་ས་བདུན་ལྷག་བསམ་དག་པ་དང་། །དག་པ་ས་གསུམ་རྣམ་པར་སྨིན་པ་དང་། །ཐུགས་རྗེ་ཆེན་པོ་སྒྲིབ་ཀུན་སྤངས་པ་ནི། །སངས་རྒྱས་ས་ཡི་སེམས་བསྐྱེད་དག་དང་བཞི། །ལྔ་ནི་ལམ་ལྔ་དྲུག་ནི་ཕར་ཕྱིན་དྲུག །ས་གསེར་ཟླ་བ་མེ་སོགས་ཉེར་གཉིས་ནི། །ས་མཚམས་ཀྱིས་ཕྱེ་ས་བཅུའི་བར་དུའོ། ཞེས་གསུངས་ཏེ། སྲོལ་གཉིས་རེ་རེ་ལའང་དབྱེ་ན་གཅིག་ནས་དྲུག་ཚན་གྱི་བར་དང་། ས་མཚམས་ཀྱི་དབྱེ་བ་གཉིས། དེ་དག་རེ་ལའང་དབྱེ་གཞི་ལ་ལྟོས་ནས་སམ་སྨོན་འཇུག་གི་དབྱེ་བས་གཉིས་གཉིས་སུ་འགྱུར་རོ། །དེ་ལ་གཅིག་ནས་དྲུག་ཚན་གྱི་བར་གྱི་དབྱེ་བ་ལས། དང་པོ་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་དེ་མ་རྟོགས་པ་ལ་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་སྐྱེས་པ་ལ་ལྟོས་ནས་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་གྱི་སེམས་བསྐྱེད་ཅེས་བྱ་སྟེ། མགོན་པོ་བྱམས་པས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་ནས། །སེམས་ཅན་སྲེད་ཕྱིར་བློ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་བརྩེ་བྱང་ཆུབ་སེམས་བརྟན་ན། །འཕགས་པ་འཁོར་བའམ་མྱ་ངན་འདའ་མི་འགྱུར། །ཞེས་དང་། ཀླུ་སྒྲུབ་ཀྱིས། སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་གསུངས། འདི་ནི་སྟོང་ཉིད་སྙིང་རྗེ་གཉིས་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཙམ་སྟེ་འདི་གཉིས་ཡ་བྲལ་དུ་གྱུར་ན་ནི་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་ཏེ་སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བ་ཉན་ཐོས་ཉིད་དུ་ལྷུང་། །ཞེས་དང་། འཇམ་དཔལ་རྣམ་པར་འཕྲུལ་བའི་མདོ་ལས། སྟོང་པ་ཉིད་ལ་སོ་སོར་རྟོག་ཅིང་སེམས་ཅན་ཡལ་བར་འདོར་བ་ཡང་བདུད་ཀྱི་ལས་སོ། །ཤེས་རབ་ཀྱིས་རྣམ་པར་མི་དཔྱོད་ཅིང་སྙིང་རྗེ་ཆེན་པོ་ལ་དམིགས་པར་འཛིན་པ་ཡང་བདུད་ཀྱི་ལས་སོ། །ཞེས་དང་། ས་ར་ཧས་ཀྱང་། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །གལ་ཏེ་སྙིང་རྗེ་འབའ་ཞིག་སྒོམ་ན་ཡང་། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་ལ་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བ་མི་གནས་མྱ་ངན་འདའ་མི་གནས། །ཞེས་མདོ་དང་བསྟན་བཅོས་ཐམས་ཅད་ནས་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་ལ་བྱང་ཆུབ་ཀྱི་སེམས་སུ་གསུངས་ཤིང་། གཞུང་ལ་ལར་སྙིང་རྗེ་ཆེན་པོ་དང་། དམིགས་པ་མེད་པའི་སྙིང་རྗེ་ཞེས་ཀྱང་བཤད་དེ། པདྨའི་ལམ་རིམ་ཆེན་མོའི་འགྲེལ་པར་ཡང་། དམིགས་པ་མེད་པའི་སྙིང་རྗེ་ནི། དེ་ལྟར་སྒོམ་པའི་དུས་ཉིད་ན་རང་གཞན་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་ནམ་མཁའ་ལྟར་ཤེས་པས། གདངས་མ་འགགས་པ་སྙིང་རྗེ་དུང་ངེ་། གཤིས་མ་གྲུབ་པ་སྟོང་ཉིད་དུ་ལྷག་གེ། ངོ་བོ་མི་དམིགས་མི་རྟོག་ཅིང་འཁོར་གསུམ་ཡོངས་སུ་དག་པའོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། དམིགས་བཅས་བསོད་ནམས་ཀྱི་ཚོགས་དང་དམིགས་མེད་ཡེ་ཤེས་ཀྱི་ཚོགས་གཉིས་ལ་ལྟོས་ནས་སམ། ཡང་ན་རགས་པ་བརྡ་ལས་བྱུང་བ་ཀུན་རྫོབ་དང་། ཕྲ་བ་ཆོས་ཉིད་བསྒོམས་སྟོབས་ལས་བྱུང་བ་དོན་དམ་གྱི་སེམས་བསྐྱེད་གཉིས་སོ། །གསུམ་པ་ནི། དག་པར་བྱེད་པ་ཚུལ་ཁྲིམས། གནས་པར་བྱེད་པ་ཏིང་འཛིན། གྲོལ་བར་བྱེད་པ་ཤེས་རབ་ཀྱི་བསླབ་པ་གསུམ་ལ་ལྟོས་ནས་སེམས་བསྐྱེད་གསུམ་མམ། ཡང་ན་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལ་ལྟོས་ཏེ་གསུམ་མོ། །བཞི་པ་ནི། ཚོགས་སྦྱོར་གྱི་སྐབས་སུ་མོས་པས་སྤྱོད་པའི་སེམས་བསྐྱེད་དེ་དོན་དམ་སྟོང་པ་ཉིད་ལ་དད་པས་མོས་པའི་དབང་གིས་སོ། མ་དག་ས་བདུན་ན་ལྷག་བསམ་དག་པའི་སེམས་བསྐྱེད་དེ་ལྷག་པའི་བསམ་པ་ཆོས་ཉིད་ཀྱི་བདེན་པ་མངོན་དུ་མཐོང་ཞིང་མཐོང་སྤང་ཀུན་བརྟགས་ཀྱི་དྲི་མ་རྣམ་པར་དག་པས་སོ། །དག་ས་གསུམ་ལ་རྣམ་པར་སྨིན་པའི་སེམས་བསྐྱེད་དེ་ཉོན་སྒྲིབ་ལྷག་མེད་དུ་སྤངས་ཤིང་རྣམ་པར་མི་རྟོག་པའི་ཡེ་ཤེས་སྟོབས་སུ་གྱུར་པས་སོ། །སངས་རྒྱས་ཀྱི་ས་ན་ཐུགས་རྗེ་ཆེན་པོ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དེ་སྒྲིབ་གཉིས་མཐའ་དག་སྤངས་པའི་དབང་གིས་སོ། །ལྔ་པ་ནི། ལམ་ལྔའི་སེམས་བསྐྱེད་དེ། ཚོགས་ལམ་གྱི་སྐབས་སུ་ལས་དང་པོ་པའི་སེམས་བསྐྱེད། སྦྱོར་ལམ་གྱི་སྐབས་སུ་ཡོངས་སུ་སྦྱངས་པ་བྱས་པའི་སེམས་བསྐྱེད། མཐོང་ལམ་གྱི་སྐབས་སུ་ཆོས་མཐོང་བའི་སེམས་བསྐྱེད། སྒོམ་ལམ་གྱི་སྐབས་སུ་རྣམ་པར་གྲོལ་བའི་སེམས་བསྐྱེད། མི་སློབ་པའི་ལམ་དུ་བསམ་གྱིས་མི་ཁྱབ་པའི་སེམས་བསྐྱེད་དང་ལྔའོ། །དྲུག་པ་ནི། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་སྟེ་ཕ་རོལ་དུ་ཕྱིན་པ་དྲུག་ལ་ལྟོས་ནས་སེམས་བསྐྱེད་དྲུག་གོ །གཉིས་པ་ས་མཚམས་ཀྱི་དབྱེ་བ་ནི། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་གསུངས་ཏེ། དེ་རྣམས་དཔེ་གྲོགས་ཆོས་མཐུན་པར་སྦྱོར་ན། བྱང་ཆུབ་ལ་འདུན་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ནི་ས་ལྟ་བུ་ཡིན་ཏེ། སངས་རྒྱས་དང་དེའི་རྒྱུ་ཚོགས་གཉིས་ཀྱི་ཆོས་དཀར་པོ་ཐམས་ཅད་ཀྱི་གཞིར་གྱུར་པས་སོ། །དེའི་རྒྱུན་གནས་པའི་བསམ་པ་དང་ལྡན་པའི་སེམས་བསྐྱེད་ནི་གསེར་ལྟ་བུ་སྟེ། ཕ་རོལ་དུ་ཕྱིན་པ་དྲུག་གི་སྒོ་ནས་གཞན་ལ་ཕན་བདེ་སྒྲུབ་པའི་བསམ་པ་བཟང་པོ་བྱང་ཆུབ་ཀྱི་བར་དུ་འགྱུར་བ་མི་མངའ་བས་སོ། །བསམ་པ་དེ་ཉིད་ཆེས་ཆེར་འཕེལ་བའི་ལྷག་པའི་བསམ་པ་དང་ལྡན་པའི་སེམས་བསྐྱེད་ནི་ཟླ་བ་ཚེས་པ་ལྟ་བུ་སྟེ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་སོགས་དགེ་བའི་ཆོས་མཐའ་དག་གོང་ནས་གོང་དུ་འཕེལ་བས་སོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དངོས་སུ་སྦྱོར་པའི་ཞི་ལྷག་གི་སྦྱོར་བ་དང་ལྡན་པའི་སེམས་བསྐྱེད་ནི་མེ་ལྟ་བུ་ཡིན་ཏེ་སྒྲིབ་པའི་བུད་ཤིང་བསྲེག་པ་ལ་མྱུར་བས་སོ། །སྦྱིན་པའི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་གཏེར་ཆེན་པོ་ལྟ་བུ་སྟེ། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཀྱིས་སེམས་ཅན་ཐམས་ཅད་ཚིམས་པར་བྱས་ཀྱང་མི་ཟད་པས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་ནི་རིན་པོ་ཆེའི་འབྱུང་གནས་ལྟ་བུ་ཡིན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་རིན་ཆེན་རྣམས་འབྱུང་བས་སོ། །བཟོད་པའི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་རྒྱ་མཚོ་ཆེན་པོ་ལྟ་བུ་སྟེ། མེ་མཚོན་སོགས་མི་འདོད་པའི་དངོས་པོ་ཐམས་ཅད་ཐོག་ཏུ་བབས་ཀྱང་ཡིད་མི་འཁྲུགས་པས་སོ། །བརྩོན་འགྲུས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་རྡོ་རྗེ་ལྟ་བུ་ཡིན་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་ཡིད་ཆེས་བརྟན་པར་གྱུར་པས་བདུད་བཞི་རྣམས་ཀྱིས་སྐབས་མི་ཕྱེད་པས་སོ། །བསམ་གཏན་གྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་རི་ཡི་རྒྱལ་པོ་ལྟ་བུ་ཡིན་ཏེ། མཚན་མའི་རྣམ་པར་གཡེང་བས་ཏིང་ངེ་འཛིན་ལས་ཡིད་བསྐྱོད་མི་ནུས་པས་སོ། །བདག་མེད་གཉིས་རྟོགས་ཤེས་རབ་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་སྨན་ཆེན་པོ་ལྟ་བུ་ཡིན་ཏེ། ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་དང་། གཟུང་བར་རྟོགས་པ་སོགས་ཤེས་བྱའི་སྒྲིབ་པའི་ནད་རབ་ཏུ་ཞི་བར་བྱེད་པས་སོ། །ཐབས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་དགེ་བའི་བཤེས་གཉེན་ལྟ་བུ་སྟེ། སྙིང་རྗེ་དང་ཐབས་ལ་མཁས་པས་འབྱོར་རྒུད་གང་གི་དུས་སུའང་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བས་སོ། །སྨོན་ལམ་གྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ། ཡིད་ལ་ཇི་ལྟར་སྨོན་པའི་འབྲས་བུ་མངོན་དུ་གྲུབ་པས་སོ། །སྟོབས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་ཉི་མ་ལྟ་བུ་སྟེ། གདུལ་བྱའི་རྒྱུད་ཀྱི་དགེ་བའི་ལོ་ཏོག་སྨིན་པར་བྱེད་པའི་མཐུ་དང་ལྡན་པས་སོ། །ཡེ་ཤེས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་དྲི་ཟའི་གླུ་དབྱངས་ལྟ་བུ་སྟེ། གདུལ་བྱའི་ཁམས་དང་མཐུན་པར་ཡིད་འདུན་པར་བྱེད་པའི་ཆོས་སྟོན་པས་སོ། །མངོན་ཤེས་དྲུག་དང་ལྡན་པའི་སེམས་བསྐྱེད་ནི་རྒྱལ་པོ་ཆེན་པོ་ལྟ་བུ་སྟེ། གཞན་དོན་གྲུབ་པ་ལ་མཐུ་ཆེན་པོ་དང་ལྡན་པས་སོ། །ཚོགས་གཉིས་དང་ལྡན་པའི་སེམས་བསྐྱེད་ནི་བང་མཛོད་ལྟ་བུ་ཡིན་ཏེ། བསོད་ནམས་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་གནས་སུ་གྱུར་པས་སོ། །བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པའི་སེམས་བསྐྱེད་ནི་ལམ་པོ་ཆེ་ལྟ་བུ་ཡིན་ཏེ། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པར་འགྱུར་བས་སོ། །ཐབས་ཤེས་གཉིས་དང་ལྡན་པའི་སེམས་བསྐྱེད་ནི་གཞོན་པ་བཟང་པོ་ལྟ་བུ་ཡིན་ཏེ། སྲིད་ཞི་གཉིས་ཀྱི་མཐའ་ལ་མི་ལྟུང་བར་མི་གནས་པའི་མྱང་འདས་ཀྱི་སར་བདེ་བླག་ཏུ་འགྲོ་བས་སོ། །རང་གི་ཐོས་པ་མི་བརྗེད་པར་འཛིན་པའི་གཟུངས་དང་གཞན་ལ་ཐོགས་མེད་དུ་འཆད་པའི་སྤོབས་པ་གཉིས་དང་ལྡན་པའི་སེམས་བསྐྱེད་ནི་བཀོད་མའི་ཆུ་ལྟ་བུ་སྟེ་བྲི་བ་དང་ཟད་པ་མེད་པས་སོ། །མི་རྟག་པ་དང་བསྡུག་བསྔལ་བ་དང་བདག་མེད་པ་དང་ཞི་བ་སྟེ་སྡོམ་བཞིའི་ཆོས་ཀྱི་དགའ་སྟོན་དང་ལྡན་པའི་སེམས་བསྐྱེད་ནི་སྒྲ་སྙན་ལྟ་བུ་ཡིན་ཏེ་སྙན་པར་སྒྲོགས་པས་སོ། །བགྲོད་པ་གཅིག་པའི་ལམ་དང་ལྡན་པའི་སེམས་བསྐྱེད་ནི་ཆུ་བོའི་རྒྱུན་ལྟ་བུ་སྟེ། གཞན་གྱི་དོན་དུ་འབད་རྩོལ་མེད་པར་ཤེས་རབ་དང་སྙིང་རྗེས་ངང་གིས་འཇུག་པས་སོ། །ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ནི་སྤྲིན་ལྟ་བུ་ཡིན་ཏེ། དགའ་ལྡན་གྱི་གནས་ན་བཞུགས་ཏེ་མཛད་པ་བཅུ་གཉིས་ཀུན་ཏུ་སྟོན་པའི་སྤྲིན་ཆེན་པོ་ལས་ཆོས་ཀྱི་ཆར་ཆེན་པོས་གདུལ་བྱའི་ལོ་ཏོག་སྨིན་པར་བྱེད་པས་སོ། །དེ་རྣམས་ཀྱི་ས་མཚམས་ནི། འདུན་སོགས་གསུམ་ནི་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་ནའོ། །སྦྱོར་བ་ནི་སྦྱོར་ལམ་ནའོ། །སྦྱིན་པ་ནས་ཡེ་ཤེས་ཀྱི་བར་བཅུ་ནི་མཐོང་སྒོམ་གྱིས་བསྡུས་པའི་ས་བཅུ་ནའོ། །མངོན་ཤེས་ནས་གཟུངས་སྤོབས་ཀྱི་བར་ལྔ་ནི་ཁྱད་པར་གྱིས་ལམ་དག་པ་ས་གསུམ་ཀ་ན་ཁྱབ་པར་ཡོད་དོ། །ཆོས་ཀྱི་དགའ་སྟོན་སོགས་གསུམ་ནི་སངས་རྒྱས་ཀྱི་ས་ཞེས་ཐེག་ཆེན་དགྲ་བཅོམ་ཞུགས་པའི་ས་སྟེ་ས་བཅུ་པའི་སྦྱོར་དངོས་རྗེས་གསུམ་ན་ཡོད་དོ། །འོ་ན་སངས་རྒྱས་ཀྱི་ས་ན་སེམས་བསྐྱེད་ཡོད་དམ་མེད་སྙམ་ན། ཆོ་གའི་བརྡ་ལས་ཐོབ་པའི་སེམས་བསྐྱེད་ནི་མེད་དེ། ཁས་བླངས་པའི་དུས་ལས་འདས་པའི་ཕྱིར། དོན་དམ་སེམས་བསྐྱེད་ནི་ཡོད་དེ། ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་ཐོབ་ལ་མ་ཉམས་པར་གོང་འཕེལ་དུ་ཡོད་པའི་ཕྱིར་དང་། ཐུགས་རྗེ་ཆེན་པོ་སྒྲིབ་པ་དང་བྲལ་བའི་སེམས་བསྐྱེད་ཀྱིས་གཞན་དོན་རྩོལ་མེད་དུ་མཛད་པ་ཡོད་པའི་ཕྱིར་རོ། །དེ་ཐམས་ཅད་ཀྱང་བསྡུ་ན་སྨོན་འཇུག་གཉིས་སུ་འདུ་སྟེ། རྣམ་ངེས་ལས། ཀུན་ཀྱང་བསྡུ་ན་སྨོན་འཇུག་རྣམ་པ་གཉིས། །དེ་ཡང་བསམ་པས་སྨོན་དང་སྦྱོར་བས་ཁྱབ། །འགྲོ་བར་འདོད་དང་འགྲོ་བ་ཇི་བཞིན་ནོ། །ཞེས་སོ། །དེ་གཉིས་ཀྱི་ཁྱད་པར་སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པར་བྱ། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་པས། མཐའ་ཡས་པའི་སེམས་ཅན་གཞན་གྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་ཅི་ནས་ཀྱང་ཐོབ་པར་བྱའོ་སྙམ་དུ་དམ་བཅའ་བ་འགྲོ་བར་འདོད་པ་ལྟ་བུ་ནི་སྨོན་པ་སེམས་བསྐྱེད་དང་། དེའི་ཆེད་དུ་ཕར་ཕྱིན་དྲུག་སོགས་ལམ་གྱི་རིམ་པ་ལ་ཚུལ་བཞིན་དུ་སློབ་པར་དམ་བཅས་ནས་སྦྱོར་བ་ལག་ལེན་གྱིས་ཁྱབ་པ་འགྲོ་བ་དངོས་ལྟ་བུ་ནི་འཇུག་པ་སེམས་བསྐྱེད་དོ། །དེ་ཡང་རྒྱུ་འབྲས་ཡན་ལག་བདུན་གྱི་སྒོ་ནས་ཉམས་སུ་ལེན་པར་བྱ་སྟེ། ཐོག་མར་སེམས་ཅན་ཐམས་ཅད་ལ་ཉེ་རིང་ཆགས་སྡང་དང་བྲལ་བའི་སེམས་བཏང་སྙོམས་པ་ཡུན་རིང་དུ་བསྒོམ་རྗེས། དེ་ཐམས་ཅད་སྐྱེ་བ་སྔ་མར་ཡང་དང་ཡང་དུ་རང་གི་མར་གྱུར་པའི་ཚུལ་ཤེས་པ་དང་། དེའི་དུས་སུ་རང་ལ་ཕན་བཏགས་ཤིང་གནོད་པ་ལས་སྐྱབས་པའི་དྲིན་དྲན་པ་དང་། དེའི་དྲིན་ལན་འཇལ་འདོད་ཀྱི་བློ་བསྐྱེད་ནས་ཕན་བདེ་སྒྲུབ་པར་དམ་བཅའ་བ་དང་། དེ་རྣམས་བདེ་བ་རྒྱུ་དང་བཅས་པ་དང་ཕྲད་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་རྒྱུ་དང་བཅས་པ་བྲལ་འདོད་ཀྱི་སྙིང་རྗེ་དང་། དེ་དག་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་བདག་ཁོ་ནས་བྱའོ་སྙམ་ལྷག་བསམ་གྱི་རྒྱུ་ལ་བརྟེན་ནས། འབྲས་བུ་སྨོན་འཇུག་གི་རང་བཞིན་ཅན་གྱི་བྱང་ཆུབ་ཀྱི་སེམས་དངོས་བསྐྱེད་པར་བྱ་བ་སྟེ། དེ་ལྟར་ཡང་། མར་ཤེས་དྲིན་དྲན་དྲིན་གཟོ་དང་། །བྱམས་པ་སྙིང་རྗེ་ལྷག་བསམ་རྒྱུ། །བྱང་ཆུབ་སེམས་ནི་འབྲས་བུའོ། །ཞེས་སོ། །བཞི་པ་ནི། རྣམ་ངེས་ལས། དང་པོ་སྡོམ་པ་མ་ཐོབ་ཐོབ་ཚུལ་ནི། །ལེན་ཚུལ་སྡོམ་གནས་དགེ་བའི་བཤེས་གཉེན་ལ། །ཐེག་ཆེན་སྣོད་གྱུར་དད་ལྡན་སློབ་མ་ཡིས། །ཡན་ལག་བདུན་མཐར་སྨོན་འཇུག་སྟབས་གཅིག་ཏུ། །ལེན་ཅིང་རང་གཞན་དགའ་བ་བསྒོམ་པ་རྣམས། །ཀླུ་སྒྲུབ་ལུགས་ཡིན་ཐོགས་མེད་བཞེད་པ་ནི། །སྨོན་སེམས་ལེན་ལ་སོ་ཐར་མི་དགོས་ཀྱང་། །ཡང་དག་བླངས་པ་རིགས་བདུན་སྔོན་སོང་ནས། །བར་ཆད་འདྲི་དང་བསླབ་པ་ཁས་ལེན་སོགས། །སྨོན་འཇུག་ཆོ་ག་སོ་སོའི་སྒོ་ནས་ལེན། །རྒྱལ་བའི་རྟེན་ལའང་རུང་བར་སྲོལ་གཉིས་མཐུན། །ཐོབ་མཚམས་{ཚུལ}བརྗོད་པ་གསུམ་གྱི་མཐའ་ལའོ། །ཞེས་གསུངས་པ་བཞིན། དབུ་མ་ལུགས་ལ། སྦྱོར་བ། གདམས་ངག་ཁྱད་པར་ཅན་གྱིས་བློ་བཅོས། ཡུལ་ཁྱད་པར་ཅན་ལ་མཎྜལ་ཕུལ་ཞིང་གསོལ་བ་གདབ། རྟེན་ཁྱད་པར་ཅན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། ཐབས་ཁྱད་པར་ཅན་ཡན་ལག་བདུན་པས་ཚོགས་བསགས་ནས། དངོས་གཞི་ལ། བདག་བས་གཞན་གཅེས་ཀྱིས་བློ་སྦྱོང་བ་སྔོན་དུ་འགྲོ་བས། དགོངས་གསོལ་དང་། དམ་བཅའི་ཚིག་ལན་གསུམ་བརྗོད་པས་སྨོན་འཇུག་གི་སེམས་བསྐྱེད་སྟབས་གཅིག་ཏུ་བླངས་ཤིང་ཐོབ་ཤེས་བསྐྱེད། རྗེས་རང་གཞན་དགའ་བ་བསྒོམས་ནས་གཏང་རག་དང་བསླབ་བྱ་བརྗོད་པའོ། །སེམས་ཙམ་གྱི་ལུགས་ལ་སྨོན་འཇུག་གཉིས་སོ་སོར་ལེན་པ་སྟེ། ཞིབ་པར་སོ་སོའི་ཆོ་ག་ལས་ཤེས་པར་བྱ་བ་ལས་འདིར་མ་སྤྲོས་ལ། གལ་ཏེ་བླ་མ་དང་རྟེན་གཉིས་ཀ་མ་འབྱོར་ནའང་ར ང་སྟོབས་ཀྱི་ནུས་པ་ཡོད་ན་འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས་གསུངས་པ་ལྟར། རྒྱལ་བ་སྲས་བཅས་མདུན་གྱི་ནམ་མཁར་བློས་བསམ་སྟེ་དེ་ལས་ལེན་པར་ཇོ་བོའི་བྱང་ཆུབ་ལམ་སྒྲོན་ལས་གསུངས་པ་ལྟར་ལེན་པར་བྱ་སྟེ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ལུང་བླ་མའི་དམར་ཁྲིད་ལས་གསུངས་པ་ནི། ཐེག་པ་ཆེན་པོར་ཞུགས་ནས་བྱང་ཆུབ་ཀྱི་སེམས་མ་སྦྱངས་ན། ཐེག་པ་འོག་མར་ལྷུང་བས་རྟག་ཏུ་གཞན་དོན་ལ་སློབ་པ་ཤིན་ཏུ་གལ་ཆེ། དེ་རྒྱས་པར་བཤད་ན། ཐེག་པ་ཆེན་པོའི་མདོ་རྒྱུད་ནས་དཔག་ཏུ་མེད་པར་གསུངས་ཀྱང་། དེ་དག་དང་ཚུལ་བསྟུན་ནས་བསྡུས་ཏེ་བསྟན་པ་ལ་དོན་གསུམ་སྟེ། ཕྱི་ལྟར་བསླབ་པ། ནང་ལྟར་བསླབ་པ། གསང་བ་ལྟར་བསླབ་པའོ། །དང་པོ་ཕྱི་ལྟར་བསླབ་པ་ལ་དོན་བཅུ་གཉིས་ཏེ། ངོ་བོ། ངེས་ཚིག དབྱེ་བ། གང་ཟག་གི་མཚན་ཉིད། བླང་བའི་ཡུལ། བླང་བའི་ཆོ་ག བསླབ་པའི་ཕན་ཡོན། སློབ་དགོས་པའི་གཏན་ཚིགས། མ་བསླབས་པའི་ཉེས་དམིགས། བསྲུང་བྱའི་ཆོས། གཏོང་ཐོབ་ཀྱི་ས་མཚམས། ཉམས་ན་གསོ་བའི་ཐབས་སོ། །དང་པོ་ངོ་བོ་ནི། སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པའི་ཁས་ལེན་དང་བཅས་པ་ཡིན། གཉིས་པ་ངེས་ཚིག་ནི། སྔར་བདག་ལ་མ་སྐྱེས་པའི་གཞན་དོན་གྱི་བློ་བསྐྱེད་པ་ཞིག་ཡིན། གསུམ་པ་དབྱེ་བ་ནི། མདོ་ནས་རྣམ་གྲངས་མང་དུ་བཤད་མཆི་ཡང་། བསྡུ་ན་སྨོན་པ་དང་འཇུག་པ་གཉིས་ཡིན་པས། དེ་ཡང་སྨོན་པ་ནི་སེམས་ཅན་གྱི་དོན་བསྒྲུབ་པར་སེམས་ཀྱིས་སྨོན་པ་ཡིན། དེ་གཅིག་པུས་མི་ཆོག སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་ལ་དངོས་སུ་འཇུག་པ་གལ་ཆེ། བཞི་པ་གང་ཟག་ནི། ཉན་ཐོས་དང་རང་སངས་རྒྱས་ལྟ་བུ་མ་ཡིན་པར། ཐེག་པ་ཆེན་པོའི་ཆོས་ལ་མོས་པ། བློ་ཆེ་བ། གང་ལ་ཡང་ཐེ་ཚོམ་མི་ཟ་བ། སློབ་དཔོན་དང་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་པ། ལོག་པ་དང་དམན་པའི་ཆོས་ལས་ཡིད་དབྱུང་བ། རང་བཞིན་གྱིས་ཞི་ཞིང་དེས་པ་ཞིག་དགོས་སོ། །ལྔ་པ་བླང་ཡུལ་ནི། བླ་མ་ཐེག་པ་ཆེན་པོའི་སེམས་བསྐྱེད་པ། བྱམས་པ་དང་སྙིང་རྗེའི་མཐུ་དང་ལྡན་པ། རང་དོན་སྐད་ཅིག་ཀྱང་མི་སྒྲུབ་པ། བསླབ་བྱ་མ་ཉམས་པར་སྲུང་བ་ཞིག་ལས་བླང་དགོས། དྲུག་པ་ཆོ་ག་ནི། འདིར་མ་སྨོས་ཏེ་གཞུང་དུ་གསལ་ལོ། །བདུན་པ་བསླབ་པའི་ཕན་ཡོན་ནི། ཉན་རང་ལས་ཁྱད་པར་དུ་འཕགས་ཏེ། ཐེག་པ་ཆེན་པོའི་ཁྱུར་ཚུད་པ་དང་། ཉོན་མོངས་པ་དང་སྡིག་སྒྲིབ་རྩད་ནས་གཅོད་པ་དང་། སྒོ་གསུམ་གྱིས་དགེ་བའི་ལས་བྱས་པ་ཐམས་ཅད་དོན་ཡོད་པའི་རྒྱུར་འགྱུར་བ་དང་། རྒྱུད་ལ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པར་འགྱུར་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཆོས་སྐྱོང་བ་ཆེན་པོ་རྣམས་ཀྱིས་རྟག་ཏུ་དགོངས་པ་དང་། སེམས་ཅན་ཐམས་ཅད་ཀྱིས་བུ་བཞིན་དུ་བརྩེ་ཞིང་མཐོང་ན་ཡིད་དུ་འོང་བ་དང་། རྟག་ཏུ་ཐེག་པ་ཆེན་པོའི་ཆོས་དང་མི་འབྲལ་བ་དང་། མདོར་ན་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཡིད་བཞིན་དུ་འགྲུབ་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་འདི་ཁོ་ན་ལ་ནན་ཏན་གྱིས་ཤིག བརྒྱད་པ་དེ་ལྟར་སློབ་དགོས་པའི་གཏན་ཚིགས་ནི། འོ་ན་རང་གཅིག་པུ་ཐར་བས་ཆོག་མོད། སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་དགོས་པ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཕ་མ་ཡིན། ཕ་མའི་དྲིན་ལན་བསམ་གྱིས་ཁྱབ་པས། དྲིན་ལན་ལན་གྱི་བླན་པའི་ཕྱིར་བསླབ་དགོས་ཏེ། དྲིན་ཡང་ལུས་སྲོག་བསྐྱེད་པའི་རྒྱུ་རྟེན་བྱས་པ་དང་། ཆུང་ནས་བཟའ་བཏུང་གྱ་ནོམ་པས་གསོས་པ་དང་། སྡུག་བསྔལ་དང་དཀའ་བ་སྣ་ཚོགས་སྤྱད་པ་དང་། རང་བས་ཀྱང་གཅེས་པར་ཁོང་གི་སྙིང་བས་ལྷག་པ་དང་། དེ་ནས་ནོར་རྫས་ཀྱི་སྐལ་བ་ཕོག་པ་དང་། ཤེས་བྱའི་ཡོན་ཏན་བསླབ་པ་དང་། དམ་པའི་ཆོས་ལ་སྦྱར་བ་སོགས་ཕ་མའི་དྲིན་བསམ་གྱིས་མི་ཁྱབ་པས། དེ་རྣམས་འཁོར་བ་ལས་བསྒྲལ་དགོས། གཞན་ཡང་སེམས་ཅན་ཐམས་ཅད་ལ་རྒྱུ་བྱང་ཆུབ་ཀྱི་སྙིང་པོ་ཡོད་པས་ཀྱང་འབྲེལ་བས། དེ་རྣམས་འཁོར་བ་ལས་བསྒྲལ་དགོས། རང་ཉིད་གཅིག་པུ་ཞི་བདེ་འདོད་ན་རྫོགས་པའི་སངས་རྒྱས་དང་འཕྲད་པ་མེད་དོ། །དགུ་པ་མ་བསླབས་པའི་ཉེས་དམིགས་ནི། ཉན་ཐོས་དང་རང་སངས་རྒྱས་སུ་ལྷུང་ནས་བྱང་ཆུབ་ཆེན་པོའི་གེགས་བྱེད་པ་དང་། བྱ་བའི་ལས་ཐམས་ཅད་དོན་མེད་པར་འགྱུར་བ་དང་། རྟག་ཏུ་མི་མ་ཡིན་རྣམས་ཀྱིས་འཚེ་བ་དང་། ཀུན་གྱིས་ཡིད་དུ་མི་འོང་ཞིང་ཞེ་སྡང་བ་དང་། བསམ་པ་ཐམས་ཅད་མི་འགྲུབ་པ་ལ་སོགས་པའི་ཉེས་དམིགས་དཔག་ཏུ་མེད། བྱང་ཆུབ་ཀྱི་སེམས་མེད་པར་ཐེག་པ་ཆེན་པོར་རེ་བ་ལྟས་ངན་ཡིན། བཅུ་པ་བསྲུང་བྱའི་ཆོས་ནི། སྨོན་པའི་བསྲུང་བྱ། སེམས་ཅན་བློས་མི་སྤོང་བའི་བསམ་པས། ཡང་ཡང་བྱང་ཆུབ་ཀྱི་སེམས་ལ་སློབ་དགོས་ཏེ། ཡུལ་སེམས་ཅན་གཞན་ཡིན་པ་ལ་སྤོང་བའི་བསམ་པ་སྔོན་དུ་སོང་བས་ཁྲོ་བ་དང་རྡེག་པ་ལ་སོགས་པ་བྱས་ནས་གཉེན་པོས་མ་བསླེབས་པར་ཉིན་ཞག་གཅིག་འདས་ན་སྨོན་པ་ཉམས། དེའི་གཉེན་པོར་རྟག་ཏུ་ཞི་བ་དང་དུལ་བས་ཕན་གདགས་པ་དང་། དཀར་ནག་གི་ཆོས་བཞི་ལ་བླང་དོར་བྱེད་པ་ཡིན། འཇུག་པའི་བསྲུང་ཆོས། སྤང་བྱ་མི་དགེ་བ་བཅུ་སྤང་། གཉེན་པོ་དགེ་བ་བཅུ་བརྟེན། བྱ་བ་ལ་འཇུག་པའི་རྒྱུ་ཕ་རོལ་དུ་ཕྱིན་པ་བཅུ་ལ་སློབ་པའོ། བཅུ་གཅིག་པ་གཏོང་ཐོབ་ཀྱི་ས་མཚམས་ནི། ཐོབ་པའི་དུས་ནི་བསོད་ནམས་ཀྱི་ཚོགས་མང་པོ་བསགས་ནས་རྒྱུད་ཡོངས་སུ་དག་པར་སྦྱངས་ཏེ། སེམས་ཅན་གྱི་དོན་ཕྱིན་ཅི་མ་ལོག་པར་བྱ་དགོས་བའི་བསམ་པ་སྐྱེས་པ་དང་། ཆོ་ག་རྫོགས་པའི་བརྗོད་པ་གསུམ་གྱི་ཐ་མ་ལ་འཐོབ། གཏོང་བའི་དུས་ནི་ལོག་ལྟ་སྐྱེས་པས་དཀོན་མཆོག་གསུམ་སྤངས་ཏེ། བསླབ་བྱ་ལས་འདས་ན་འཆོར་བས་དྲན་པ་དང་ཤེས་བཞིན་གྱི་བྱ་ར་བས་འབད་པ་འདོན་པ་གལ་ཆེའོ། །བཅུ་གཉིས་པ་ཉམས་ན་གསོ་བའི་ཐབས་ནི། རྩ་བ་ཉམས་པ་སྔར་ལྟར་བླང་དགོས། ཡན་ལག་ཉམས་ན། སློབ་དཔོན་དང་། དཀོན་མཆོག་གི་སྤྱན་སྔར་བཤགས་པ་བྱའོ་གསུངས་། གཉིས་པ་ནང་ལྟར་སེམས་བསྐྱེད་པ་ལའང་སྔར་ལྟར་བཅུ་གཉིས་ལས། དང་པོ་ངོ་པ་ནི། ཆོས་ཉིད་ཡང་དག་པའི་དོན་སྤྲོས་པ་དང་བྲལ་བ་ཡིན་པ་ལ། དེ་ལྟར་མ་རྟོགས་པ་རྣམས་ལ་ཕན་སེམས་བསྐྱེད་པ་ཡིན། གཉིས་པ་ངེས་ཚིག་ནི། དེ་ལྟ་བུ་དེ་ཕྱི་ལུས་ངག་གི་བྱ་བ་ལ་མི་ལྟོས་པར་སེམས་ཁོ་ནས་བསྐྱེད་པའི་ཕྱིར་ནང་ཞེས་བྱའོ། །གསུམ་པ་དབྱེ་བ་ནི་སྨོན་འཇུག་གཉིས་ཏེ། སྨོན་པ་ནི། དེ་ལྟར་སེམས་ཅན་མ་རྟོགས་པ་རྣམས་ཀྱིས་དེ་ལྟར་རྟོགས་པར་འདོད་པ་ཞིག་སྟེ། དེ་ཡང་ཁ་འཁུན་ནས་བསྡད་པས་མི་ཆོག སེམས་ཅན་ཐམས་ཅད་ཀྱིས་དེ་ཐོབ་པར་བྱེད་པའི་ཐབས་ལ་ཅིས་ཀྱང་འབད་པ་གལ་ཆེ། བཞི་པ་བསླབ་པ་ལ་འཇུག་པའི་གང་ཟག་ནི། སྔར་བཤད་པ་ལྟ་བུའི་སྟེང་དུ་རྟོག་པའི་སྤྲོས་པ་ཆུང་བ་ཞིག་དགོས། ལྔ་པ་བླང་བའི་ཡུལ་ནི། བླ་མ་ཤེས་རབ་གསུམ་ལ་བསླབ་པ། བདག་མེད་གཉིས་ཀྱི་དོན་རྟོགས་ཏེ། ཆོས་བརྒྱད་དང་བྲལ་བ་ལས་བླང་དགོས། དྲུག་པ་བླང་བའི་ཆོ་ག་ནི་འཁོར་གསུམ་ཡང་དག་བྱས་ནས། འཇིག་རྟེན་གྱི་བྱ་བ་མཐའ་དག་བློས་བཏང་སྟེ། ཡང་དག་པའི་གདམས་ངག་ཞུ་བ་དེ་ཡིན། བདུན་པ་བསླབ་པའི་ཕན་ཡོན་ནི། ལམ་ལོག་པ་དང་། ཐེག་པ་དམན་པ་ལས་ཁྱད་པར་དུ་འཕགས་ཏེ། ང་བདག་དང་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་སྤངས་ནས་བདག་མེད་པའི་དོན་རྟོགས་པའི་དགོས་པ་ཡོད་དོ། །བརྒྱད་པ་སེམས་བསྐྱེད་དེ་ལ་སློབ་དགོས་པའི་གཏན་ཚིགས་ནི། བདག་གིས་སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་བདག་མེད་གཉིས་ཀྱི་དོན་ལ་དགོད་དགོས་པས་སོ། །དགུ་པ་མ་བསླབས་པའི་ཉེས་དམིགས་ནི། བདག་མེད་པའི་དོན་ལས་གོལ་ཏེ་གང་ཟག་དང་ཆོས་སུ་འཛིན་པའི་དབང་གིས་སྲིད་པར་འདུ་བྱེད་པའོ། །བཅུ་པ་བསྲུང་བྱའི་ཆོས་ནི། བདག་མེད་པའི་དོན་ལ་བསླབ་པ་སྟེ། འདི་ལ་གཉིས་ལས། སྨོན་པའི་བསླབ་བྱ་ནི། དུས་རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས་བདག་མེད་པའི་དོན་རྟོགས་པར་གྱུར་ཅིག་སྙམ་དུ་སྨོན་ལམ་རྒྱུན་མི་འཆད་པ་དང་གཅིག གཞན་བདག་མེད་པའི་དོན་སྒོམ་པ་རྣམས་ལ་ཉིན་མཚན་ལན་གསུམ་གསུམ་དུ་རྗེས་སུ་ཡི་རང་སྒོམ་པ་དང་གཉིས། དུས་རྟག་ཏུ་བདག་མེད་པའི་དོན་ལས་མི་འདའ་བར་བསླབ་པའོ། །གཉིས་པ་འཇུག་པའི་བསླབ་བྱ་ལ་ཕྱི་ནང་གཉིས་ཏེ། དང་པོ་ཕྱིའི་བསྲུང་བྱ་བཞི་ནི། བདག་མེད་པའི་དོན་མ་རྟོགས་ཀྱི་བར་དུ་དེ་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་དང་མི་འབྲལ་བ་དང་། གནས་ཡུལ་སྡེ་རིས་དང་དགྲ་གཉེན་གྱི་ཕྱོགས་ཆ་སྤངས་པ་དང་། བདག་མེད་སྟོང་པ་ཉིད་སྟོན་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱ་བ་དང་། མིང་རུས་ལུས་དང་གསུམ་ལ་བདག་ཏུ་མི་གཟུང་བ་དང་བཞིའོ། །གཉིས་པ་ནང་གི་བསླབ་བྱ་ལའང་བཞི་སྟེ། ཕྱི་རོལ་གྱི་བཏགས་པའི་མིང་དང་ཐ་སྙད་ཐམས་ཅད་སེམས་ཉིད་ཀྱི་ངོ་བོ་ལས་མ་གྲུབ་པས་ཐ་སྙད་ལ་དོན་དུ་མི་བཟུང་བ་དང་གཅིག སྣོད་བཅུད་ཀྱིས་བསྡུས་པའི་དངོས་པོ་འདི་རྣམས་རྨི་ལམ་ལྟ་བུ་སྣང་ཡང་རང་བཞིན་མ་གྲུབ་པར་ཤེས་པ་དང་གཉིས། དེ་ལྟར་གང་དུ་ཡང་མ་གྲུབ་པ་ལ་སྣ་ཚོགས་སུ་འཛིན་མཁན་གྱི་སེམས་རིག་པ་དེ་ཉིད་ཉིན་ལན་གསུམ་མཚན་ལན་གསུམ་དུ་བཙལ་བ་དང་གསུམ། བཙལ་བས་མ་རྙེད་པར་མིང་མེད་མཐའ་བྲལ་དུ་འདུག་པའི་དོན་ལས་མི་འདའ་བ་དང་བཞི་ལ་བསླབ་བོ། །བཅུ་གཅིག་པ་གཏོང་ཐོབ་ཀྱི་ས་མཚམས་ལས། ཐོབ་པའི་དུས་ནི་བླ་མ་ལས་མན་ངག་ཐོབ་པའི་དུས་ན་ཐོབ། གཏོང་བའི་དུས་ནི་རང་བཞིན་མེད་པར་མ་རྟོགས་ནས་གཟུང་འཛིན་རང་ཁ་མའི་ཕྱིར་འཕྲེང་ན་འཆོར་བས་གཉེན་པོས་སླེབ་པར་གྱིས་ཤིག བཅུ་གཉིས་པ་ཉམས་ན་གསོ་བའི་ཐབས་ནི། སྔར་གྱི་དོན་ལས་མ་ཡེངས་པར་བསླབ། དེ་ལྟར་བསླབས་པས་གཟུང་འཛིན་གྱི་མདུད་པ་ཤུགས་ཀྱིས་གྲོལ་ནས་འགྲོ་གསུངས། གསུམ་པ། གསང་བའི་སེམས་བསྐྱེད་ལ་དོན་བཅུ་གཅིག་གིས་བསྟན་ནས་གསུངས་ཀྱང་ལམ་གྱི་དངོས་གཞི་ཐུན་མིན་དང་འབྲེལ་བས་སྐབས་འདིར་མི་འཆད་དོ། །དེ་ལྟར་རྣམ་གཞག་སྤྱིར་ངེས་པར་བྱས་ནས། གཉིས་པ་དམིགས་ཁྲིད་དངོས་བསྟན་པ་ལ། སེམས་བསྐྱེད་ཚུལ་སྤྱིར་བསྟན་པ་དང་། བྱེ་བྲག་དམིགས་ཁྲིད་དངོས་སོ། །དང་པོ་ནི། སེམས་ཉིད་ངལ་གསོ་ལས། གནས་གཙང་མཆོད་པས་མཛེས་ཤིང་ཉམས་དགའ་བར། །རྒྱལ་བའི་སྐུ་གཟུགས་ལ་སོགས་སྟ་གོན་བྱ། །ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །རྒྱལ་བ་སྲས་བཅས་རྒྱ་མཚོའི་སྤྲིན་ཕུང་བསམ། །ཞེས་སོགས་གསུངས་པ་ལྟར། སྦྱོར་བ་དཀོན་མཆོག་གསུམ་གྱི་རྟེན་གྱི་དྲུང་དུ་ཅི་འབྱོར་བའི་མཆོད་པ་ལེགས་པར་བཤམས། སྟེང་གི་ནམ་མཁར་བླ་མ་དང་དཀོན་མཆོག་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་རྣམས་སྤྲིན་ཕུང་འཐིབ་པ་ཙམ་དུ་བཞུགས་པར་མོས་ལ། དེའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་གྱི་འཇུག་པ་གཅིག་པས་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་དང་། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་དང་། དགེ་ཚོགས་བྱང་ཆུབ་ཏུ་བསྔོ་བ་སྟེ་ཡན་ལག་བདུན་པས་ཚོགས་བསགས་རྗེས། དེ་ཉིད་ལས། དེ་ནས་སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །ལན་གསུམ་བར་དུ་སྐྱབས་སུ་འགྲོ་བྱས་ལ། །མགོན་པོ་སྲས་དང་བཅས་རྣམས་དགོངས་སུ་གསོལ། །ཇི་ལྟར་སྔོན་གྱི་བདེ་གཤེགས་སྲས་བཅས་ཀྱིས། །བྱང་ཆུབ་ཐུགས་བསྐྱེད་བསླབ་ལ་གནས་པ་ལྟར། །དེང་ནས་བདག་གིས་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་བསྐྱེད་བསླབ་ལ་གནས་པར་བགྱི། །མ་བརྒལ་བ་རྣམས་བདག་གིས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ་བགྱི་ཞིང་། །དབུགས་མ་དབྱུང་རྣམས་བདག་གིས་དབུགས་དབྱུང་སྟེ། །སེམས་ཅན་རྣམས་ནི་མྱ་ངན་འདས་ལ་འགོད། །དེ་ལྟར་ཉིན་དང་མཚན་མོ་ལན་གསུམ་དུ། །བྱང་ཆུབ་སེམས་གཉིས་བསྐྱེད་ལ་འབད་པར་བྱ། །བརྗོད་པ་དང་པོས་སྨོན་པ་སེམས་བསྐྱེད་ལ། །གཉིས་པ་འཇུག་པ་སེམས་བསྐྱེད་གསུམ་པ་ཡིས། །གཉིས་ཀ་བརྟན་ཞིང་དག་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། དངོས་གཞི་ལ་དགོངས་གསོལ་སྔོན་དུ་འགྲོ་བ་ཅན་གྱི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོགས་ཀྱི་སྐྱབས་འགྲོ་ལན་གསུམ་དང་། དེ་ནས་ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས་སོགས་སྤྱོད་འཇུག་ལས་འབྱུང་བ་ལྟར་གྱིས་ཚིག་ལན་གསུམ་བརྗོད་པས། དང་པོས་སྨོན་སེམས་དང་། གཉིས་པས་{པ}འཇུག་སེམས། གསུམ་པས་གཉིས་ཀ་བརྟན་པར་བྱ་བའི་ཚུལ་གྱིས་སྨོན་འཇུག་གི་སེམས་བསྐྱེད་སྟབས་གཅིག་ཏུ་བླང་ཞིང་རྗེས་ལ། དེང་ནས་བདག་གི་འགྲོ་ཀུན་ཉེར་མཚོའི་གཞི། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་མིང་ཡང་ཐོབ། །སྲིད་ན་མི་འཇིགས་འགྲོ་བའི་དོན་བྱེད་ཅིང་། །རྟག་ཏུ་ཕན་པ་འབའ་ཞིག་ལྷུར་ལེན་པས། །མི་ཡི་སྲིད་པ་དོན་དང་བཅས་པར་གྱུར། །ཞེས་སོགས་ཀྱིས་བསྟན་པ་བཞིན། དེང་དུས་བདག་ཚེ་འབྲས་བུ་ཡོད། །ཅེས་སོགས་ཀྱིས་རང་གཞན་དགའ་བ་བསྒོམ་ཞིང་སྨོན་ལམ་གདབ། རྟག་པར་དྲན་ཤེས་བག་ཡོད་དང་མ་བྲལ་བས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པའོ། །དེ་ཡང་གོང་དུ་དྲངས་པའི་ལུང་གི་ཚིག སེམས་ཅན་མ་བརྒལ་བ་རྣམས་ཞེས་པ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་ཏེ། ངན་སོང་གི་སྡུག་བསྔལ་རྒྱ་མཚོ་ལྟ་བུ་ལས་མ་བརྒལ་བའི་ཕྱིར་རོ། །བསྒྲལ་ཞེས་པ་ནི། དེ་དག་མངོན་མཐོའི་ལམ་ལ་བཀོད་ནས་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་ཏེ་ལྷ་མིའི་གོ་འཕང་འཐོབ་པར་བྱ་བའོ། །དེ་བཞིན་དུ་མ་གྲོལ་བ་རྣམས་ནི་ལྷ་མི་སོགས་མཐོ་རིས་ཀྱི་འགྲོ་བ་སྟེ། དེ་དག་ཉོན་མོངས་པའི་འཆིང་བ་ལྕགས་སྒྲོག་ལྟ་བུ་ལས་མ་གྲོལ་བ་རྣམས། དེ་དག་ངེས་ལེགས་ཀྱི་ལམ་ལ་བཀོད་ནས་ཉོན་མོངས་པའི་འཆིང་བ་ལས་དགྲོལ་ནས་ཐར་པའི་གོ་འཕང་ཐོབ་པར་བྱ་བའོ། །དབུགས་མ་དབྱུང་བ་རྣམས་ནི་ཉན་རང་སྟེ་ཐེག་པ་ཆེན་པོ་ལ་དབུགས་མ་དབྱུང་བའི་ཕྱིར། དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ནས་ཐེག་པ་ཆེན་པོའི་ལྟ་སྤྱོད་ལ་དབུགས་དབྱུང་སྟེ་ས་བཅུའི་གོ་འཕང་ལ་འགོད་པར་བྱ་བའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་མ་ཐོབ་པའི་ཕྱིར། དེ་དག་ཡོངས་སུ་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་སར་འགོད་པར་དམ་བཅའ་བའོ། །གཉིས་པ་དམིགས་ཁྲིད་དངོས་ནི། མདུན་གྱི་ནམ་མཁར་ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་པའི་སྤྱན་སྔར། འདི་ལྟར་ཕྱོགས་བཅུ་གང་ནས་གཞལ་ཀྱང་འཇིག་རྟེན་གྱི་ཁམས་ལ་མཐའ་མེད། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱི་གོ་མཚམས་མེད་པར་ཁྱབ། སེམས་ཅན་དེ་ཐམས་ཅད་ཀྱིས་རང་གི་ཕ་མ་ལན་གྲངས་དཔག་ཏུ་མེད་པ་ཞིག་བྱས་ཏེ། དེ་དག་གི་སྐབས་སུ་ད་ལྟའི་རྩ་བའི་ཕ་མ་འདི་བཞིན་དུ་ལེགས་པར་བསྐྱངས་པའི་དྲིན་ཅན་ཤ་སྟག་ཡིན། དེ་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་སྒྲུབ་པ་སྡུག་བསྔལ་གྱི་རྒྱུ་བསྒྲུབས་པས། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་ལྟ་བུ་འདི་རྣམས་སྙིང་རེ་རྗེ། བདག་གི་ཕ་མ་མི་འདོད་བཞིན་དུ་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བ་འདི་ཀུན་ཅི་ཙུག་བྱ། ད་སྙིང་རྗེ་ཟེར་ནས་བཞག་པས་ཅི་ཕན། འདི་རྣམས་འཁོར་བའི་སྡུག་བསྔལ་ལས་དྲངས་ཏེ། ཐར་པའི་མཆོག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མྱུར་དུ་འགོད་པར་བྱ། ད་ལྟ་དེའི་ནུས་པ་བདག་ལ་མེད་པས་བདག་གིས་འགྲོ་ཀུན་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཚེ་འདི་ཉིད་ལ་ཐོབ་པར་བྱ་སྙམ་པ་སྨོན་པ་སེམས་བསྐྱེད་དང་། དེའི་ཆེད་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དངོས་གཞིའི་ལམ་གང་ཡིན་གྱི་བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་བསྒོམ་པར་བགྱིའོ། །སྙམ་དུ་དམ་བཅས་ཤིང་དངོས་སུ་སྦྱོར་བས་བརྩོན་པ་ནི་འཇུག་པ་སེམས་བསྐྱེད་དེ། དེ་ལྟ་བུའི་ཚུལ་གྱིས་ཚོགས་ཞིང་རྣམས་དཔང་པོའི་ཚུལ་དུ་བྱས་ཏེ། ཧོ༔ དེང་ནས་བཟུང་སྟེ་འཁོར་བ་མ་སྟོང་བར༔ ཞེས་སོགས་སེམས་བསྐྱེད་ཀྱི་ཚིག་གང་ཡིན་དེ་དམ་བཅའི་ཚུལ་དུ་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པར་གྲངས་བསགས། དེ་ཡང་ཁ་ཡེངས་མིག་ཡེངས་ཚིག་ཙམ་དུ་མ་སོང་བར་སེམས་རྩེ་གཅིག་པའི་སྒོ་ནས་ཚོགས་ཞིང་སྐྱབས་ཡུལ་རྣམས་ཀྱིས་བདག་གི་བསམ་སྦྱོར་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཁྱེན་ངེས་སོ་སྙམ་པས་བླ་མ་དཀོན་མཆོག་ལ་དད་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་དང་། དེའི་ཆེད་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་འདུན་པ་དྲག་པོ་དང་མ་བྲལ་བའི་ལྷག་པའི་བསམ་པ་ཡང་ནས་ཡང་དུ་བསྐྱེད་ཅིང་རྒྱུན་དུ་གོམས་པར་བྱའོ། །མཐར་ཚོགས་ཞིང་རྣམས་དགྱེས་པས་འོད་དུ་ཞུ་ནས་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ་པས་སྐྱབས་ཡུལ་རྣམས་ཀྱི་ཐུགས་རྒྱུད་ན་བཞུགས་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གནས་ལུགས་རྟོགས་པའི་ལྟ་བ་ཕྱིན་ཅི་མ་ལོག་པ་དེ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པར་མོས་ལ་མི་དམིགས་པའི་ངང་ལ་དར་ཅིག་མཉམ་པར་བཞག་རྗེས་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་སྟེ། དེ་ལ་བདག་གཞན་མཉམ་པ་ནི། འདི་ལྟར་སེམས་ཅན་ཐམས་ཅད་དང་བདག་གཉིས། བདག་ཉིད་བདེ་བར་འདོད་པ་དང་། སྡུག་བསྔལ་མི་འདོད་པ་དང་། རྟག་ཏུ་སྐྱིད་ཅིང་ལེགས་ན་དགའ་བར་ཆབས་ཅིག་སྟེ་མཉམ་པ་ཡིན་ཀྱང་། སེམས་ཅན་རྣམས་ཀྱི་ནི་དེའི་རྒྱུ་དགེ་སྡིག་ངོ་མ་ཤེས་ཤིང་བླང་དོར་གྱི་གནས་ལ་རྨོངས་པས་རྟག་ཏུ་སྡུག་བསྔལ་གསུམ་ལ་སྤྱོད་པ་འདི་སྙིང་རེ་རྗེ། ཀྱེ་མ་སེམས་ཅན་བདེ་བ་དང་མི་ལྡན་པ་རྣམས་བདེ་བ་དང་འཕྲད་སྡུག་བསྔལ་གྱི་ཉམ་ཐག་པ་རྣམས་སྡུག་བསྔལ་དང་བྲལ། བདེ་ཞིང་སྐྱིད་པ་རྣམས་དགའ་བདེ་དེ་དང་དུས་རྟག་ཏུ་མི་འབྲལ། ཉེ་རིང་ཆགས་སྡང་ཅན་རྣམས་ཆགས་སྡང་མེད་པའི་སེམས་བཏང་སྙོམས་ལ་གནས། ཀུན་ཀྱང་ཐར་པའི་ལམ་ལ་ཞུགས་ཏེ་རྟག་ཏུ་དགེ་བའི་ཆོས་ལ་སྤྱོད་ཅིང་། བདག་དང་སེམས་ཅན་ཐམས་ཅད་མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག་སྙམ་དུ་སྙིང་ཐག་པ་ནས་འདུན་པ་དྲག་པོས་བསྒོམས། དེ་ནས་བདག་གཞན་བརྗེ་བ་ནི། གང་སྙིང་རྗེ་བའི་སེམས་ཅན་གཅིག་ཐོག་མར་མདུན་དུ་བསམས་ནས། རང་གི་བདེ་བ་དང་ལེགས་པ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད་བློས་ལིངས་ཀྱིས་ཕུད་དེ་གོས་གཡོགས་པ་ལྟར་དེ་ལ་བྱིན་པས་དེ་ཉིད་བདེ་ཞིང་སྐྱིད། སེམས་ཅན་དེའི་སྡུག་བསྔལ་དང་ཉེས་པ་ཅི་ཡོད་པ་ཐམས་ཅད་ཚུར་བླངས་ཏེ། རང་གི་སྟེང་དུ་བཞག་པས་རང་སྡུག་བསྔལ་བ་དང་གཞན་སྡུག་བསྔལ་བ་དང་བྲལ་བ་ལ་དགའ་བ་བསྐྱེད་དེ་དང་དུ་བླངས་པ་ནི་གོས་བརྗེ་བ་ལྟར་བྱ་ཞིང་། དེ་ལྟར་འབྱོང་དུས་དབུགས་ཕར་རྒྱུ་བ་ན་བདག་གི་བདེ་བ་སེམས་ཅན་ལ་སྦྱིན། ཚུར་རྔུབ་དུས་སེམས་ཅན་གྱི་སྡུག་བསྔལ་ཚུར་དང་དུ་བླང་སྟེ་སྦྱངས། དེ་ལྟར་སེམས་ཅན་གཅིག་ནས་ཐམས་ཅད་ཀྱི་རབ་དུ་གཏོང་ལེན་སྤེལ་མར་བྱ། མཐར་བུ་གཅིག་པའི་མ་བུ་ལ་བརྩེ་བ་བཞིན་དུ་བདག་འཁོར་བར་གནས་རུང་། ན་རུང་། ཤི་རུང་། ཉམས་ཉེས་ཅི་བྱུང་ཡང་བཟོད་ཀྱི། མ་སེམས་ཅན་འདི་རྣམས་འཁོར་བར་འཁྱམས་ཤིང་སྡུག་བསྔལ་བ་ག་ལ་བཟོད་སྙམ་དུ་བརྩེ་སེམས་ཐུན་མོང་མ་ཡིན་པ་བསྐྱེད་ཅིང་། སེམས་ཅན་ཐམས་ཅད་ཀྱི་གཉེར་ཁ་ང་ལ་ཡོད་སྙམ་དུ། དགྲ་གཉེན་བར་མའི་འགྲོ་བ་གང་ཅི་མཐོང་བ་དང་ཐོས་པའི་སེམས་ཅན་རྣམས་ཀྱིས་མཚོན་ནས་ནམ་མཁའི་མཐར་ཁྱབ་པའི་སེམས་ཅན་ཐམས་ཅད་ལ་ལྷག་པའི་བྱང་ཆུབ་སེམས་ཀྱིས་བལྟ་ཞིང་གོམས་པར་བྱ་བ་ཅི་ནས་གལ་ཆེའོ། །ཐུན་རྗེས་སུ་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་བསྔོ་བས་རྒྱས་གདབ་པར་བྱ་ཞིང་། ཐུན་མཚམས་རྣམས་སུའང་དེའི་ཉམས་བསྐྱངས་ཤིང་རྟག་ཏུ་སེམས་ཅན་ལ་ཕན་པར་བརྩོན་པ་དང་། ཁྱད་པར་སངས་རྒྱས་ཕལ་པོ་ཆེའི་སྤྱོད་ཡུལ་ཡོངས་སུ་དག་པ་ལས་གསུངས་པ། བྱང་ཆུབ་སེམས་དཔའ་ཁང་བུའི་ནང་དུ་འཇུག་པའི་ཚེ། སེམས་ཅན་ཐམས་ཅད་ཀྱིས་ཐར་པའི་གྲོང་ཁྱེར་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ། །དེ་བཞིན་དུ། ཉལ་བའི་ཚེ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག རྨི་ལམ་རྨིས་པ་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པར་གྱུར་ཅིག གཉིད་སད་པ་ན་མ་རིག་པ་ལས་སད་པར་གྱུར་ཅིག ལྡང་བ་ན་སངས་རྒྱས་ཀྱི་གཟུགས་སྐུ་ཐོབ་པར་གྱུར་ཅིག གོས་གྱོན་པ་ན་ངོ་ཚ་ཁྲེལ་ཡོད་ཀྱི་གོས་གྱོན་པར་གྱུར་ཅིག སྐ་རགས་འཆིང་བ་ན་དགེ་བའི་རྩ་བ་དང་འབྲེལ་བར་གྱུར་ཅིག སྟན་ལ་འདུག་པ་ན་རྡོ་རྗེའི་གདན་ཐོབ་པར་གྱུར་ཅིག རྒྱབ་བརྟེན་པ་ན་བྱང་ཆུབ་ཀྱི་ཤིང་ཐོབ་པར་གྱུར་ཅིགམེ་བཏང་བ་ན་ཉོན་མོངས་པའི་བུད་ཤིང་བསྲེག་པར་གྱུར་ཅིག མེ་འབར་བ་ན་ཡེ་ཤེས་ཀྱི་མེ་འབར་བར་གྱུར་ཅིག གཡོས་ཟིན་པ་ན་ཡེ་ཤེས་ཀྱི་བདུད་རྩི་ཐོབ་པར་གྱུར་ཅིག ཁ་ཟས་བཟའ་བ་ན་བསམ་གཏན་གྱི་ཟས་ཐོབ་པར་གྱུར་ཅིག ཕྱིར་འགྲོ་བ་ན་འཁོར་བའི་གྲོང་ལས་ཐར་བར་གྱུར་ཅིག སྐས་ལ་འབབ་པ་ན་སེམས་ཅན་གྱི་དོན་ལ་འཁོར་བར་འཇུག་པར་གྱུར་ཅིག སྒོ་འབྱེད་པ་ན་ཐར་པའི་གྲོང་གི་སྒོ་འབྱེད་པར་འགྱུར་ཅིག སྒོ་གཅོད་པ་ན་ངན་སོང་གི་སྒོ་གཅོད་པར་གྱུར་ཅིག ལམ་དུ་འཇུག་པ་ན་འཕགས་པའི་ལམ་དུ་འཇུག་པར་གྱུར་ཅིག གྱེན་ལ་འགྲོ་བ་ན་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་བདེ་བ་ལ་འགོད་པར་གྱུར་ཅིག ཐུར་ལ་འབབ་པ་ན་ངན་སོང་གསུམ་རྒྱུན་གཅོད་པར་གྱུར་ཅིག སེམས་ཅན་དང་ཕྲད་པ་ན་སངས་རྒྱས་དང་མཇལ་བར་གྱུར་ཅིག རྐང་པ་འཇོག་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་ལ་འགྲོ་བར་གྱུར་ཅིག རྐང་པ་འདེགས་པ་ན་འཁོར་བ་ནས་འདོན་པར་གྱུར་ཅིག རྒྱན་དང་ལྡན་པ་མཐོང་ན་མཚན་དཔེའི་རྒྱན་ཐོབ་པར་གྱུར་ཅིག རྒྱན་མེད་པ་མཐོང་ན་སྦྱངས་པའི་ཡོན་ཏན་དང་ལྡན་པར་གྱུར་ཅིག སྣོད་གང་བ་མཐོང་ན་ཡོན་ཏན་གྱིས་གང་བར་གྱུར་ཅིག སྟོང་པ་མཐོང་ན་སྐྱོན་གྱིས་སྟོང་པར་གྱུར་ཅིག སེམས་ཅན་དགའ་བ་མཐོང་ན་ཆོས་ལ་དགའ་བར་གྱུར་ཅིག མི་དགའ་བར་མཐོང་ན་འདུས་བྱས་ཀྱི་དངོས་པོ་ལ་མི་དགའ་བར་གྱུར་ཅིག སེམས་ཅན་བདེ་བ་མཐོང་ན་སངས་རྒྱས་ཀྱི་བདེ་བ་ཐོབ་པར་གྱུར་ཅིག སྡུག་བསྔལ་བ་མཐོང་ན་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག ནད་པ་མཐོང་ན་ནད་ལས་གྲོལ་བར་གྱུར་ཅིག དྲིན་དུ་གཟོ་བ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དྲིན་ལན་ལྡོན་པར་གྱུར་ཅིག དྲིན་དུ་མི་གཟོ་བ་མཐོང་ན་ལྟ་བ་ལོག་པ་ལ་དྲིན་དུ་མི་གཟོ་བར་གྱུར་ཅིག རྒོལ་བ་མཐོང་ན་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་ནུས་པར་གྱུར་ཅིག བསྟོད་པ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པར་གྱུར་ཅིག ཆོས་ཀྱི་གཏམ་བྱེད་པ་མཐོང་ན་སངས་རྒྱས་ཀྱི་སྤོབས་པ་ཐོབ་པར་གྱུར་ཅིག སྐུ་གཟུགས་མཐོང་ན་སངས་རྒྱས་ཐམས་ཅད་མཐོང་བ་ལ་སྒྲིབ་པ་མེད་པར་གྱུར་ཅིག མཆོད་རྟེན་མཐོང་ན་འགྲོ་བ་ཐམས་ཅད་ཀྱི་མཆོད་རྟེན་དུ་འགྱུར་བར་གྱུར་ཅིག ཚོང་བྱེད་པར་མཐོང་ན་འཕགས་པའི་ནོར་བདུན་ཐོབ་པར་གྱུར་ཅིག ཕྱག་འཚལ་བ་མཐོང་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤྱི་གཙུག་པ་བལྟར་མི་མངོན་པ་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཞེས་གསུངས་པ་དང་། གཞན་ཡང་། སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་བསྒོམ་པར་བྱ་སྟེ། བདག་གིས་དུས་ནམ་ཞིག་ན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་ནུས་པར་འགྱུར་སྙམ་པ་དང་། དེ་བཞིན་དུ་ནམ་ཞིག་དབུལ་བས་ཉེན་པའི་སེམས་ཅན་རྣམས་བདག་གིས་འབྱོར་པ་ཆེན་པོ་ལ་འཇོག་ནུས་སྙམ་པ་དང་། ནམ་ཞིག་ཤ་ཁྲག་དང་བཅས་པའི་ལུས་འདིས་སེམས་ཅན་གྱི་དོན་བྱེད་ནུས་སྙམ་པ་དང་། ནམ་ཞིག་བདག་དམྱལ་བར་ཡུན་རིང་དུ་གནས་ནས་ཀྱང་སེམས་ཅན་ལ་ཕན་འདོགས་ནུས་སྙམ་པ་དང་། ནམ་ཞིག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཆེན་པོས་སེམས་ཅན་གྱི་རེ་བ་རྫོགས་པར་བྱེད་ནུས་སྙམ་པ་དང་། ནམ་ཞིག་བདག་སངས་རྒྱས་སུ་གྱུར་ནས་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ངེས་པར་འབྱིན་ནུས་སྙམ་པ་དང་། བདག་དུས་ནམ་དུ་ཡང་སེམས་ཅན་ལ་མི་ཕན་པའི་སྐྱེ་བ་དང་། དོན་དམ་པའི་རོ་ལ་གཅིག་ཏུ་སྤྱོད་པ་དང་། སྐྱེ་བོ་ཐམས་ཅད་ལ་སེམས་དགའ་བར་མི་བྱེད་པའི་ཚིག་དང་། གཞན་ལ་མི་ཕན་པའི་འཚོ་བ་དང་ལུས་དང་ཤེས་རབ་དང་ནོར་དང་དབང་ཕྱུག་དང་ལྡན་པ་དང་། གཞན་ལ་གནོད་པ་བྱེད་པ་ལ་དགའ་བར་ཚེ་རབས་ཐམས་ཅད་དུ་མ་གྱུར་ཅིག་སྙམ་པ་དང་། སེམས་ཅན་གྱི་སྡིག་པའི་འབྲས་བུ་བདག་ལ་སྨིན་ཅིང་། བདག་གི་དགེ་བའི་འབྲས་བུ་སེམས་ཅན་ལ་སྨིན་ནས་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག་སྙམ་དུ་བསམ་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་སྨོན་ལམ་གྲངས་མེད་པ་འབུམ་ཕྲག་བཅུ་ཡང་སྨོན་ལམ་ཆེན་པོ་བཅུར་འདུ་བ་ཡིན་པས། འདི་ལྟར་སྨོན་ཅིང་སེམས་སྦྱང་བར་བྱ་སྟེ། སངས་རྒྱས་ཐམས་ཅད་ལ་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་སྨོན་པ་ནི་དང་པོའོ། །དམ་པའི་ཆོས་ཐམས་ཅད་ཡོངས་སུ་བཟུང་ཞིང་བསྲུང་བར་སྨོན་པ་ནི་གཉིས་པའོ། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་མཛད་པ་ངོ་མཚར་ཅན་ཀྱི་དྲུང་དུ་ཐོགས་པ་མེད་པའི་ལུས་ཀྱིས་བདག་འགྲོ་ཞིང་བྱ་བ་ཁྱད་པར་ཅན་བྱེད་པར་སྨོན་པ་ནི་གསུམ་པའོ། །རྟག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྤྱོད་པར་སྨོན་པ་ནི་བཞི་པའོ། །བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པར་སྨོན་པ་ནི་ལྔ་པའོ། །འཚང་རྒྱ་བར་འགྱུར་བའི་ཞིང་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་འགྲུབ་པར་སྨོན་པ་ནི་དྲུག་པའོ། །མངོན་པར་སྒྲུབ་པའི་ཞིང་ཁམས་རྣམས་ཀྱང་མཐའ་ཡས་པ་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ཅན། བྱང་ཆུབ་སེམས་དཔའ་མཆོག་གིས་ག ང་བ་སོགས་དག་པ་རབ་འབྱམས་འབའ་ཞིག་ཏུ་སྦྱོང་བར་སྨོན་པ་ནི་བདུན་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བདག་ཉིད་བསམ་སྦྱོར་གཅིག་པར་སྨོན་པ་ནི་བརྒྱད་པའོ། །སྤྱོད་པ་དང་ཉམས་ལེན་ཐམས་ཅད་དོན་གྱི་མཆོག་ཁོ་ན་མཐའ་ཡས་པར་འགྲུབ་པར་སྨོན་པ་ནི་དགུ་པའོ། །ནམ་མཁའི་མཐར་གཏུགས་པ་ཐམས་ཅད་དུ་མཛད་པ་མཐའ་ཡས་པ་སྟོན་པའི་ཚུལ་གྱིས་མངོན་པར་རྫོགས་པའི་སངས་རྒྱས་པར་སྨོན་པ་ནི་བཅུ་པའོ། །དེ་ཐམས་ཅད་ཀྱང་མཐའ་ཐུག་པ་མེད་པའི་ཚུལ་གྱིས་འདུན་ཞིང་སྨོན་པ་དང་སེམས་སྦྱང་བར་བྱ་བ་ནི་ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱི་རྩ་བ་མེད་དུ་མི་རུང་བ་སྟེ། འཕགས་པ་བཟང་པོ་སྤྱོད་པ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་ཤིང་། ཚུལ་འདི་ལྟ་བུ་ལ་ལན་གཅིག་ཙམ་དུ་དད་པ་སྐྱེས་པའང་བསོད་ནམས་ཚད་མེད་པའི་འཇུག་ངོགས་ཏེ། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བ་མཆོག་རྣམས་ཀྱང་། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་གཅིག་ཙམ་ཡང་དད་པ་བསྐྱེད་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་རྣམས་ཀྱིས་བསོད་ནམས་ཡོངས་སུ་སྡུད་པའི་ཏིང་ངེ་འཛིན་གྱི་མཆོག་བླ་ན་མེད་པ་ཡིན་ནོ། །གསུམ་པ་རྗེས་བསླབ་བྱ་སྲུང་ཚུལ་ཕན་ཡོན་དང་བཅས་བཤད་པ་ནི། དེ་ཡང་སྤྱིར་བྱང་ཆུབ་སེམས་དཔའི་བསླབ་བྱ་ཐམས་ཅད་གཞན་ཕན་གཞིར་བཅས་སྒྲུབ་པ་ལ་འདུ་བ་ཡིན་ཡང་། ད་ལྟ་རང་རེ་སོ་སྐྱེ་ལས་དང་པོ་པའི་སྐབས་འདིར་སྦྱོར་བས་དངོས་སུ་སེམས་ཅན་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་དཀའ་ཞིང་བྱ་དཀའ་བའི་གནས་ལ་འཇུག་མི་ནུས་ནའང་། གཙོ་བོར་ཀུན་སློང་གི་བསམ་པ་གཞན་ཕན་འབའ་ཞིག་ཁོང་དུ་བཅུག་ནས། སྦྱོར་བ་རང་རྒྱུད་ཀྱི་ཉེས་སྤྱོད་སྡོམ་ཞིང་དགེ་ཆོས་སྤེལ་བའི་སྒོ་ནས་རང་གི་རྒྱུད་ཀྱི་འཆིང་བ་གྲོལ་བའི་ཐབས་ལ་བརྩོན་པས་དེས་གཞན་དོན་ཡང་ཞར་ལ་འགྲུབ། ནམ་འཕགས་ས་ཐོབ་ནས་གཞན་དོན་ནུས་པའི་སྐབས་སུ་སྐད་ཅིག་ཀྱང་མི་གཡེལ་བར་བསམ་སྦྱོར་གཉིས་ཀ་གཞན་ཕན་འབའ་ཞིག་སྒྲུབ་པས་དེས་རང་དོན་དུ་སྤངས་རྟོགས་ཀྱང་ཞར་ལ་རྫོགས་ནས། མཐར་ཕྱིན་སངས་རྒྱས་ཀྱི་ས་ན་རང་གཞན་གྱི་དོན་གཉིས་འབད་མེད་ལྷུན་གྲུབ་ཀྱི་ཚུལ་དུ་འབྱུང་བས་ན། རང་གི་ལུས་དང་ལོངས་སྤྱོད་དགེ་ཚོགས་བཅས་ནུས་པ་དང་འཚམ་པར་བཏང་བསྲུང་དག་པ་སྤེལ་བའི་ཚུལ་ལ་མཁས་པར་བྱ་ཞིང་། དེ་ལ་དབྱེ་ན་བཞི། བསྲུང་བྱའི་བསླབ་པ་ངོས་བཟུང་བ། དེ་ཉིད་མི་ཉམས་པར་ཇི་ལྟར་སྲུང་བའི་ཚུལ། ཉམས་ན་ཉེས་དམིགས་དང་གསོ་ཚུལ་བསྟན་པ། དེ་ལྟར་བསླབ་པའི་ཕན་ཡོན་བསྟན་པའོ། །དང་པོ་ལ་གཉིས། བསླབ་བྱ་རྒྱས་པར་དབྱེ་བ་དང་། བསྡུས་ཏེ་བསྟན་པའོ། །དེའི་དང་པོ་ལ་གཉིས། སྨོན་པའི་བསླབ་བྱ་དང་། འཇུག་པའི་བསླབ་བྱའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུས། སེམས་ཅན་བློས་མི་གཏོང་བ་དང་། །སེམས་དེའི་ཕན་ཡོན་དྲན་བྱ་དང་། །ཚོགས་གཉིས་གསོག་པར་བྱ་བ་དང་། །ཡང་ཡང་བྱང་སེམས་སྦྱོང་བ་དང་། །དཀར་ནག་ཆོས་བརྒྱད་བླང་དོར་ཏེ། །ལྔ་པོས་སྨོན་པའི་བསླབ་བྱ་བསྡུས། །ཞེས་གསུངས་ཏེ། དེ་ལ་དང་པོ་སེམས་ཅན་བློས་མི་འདོར་བ་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་མི་འཆོར་བའི་ཐབས་སམ་རྒྱུའི་གཙོ་བོ་སྟེ། མ་དྲོས་པས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཏེ། ཆོས་གཅིག་པོ་གང་ཞེ་ན། སེམས་ཅན་བློས་ཡོངས་སུ་མི་བཏང་བའི་སེམས་སོ། །ཞེས་སོ། །གཉིས་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་དྲན་པ་ནི། བྱང་ཆུབ་ཀྱི་སེམས་དེ་མི་ཉམས་པའི་ཐབས་ཡིན་པས་རྒྱས་པར་སྡོང་པོ་བཀོད་པ་སོགས་ལས་གསུངས་པ་དང་། བསྡུ་ན་བྱམས་སྨོན་ལས་གསུངས་པ་འདི་ལྟ་བུ་དུས་རྒྱུན་དུ་ངག་ཏུ་བརྗོད་ཅིང་བསམ་པར་བྱ་བ་སྟེ། ངན་སོང་ཐམས་ཅད་ཟློག་བགྱིད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པའི། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །གསུམ་པ་དུས་རྒྱུན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། བྱང་ཆུབ་ཀྱི་སེམས་དེའི་སྟོབས་བསྐྱེད་པའི་ཐབས་ཏེ། ཚོགས་ཀྱི་གཏམ་ལས། དེ་རིང་བདག་གི་བསོད་ནམས་དང་། །ཡེ་ཤེས་ཚོགས་ནི་གང་བྱ་དང་། །སེམས་ཅན་ཕན་པ་གང་བྱ་ཞེས། །བྱང་ཆུབ་སེམས་དཔས་རྟག་ཏུ་བསམ། །ཞེས་སོ། །བཞི་པ་ཡང་ནས་ཡང་དུ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། བྱང་ཆུབ་ཀྱི་སེམས་དེ་གོང་ནས་གོང་དུ་འཕེལ་བའི་ཐབས་ཏེ། བྱམས་སོགས་ཚད་མེད་བཞི་ལ་བློ་སྦྱོང་བ་དང་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་ཉིན་མཚན་དུས་དྲུག་ཏུ་བྱང་སྡོམ་རང་སྟོབས་ཀྱིས་ལེན་པ་རྣམས་ཏེ། ཀུན་མཁྱེན་ཆོས་རྗེས། འགྲོ་བའི་སྡུག་བསྔལ་བདག་གིས་བླང་བྱ་ཞིང་། །བདག་གི་བདེ་བས་འགྲོ་བ་བདེ་འགྱུར་ཏེ། །བྱང་ཆུབ་བར་དུ་དེ་དང་མི་འབྲལ་ཤོག །སྙམ་དུ་གཏོང་ལེན་སྤེལ་མར་སྤྱད་བྱ་ཞིང་། །སྨོན་པའི་བསླབ་བྱ་ཚད་མེད་བཞི་པོ་བསྒོམ། །དེ་ཡི་མི་མཐུན་ཕྱོགས་སྤངས་སེམས་བསྲུང་བྱ། །ཞེས་དང་། རྒྱལ་སྲས་ཞི་བ་ལྷས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་སོ། །ཞིབ་པར་ཁོ་བོས་བྱས་པའི་བློ་སྦྱོང་གི་གཞུང་དུ་གསལ་ལོ། །དུས་དྲུག་ཏུ་སེམས་བསྐྱེད་ལེན་ཚུལ་ཡང་། བྱང་མཆིས་མ་ལྟ་བུ་སྤྱི་ལྟར་དང་། བསྡུ་ན་སངས་རྒྱས་ཆོས་ཚོགས་མ་ཙམ་གྱིས་བྱ་སྟེ་ཚིག་འདི་ནི་ཇོ་བོས་མཛད་པའི་སེམས་བསྐྱེད་ཆོ་ག་ལས་ཀྱང་གསུངས་ལ་བླ་མའི་དམར་ཁྲིད་ནས་ཀྱང་འབྱུང་ངོ་། །ལྔ་པ་དཀར་ནག་ཆོས་བརྒྱད་ལ་བླང་དོར་བྱ་བ་ནི། བྱང་ཆུབ་ཀྱི་སེམས་དེ་ཉིད་ཚེ་རབས་ཐམས་ཅད་དུ་མི་བརྗེད་པའི་ཐབས་ཏེ། དེ་ལ་སྤང་བྱ་ནག་པོའི་ཆོས་བཞི་ནི། དཀོན་མཆོག་བརྩེགས་པར་འོད་སྲུང་གིས་ཞུས་པའི་ལེའུ་ལས། འོད་སྲུང་། ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། བླ་མ་དང་མཆོད་པར་འོས་པ་བསླུ་བ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང་། སེམས་སྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྡང་སེམས་ཀྱིས་སྐྱོན་ནས་བརྗོད་པ་དང་། སེམས་ཅན་ལ་གཡོ་སྒྱུས་སྤྱོད་པའོ། །ཞེས་སོ། །འདི་བཞི་བྱུང་ནས་གཉེན་པོས་མ་བསླེབས་པར་ཉིན་ཞག་གཅིག་འདས་ན་སྨོན་སེམས་ཀྱི་སྡོམ་པར་འཆོར་བར་བླ་མའི་དམར་ཁྲིད་ལས་གསུངས། དེ་བཞི་ལས་ལྡོག་པ་ནི། དཀར་པོའི་ཆོས་བཞི་ཡིན་པས་སོ་སོའི་གཉེན་པོར་བརྟེན་ཅིང་སྒྲུབ་པར་བྱ་སྟེ། མདོ་དེ་ཉིད་ལས། འོད་སྲུང་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་མི་འགྱུར་ཏེ། བཞི་གང་ཞེ་ན། ཤེས་བཞིན་དུ་རྫུན་དུ་མི་སྨྲ་བ་དང་། བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་སྐྱེད་པ་དང་། སེམས་ཅན་ལ་གཡོ་སྒྱུ་མེད་པར་ལྷག་པའི་བསམ་པ་ལ་གནས་པ་དང་། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་ཡང་དག་པར་འགོད་པའོ། །ཞེས་སོ། །གཞན་ཡང་བྱང་ཆུབ་སེམས་དེ་བརྟན་པའི་ཐབས་སུ་འདུ་ཤེས་བཞི་བསྐྱེད་པར་བྱ་སྟེ། ཏིང་འཛིན་རྒྱལ་པོ་ལས། གཞོན་ནུ། འདུ་ཤེས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྟན་པོར་འགྱུར་ཏེ། བཞི་གང་ཞེན། ཡང་དག་པའི་དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་དང་། དེས་བསྟན་པའི་ཆོས་ལ་ལམ་གྱི་འདུ་ཤེས་དང་། དེ་བསྒྲུབ་པ་རྣམས་ལ་ལམ་གྲོགས་ཀྱི་འདུ་ཤེས་དང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་སོ། །ཞེས་སོ། །དེས་ན་ཀུན་མཁྱེན་ཆོས་རྗེས། མདོར་ན་ནག་པོའི་ཆོས་བཞི་སྤང་བྱ་ཞིང་། །དཀར་པོའི་ཆོས་བཞིི་དག་ལ་ནན་ཏན་བྱ། །ཞེས་གསུངས་སོ། །གཉིས་པ་ནི། ཀུན་མཁྱེན་བླ་མས། འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་སྤྱད། །དེ་ཡི་མི་མཐུན་ཕྱོགས་སྤང་བརྩོན་པར་བྱ། །ཞེས་དང་། མཉམ་མེད་སྒམ་པོ་པས། སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་སྟེ། །དེ་ལྟར་རྣམ་པ་དྲུག་པོ་འདིས། །འཇུག་པའི་སེམས་བསྐྱེད་བསླབ་བྱ་བསྡུས། །ཞེས་དང་། ལག་བཟང་གིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར། ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་ལ་རྟག་ཏུ་རྒྱུན་དུ་ཡོངས་སུ་རྫོགས་པར་བྱའོ། །དྲུག་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། དྲུག་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། ཞེས་གསུངས། འདི་ལ་གཉིས། རྣམ་གཞག་སྤྱིར་བསྟན་པ་དང་། ཡན་ལག་ཕྱེ་སྟེ་རྒྱས་པར་བཤད་པའོ། །དང་པོ་ནི། རྗེ་སྒམ་པོ་པས། གྲངས་ངེས་གོ་རིམ་ངེས་པ་དང་། །མཚན་ཉིད་དང་ནི་ངེས་ཚིག་དང་། །རབ་ཏུ་དབྱེ་དང་བསྡུ་བ་སྟེ། །དྲུག་གིས་ཕ་རོལ་ཕྱིན་དྲུག་བསྡུས། །ཞེས་གསུངས་ཏེ། དེ་ལ་གྲངས་ངེས་ནི། མངོན་མཐོ་དང་ངེས་ལེགས་གཉིས་ཀྱི་དབང་དུ་བྱས་ཏེ། ལོངས་སྤྱོད་ཀྱི་དོན་དུ་སྦྱིན་པ། ལུས་ཀྱི་དོན་དུ་ཚུལ་ཁྲིམས། འཁོར་གྱི་དོན་དུ་བཟོད་པ་སྟེ་མངོན་མཐོའི་དོན་དུ་གསུམ་དང་། ཡོན་ཏན་འཕེལ་བར་བྱེད་པའི་དོན་དུ་བརྩོན་འགྲུས། ཞི་གནས་ཀྱི་དོན་དུ་བསམ་གཏན། ལྷག་མཐོང་གི་དོན་དུ་ཤེས་རབ་སྟེ། ངེས་ལེགས་ཀྱི་དོན་དུ་གསུམ་བཅས་དྲུག་ཏུ་ངེས་ཏེ། མདོ་རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང་། །འཁོར་ནི་ཕུན་སུམ་ཚོགས་པ་མངོན་མཐོ་དང་། །ཞེས་སོགས་ཀྱིས་བསྟན་པ་བཞིན་དང་། ཡང་ན་བྱང་ཆུབ་སེམས་ཀྱི་སྒྲུབ་པའི་ཆོས་ཐམས་ཅད་བསླབ་པ་གསུམ་དུ་འདུ་བ་ལ་ལྟོས་ནས་དྲུག་ཏུ་གྲངས་ངེས་ཏེ། སྦྱིན་པ་རྒྱུ་དང་ཚུལ་ཁྲིམས་ངོ་བོ་དང་བཟོད་པ་ཁྱད་པར་རམ་འབྲས་བུའི་སྒོ་ནས་དེ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། བསམ་གཏན་ནི་ཏིང་ངེ་འཛིན་དང་། ཤེས་རབ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་དངོས་ཏེ། བརྩོན་འགྲུས་ནི་དེ་ཐམས་ཅད་ཀྱི་གྲོགས་སུ་འགྱུར་བས་ཏེ། དེ་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱི་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་སོ། །གོ་རིམ་ནི། སྦྱིན་པས་ལུས་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ལེན། དགེ་སྦྱོང་གི་ཆོས་བཞི་དང་ལྡན་པ་ལས་བཟོད་པ་འབྱུང་། བཟོད་པ་དང་ལྡན་ན་བརྩོན་འགྲུས་བརྩམས་ནུས། བརྩོན་འགྲུས་བརྩམས་ན་ཏིང་ངེ་འཛིན་སྐྱེ། ཏིང་ངེ་འཛིན་ལ་སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་འབྱུང་བས་རྒྱུ་འབྲས་ཀྱི་གོ་རིམ་དང་། ཡང་ཚུལ་ཁྲིམས་ཀྱི་གཏམ་ལས། རྒྱ་མཚོ་དང་ནི་གླང་རྗེས་ཀྱི། །ཁྱད་པར་དག་ནི་གང་ཡིན་པ། །སྦྱིན་པ་དང་ནི་ཚུལ་ཁྲིམས་ཀྱི། །ཁྱད་པར་དག་ནི་དེ་ཡིན་ནོ། །ཞེས་པ་ལྟར་སྔ་མ་དམན་ལ་ཕྱི་མ་མཆོག་ཡིན་པས་དམན་མཆོག་གི་གོ་རིམ་དང་། སྦྱིན་པ་ཤན་པ་རྣམས་དང་ནི། །རིགས་ངན་དག་ཀྱང་སྦྱིན་པར་བྱེད། །གང་ཡང་རུང་བའི་ཚུལ་ཁྲིམས་ནི། །ཡོངས་སུ་བསྲུང་བར་མི་ནུས་སོ། །ཞེས་སོགས་གསུངས་པ་བཞིན་སྔ་མ་རྣམས་རགས་པས་སྒྲུབ་སླ་ལ་ཕྱི་མ་རྣམས་ཕྲ་བས་སྒྲུབ་དཀའ་བའི་ཕྱིར་ཏེ། མདོ་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་བཞིན་བསྟན་པ་ཡིན། །ཞེས་སོ། །མཚན་ཉིད་ནི། ཁྱད་ཆོས་བཞི་ལྡན་ཏེ། སྦྱིན་སོགས་རང་རང་གི་མི་མཐུན་ཕྱོགས་སེར་སྣ་སོགས་ཉམས་པར་བྱེད་པ་དང་། གྲོགས་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པ་དང་། བྱེད་ལས་ཐབས་དེས་སེམས་ཅན་གཞན་གྱི་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། ཐབས་དེས་གདུལ་བྱའི་རྒྱུད་སྐལ་བ་དང་འཚམ་པར་ཡོངས་སུ་སྨིན་པར་བྱེད་པ་རྣམས་ཏེ། དེ་ཉིད་ལས། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་དང་། དེ་བཞིན་དུ་ཚུལ་ཁྲིམས་སོགས་ལའང་སྦྱར་ཏེ་གསུངས་སོ། །ངེས་ཚིག་ནི། ཐུན་མོང་དུ་འཇིག་རྟེན་པ་དང་ཉན་རང་གི་དགེ་བ་ཀུན་ལས་ཕུལ་དུ་བྱུང་ཞིང་སྲིད་ཞི་གཉིས་ཀའི་ཕ་རོལ་དུ་འགྲོ་བས་ན་ཕ་རོལ་ཕྱིན་པའོ། །བྱེ་བྲག་ཏུ་དབུལ་བ་འདོར་བར་བྱེད་པས་སྦྱིན་པ། བསིལ་བ་ཐོབ་པར་བྱེད་པས་ཚུལ་ཁྲིམས། ཁྲོ་བ་བཟོད་པས་བཟོད་པ། མཆོག་གམ་དགེ་ལ་སྦྱོར་བས་བརྩོན་འགྲུས། ཡིད་ནང་དུ་འཛིན་པས་བསམ་གཏན། དོན་དམ་པའི་གནས་ལུགས་ཤེས་པས་ཤེས་རབ་སྟེ། དེ་ཉིད་ལས། དབུལ་བ་འདོར་བར་བྱེད་པ་དང་། །བསིལ་བ་ཐོབ་དང་ཁྲོ་བཟོད་དང་། །མཆོག་སྦྱོར་བ་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་སོ། །དབྱེ་ན། སྦྱིན་སོགས་དྲུག་པོ་རེ་རེ་ལའང་དྲུག་རེ་དབྱེ་སྟེ། གཞན་ཕ་རོལ་དུ་ཕྱིན་པ་དྲུག་ལ་འགོད་པ་སྦྱིན་པའི་སྦྱིན་པ་སོགས་སོ་སོའི་སྦྱིན་པ་དང་། དེ་བཞིན་དུ་རང་རང་གི་མི་མཐུན་ཕྱོགས་སེར་སྣ་ཚུལ་འཆལ་ཁོང་ཁྲོ་རྣམ་གཡེང་ཤེས་འཆལ་རྣམས་ཀྱིས་མ་གོས་པར་སྤྱོད་པ་སོ་སོའི་ཚུལ་ཁྲིམས། རང་རང་གི་དཀའ་སྤྱད་བཟོད་པས་སྤྱོད་པ་སོ་སོའི་བཟོད་པ། དགའ་སྤྲོ་དང་བཅས་པས་སྤྱོད་པ་སོ་སོའི་བརྩོན་འགྲུས། དེ་ལྟར་བརྩོན་པས་སེམས་ཟིན་ཏེ་གཞན་དུ་མི་གཡེང་བས་སྤྱོད་པ་སོ་སོའི་བསམ་གཏན། འཁོར་གསུམ་དུ་མི་རྟོག་པའི་སྒོ་ནས་ཕྱིན་དྲུག་ལ་སློབ་པ་སོ་སོའི་ཤེས་རབ་སྟེ་སུམ་ཅུ་རྩ་དྲུག་ཏུ་འགྱུར་བར། མངོན་རྟོགས་རྒྱན་ལས། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་སོ། །དེའི་སྟེང་དུ་ཨོ་རྒྱན་དུས་གསུམ་མཁྱེན་པས་ཐབས་སྟོབས་སྨོན་ལམ་ཡེ་ཤེས་བཞི་བསྣན་ཏེ། བླ་མའི་དམར་ཁྲིད་ལས། ལན་ལ་རེ་བ་མེད་པའི་སྦྱིན་པས་སེར་སྣ་དང་དབུལ་བ་འཇོམས་པས་སྟོབས་ཀྱི་ཕར་ཕྱིན་དང་། སོ་སོའི་སྐྱེ་བོ་དང་ཐེག་པ་དམན་པའི་བསམ་པ་དང་བྲལ་བས་ཐབས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བདག་དང་སེམས་ཅན་ཐམས་ཅད་ཀྱི་དབུལ་བ་རྒྱུན་གཅོད་པར་གྱུར་ཅིག་སྙམ་དུ་གཏོང་བ་སྨོན་ལམ་གྱིི་ཕ་རོལ་དུ་ཕྱིན་པ་དང་། འཁོར་གསུམ་ཡོངས་སུ་དག་པར་གཏོང་བས་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པའོ། །དེ་བཞིན་དུ་འཁོར་བའི་འབྲས་བུ་འདོད་པ་མ་ཡིན་པའི་ཚུལ་ཁྲིམས་ཀྱིས་མི་དགེ་བ་འཇོམས་པ་སྟོབས། ཆོས་བརྒྱད་ཀྱི་བསམ་པ་དང་བྲལ་བར་སྲུང་བ་ཐབས། བདག་གཅིག་པུ་ལྷ་མི་འདོད་པ་མ་ཡིན་པར་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་རྒྱུན་ཆད་པར་མ་གྱུར་ཅིག་སྙམ་པ་སྨོན་ལམ། འཁོར་གསུམ་མི་དམིགས་པས་ཡེ་ཤེས་སོ། །ཀུན་ལ་སྙོམས་པའི་བཟོད་པས་ཁོང་ཁྲོ་འཇོམས་པས་སྟོབས། གཡོ་སྒྱུ་ལ་སོགས་པ་འཇིག་རྟེན་པའི་ཆེད་དུ་མ་ཡིན་པས་ཐབས། བདག་གཅིག་པུ་ལྷ་མིའི་གཟུགས་བཟང་པོ་འདོད་པ་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱང་མི་སྡུག་པ་རྣམས་ཞི་བར་གྱུར་ཅིག་སྙམ་པ་སྨོན་ལམ། དེ་དག་འཁོར་གསུམ་མི་དམིགས་པས་ཟིན་པ་ཡེ་ཤེས་སོ། །ཡོན་ཏན་རྗེས་སུ་དྲན་པའི་བརྩོན་འགྲུས་ཀྱིས་ལེ་ལོ་འཇོམས་པས་སྟོབས། གཞན་དང་གཞན་དུ་རེ་བ་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་མ་ཡིན་པར་བརྩོན་པ་ཐབས། སེམས་ཅན་གྱི་ལེ་ལོ་རྒྱུན་བཅད་དེ་ཡང་དག་པའི་ལམ་ལ་རྩོལ་བར་གྱུར་ཅིག་སྙམ་པས་སྨོན་ལམ། འཁོར་གསུམ་མི་དམིགས་པས་ཟིན་པ་ཡེ་ཤེས་སོ། །གཟུགས་གཟུགས་མེད་སྤངས་པའི་བསམ་གཏན་གྱིས་གཡེང་བ་འཇོམས་པས་སྟོབས། ལྷ་དང་མིའི་གོ་འཕང་འདོད་པ་མ་ཡིན་པར་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡོན་ཏན་ཕུན་སུམ་སོགས་པ་སྒྲུབ་པའི་ཕྱིར་ཐབས། སེམས་ཅན་ཐམས་ཅད་ཀྱི་གཡེང་བ་རྒྱུན་ཆད་པར་གྱུར་ཅིག་སྙམ་པ་སྨོན་ལམ། དེ་ཡང་འཁོར་གསུམ་ཡོངས་སུ་མི་དམིགས་པ་ཡེ་ཤེས་སོ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན་གྱི་ཤེས་རབ་ཀྱིས་མཚན་མའི་སྤྲོས་པ་འཇོམས་པར་བྱེད་པས་སྟོབས། དེ་ཉིད་དང་དུས་གསུམ་དུ་འབྲལ་བ་མེད་པས་ཐབས། བདག་གཞན་ཐམས་ཅད་ཡང་དག་པའི་དོན་རྟོགས་པར་གྱུར་ཅིག་སྙམ་པ་སྨོན་ལམ། རང་གི་སེམས་ཉིད་ཡེ་ནས་ཤེས་པ་ཤེས་རབ་དེ་ལྟ་བུའི་རང་བཞིན་ཡིན་པ་ལ་ཡིན་པར་ཤེས་པ་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་ཡིན་གསུངས་སོ། །བསྡུ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སུ་འདུ་སྟེ་སྦྱིན་པ་དང་ཚུལ་ཁྲིམས་གཉིས་བསོད་ནམས་ཀྱི་ཚོགས། ཤེས་རབ་ཡེ་ཤེས་ཀྱི་ཚོགས། གཞན་གསུམ་གཉིས་ཀྱི་གྲོགས་སུ་གཏོགས་ཤིང་། ཡང་ཐམས་ཅད་འཁོར་གསུམ་ཡོངས་དག་གི་རྩིས་ཟིན་ན་ཡེ་ཤེས་ཀྱི་ཚོགས་སུ་གྱུར་ཏེ། མདོ་རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་ནི་གཉིས་ཆར་ལ་ཡང་གཏོགས། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་སོ། །གཞན་ཡང་ཕར་ཕྱིན་རྣམས་སྒྲུབ་ཚུལ་ནི། ལེན་དང་རྣམ་སྨིན་ལ་མི་རེ་བའི་སྒོ་ནས་སྦྱིན་པ་གཏོང་། ཡང་སྲིད་བདེ་འགྲོ་ལ་རེ་སྨོན་དང་བྲལ་བའི་ཚུལ་ཁྲིམས་བསྲུང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་བསྒོམ། རང་གཞན་གྱི་དགེ་ཆོས་མཐའ་དག་སྡུད་པ་ལ་ངང་གིས་སྤྲོ་བའི་བརྩོན་འགྲུས་བརྩོམ། བསམ་གཟུགས་ཀྱི་སྙོམས་འཇུག་ལས་འདས་པའི་བསམ་གཏན་ལ་མཉམ་པར་འཇོག སྙིང་རྗེའི་ཐབས་དང་མ་བྲལ་བའི་ཤེས་རབ་སྒྲུབ་པར་བྱེད་པ་སྟེ། དེ་ཉིད་ལས། རེ་བ་མེད་པའི་སྦྱིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་ལ་ནི་བཟོད་པ་དང་། །ཡོན་ཏན་ཀུན་སྡུད་བརྩོན་འགྲུས་དང་། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབ་ཐབས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟན་པ་རྣམས་ཀྱིས་ཡང་དག་སྦྱོར། །ཞེས་སོ། །དེ་ཐམས་ཅད་ཀྱང་མི་མཐུན་པའི་ཕྱོགས་ཆགས་བདུན་གྱི་དྲི་མས་མ་གོས་ཤིང་། མཐུན་རྐྱེན་དམ་པ་དྲུག་གམ་བཅུ་གཉིས་དང་ལྡན་པས་ཉམས་སུ་བླང་དགོས་ཏེ། དེ་ལ་ཆགས་བདུན་ནི། སེར་སྣ་དང་འཆལ་ཚུལ་སོགས་རང་རང་གི་མི་མཐུན་ཕྱོགས་རྣམས་དང་། ཕྱི་བཤོལ་དང་། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་དང་། ཚེ་འདི་ཡི་ལན་ལ་རེ་བ་དང་། ཕྱི་མའི་རྣམ་སྨིན་ལ་རེ་བ་དང་། མི་མཐུན་པའི་ཕྱོགས་ཀྱི་ས་བོན་བག་ལ་ཉལ་དང་། དམན་ལམ་ཡིད་བྱེད་དམ་འཁོར་གསུམ་དུ་རྟོག་པའི་རྣམ་གཡེང་རྣམས་ལ་ཆགས་པ་ཡིན་པས་དེ་དག་གི་དྲི་མས་མ་གོས་པར་བྱ་དགོས་ཏེ། སྔ་མ་ལས། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ལ། །མ་ཆགས་མི་ཆགས་ཆགས་པ་མེད། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་། །ཞེས་སོགས་ཐམས་ཅད་ལ་སྦྱར་ནས་གསུངས་སོ། །མཐུན་ཕྱོགས་དམ་པ་དྲུག་ནི། རྟེན་དམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པ། དངོས་པོ་དམ་པ་སྦྱིན་སོགས་ཕྱོགས་རེ་ཙམ་མ་ཡིན་པར་གཞིའམ་དངོས་པོ་ཐམས་ཅད་ལ་འཇུག་པ། ཆེད་དུ་བྱ་བ་དམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱོར་བ། ཐབས་དམ་པ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། བསྔོ་བ་དམ་པ་བླ་ན་མེད་པའི་བྱང་ཆུབ་ཏུ་འདུན་པ་བསྒྱུར་བ། རྣམ་པར་དག་པ་དམ་པ་སྒྲིབ་པ་གཉིས་ཀྱི་དངོས་གཉེན་དུ་སྤྱོད་པ་སྟེ་དྲུག་གོ །དམ་པ་བཅུ་གཉིས་ནི། དབུས་མཐའ་ལས་རྒྱ་ཆེ་བ་དང་ཡུན་རིང་དང་། །ཆེད་དུ་བྱ་བ་མི་ཟད་དང་། །རྒྱུན་མི་འཆད་དང་ཚད་མེད་དང་། །དབང་འབྱོར་པ་དང་ཡོངས་བཟུང་དང་། །རྩོམ་དང་ཐོབ་དང་རྒྱུ་མཐུན་དང་། །འགྲུབ་པ་དམ་པར་ཡོད་པ་ཡིན། །ཞེས་གསུངས་པས། རྒྱ་ཆེ་བ་དམ་པ། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་པས་མཆོག་ཏུ་གྱུར་པའི་བྱང་ཆུབ་ཆེན་པོ་འདོད་པ། ཡུན་རིང་བ་དམ་པ། བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་བསྒོམ་པ། ཆེད་དུ་བྱ་བ་དམ་པ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ཆེད་དུ། ཟད་མི་ཤེས་པ་དམ་པ། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་གཏན་དུ་ཟད་མི་ཤེས་པ། རྒྱུན་མི་འཆད་པ་དམ་པ། བདག་གཞན་མཉམ་ཉིད་དུ་མོས་པས་སེམས་ཅན་ཐམས་ཅད་ཀྱི་ཕྱིན་དྲུག་རྫོགས་པ། ཚེགས་མེད་པ་དམ་པ། གཞན་གྱི་སྦྱིན་སོགས་ལ་རྗེས་སུ་ཡི་རང་བ་ཙམ་གྱིས་ཕར་ཕྱིན་རྫོགས་པར་བྱེད་པ། དབང་འབྱོར་པ་དམ་པ། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་སོགས་ཐོབ་ནས་སྦྱིན་སོགས་རྫོགས་པར་བྱེད་པ་ལ་དབང་འབྱོར་པ། ཡོངས་སུ་བཟུང་བ་དམ་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བཟུང་བ་དང་། རྩོམ་པ་དམ་པ། མོས་སྤྱོད་ཀྱི་ས་ལ་བཟོད་པ་ཆེན་པོར་གྱུར་པ། ཐོབ་པ་དམ་པ་ས་དང་པོ། རྒྱུ་མཐུན་དམ་པ་ས་གཉིས་པ་ནས་དགུ་པའི་བར། འགྲུབ་པ་དམ་པ་ས་བཅུ་པ་དང་དེ་བཞིན་གཤེགས་པའི་ས་ལ་བྱང་ཆུབ་སེམས་དཔའི་ས་མཐར་ཐུག་པ་དང་སངས་རྒྱས་ཀྱི་ས་འགྲུབ་པ་སྟེ་བཅུ་གཉིས་པོ་དེ་དང་ལྡན་པ་ནི་ཐེག་དམན་སོགས་ལས་ཁྱད་པར་དུ་གྱུར་པའི་ཐེག་ཆེན་ལམ་གྱི་ཕར་ཕྱིན་མཚན་ཉིད་པ་སྟེ། བཤད་སྦྱར་ལས། བསེ་རུ་ལྟ་བུ་རྣམས་ལ་ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །བཅོམ་ལྡན་ཉག་གཅིག་ཕ་རོལ་ཕྱིན། །དྲུག་གི་སྤྱི་ལ་བཞུགས་པ་ལགས། །ཞེས་སོ། །ཡོན་ཏན་གྱི་ཁྱད་པར་ཡང་རྣམ་པ་བཞི་དང་ལྡན་ཏེ། གཞན་དོན་དུ་རྫོགས་བྱང་ལ་དམིགས་པས་རྒྱ་ཆེ་བ་དང་། ལན་དང་རྣམ་སྨིན་ལ་རེ་བ་སོགས་སོ་སོའི་མི་མཐུན་ཕྱོགས་དང་བྲལ་བས་ཟང་ཟིང་མེད་པ་དང་། སེམས་ཅན་ཐམས་ཅད་མངོན་མཐོ་དང་ངེས་ལེགས་བྱང་ཆུབ་གསུམ་ལ་འགོད་པས་དོན་ཆེ་བ་དང་། རེ་རེ་བཞིན་ཡང་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ཐབས་དང་བསྔོ་བས་ཟིན་པས་གོང་ནས་གོང་དུ་འཕེལ་བའི་ཕྱིར་མི་ཟད་པ་སྟེ། མདོ་རྒྱན་ལས། རྒྱ་ཆེ་བ་དང་ཟང་ཟིང་མེད། །དོན་ཆེ་བ་དང་མི་ཟད་པ། །སྦྱིན་པ་ལ་སོགས་ཐམས་ཅད་ཀྱི། །ཡོན་ཏན་བཞིར་ནི་ཤེས་པར་བྱ། །ཞེས་སོ། །དེ་ཉམས་སུ་བླངས་{བླང}པས། གནས་སྐབས་སུ་རྒྱུ་མཐུན་གྱི་འབྲས་བུའང་། སྦྱིན་པས་ལོངས་སྤྱོད་འཕེལ་བས་ནམ་ཡང་མི་ཕོང་བ་དང་། ཚུལ་ཁྲིམས་ཀྱིས་གཞན་གྱིས་འཚེ་བ་དང་བྲལ་ཞིང་མི་ཁོམ་པ་སྤངས་པའི་བདེ་བ་འཐོབ་པ་དང་། བཟོད་པས་གཟུགས་བཟང་ཞིང་གནོད་པས་སེམས་མི་འཁྲུགས་པ་དང་། བརྩོན་འགྲུས་ཀྱིས་དགེ་ལ་སེམས་སྤྲོ་ཞིང་ཡོན་ཏན་གྱི་ཚོགས་འཕེལ་བས་བརྗིད་པར་འགྱུར་བ་དང་། བསམ་གཏན་གྱིས་མཚན་མའི་གཡེང་བ་ཞི་ཞིང་ཏིང་ངེ་འཛིན་གྱིས་སེམས་དགའ་བར་བྱེད་པ་དང་། ཤེས་རབ་ཀྱིས་རང་རྒྱུད་འཆིང་བ་ལས་གྲོལ་ཞིང་ལེགས་པར་བཤད་པས་སྐྱེ་བོ་མགུ་བར་བྱེད་པ་སྟེ། དེ་ཉིད་ལས། མི་ཕོངས་པ་དང་རྣམ་པར་མི་འཚེ་དང་། །རྣམ་འཚེ་བཟོད་ཅིང་བྱ་བས་མི་སྐྱོ་དང་། །དགའ་བྱེད་ལེགས་པར་བརྗོད་པ་དེ་ཡི་ཕྱིར། །གཞན་གྱི་དོན་ཉིད་རང་གི་དོན་ཡིན་ནོ། །ཞེས་དང་། རིན་ཆེན་ཕྲེང་བ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་གཟུགས་བཟང་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །སྙིང་བརྩེ་བས་ནི་དོན་ཀུན་འགྲུབ། །ཅེས་སོ། །མཐར་ཐུག་ཚོགས་གཉིས་ཀྱི་འབྲས་བུ་སྐུ་གཉིས་འཐོབ་པ་སྟེ། དེ་ཉིད་ལས། གཟུགས་ཀྱི་སྐུ་ནི་མདོར་བསྡུ་ན། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ཡན་ལག་ཕྱེ་སྟེ་རྒྱས་པར་བཤད་པ་ལ་དྲུག སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བོ། །དང་པོ་སྦྱིན་པ་ལ། ངོ་བོ་ནི། ཁྱད་ཆོས་བཞི་ལྡན་གྱི་གཏོང་སེམས་དགེ་བ་ས་བོན་དང་བཅས་པ། ངེས་ཚིག་ནི། དཱ་ནའི་སྒྲ་ལས་དྲངས་ན་སྦྱིན་པ་སྟེ་ཕ་རོལ་གྱི་དབུལ་བ་འདོར་བའི་དོན་གྱིས་སྦྱིན་པའོ། །དབྱེ་ན། མདོ་སྡེ་རྒྱན་ལས། དེ་ཡང་སེར་སྣ་མེད་ལྡན་དང་། །ཆོས་དང་མི་འཇིགས་ཟང་ཟིང་གཏོང་། །སྦྱིན་པ་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་པ་ལྟར་གསུམ་ལས། ཟང་ཟིང་གི་སྦྱིན་པ་ནི་གཞན་གྱི་ལུས་བརྟན་པར་བྱེད་པ་ཡིན་ཏེ། ངོ་བོ་ནི་མཁོ་བའི་ཡོ་བྱད་སྦྱིན་པ་སྟེ་ཐོག་མར་ཆུང་ངུ་སྟེར་བ་ནས་རིམ་གྱིས་གོམས་ཏེ་མཐར་དངོས་པོ་ཐམས་ཅད་གཏོང་བའོ། །དེ་ལ་དབྱེ་ན་གསུམ་སྟེ། འཕགས་པ་འཇིག་རྟེན་འཛིན་གྱི་དྲིས་པས་ལུང་བསྟན་པའི་མདོ་ལས། དེ་ལ་ཟང་ཟིང་གི་སྦྱིན་པས་ནི་བསོད་ནམས་ཀྱི་ཚོགས་རྫོགས་ལ། ཆོས་ཀྱི་སྦྱིན་པས་ནི་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ། འདི་གཉིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པར་བྱེད་པའོ། །དེ་ལ་ཟང་ཟིང་གི་སྦྱིན་པ་གང་ཞེ་ན། འདི་ལྟ་སྟེ། གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ། །དེ་ལ་གཏོང་བ་ཞེས་བྱ་བ་ནི། ཟས་དང་། གོས་དང་། ཤིང་རྟ་དང་། གླང་པོ་ཆེ་གཞན་ལ་སྦྱིན་པའོ། །གཏོང་བ་ཆེན་པོ་ཞེས་བྱ་བ་ནི། བུ་དང་། བུ་མོ་དང་། ཁྱིམ་ཐབ་སྦྱིན་པའོ། །ཤིན་ཏུ་གཏོང་བ་ཞེས་བྱ་བ་ནི། བྱ་དཀའ་བ་སྟེ། མགོ་དང་། མིག་དང་། ལག་པ་དང་། རྐང་པ་ལ་སོགས་པ་གཏོང་བའོ། །ཞེས་སོ། །མི་འཇིགས་པའི་སྦྱིན་པ་ནི་གཞན་གྱི་སྲོག་བརྟན་པར་བྱེད་པ་སྟེ། བྱང་ས་ལས། མི་འཇིགས་པའི་སྦྱིན་པ་ནི། སེང་གེ་དང་། སྟག་དང་། ཆུ་སྲིན་འཛིན་ཁྲི་དང་། རྒྱལ་པོ་དང་། ཆོམ་རྐུན་དང་། ཆུ་ལ་སོགས་པའི་འཇིགས་པ་ལས་ཡོངས་སུ་བསྐྱབ་པ་ཡིན་པར་རིགས་པར་བྱའོ། །ཞེས་སོ། །ཆོས་ཀྱི་སྦྱིན་པས་ནི་གཞན་གྱི་སེམས་བརྟན་པར་བྱེད་པ་སྟེ། དབྱེ་ན་གསུམ། ལུང་སྔ་མའི་འཕྲོར། དེ་ལ་ཆོས་ཀྱི་སྦྱིན་པ་གང་ཞེ་ན། སྨྱུ་གུ་དང་། སྣག་ཚ་དང་། གླེགས་བམ་སྦྱིན་པ་ནི་ཆུང་ངུའོ། །སྐལ་བ་ཇི་ལྟ་བ་བཞིན་དུ། ཉན་ཐོས་དང་། རང་སངས་རྒྱས་དང་། བླ་ན་མེད་པའི་ཆོས་སྟོན་པ་ནི་ཆེན་པོའོ། །བླ་ན་མེད་པའི་བྱང་ཆུབ་འཛིན་དུ་འཇུག་ཅིང་། ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པ་ནི་ཤིན་ཏུ་ཆེན་པོ། །ཞེས་སོ། །ཡང་ན་སྦྱིན་པ་དང་པོ་གཉིས་ཀྱིས་གཙོ་བོར་གཞན་ལ་ཚེ་འདིའི་བདེ་བ་སྒྲུབ་པ་ཡིན་ལ། ཆོས་ཀྱི་སྦྱིན་པས་ནི་གཙོ་བོར་ཕྱི་མའི་བདེ་བ་སྒྲུབ་པ་ཡིན་ནོ། །དེ་ཡང་བྱང་སེམས་ཁྱིམ་པས་གཙོ་བོར་ཟང་ཟིང་དང་། རབ་ཏུ་བྱུང་བས་ཆོས་སྦྱིན་གཙོ་བོར་གཏོང་བར་བཤད་ཅིང་། རྒྱལ་སྲིད་དང་བུ་དང་ཆུང་མ་དང་མགོ་དང་རྐང་ལག་སོགས་དངོས་སུ་གཏོང་བ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་སྤྱོད་ཡུལ་དུ་གསུངས། བློས་ནི་ལས་དང་པོ་པའི་སྐབས་ནས་ཀྱང་ཐམས་ཅད་གཏོང་བ་ལ་བློ་འབྱོང་བར་བྱ་བ་གལ་ཆེ་ཞིང་། དེ་ལྟར་གོམས་ནས་རིམ་གྱིས་དངོས་སུ་གཏོང་ནུས་པའི་བར་དུ་འགྱུར་རོ། །ཆོས་ཀྱི་སྦྱིན་པའང་གང་ཟག་འཕགས་པའམ་ཡང་དག་པའི་མན་ངག་དང་ལྡན་པའི་མཁས་པ་ཆོས་ཀྱི་སྤྱན་དང་ལྡན་པ་ལས་ཕལ་གྱི་སྤྱོད་ཡུལ་དུ་མི་འགྱུར་ནའང་། མདོ་སྡེ་ཟབ་མོ་དང་གཟུངས་སྔགས་ཁྱད་པར་ཅན་བཟླས་ཏེ་དེས་སེམས་ཅན་ཐམས་ཅད་ཀྱི་ཤེས་རྒྱུད་གྲོལ་བར་མོས་པ་དང་། མ་འོངས་པ་ན་ཆོས་ཀྱི་བདུད་རྩིས་སྐྱེ་རྒུ་ཀུན་གྱི་རེ་བ་རྫོགས་པར་བྱེད་པ་ལ་སྨོན་ལམ་ཡང་ཡང་དུ་གདབ་པར་བྱའོ། །དེ་ལྟ་བུའི་སྦྱིན་པ་གསུམ་པོ་གང་ལའང་དག་པར་བྱེད་པ་ནི་ཤེས་རབ་སྟོང་པ་ཉིད་དང་ཐབས་སྙིང་རྗེས་ཆེན་པོ་སྟེ། ཐབས་ཤེས་ཁྱད་པར་ཅན་འདི་གཉིས་ཀྱིས་ཟིན་པའི་དགེ་བའི་རྩ་བ་ཆེ་ཆུང་ཇི་ལྟར་ཡང་སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་ཕྱོགས་གཅིག་པ་ཐེག་པ་དམན་པའི་རྒྱུར་མི་འགྱུར་ཞིང་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་རྒྱུར་འགྱུར་བས་ན་ཡོངས་སུ་དག་པ་སྟེ། བསླབ་བཏུས་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྤྱོད་པས་བསོད་ནམས་དག་པར་འགྱུར། །ཞེས་སོ། །སྦྱིན་པ་མི་ཟད་ཅིང་གོང་དུ་སྤེལ་བའི་ཐབས་ནི། བྱང་ཆུབ་སེམས་དཔའི་སྡེེ་སྣོད་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མཁས་པ་ནི། སྦྱིན་པ་ཉུང་ངུ་ཡང་མང་པོར་བྱེད་དེ། ཡེ་ཤེས་ཀྱི་སྟོབས་ཀྱིས་ལྷག་པར་བྱེད་དོ། །ཤེས་རབ་ཀྱིས་རྒྱས་པར་བྱེད་དོ། །བསྔོ་བའི་སྟོབས་ཀྱིས་དཔག་ཏུ་མེད་པར་བྱེད་དོ། །ཞེས་གསུངས། དེ་ལ་ཡེ་ཤེས་ཀྱི་སྟོབས་ནི་འཁོར་གསུམ་ཡོངས་སུ་དག་པར་ཤེས་པ་སྟེ་སྦྱིན་པ་པོ་ཡང་སྒྱུ་མ་ལྟ་བུ། སྦྱིན་པར་བྱ་བའི་ཡུལ་ཡང་སྒྱུ་མ་ལྟ་བུར་ཤེས་པར་བྱ་བའོ། །ཤེས་རབ་ཀྱི་སྟོབས་ཀྱིས་ནི། སྦྱིན་པ་གང་གཏོང་ཡང་། དང་པོར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་གཏོང་། བར་དུ་སྦྱིན་པའི་དངོས་པོ་ལ་ཞེན་པ་མེད། མཐར་སྦྱིན་པའི་རྣམ་སྨིན་ལ་རེ་བ་དང་བྲལ་ན་སྦྱིན་པའི་བསོད་ནམས་རྒྱས་པའམ་མང་པོ་འབྱུང་བར་བྱེད་དེ། སྡུད་པ་ལས། སྦྱིན་པ་བྱིན་ནས་དངོས་ལ་གནས་པ་མེད་པར་བྱེད། །དེ་ནི་ནམ་དུའང་རྣམ་པར་སྨིན་ལའང་རེ་བ་མེད། །དེ་ལྟར་གཏོང་བ་མཁས་པས་ཐམས་ཅད་གཏོང་བ་སྟེ། །ཆུང་ངུ་བཏང་ལ་མང་པོར་དཔག་ཏུ་མེད་པར་འགྱུར། །ཞེས་སོ། །བསྔོ་བའི་སྟོབས་ཀྱིས་ནི། སྦྱིན་པ་དེ་དག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་པས་དཔག་ཏུ་མེད་པར་འཕེལ་ཞིང་ནམ་ཡང་འཛད་པར་མི་འགྱུར་ཏེ། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། བཙུན་པ་ཤཱ་ར་དཱ་ཏིའི་བུ། དཔེར་ན་ཆུ་ཐིགས་པ་གཅིག་རྒྱ་མཚོ་ཆེན་པོར་ལྷུང་བ་ནི་བསྐལ་པའི་མཐར་ཐུག་གི་བར་དུ་བར་མ་དོར་ཟད་པ་མེད་དོ། །དེ་བཞིན་དུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོས་པ་ནི། བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་འགའ་ཡང་ཟད་པར་མི་འགྱུར་རོ། །ཞེས་སོ། །དག་པ་དང་སྤེལ་བ་འདི་གཉིས་ནི། སྦྱིན་པ་ཙམ་དུ་མ་ཟད་ཐེག་ཆེན་ལམ་གྱི་དགེ་རྩ་ཀུན་ཀྱི་རྗེས་སུ་འགྲོ་བས་ཚུལ་ཁྲིམས་སོགས་ཕར་ཕྱིན་ཕྱི་མ་རྣམས་ལའང་སྦྱོར་ཤེས་པར་བྱའོ། །དེ་ལྟར་སྦྱིན་པ་མ་བཏང་བའི་སྐྱོན་ནམ་ཉེས་པ་ནི། ཕལ་ཆེར་ཡི་དྭགས་སུ་སྐྱེ་ཞིང་། མིར་སྐྱེས་ནའང་དབུལ་ཞིང་ཉམ་ཐག་པར་འགྱུར་ཏེ། སྡུད་པ་ལས། སེར་སྣ་ཅན་ནི་ཡི་དྭགས་གནས་སུ་སྐྱེ་བར་འགྱུར། །གལ་ཏེ་མིར་སྐྱེས་ན་ཡང་དེ་ཚེ་དབུལ་པོར་འགྱུར། །ཞེས་སོ། །སྦྱིན་པ་ལེགས་པར་བཏང་ན་གནས་སྐབས་སུ་དེ་ལས་ལྡོག་པའི་ཡོན་ཏན་འབྱུང་སྟེ། དེ་ཉིད་ལས། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །ཞེས་སོ། །མཐར་ཐུག་འབྲས་བུ་བྱང་ཆུབ་ཐོབ་པའང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། སྦྱིན་པ་གཏོང་ལ་བྱང་ཆུབ་རྙེད་མི་དཀའ། །ཞེས་གསུངས་པ་བཞིན་ནོ། །སྐབས་འདིར་སྦྱིན་པའི་གཏམ་ཅུང་ཟད་རེ་བརྗོད་པར་འདོད་ན་ཁོ་བོས་བྱས་པ་གཞན་ནས་ཅི་རིགས་པ་བླང་ལ་སྐབས་དང་མཐུན་པར་འཆད་ཤེས་པར་བྱའོ། །གཉིས་པ་ཚུལ་ཁྲིམས་ནི། ངོ་བོ་ཁྱད་ཆོས་བཞི་ལྡན་གྱི་སྤོང་སེམས་དགེ་བ་ས་བོན་དང་བཅས་པའོ། །ངེས་ཚིག་ནི། ཤཱི་ལའི་སྒྲ་ལས་ཚུལ་ཁྲིམས་ཏེ། ཡུལ་གྱི་གདུང་བས་མི་རྫི་བར་བསིལ་བ་ཐོབ་པར་བྱེད་པས་ན་ཚུལ་ཁྲིམས་སོ། །དབྱེ་ན། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་རྣམས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་སྒྲུབ་པའི་ཚུལ་ཁྲིམས་སོ། །དེ་ལ་སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་མི་དགེ་བ་ལས་སེམས་བསྲུང་བ་ཡིན་ནོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་ནི་དགེ་བའི་རྩ་བ་མངོན་པར་སྒྲུབ་པ་ཡིན་ནོ། །སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཀྱིས་ནི་གཞན་ལ་ཕན་པ་ལྷུར་ལེན་པ་ཡིན་ནོ། །ཞེས་དང་། ཀུན་མཁྱེན་ཆོས་རྗེས། སྡོམ་དང་ཆོས་སྡུད་སེམས་ཅན་དོན་བྱེད་དེ། །རྒྱལ་སྲས་རྣམས་ཀྱིས་ཚུལ་ཁྲིམས་གསུམ་རྟག་བསྲུང་། །ཞེས་གསུངས་པ་ལྟར་གསུམ་ལས། དང་པོར་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། སྤྱིར་མི་དགེ་བའི་ཕྱོགས་ཐམས་ཅད་སྤོང་བ་སྟེ། དེ་ཡང་སོ་ཐར་གྱི་དབང་དུ་བྱས་ན། དུས་ཁྲིམས་དང་གཏན་ཁྲིམས་གཉིས་ལས། དང་པོ་ནི། བསྙེན་གནས་ཡན་ལག་བརྒྱད་པ་བསྲུང་བ་ལྟ་བུའོ། །གཉིས་པ་ནི། སོ་ཐར་རིགས་བདུན་ཏེ། སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་དགེ་བསྙེན་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློབ་མ། དགེ་སློང་ཕ་མ་གཉིས་སོ། །དེ་རྣམས་ཀྱང་བསམ་པ། ཚེ་འདིར་རྒྱལ་པོའི་ཆད་པ་དང་དཔྱ་ཁྲལ་སོགས་ལ་འཇིགས་ནས་དེ་ལས་སྐྱོབ་པའི་ཆེད་དུ་བླངས་ན་འཇིགས་སྐྱོབ། ཚེ་ཕྱི་མར་ལྷ་མིའི་གོ་འཕང་ཙམ་དང་། ཚེ་འདིར་ཟས་གོས་ཀྱི་བདེ་སྐྱིད་ལ་དམིགས་ནས་བླངས་ན་ལེགས་སྨོན་ཏེ། འདི་གཉིས་ནི་ཐར་པའི་རྒྱུར་མི་འགྲོ་ལ། ཁམས་གསུམ་གྱི་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་རྟོགས་ནས་རང་ཉིད་གཅིག་པུ་དེ་ལས་ཐར་འདོད་ཀྱིས་བླངས་ན་ངེས་འབྱུང་གི་ཚུལ་ཁྲིམས་ཏེ་ཐེག་དམན་གྱི་སོ་ཐར་མཚན་ཉིད་པ་ཡིན། དེ་ལ་སེམས་ཅན་གཞན་དོན་དུ་ཀུན་སློང་བྱང་ཆུབ་སེམས་ཀྱིས་ཟིན་ན་ཐེག་ཆེན་སོ་ཐར་དུ་འགྱུར། དེ་ཡང་དང་པོར་བླང་དུས། འཇིགས་སྐྱོབ་དང་། ལེགས་སྨོན་གྱི་ཚུལ་ཁྲིམས་ཡིན་ཡང་། ཕྱིས་ངེས་འབྱུང་གི་བསམ་པ་ནམ་སྐྱེས་པ་ན་ངེས་འབྱུང་གི་ཚུལ་ཁྲིམས་དང་། ཐེག་ཆེན་གྱི་བྱང་ཆུབ་སེམས་ནམ་སྐྱེས་པ་ན་ཐེག་ཆེན་གྱི་སོ་ཐར་དུ་འགྲོ་བ་ཡིན་ནོ། །སྐབས་འདིར་བྱང་ཆུབ་སེམས་དཔའི་རྩ་ལྟུང་གི་དབང་དུ་བྱས་ན། དབུ་མ་ལུགས་དང་སེམས་ཙམ་ལུགས་གཉིས་ཏེ། དང་པོ་ནམ་མཁའི་སྙིང་པོའི་མདོ་དང་ཐབས་ལ་མཁས་པའི་མདོའི་རྗེས་སུ་འབྲང་བ་ཀླུ་སྒྲུབ་ལུགས་ཞི་བ་ལྷས་བསླབ་བཏུས་སུ་གསུངས་པའི་དོན། སྡོམ་གསུམ་རྣམ་ངེས་ལས། དཀོན་མཆོག་དཀོར་འཕྲོག་དང་ནི་ཆོས་སྤོང་ལས། །ཚུལ་ལྡན་ཚུལ་འཆལ་ཁྲིམས་གཅོད་བསླབ་འབེབས་སོགས། །མཚམས་མེད་ལས་བྱེད་ལོག་ལྟ་རྒྱལ་པོ་ལྔ། །གྲོང་ལྗོངས་གྲོང་ཁྱེར་གྲོང་རྡལ་ཡུལ་འཁོར་རྣམས། །འཇོམས་པར་བྱེད་པའང་བློན་པོར་ངེས་པ་ལྔ། །མ་སྦྱངས་སྟོང་ཉིད་བརྗོད་སྔས་ཉན་ཐོས་སྨོན། །རྫོགས་བྱང་ཕྱིར་ལྡོག་ཐེག་དམན་སེམས་བསྐྱེད་དང་། །སོ་ཐར་སྤངས་ནས་ཐེག་ཆེན་སློབ་པ་དང་། །ཉན་ཐོས་ཐེག་པས་ཆགས་སོགས་མི་བཟློག་པས། །དེ་བཟློག་དེ་ཡི་འབྲས་བུ་མེད་པར་བྱས། །ཕྲག་དོག་དབང་གིས་བདག་བསྟོད་གཞན་སྨོད་དང་། །རྙེད་དང་བཀུར་སྟིའི་ཆེད་དུ་བདག་འཚོང་དང་། དགེ་སློང་ཆད་པས་གཅོད་འཇུག་སུག་འབུལ་དང་། །སྤོང་བའི་ལོངས་སྤྱོད་ཁ་ཏོན་པ་ལ་བྱིན། །ཞི་གནས་འདོར་བཅུག་ཕལ་ལ་འབྱུང་ངེས་བརྒྱད། །དེ་དེར་འབྱུང་ཉེ་གཞག་གི་ཀུན་ལ་ཀུན། །མིང་དུ་བཅོ་བརྒྱད་རྫས་སུ་བཅུ་བཞི་སྟེ། །སྨོན་འཇུག་སེམས་བཏང་དེ་རྣམས་རྩ་ལྟུང་ཡིན། །ཞེས་རྩ་ལྟུང་ཉི་ཤུར་གསུངས་ཏེ། དེ་ལ་བྱང་སེམས་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་ལས། དང་པོ་དཀོན་མཆོག་གི་དཀོར་འཕྲོག་པ་ནི། སངས་རྒྱས་ཀྱི་དཀོར་མཆོད་རྟེན་ནམ་སྐུ་གཟུགས་ཀྱི་རྫས། ཆོས་ཀྱི་དཀོར་གླེགས་བམ་དང་ཆོས་སྨྲ་བའི་ཆ་རྐྱེན། དགེ་འདུན་གྱི་དཀོར་དགེ་འདུན་སྤྱིའི་རྫས་ཏེ། དེ་ལྟར་བསྔོས་པ་ལས་མར་མེ་ཀོང་བུ་གང་ངམ་ནས་བྲེ་གང་ཡན་ཆད་ཤེས་བཞིན་དུ་རང་གིས་འཕྲོག་པ་དང་གཞན་ལ་འཕྲོག་ཏུ་བཅུག་པའོ། །གཉིས་པ་དམ་པའི་ཆོས་སྤོང་བ་ནི། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐེག་པ་ཆེ་ཆུང་གང་ཡང་རུང་བ་ལ་ཐར་པ་ཐོབ་པའི་ཆོས་མ་ཡིན་ནོ་ཞེས་རང་གིས་སྤོང་བར་བྱེད་དམ་གཞན་ལ་སྤོང་དུ་འཇུག་པའོ། །གསུམ་པ་དགེ་སྦྱོང་ལ་ཆད་པ་གཅོད་པ་ནི། ཚུལ་ཁྲིམས་དང་ལྡན་པའམ་ཚུལ་ཁྲིམས་འཆལ་བ་ཡང་རུང་རབ་བྱུང་གི་རྟགས་ཙམ་འཆང་བ་ལའང་ཁྲིམས་གཅོད་པ་དང་། བརྩོན་དུ་བཟུང་བ་དང་། བསླབ་པ་འབེབས་པ་དང་གསོད་པ་སོགས་བྱེད་ནའོ། །བཞི་པ་མཚམས་མེད་ལྔ་བྱེད་པ་ནི། ཕ་དང་མ་དང་དགྲ་བཅོམ་པ་གསོད་པ། དགེ་འདུན་གྱི་དབྱེན་བྱེད་པ། སངས་རྒྱས་ཀྱི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་རྣམས་ལས་གང་རུང་བྱེད་ནའོ། །ལོག་ལྟ་ནི། ལས་རྒྱུ་འབྲས་དང་། ཚེ་སྔ་ཕྱི་མེད་ཅེས་སྙིང་ནས་མི་དགེ་བ་ལ་འཇུག་པའོ། །གཉིས་པ་བློན་པོ་ལ་འབྱུང་ཉེ་བ་ལྔ་ནི། གོང་གི་དཀོན་མཆོག་དཀོར་འཕྲོག་པ་ནས་མཚམས་མེད་བར་གྱི་བཞི་པོའི་སྟེང་དུ། ལྔ་པ་གྲོང་སོགས་འཇོམས་པ་སྟེ། དེ་ལ་གྲོང་ནི་ཁྱིམ་གཅིག་པ་ཡན་དང་། ལྗོངས་ནི་མི་རིགས་བཞི་ཡོད་པ་དང་། གྲོང་ཁྱེར་ནི་བཟོ་རིགས་བཅོ་བརྒྱད་ཡོད་པ་དང་། གྲོང་རྡལ་ནི་ཚོང་པ་མང་པོ་ཚོགས་པའི་གནས་དང་། ཡུལ་འཁོར་ནི་ཙམ་པ་ཀ་ལྟ་བུ་སོགས་ཡུལ་ཆེན་པོ་རྣམས་ལས་གང་ཡང་རུང་བ་གཅིག་འཇོམས་པའོ། །གསུམ་པ་ཕལ་པ་ལ་འབྱུང་ངེས་པ་བརྒྱད་ནི། དང་པོ་ཐེག་པ་ཆེེན་པོ་ལ་བློ་མ་སྦྱངས་པའི་གང་ཟག་ལ་སྣོད་མ་བརྟགས་པར་ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་བསྟན་ན་དེ་དེ་ལ་སྐྲག་ནས་བྱང་ཆུབ་ཀྱི་སེམས་བཏང་སྟེ་ཉན་ཐོས་སུ་སྨོན་པའོ། །གཉིས་པ་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཐེག་ཆེན་དུ་ཞུགས་པ་ལ། ཁྱོད་ཀྱིས་བསྐལ་པ་གྲངས་མེད་དུ་མར་དཀའ་བ་སྤྱད་པ་སོགས་མི་ནུས་ཀྱི། དེ་བས་ཉན་རང་གི་ལམ་འདི་ལ་ཞུགས་དང་ཚེགས་མེད་པར་འཁོར་བ་ལས་ངེས་པར་འབྱུང་ངོ་ཞེས་ཐེག་དམན་དུ་སེམས་བསྐྱེད་དུ་བཅུག་པའོ། །གསུམ་པ་གང་ཟག་ཉན་ཐོས་ཀྱི་རིགས་ཅན་སོ་ཐར་ལ་སློབ་པའམ་སློབ་པར་འདོད་པ་ལ། དགོས་པ་ཁྱད་པར་ཅན་མེད་བཞིན་དུ། ཁྱོད་ཀྱིས་སོ་ཐར་ཚུལ་ཁྲིམས་དག་པས་ཅི་ཞིག་བྱ། དེ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་ན། སོ་ཐར་གྱི་ཉེས་པ་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་མཐུས་འཇོམས་པར་འགྱུར་རོ་ཞེས་སོ་ཐར་སྤངས་ནས་ཐེག་ཆེན་ལ་སློབ་བཅུག་པའོ། །བཞི་པ། ཉན་ཐོས་ཀྱི་ཐེག་པར་ཇི་ཙམ་བསླབ་ཀྱང་ཆགས་སོགས་ཉོན་མོངས་པ་རྣམས་མི་ཟློག་པས། དེ་ལས་ཟློག་པར་གྱིས་ཤིག་ཅེས་རང་ཡང་འཛིན་ཞིང་གཞན་ལའང་འཛིན་དུ་འཇུག་ནའོ། །ལྔ་པ། ཕྲག་དོག་གི་བསམ་པས་གཞན་བྱང་ཆུབ་སེམས་དཔའ་རྙེེད་བཀུར་ཅན་ལ་ཉེས་པའི་སྐྱོན་བརྗོད་ཅིང་། རང་ཉིད་ཡོན་ཏན་མེད་པ་ལ་ཡོན་ཏན་ཅན་དུ་སྒྲོགས་པར་བྱེད་པའོ། །དྲུག་པ་ནི། རྙེད་བཀུར་གྱི་ཕྱིར་རང་གིས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་མ་རྟོགས་ཀྱང་རྟོགས་སོ་ལྟ་བུ་མི་ཆོས་བླ་མའི་རྫུན་གྱིས་གཞན་གྱི་མགོ་བསྐོར་བའོ། །བདུན་པ། རྒྱལ་པོ་ལྟ་བུ་མི་དབང་ཆེན་དང་དགེ་སློང་གཞན་གཉིས་ཀྱི་བར་དུ་རང་གི་ཕྲ་མ་བཅུག་ནས། དགེ་སློང་དེ་ལ་ཆད་པས་གཅོད་དུ་འཇུག་པ་དང་། དགེ་སློང་དེས་དཀོན་མཆོག་གི་དཀོར་བརྐུས་ནས་རང་ལ་སུག་འབུལ་ཏེ་ལྐོག་ཏུ་བྱིན་པ་ན། དེ་རང་གིས་ལེན་པའམ་གཞན་དབང་པོ་ཆེ་དེ་ལ་བྱིན་པའོ། །བརྒྱད་པ། སྤོང་བ་བསམ་གཏན་པ་ལ་གནོད་པའི་ཁྲིམས་ངན་བཅས་ཏེ། དེས་བསམ་གཏན་བསྒོམ་པ་སོགས་ལ་བར་དུ་གཅོད་པ་དང་། དེ་དག་གི་རྙེད་པ་སོགས་ལོངས་སྤྱོད་འཕྲོག་ནས། ཀློག་པ་ཁ་ཏོན་པ་ལ་སྦྱིན་སོགས་ཐབས་སྣ་ཚོགས་ཀྱིས་བར་དུ་གཅོད་ཅིང་ཏིང་ངེ་འཛིན་འདོར་དུ་བཅུག་པ་སྟེ། འདི་དག་ནི་སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ་བྱེད་པ་ཡིན་ཏེ། བསླབ་བཏུས་ལས། དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་སོ། །དེ་ལྟར་རྒྱལ་བློན་ཕལ་པའི་རྩ་ལྟུང་དུ་བཞག་པ་ནི། གཙོ་བོར་གང་ཟག་དེ་ལ་འབྱུང་ཉེ་བའི་སྒོ་ནས་བཞག་གིས་གཞན་ལ་རྩ་ལྟུང་དུ་མི་འགྱུར་བ་ནི་མིན་པས་ཐམས་ཅད་ཀྱིས་ཐམས་ཅད་བསྲུང་བར་བྱའོ། །དེ་ལྟར་མདོ་ལས་མིང་དུ་བཅོ་བརྒྱད་དུ་ཕྱེ་ཡང་རྫས་སུ་བཅུ་བཞིར་འདུ་སྟེ། བློན་པོའི་རྩ་ལྟུང་དང་པོ་བཞི་རྒྱལ་པོའི་རྩ་ལྟུང་དང་པོ་བཞི་ལས་ཐ་དད་དུ་མེད་པའི་ཕྱིར་རོ། །དེ་ལྟར་བཅོ་བརྒྱད་པོའི་སྟེང་དུ། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པས་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་ལྕི་བའོ། །ཞེས་སྨོན་སེམས་འདོར་བ་དང་། དཀོན་མཆོག་བརྩེགས་པ་ལས་གསུངས་པ་ལྟར་འཇུག་སེམས་སྤངས་ཏེ་དགེ་ལ་མི་སྦྱོར་བ་སྟེ་འདི་གཉིས་བསྣན་པས་ཉི་ཤུར་འགྱུར་རོ། །གཉིས་པ་ནི། འཕགས་པ་ཐོགས་མེད་ཀྱིས་ཐེག་པ་ཆེན་པོའི་མདོ་སྣ་ཚོགས་ལས་བཏུས་ནས་བྱང་ཆུབ་སེམས་དཔའི་སར་གསུངས་པའི་དོན་རྨད་བྱུང་གི་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་སྡོམ་པ་ཉི་ཤུ་པར། ཉོན་མོངས་དྲག་ལས་བྱུང་བ་ཡིས། །སྡོམ་པ་ཞིག་པར་གང་གྱུར་པ། །དེ་ཡི་ཉེས་པ་བཞི་པོ་ནི། །ཕམ་པ་འདྲ་བར་དགོངས་པ་ཡིན། །རྙེད་དང་བཀུར་སྟིར་ཆགས་པ་ཡིན། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལས། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་ཆགས་སོགས་ཉོན་མོངས་པ་དྲག་པོའི་རྒྱུ་ལས་བྱུང་བ་བྱང་ཆུབ་སེམས་དཔའི་སྡོམ་པ་འཇིགས་པར་བྱེད་པས་ཉན་ཐོས་ཀྱི་ཕམ་པ་དང་འདྲ་བའི་རྩ་བའི་ལྟུང་བ་བཞི་ལས། དང་པོ་ནི། ཆགས་པའི་དབང་གིས་རྙེད་པ་སྟེ་ཡོན་འབུལ་བ་དང་། བཀུར་སྟི་སྟེ་གདན་སྟོབས་པ་སོགས་ལ་ལྷག་པར་ཞེན་པའི་དབང་གིས་བདག་ལ་བསྟོད་པ་དང་། ཡོན་ཏན་ཅན་གཞན་ལ་སྨོད་པའོ། །གཉིས་པ་ནི། སེར་སྣའི་དབང་གིས་སྡུག་བསྔལ་བ་དང་མགོན་མེད་པ་རྣམས་ལ་ཟང་ཟིང་དང་། སྣོད་ལྡན་ལ་ཆོས་མི་སྟེར་བའོ། །གསུམ་པ་ནི། ཞེ་སྡང་གི་དབང་གིས་གཞན་ཕ་རོལ་པོས་རང་ལ་བཟོད་གསོལ་གྱི་ཤད་སྦྱངས་ཚུལ་མཐུན་བྱས་ཀྱང་མི་ཟློག་པར་འཁོན་དུ་འཛིན་པ་དང་། ཕ་རོལ་པོ་ལ་ཁྲོ་བས་ཚིག་རྩུབ་སྨྲས་པ་ཙམ་གྱིས་མི་ཆོག་པར་རྡེག་ཅིང་འཚོག་པས་འཚེ་བ་བྱེད་པའོ། །བཞི་པ་ནི། གཏི་མུག་གི་དབང་གིས་ཐེག་པ་ཆེན་པོའི་ཆོས་ལ་སྐུར་བ་འདེབས་ཤིང་སྤངས་པ་དང་། རང་ངམ་གཞན་དག་གིས་རང་གིས་བློ་བཟོར་བྱས་ཏེ་ཆོས་ལྟར་བཅོས་པ་དམ་ཆོས་འདྲར་སྣང་སྟོན་པར་བྱེད་པའོ། །དེ་ལྟར་ཀུན་སློང་གི་བསམ་པའིསྒོ་ནས་རྩ་ལྟུང་བཞིར་བཞག་པ་དེ་ཉིད་ལ། གོང་དུ་སྨོས་པ་ལྟར་སྦྱོར་བའི་སྒོ་ནས་གཉིས་གཉིས་སུ་འགྱུར། དེ་ལྟར་ཕྱེས་ཏེ་བརྒྱད་དུ་འགྱུར་བར་ཇོ་བོ་རྗེས་བཞེད་དོ། །གཞན་ཡང་བསླབ་བཏུས་ནས་གསུངས་པའི་ཉེས་བྱས་ཕྲ་མོ་བརྒྱད་ཅུ་དང་། སྡོམ་པ་ཉི་ཤུ་པ་ནས་གསུངས་པའི་ཉེས་བྱས་ཕྲ་བ་ཞེ་དྲུག་སོགས་སྲོལ་གཉིས་ཀ་ནས་བསྟན་པའི་ཡན་ལག་གི་ཉེས་བྱས་ཕྲ་བ་རྣམས་ཏེ་མདོར་ན་སྒོ་གསུམ་གྱི་བྱ་བའི་ལས་གཞན་ལ་གནོད་པ་བཞི་དང་བཅས་པ་སྤོོང་བ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སོ། །གཉིས་པ་དགེ་བ་ཆོས་སྡུད་ནི། གོང་དུ་བསྟན་པ་ལྟར་གྱིས་གཞན་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ལ་བསླབ་ཅིང་དངོས་སམ་བརྒྱུད་ནས་གཞན་ལ་ཕན་པ་གཞི་དང་བཅས་པ་སྒྲུབ་པ་སྟེ། མདོར་ན་ཚོགས་གཉིས་དང་འབྲེལ་བའི་དགེ་ཚོགས་རྒྱ་མཚོ་ལྟ་བུ་སྒྲུབ་ཅིང་། དེའི་མི་མཐུན་ཕྱོགས་སྤང་བ་ལ་བསླབ་པར་བྱ་བ་སྟེ། གཞན་ཡང་བྱང་ས་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་བརྟེན་ཞིང་གནས་ནས། ཐོས་པ་དང་བསམ་པ་དང་སྒོམ་པ་དང་གཅིག་པུར་དགའ་བ་ལ་བརྩོན་པར་བྱེད་དོ། །བླ་མ་རྣམས་ལ་བཀུར་སྟི་དང་རིམ་གྲོ་བྱེད་པ་དང་། ནད་པ་ལ་རིམ་གྲོ་དང་ནད་གཡོག་བྱེད་པ་དང་། ལེགས་པར་སྦྱིན་ཞིང་ཡོན་ཏན་བསྒྲག་པ་དང་། གཞན་གྱི་བསོད་ནམས་ལ་ཡི་རང་ཞིང་བརྙས་པ་ལ་བཟོད་པ་དང་། དགེ་བ་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་ལམ་འདེབས་པ་དང་། དཀོན་མཆོག་མཆོད་ཅིང་བརྩོན་འགྲུས་རྩོམ་པ་དང་། བག་ཡོད་པར་གནས་པ་དང་། བསླབ་པ་དྲན་པ་དང་། ཤེས་བཞིན་གྱིས་བསྲུང་བ་དང་། དབང་པོའི་སྒོ་བསྲུང་ཞིང་ཟས་ཀྱི་ཚོད་ཤེས་པ་དང་། ནམ་གྱི་ཆ་སྟོད་དང་། ཆ་སྨད་ལ་མི་ཉལ་བར་བརྩོན་པ་དང་། སྐྱེས་བུ་དམ་པ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། རང་གི་འཁྲུལ་པ་ལ་བརྟགས་ནས་དེ་འཆགས་ཤིང་གཏོང་བ་སྟེ། དེ་ལྟ་བུའི་ཆོས་རྣམས་བསྒྲུབ་པ་དང། བསྲུང་བ་དང་། རྣམ་པར་འཕེལ་བར་བྱེད་པ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཞེས་བྱའོ། །ཞེས་གསུངས་སོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། བྱང་ས་ལས། བྱ་བ་དོན་དང་ལྡན་པ་ལ་གྲོགས་སུ་འགྲོ་བ་དང་། སེམས་ཅན་སྡུག་བསྔལ་བ་དང་། ཐབས་མི་ཤེས་པ་ལ་རིག་པ་སྟོན་པ་དང། བྱས་པ་གཟོ་ཞིང་ཚོར་ཏེ་ལན་དུ་ཕན་འདོགས་པ་དང་། འཇིགས་པ་རྣམས་ལས་བསྲུང་བ་དང་། སྡུག་བསྔལ་བ་རྣམས་ཀྱི་མྱ་ངན་སེལ་བ་དང་། ཡོ་བྱད་མེད་པ་རྣམས་ལ་ཡོ་བྱད་སྟོབ་པ་དང་། ཆོས་ཀྱིས་འཁོར་ལེགས་པར་སྡུད་པ་དང་། སེམས་དང་མཐུན་པར་འཇུག་པ་དང་། ཡང་དག་པའི་ཡོན་ཏན་གྱིས་དགའ་བར་བྱེད་པ་དང་། ལེགས་པར་ཚར་གཅོད་པ་དང་། རྫུ་འཕྲུལ་གྱིས་སྐྲག་པ་དང་འདུན་པར་བྱེད་པའོ། །ཞེས་རྣམ་གྲངས་བཅུ་གཉིས་སུ་གསུངས་པ་རྣམས་དང་། ཁྱད་པར་དུ་སྡོམ་གསུམ་རྣམ་ངེས་ལས། སེམས་ཅན་དོན་བྱེད་ཚུལ་ཁྲིམས་བསྡུ་དངོས་བཞི། །ཐོག་མར་སྦྱིན་པས་གདུལ་བྱ་རབ་བསྡུས་ནས། །སྙན་པར་སྨྲ་བའི་གཏམ་གྱིས་ཡིད་རབ་དྲངས། །ཐེག་པ་རིམ་དགུར་དཀྲི་བ་དོན་སྤྱོད་དེ། །དེ་དག་འདྲེན་ཕྱིར་རང་ཡང་དོན་དེ་སྤྱོད། །ཅེས་པ་ལྟར། བསྡུ་དངོས་བཞི་སྟེ། དང་པོ་ནི། གདུལ་བྱ་འཁོར་དུ་མ་འདུས་པ་བསྡུ་བར་བྱ་བའི་ཕྱིར་ཐོག་མར་ཟང་ཟིང་གི་སྦྱིན་པས་མགུ་བར་བྱེད་པ་སྟེ། མཁས་མཆོག་དཔའ་བོས་པདྨ་སྤུངས་པ་ལས། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །ཞེས་སོ། །གཉིས་པ་ནི། འཁོར་དུ་འདུས་ནས་སྙན་པར་སྨྲ་བའི་གཏམ་གྱིས་བློ་རིམ་གྱིས་དྲངས་ཏེ་དམ་པའི་ཆོས་བསྟན་པས་དེ་སྒྲུབ་པ་ལ་དོན་གཉེར་གྱི་མོས་འདུན་དང་སྤྲོ་བ་བསྐྱེད་དུ་འཇུག་པ་སྟེ། དེ་ཉིད་ལས། སྙན་པར་སྨྲ་བའི་ཚིག་གིས་བསུ། །ཞེས་སོ། །གསུམ་པ་ནི། བྱིས་པ་རྣམས་ཁ་ཟས་འཇམ་རྩུབ་ཀྱིས་རིམ་པར་གསོ་བ་ལྟར་གདུལ་བྱ་རང་རང་གི་བློ་དང་འཚམ་པར་ཆོས་ལ་སྤྱོད་དུ་འཇུག་པ་སྟེ། སྔ་མ་ལས། དོན་སྤྱོད་གྲོས་ཆེན་གདབ་པར་བྱ། །ཞེས་སོ། བཞི་པ་ནི། སེམས་ཅན་དེ་དག་དམ་པའི་ཆོས་དང་དགེ་བ་ལ་སྦྱོར་བའི་ཕྱིར་རང་ཡང་དེ་དང་མཐུན་པར་བསླབ་པ་སྟེ། དེ་ཉིད་ལས། དོན་མཐུན་པ་ཡིས་བག་ཕབ་སྟེ། །ཞེས་སོ། །གཞན་ཡང་རང་མི་ཉམས་ཤིང་གཞན་དད་པར་བྱ་བའི་ཕྱིར། ལུགས་ཀྱི་འདུ་བྱེད་མ་དག་པ་དོན་མེད་པའི་མཆོང་རྒྱུག་སོགས་དང་། ངག་གི་དོན་མེད་པའི་སྨྲ་བ་མང་པོ་དང་གཞན་སྐྱོན་འབྲུ་བ་སོགས་དང་། ཡིད་རྙེད་བཀུར་གཉིད་རྨུགས་ལ་དགའ་བ་སོགས་སྤངས་ཤིང་། ལུས་ཀྱི་འདུ་བྱེད་དག་པ་སྤྱོད་ལམ་ཞི་ཞིང་དུལ་བ། ངག་གི་ཚིག་འཇམ་ཞིང་རན་པར་སྨྲ་བ། ཡིད་དད་སོགས་གཡོ་སྒྱུ་མེད་པའི་ལྷག་པའི་བསམ་པ་ལ་གནས་པར་བྱ་སྟེ། སྤྱོད་འཇུག་ལས། དེ་ལྟར་རང་དབང་ཡོད་གྱིས་ཏེ། །རྟག་ཏུ་འཛུམ་པའི་བཞིན་དུ་གྱིས། །ཁྲོ་གཉེར་ངོ་འཛུམ་ཡོངས་སྤངས་ཏེ། །འགྲོ་བའི་བཤེས་དང་གསོང་པོར་གྱིས། །ཞེས་སོགས་དང་། ཟླ་བ་སྒྲོན་མའི་མདོ་ལས། གང་གིས་འཁྲུལ་པ་ཅི་མཐོང་ཡང་། །དེ་དག་ཉེས་པར་མི་བསྒྲག་སྟེ། །ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲར་ཐོབ་པར་འགྱུར། །ཞེས་དང་། ལུང་སྔ་མ་ལས། སྨྲ་ན་ཡིད་ཕེབས་འབྲེལ་བ་དང་། །དོན་གསལ་ཡིད་དུ་འོང་བ་དང་། །ཆགས་དང་ཞེ་སྡང་སྤང་བ་དང་། །འཇམ་ཞིང་རན་པར་སྨྲ་བར་བྱ། །ཞེས་དང་། ལྷག་བསམ་བསྐུལ་བའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔས་རྙེད་པ་དང་བཀུར་སྟི་ནི་འདོད་ཆགས་བསྐྱེད་པར་བརྟག་གོ །རྙེད་པ་དང་བཀུར་སྟི་ནི་ཞེ་སྡང་བསྐྱེད་པར་རིགས་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གཏི་མུག་བསྐྱེད་པར་རིགས་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གཡོ་བསྐྱེད་པར་རིགས་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་སངས་རྒྱས་ཐམས་ཅད་ཀྱིས་མི་གནང་བར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དགེ་བའི་རྩ་བ་འཕྲོག་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ཕ་རོལ་འབྲིད་པའི་སྨད་འཚོང་མ་དང་འདྲ་བར་བརྟག་པར་བྱའོ། །ཞེས་སོགས་གསུངས་པ་ལྟར་ཏེ། མདོར་ན་ཞི་བ་ལྷས། གཞན་དག་མ་དད་གྱུར་པའི་ཆ། །མཐོང་དང་དྲིས་ལ་སྤོང་བར་བྱ། །ཞེས་སོ། །དེ་ལྟར་ཚུལ་ཁྲིམས་གསུམ་པོ་ཡང་གོང་དུ་སྨོས་པ་ལྟར་ཐབས་ཤེས་ཁྱད་པར་ཅན་ལ་བརྟེན་ནས་རྣམ་པར་དག་པ་དང་སྤེལ་བའི་ཚུལ་ལ་མཁས་པར་བྱའོ། །དེ་ལྟར་ཚུལ་ཁྲིམས་དང་མི་ལྡན་པའི་སྐྱོན་ནི། དབུ་མ་འཇུག་པ་ལས། སྐྱེས་བུ་ཚུལ་ཁྲིམས་རྐང་པ་ཆག་གྱུར་ན། །སྦྱིན་པས་ལོངས་སྤྱོད་ལྡན་ཡང་ངན་འགྲོར་ལྟུང་། །ཞེས་གསུངས། ཚུལ་བཞིན་བསྲུང་བའི་ཕན་ཡོན་ཡང་། གནས་སྐབས་སུ། སྡུད་པ་ལས། ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་དུ་མའི་ངོ་བོ་དང་། །མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཤཱ་རིའི་བུ། ཚུལ་ཁྲིམས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔས་ལྷ་དང་མིའི་དཔལ་ཕུན་སུམ་ཚོགས་པ་མྱོང་བ་མི་འགྱུར་བ་གང་ཡང་མེད་དོ། །ཞེས་སོ། །མཐར་ཐུག་གི་འབྲས་བུ་ནི། བྱང་ས་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་པ་བཞིན་ཚུལ་ཁྲིམས་འདི་གསུམ་གྱིས་ལམ་བསླབ་པ་གསུམ་སྒྲུབ་ཅིང་ཚོགས་གཉིས་རྫོགས་ནས་སངས་རྒྱས་པའི་ཚེ་སྡོམ་པའི་ཚུལ་ཁྲིམས་ཀྱིས་སྤངས་པ་ཕུན་སུམ་ཚོགས་པ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པ་ཐོབ་པར་བྱེད་དོ། །དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱིས་རྟོགས་པ་ཕུན་སུམ་ཚོགས་པ་ཇི་ལྟ་བ་དང་ཇི་སྙེད་པའི་མཁྱེན་པ་ལ་སོགས་པ་ཐོབ་བོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱིས་ཕྲིན་ལས་ཕུན་སུམ་ཚོགས་པ་གང་ལ་གང་འདུལ་དུ་དེ་དང་འཚམ་པའི་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བའི་རྒྱུ་ཅན་ཐོབ་པ་ཡིན་ནོ། །གསུམ་པ་བཟོད་པ་ནི། ངོ་བོ་ཁྱད་ཆོས་བཞི་ལྡན་གྱི་མི་འཁྲུགས་པའི་སེམས་པ་དགེ་བ་ས་བོན་དང་བཅས་པའོ། །ངེས་ཚིག་ནི། ཀྵནྟའི་སྒྲ་ལས་བཟོད་པ་སྟེ། སྡུག་བསྔལ་སོགས་ལ་བསྲན་ཚུགས་པས་བཟོད་པའོ། །དབྱེ་ན། རྣམ་ངེས་ལས། ཁོང་ཁྲོ་ཟབ་མོ་སྡུག་བསྔལ་བཟོད་པར་བྱ། །ཞེས་པ་ལྟར་གསུམ་ལས། དང་པོ་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་ནི། རང་དང་རང་གི་ཕྱོགས་ལ་ཕ་རོལ་པོས་གནོད་པ་ཇི་དང་ཇི་ལྟ་བུ་བྱེད་ཀྱང་། རྒྱུ་རང་གིས་སྔོན་ཕར་ལ་གནོད་པ་བགྱིས་པའི་འབྲས་བུ་ཡིན་པ་དང་། ད་ལྟ་ཁོ་རང་སེམས་འཁྲུལ་བའི་དབང་གིས་གདོན་གྱིས་མྱོས་པ་བཞིན་དུ་རང་དབང་མེད་པར་བདག་ལ་འདི་ལྟ་བའི་གནོད་པ་བྱས་པས་ཕྱི་མ་ངན་སོང་གི་སྡུག་བསྔལ་མྱོང་དགོས་པས་སྙིང་རེ་རྗེ་སྙམ་པ་དང་། བདག་ནི་ཐབས་འདི་ལ་བརྟེན་ནས་བཟོད་པ་བསྒོམས་པས་སྡིག་པ་མང་པོ་འཛད་ཅིང་བསོད་ནམས་ཀྱི་ཚོགས་འཕེལ་བར་བྱེད་པས་དགེ་བའི་གཤེས་གཉེན་བཞིན་དུ་གནོད་བྱེད་ཀྱི་དགྲ་འདི་བཀའ་དྲིན་ཆེ་སྙམ་པ་དང་། བདག་གིས་འདིའི་དྲིན་ལན་དུ་དགེ་བའི་རྩ་བ་གང་བྱེད་ཐུན་མོང་དུ་བསྔོ་བར་བྱའོ་སྙམ་པ་ལས། གནོད་བྱེད་ལ་སེམས་འཁྲུགས་པ་དང་། གནོད་ལན་བྱེད་པ་དང་། འཁོན་དུ་འཛིན་པ་སོགས་མི་བྱ་བ་ལ་བསླབ་པ་སྟེ། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་དང་། བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ཡི་གནོད་པ་བྱས། །དེ་བས་སེམས་ཅན་འཚེ་བྱེད་པ། །བདག་ལ་གནོད་བྱེད་འདི་འབྱུང་རིགས། །ཞེས་དང་། བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པས། །བདག་གིས་དགྲ་ལ་དགའ་བར་བྱ། །འདི་དང་བདག་གིས་བསྒྲུབས་པས་ན། །དེ་ཕྱིར་བཟོད་པའི་འབྲས་བུ་འདི། །ཐོག་མར་འདི་ལ་བརྡལ་འོས་ཏེ། །འདི་ལྟར་དེ་ནི་བཟོད་པའི་རྒྱུ། །ཞེས་སོ། །ལེགས་པར་བརྟགས་ན་གནོད་བྱ་གནོད་བྱེད་གནོད་པ་གསུམ་ཀའང་རང་བཞིན་གྱིས་གྲུབ་པ་མེད་པས་སྤྲུལ་པ་ལྟ་བུའི་ཆོས་ལ་སུ་ཞིག་ཁྲོ་བར་བྱ་སྟེ། སྔ་མ་ལས། དེ་ལྟར་ཤེས་ན་སྦྲུལ་ལྟ་བུའི། །དངོས་པོ་ཀུན་ལ་ཁྲོ་མི་འགྱུར། །ཞེས་དང་། དེ་ལྟར་སྟོང་པའི་ཆོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །མི་དགར་ཅི་ཡོད་དགར་ཅི་ཡོད། །ཐམས་ཅད་ནམ་མཁའ་འདྲ་བར་ནི། །བདག་འདྲས་ཡོངས་སུ་བཟུང་བར་བགྱི། །ཞེས་སོ། །གཉིས་པ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ནི། ཆོས་སྒྲུབ་པའི་ཕྱིར་དུ་ལུས་ཀྱི་ན་ཚ་དང་ཚ་གྲང་ལྟོགས་སྐོམ་སོགས་འཕྲལ་གྱི་སྡུག་བསྔལ་དང་དཀའ་བ་ཇི་ལྟ་བུ་སྤྱོད་དགོས་པ་བྱུང་ཡང་། གནས་སྐབས་སུ་སྡིག་པ་འཛད་པ་དང་། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཐོབ་བྱེད་དུ་འགྲོ་བས་པདྨའི་མཚོ་ལ་ངང་པ་འཇུག་པ་ལྟར་སྤྲོ་བས་དང་དུ་ལེན་པར་བྱ་སྟེ། སྤྱོད་འཇུག་ལས། གསད་བྱའི་མི་གཅིག་ལག་བཅད་དེ། །གལ་ཏེ་ཐར་ན་ཅིས་མ་ལེགས། །གལ་ཏེ་མི་ཡི་སྡུག་བསྔལ་གྱིས། །དམྱལ་བ་བྲལ་ན་ཅིས་མ་ལེགས། །བདག་གིས་བྱང་ཆུབ་སྒྲུབ་པ་ཡི། །སྡུག་བསྔལ་འདི་ནི་ཚོད་ཡོད་དེ། །ཟུག་རྔུ་ཁོང་བརླག་གནོད་བསལ་ཕྱིར། །ལུས་རྨ་གཏོད་པའི་སྡུག་བསྔལ་བཞིན། །ཞེས་སོ། །གསུམ་པ་ཆོས་ལ་ངེས་རྟོག་གི་བཟོད་པ་ནི། སྙིང་རྗེ་ཆེན་པོས་བསྐལ་པའི་མཐའི་བར་དུ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པ་དང་། ཤེས་རབ་ཆེན་པོས་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་སྟོང་པ་ཉིད་དང་། རང་བཞིན་གྱིས་འོད་གསལ་བ་དང་། རང་བྱུང་གི་ཡེ་ཤེས་འདུས་མ་བྱས་དང་བདེ་གཤེགས་སྙིང་པོ་དང་། བསམ་གྱིས་མི་ཁྱབ་པ་སོགས་གནས་ལུགས་ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པའོ། །བཟོད་པ་དེ་གསུམ་ཡང་ཐབས་ཤེས་ཁྱད་པར་ཅན་གྱིས་དག་པ་དང་སྤེལ་བའི་ཚུལ་ལ་མཁས་པར་བྱའོ། །དེ་ལྟ་བུའི་བཟོད་པ་དང་མི་ལྡན་པའི་སྐྱོན་ནི། ཞི་བ་ལྷས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་སོ། །བཟོད་པ་བསྒོམས་པའི་འབྲས་བུ། གནས་སྐབས་སུ། སྔ་མ་ལས། འཁོར་ཚེ་བཟོད་པས་མཛེས་སོགས་དང་། །ནད་མེད་པ་དང་གྲགས་པ་ཡིས། །ཤིན་ཏུ་ཡུན་རིང་འཚོ་བ་དང་། །འཁོར་ལོས་སྒྱུར་བའི་བདེ་རྒྱས་ཐོབ། །ཅེས་དང་། མདོ་ལས། འཁོན་མི་མང་བ་ཡིན། དབྱེན་མི་མང་བ་ཡིན། བདེ་བ་དང་ཡིད་བདེ་བ་མང་བ་ཡིན། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པ་ཡིན། ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་ཕན་ཡོན་ཆེན་པོ་ལྔ་གསུངས་སོ། །མཐར་ཐུག་བྱང་ཆུབ་མངོན་དུ་བྱེད་པའང་། ཡབ་སྲས་མཇལ་བའི་མདོ་ལས། ཁྲོ་བ་སངས་རྒྱས་ལམ་མིན་ཞེས། །རྟག་ཏུ་བྱམས་པ་སྒོམ་པ་ན། །བྱང་ཆུབ་དེ་ལས་སྐྱེ་བར་འགྱུར། །ཞེས་གསུངས་སོ། །བཞི་པ་བརྩོན་འགྲུས་ནི། ངོ་བོ་ཁྱད་ཆོས་བཞི་ལྡན་གྱི་སྤྲོ་བའི་སེམས་པ་དགེ་བ་ས་བོན་དང་བཅས་པའོ། །ངེས་ཚིག བཱིཪྻའི་སྒྲ་ལས་བརྩོན་འགྲུས་ཏེ། སྙིང་སྟོབས་མ་ཞུམ་པས་མཆོག་གི་གནས་ལ་སྦྱོར་བས་ན་བརྩོན་འགྲུས་སོ། །དབྱེ་ན། རྣམ་ངེས་ལས། གོ་ཆ་དགེ་སྡུད་གཞན་ཕན་བརྩོན་འགྲུས་བརྩམ། །ཞེས་པ་ལྟར་གསུམ་ལས། དང་པོ་བསམ་པ་གོ་ཆའི་བརྩོན་འགྲུས་ནི། ཐོག་མར་ཆོས་ལ་འཇུག་པའི་ཚེ་ན་བདུད་ཀྱིས་མི་བརྫི་བའི་རྒྱུ་སེམས་ཅན་ཐམས་ཅད་རྫོགས་བྱང་ལ་མ་འཁོད་ཀྱི་བར་དུ་བདག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་བསྒྲུབ་པ་ལ་ནམ་ཡང་བརྩོན་པ་འདོར་བར་མི་བྱའོ་སྙམ་དུ་སྙིང་སྟོབས་བསྐྱེད་དེ་ཞེ་ཐག་པ་ནས་བསམ་པ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཤཱ་རིའི་བུ་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོ་བར་བྱ་སྟེ། འཁོར་བའི་ཐ་མ་ཇི་ཙམ་པར་བྱང་ཆུབ་ཀྱི་ཕྱིར་བརྩོན་འགྲུས་ལྷོད་པར་མི་བྱ་སྟེ། ཞེས་དང་། གོ་ཆ་བཀོད་པའི་མདོ་ལས། བྱང་ཆུབ་སེམས་དཔས་སེམས་ཅན་རྣམས། བསྡུ་ཕྱིར་གོ་ཆ་བགོ་བར་བྱ། །སེམས་ཅན་ཚད་ནི་མེད་པའི་ཕྱིར། །གོ་ཆ་བགོས་པ་ཚད་མེད་དོ། །ཞེས་དང་། བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། དེ་བསྐལ་པ་འདི་སྙེད་ཅིག་གོ་ཆ་བགོ་ལ། དེ་བསྐལ་པ་འདི་སྐད་ཅིག་གོ་ཆ་མི་བགོ་ཞེས་བསྐལ་པ་བགྲང་བས་བྱང་ཆུབ་མི་འཚོལ་གྱི། བསམ་གྱིས་མི་ཁྱབ་པའི་གོ་ཆ་གོན་པར་བྱའོ། །ཞེས་སོ། །གཉིས་པ་སྦྱོར་བ་ལག་ལེན་དུ་འདེབས་པ་སྦྱོར་བའི་བརྩོན་འགྲུས་ནི། ལམ་ལྔ་དང་ས་བཅུ་རྫོགས་པར་བྱེད་པའི་སྤངས་རྟོགས་ཀྱི་ཡོན་ཏན་ཐོབ་འགྱུར་ལ་སྤྲོ་དགའ་དང་བཅས་ཏེ་དེ་འཐོབ་བྱེད་ཀྱི་རྒྱུ་ཐོས་བསམ་སྒོམ་གསུམ་སོགས་དགེ་ཚོགས་རྒྱ་མཚོ་ལྟ་བུ་སྡུད་པ་ལ་འཇུག་ཅིང་། ཞུགས་ནས་ཀྱང་སྒྲུབ་པ་ལ་སྙིང་སྟོབས་དཔའ་མི་ཞུམ་པ་དང་། གནས་སྐབས་ཀྱི་ཡོན་ཏན་ཅུང་ཟད་རེ་ཙམ་ཐོབ་པས་མི་ངོམ་པ་དང་། གཞན་གྱི་ལོག་སྒྲུབ་སོགས་རྐྱེན་གྱིས་མི་ལྡོག་པའི་སྒོ་ནས་རྟག་སྦྱོར་དང་གུས་སྦྱོར་གྱིས་འབད་པར་བྱ་བ་སྟེ། དེ་ལ་རྟག་སྦྱོར་ནི། དཀོན་མཆོག་སྤྲིན་ལས། འདི་ལ་བྱང་ཆུབ་སེམས་དཔའི་སྤྱོད་ལམ་ཐམས་ཅད་དུ་བརྩོན་འགྲུས་བརྩམས་པ་ནི། ཅི་ནས་ལུས་སྐྱོ་བར་མི་འགྱུར་བ་དང་། སེམས་སྐྱོ་བར་མི་འགྱུར་བ་དེ་ལྟར་རྩོམ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་རྟག་པའི་བརྩོན་འགྲུས་ཞེས་བྱའོ། །ཞེས་སོ། །གུས་སྦྱོར་ནི་དགའ་བཞིན་སྤྲོ་བཞིན་མྱུར་དུ་བྱེད་པ་སྟེ། ཇི་སྐད་དུ། དེ་ལྟར་ལས་ཚར་ཕྱིན་བྱའི་ཕྱིར། །ཉི་མ་ཕྱེད་དུས་གདུང་བ་ཡི། །གླང་ཆེན་མཚོར་འཕྲད་འཇུག་པ་ལྟར། །ལས་དེ་ལ་ཡང་འཇུག་པར་བྱ། །ཞེས་སོ། །གསུམ་པ་རང་གཞན་གྱི་དོན་འགྲུབ་པའི་རྒྱུས་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་ནི། ཉིན་དང་མཚན་མོ་སོགས་དུས་དང་རྣམ་པ་ཀུན་ཏུ་བསམ་པ་དང་སྦྱོར་བ་གང་ཡང་རུང་བས་དངོས་སམ་བརྒྱུད་ནས་སེམས་ཅན་གྱི་ཕན་བདེ་སྒྲུབ་པའི་ཐབས་འབའ་ཞིག་ལ་བརྩོན་པར་བྱ་བ་སྟེ། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་བསམ། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་རྒྱུར་བསྔོའོ། །ཞེས་སོ། །དེ་དག་གི་སྐབས་སུ་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ་ལོ་སྤང་བར་བྱ་སྟེ། དེ་ཡང་ལེ་ལོ་ལ་གསུམ། སྙོམ་ལས་ཀྱི་ལེ་ལོ། སྒྱིད་ལུག་པའི་ལེ་ལོ། སྨད་པའམ་བྱ་བ་ངན་ཞེན་གྱི་ལེ་ལོའོ། །དང་པོ་ནི། ཉལ་བ་དང་། བསྙེལ་བ་དང་། གཉིད་ལོག་པ་སོགས་སོས་དལ་གྱི་བདེ་བ་ལ་ཆགས་པ་སྟེ། དེའི་གཉེན་པོར་མི་རྟག་པ་དྲན་པར་བྱ་སྟེ། མདོ་ལས། དགེ་སློང་དག་ཤེས་པ་ནི་འགྲིབ། སྲོག་ནི་ཆད། སྟོན་པའི་བསྟན་པའང་ངེས་པར་ནུབ་པར་འགྱུར་ན། ཅིའི་ཕྱིར་བརྩོན་འགྲུས་དང་བརྟུལ་བ་བརྟན་པོས་སྒྲུབ་པར་མི་བྱེད། ཅེས་དང་། སྤྱོད་འཇུག་ལས། མྱུར་བ་ཉིད་དུ་ཚོགས་བསགས་བྱ། །ཞེས་སོ། །གཉིས་པ་ནི། བདག་ལྟ་བུ་ངན་པས་འབད་ཀྱང་བྱང་ཆུབ་ག་ལ་ཐོབ་སྙམ་དུ་སེམས་ཞུམ་ནས་འཇུག་མི་ནུས་པ་སྟེ། དེའི་གཉེན་པོར་སེམས་གཟེངས་བསྟོད་དུ་འཇུག་པར་བྱ་བ་ནི་སྔར་བསྟན་ཟིན་ཏོ། །གསུམ་པ་ནི། དགྲ་འདུལ་གཉེན་སྐྱོང་ཚོང་སོ་ནམ་སོགས་འཇིག་རྟེན་གྱི་བྱ་བ་ངན་པ་ལ་ཆགས་ཤིང་ཞེན་པ་སྟེ། དེ་དག་སྡུག་བསྔལ་གྱི་རྒྱུ་དངོས་ཡིན་པས་སྤང་བར་བྱ་དགོས་ཏེ། ཨ་ཏི་ཤས། འཇིག་རྟེན་བྱ་བ་ཀུན་ལ་ཕར་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམས་ཀྱང་སྙིང་བོ་མི་གདའ་བས། །རང་གི་སེམས་ལ་ལྟ་བ་གོམས་པར་གྱིས། །ཞེས་གདམས་པར་མཛད་པ་བཞིན་ནོ། །བརྩོན་འགྲུས་དག་པར་བྱེད་པ་དང་སྤེལ་བའི་ཚུལ་ནི་སྔ་མ་རྣམས་དང་མཐུན་ནོ། །གང་ལ་བརྩོན་འགྲུས་མེད་ཅིང་ལེ་ལོའི་དབང་དུ་གྱུར་པའི་སྐྱོན་ནམ་ཉེས་པ་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ལེ་ལོ་ཅན་ལ་ནི་སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་མེད་དོ། །ལེ་ལོ་ཅན་ལ་ནི་གཞན་དོན་བྱ་བ་མེད་དོ། །ལེ་ལོ་ཅན་ལ་ནི་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ་། །ཞེས་སོ། །ལེགས་པར་བརྩོན་པའི་འབྲས་བུའང་གནས་སྐབས་སུ་སྲིད་པའི་བདེ་བ་མཆོག་རྣམས་ཐོབ་སྟེ། མདོ་རྒྱན་ལས། བརྩོན་འགྲུས་ཀྱིས་ནི་སྲིད་སྤྱོད་བདེ་བ་འཐོབ། །ཅེས་སོ། །མཐར་ཐུག་གི་འབྲས་བུ་བྱང་ཆུབ་ཐོབ་པའང་། མདོ་སྔ་མ་ལས། བརྩོན་འགྲུས་བརྩམས་པ་རྣམས་ཀྱིས་ནི་བླ་ན་མེད་པའི་བྱང་ཆུབ་དཀའ་བ་མ་ཡིན་ནོ། །ཅིའི་ཕྱིར་ན། བློ་གྲོས་རྒྱ་མཚོ་གང་ན་བརྩོན་འགྲུས་ཡོད་པ་དེ་ན་བྱང་ཆུབ་ཡོད་དོ། །ཞེས་དང་། གང་པོས་ཞུས་པ་ལས། རྟག་ཏུ་བརྩོན་འགྲུས་གང་རྩོམ་པ། །དེ་ལ་བྱང་ཆུབ་ཡོང་མི་དཀའ། །ཞེས་གསུངས་པ་བཞིན་ནོ། །ལྔ་པ་བསམ་གཏན་ནི། ངོ་བོ་ཁྱད་ཆོས་བཞི་ལྡན་གྱི་དམིགས་པ་ལ་རྩེ་གཅིག་པའི་སེམས་པ་དགེ་བ་ས་བོན་དང་བཅས་བའོ། །ངེས་ཚིག་ནི། དྷྱཱ་ན་ཞེས་པའི་སྒྲ་ལས་བསམ་གཏན་ཏེ། སེམས་པའི་རྒྱུན་གཞན་དུ་མ་ཡེངས་པར་འཛིན་པས་ན་བསམ་གཏན་ནོ། །དབྱེ་ན། ལང་ཀར་གཤེགས་པ་ལས། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་དང་། །དོན་རབ་འབྱེད་བའི་བསམ་གཏན་དང་། །དེ་བཞིན་གཤེགས་དགེའི་བསམ་གཏན་ཏེ། །ཞེས་གསུངས་པ་ལྟར་གསུམ་ལས། དང་པོ་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ནི། ཐར་ལམ་ལ་མ་ཞུགས་པའི་རྒྱུད་ལའང་ཡོད་པའི་ཏིང་ངེ་འཛིན་ཏེ། དབྱེ་ན། འདོད་ཁམས་ཀྱི་རྣམ་རྟོག་སྤང་བ་ལ་བསམ་གཏན་བཞི་དང་། གཟུགས་ཁམས་ཀྱི་རྣམ་རྟོག་སྤང་བ་ལ་གཟུགས་མེད་པའི་སྙོམས་འཇུག་བཞིའོ། །དེ་ལས་བསམ་གཏན་བཞིའི་སྙོམས་པར་འཇུག་པ་ནི། ལྷག་མཐོང་གི་རྟེན་གཞིར་གྱུར་པའི་ཞི་གནས་དང་། གཟུགས་མེད་ཀྱི་སྙོམས་འཇུག་བཞི་ནི་ཏིང་ངེ་འཛིན་གྱི་གོལ་ས་སྟེ། མདོར་ན། ལྷག་མཐོང་མཚན་ཉིད་པས་མ་ཟིན་པའི་ཞི་གནས་རྐྱང་པ་ཙམ་གྱིས་སེམས་གནས་ཇི་ཙམ་བརྟན་ཡང་བསམ་གཏན་བཞི་དང་། དཔྱད་པའི་འཛིན་སྟངས་ཇི་ཙམ་རྣོ་ཡང་ཕལ་ཆེར་གཟུགས་མེད་ཀྱི་སྙོམས་འཇུག་ལས་མ་འདས་ཏེ། ཏིང་ངེ་འཛིན་གྱི་ཚོགས་ལེའུ་ལས། ཏིང་ངེ་འཛིན་ཀྱང་རབ་བརྟན་ལ། །དེ་ལ་མངོན་པར་ཞེན་བྱེད་ན། །བྱིས་པ་ཉེར་སྤྱོད་ཅེས་བྱ་སྟེ། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་སོ། །གཉིས་པ་དོན་རབ་འབྱེད་པའི་བསམ་གཏན་ནི། ལམ་ཞུགས་ཚོགས་སྦྱོར་གྱི་རྒྱུད་ལ་ཡོད་པའི་ཏིང་ངེ་འཛིན་ཏེ། སྔར་གྱི་ཞི་གནས་རྐྱང་པ་ཙམ་མ་ཡིན་པར། དོན་རབ་ཏུ་འབྱེད་པ་སྟེ་སོ་སོར་རྟོག་པའི་ལྷག་མཐོང་དང་ཟུང་འཇུག་ཏུ་བསྒོམ་པ་ལ་བརྟེན་ནས་ཇི་སྐད་བཤད་པའི་ཚོགས་སྦྱོར་གྱི་ཡོན་ཏན་ཁྱད་པར་འཕགས་པ་རྣམས་རིམ་གྱིས་ཐོབ་སྟེ་མངོན་ཤེས་ཕྲ་མོ་ལ་བརྟེན་ནས་གཞན་དོན་ཀྱང་ཅི་རིགས་པར་སྒྲུབ་ནུས་པ་སྟེ། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་སོ། །གསུམ་པ་དེ་བཞིན་གཤེགས་དགེའི་བསམ་གཏན་ནི། མཐོང་ལམ་ས་དང་པོ་ཡན་ཆད་འཕགས་རྒྱུད་ཀྱི་ཏིང་ངེ་འཛིན་ཟག་པ་དང་བྲལ་བ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཡུལ་ལ་སྙོམས་པར་འཇུག་པ་སྟེ། མགོན་པོ་བྱམས་པས། སེམས་ལས་གཞན་དུ་མེད་པར་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་རྟོགས་ཏེ། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པས་ཆོས་ཀྱི་དབྱིངས་ལ་གནས། །ཞེས་སོ། །ཇི་ལྟར་བསམ་གཏན་བསྒོམ་པའི་ཚུལ་དངོས་ལ། ཐོག་མར་འགྱུར་ཞིང་མི་རྟག་པའི་རང་བཞིན་བསམ་པ་ནི། འདི་ལྟར་སྐྱེས་པ་ཐམས་ཅད་ནི་འཆི། འདུས་པ་ཐམས་ཅད་ནི་འབྲལ། བསགས་པ་ཐམས་ཅད་ནི་འཛད། འབྱོར་པ་མཐའ་དག་ནི་རྒུད་པའི་མཐའ་ཅན་ཏེ། གཡོ་ཞིང་སྙིང་པོ་མེད་པ་ཚེ་འདིའི་སྣང་བ་རྨི་ལམ་གྱི་བཀོད་པ་བཞིན་མི་རྟག་ཅིང་འགྱུར་བའི་རང་བཞིན་ལ་ཆགས་པའི་སྐྱེ་བོ་རྣམས་ཕུང་ཚབས་རེ་ཆེ། བདག་ཀྱང་མྱུར་དུ་འཆི། ངེས་པར་འཆི། སང་ནང་པར་རམ་དོ་ནུབ་ཙམ་ཡང་མི་འཆི་བའི་གདེང་མེད་ཅིང་རང་དབང་མེད་ན། འཁྲུལ་སྣང་ཚེ་འདིའི་བྱ་བས་ཅི་བྱ། འཆི་བའི་དུས་སུ་ཕན་པར་ངེས་པ་ནི་ཟབ་མོ་བླ་མའི་གདམས་ངག་ཁོ་ན་ཡིན་པས་དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་སྟེ་བསམ་གཏན་བསྒོམ་པ་ལ་བརྩོན་པར་བྱ་སྙམ་པ་སྟེ། མདོ་ལས། སང་ཙམ་འཆིའམ་སུས་ཤེས་ཀྱི། །དེ་རིང་ཉིད་དུ་བསྟུན་ཏེ་སྒྲུབ། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱོད་ཉིད་བཤེས་པ་མ་ཡིན་ནོ། །ཞེས་སོ། །དེ་ནས་འདོད་པའི་ཉེས་དམིགས་ལ་བསམ་པ་ནི། འདི་ལྟར་འདོད་པ་རྣམས་ནི་ཉེས་པ་མང་བ་སྟེ། བསགས་བསྲུང་སྤེལ་གསུམ་གྱིས་བྲེལ་ཞིང་། མི་དགེ་བ་འཕེལ་བ། ཀུན་དང་རྩོད་པ་དང་བཅས་པ། ཡོད་ཅིང་ཆོག་མི་ཤེས། ཁེངས་ཞིང་སེར་སྣ་འཕེལ་བ། ཟད་ཀྱིས་དོགས། བརླགས་ཀྱིས་དོགས། འཕྲོག་གིས་དོགས། རྐུན་པོ་ལ་སོགས་པ་ཐམས་ཅད་དང་ཐུན་མོང་བ། བསགས་ཀྱང་འཆི་བའི་དུས་སུ་ཐམས་ཅད་འཇོག་ཅིང་འབྲལ་བའི་རང་བཞིན་ཅན། ཇི་ཙམ་དུ་འབྱོར་པ་དེ་ཙམ་དུ་སྡུག་བསྔལ་དེ་བས་མང་བ་སྟེ། ཐོས་པ་དང་བསམ་པ་དང་སྒོམ་པ་དང་ཚུལ་ཁྲིམས་ལ་སོགས་པ་རྣམ་པར་གྲོལ་བའི་ཆོས་དང་འགལ་བ། འཕགས་པ་རྣམས་ཀྱིས་ཀུན་ཏུ་སྨད་པ་སྟེ། བཤེས་སྤྲིང་ལས། བསགས་དང་བསྲུང་དང་བརླགས་པའི་སྡུག་བསྔལ་གྱིས། །ནོར་ནི་ཕུང་ཀྲོལ་མཐའ་ཡས་ཤེས་པར་བྱ། །ཞེས་སོ། །དེས་ན་འདོད་ཆུང་ཆོག་ཤེས་ལ་བསླབ་པར་བྱ་སྟེ། དེ་ཉིད་ལས། ནོར་རྣམས་ཀུན་གྱི་ནང་ནས་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས་། །ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས། ཞེས་སོ། །དེ་ནས་བྱིས་དང་འགྲོགས་པའི་ཉེས་པ་བསམ་པ་ནི། འདི་ལྟར་ཁྱིམ་པ་དང་རབ་ཏུ་བྱུང་བ་ལ་སོགས་སོ་སོ་སྐྱེ་བོའི་ཚོགས་འཁོར་དང་། མཛའ་བཤེས་དང་། གཉེན་འདུན་དང་། གྲོགས་དང་། དགྲ་དང་། བར་མའི་ཕྱོགས་ཐམས་ཅད་ཀྱང་འགྲོགས་པར་མི་བཟོད་དེ། རང་བཞིན་ངན་པར་དང་། བྱས་པ་མི་གཟོ་བ། ཕན་པའི་ལན་དུ་གནོད་པ་སྦྱིན་པ། འདོད་པ་ཆེ་བ། ཆོག་མི་ཤེས་པ། ཁོང་ཁྲོ་བ། ཚིག་རྩུབ་པ། རང་གི་འདོད་པ་འབའ་ཞིག་སྒྲུབ་པ། གཞན་ལ་ངང་གིས་གནོད་པ། ཕྱི་ཐག་ཐུང་བ། རང་གི་འབྱོར་པ་ཉམས་ན་འདོར་ཞིང་སྨོད་པ། ངོ་ཚ་བ་དང་ཆོས་དང་དམ་ཚིག་ལ་སོགས་པ་དང་། ལ་ཡོགས་དང་རྣམ་སྨིན་གང་ལའང་མི་འཛེམ་པ། དོན་དང་བྱ་བ་མང་བ། མགུ་བར་ཤིན་ཏུ་དཀའ་བ། འཐབ་པ་དང་། འཚེ་བ་དང་། ཕྲག་དོག་ལ་སོགས་པ་ཆོས་མ་ཡིན་པ་འབའ་ཞིག་གིས་བསླུ་ཞིང་། ཚེ་འདའ་བའི་རང་བཞིན་ཏེ། འགྲོགས་པ་ཙམ་གྱིས་དགེ་བ་འགྲིབ་ཅིང་མི་དགེ་བ་འཕེལ་བའི་བྱིས་པ་རྣམས་ནི། འཕགས་པ་རྣམས་ཀྱིས་ཀྱང་རིང་དུ་སྤོང་བའི་ཕྱིར། བདག་ཀྱང་ཐར་པ་དམ་པ་སྒྲུབ་པ་ལ་བར་གཅོད་པས་སུ་དང་ཡང་འགྲོགས་པར་མི་བྱ། གཅིག་པུར་ཞི་བའི་ཏིང་ངེ་འཛིན་སྒྲུབ་སྙམ་དུ་བསམ་པར་བྱ་སྟེ། སྤྱོད་འཇུག་ལས། བྱིས་དང་སྐལ་བ་མཉམ་སྤྱོད་ན། །ངེས་པར་ངན་འགྲོར་འགྲོ་འགྱུར་ཏེ། །སྐལ་མི་མཉམ་པར་འཁྲིད་བྱེད་ན། །བྱིས་ལ་བརྟེན་པས་ཅི་ཞིག་བྱ། །སྐད་ཅིག་གཅིག་གིས་མཛའ་འགྱུར་ལ། །ཡུད་ཙམ་ཞིག་གིས་དགྲར་ཡང་འགྱུར། །དགའ་བའི་གནས་ལ་ཁྲོ་བྱེད་པའི། །སོ་སོའི་སྐྱེ་བོ་མགུ་བར་དཀའ། །ཕན་པར་སྨྲས་ན་ཁྲོ་བར་བྱེད། །བདག་ཀྱང་ཕན་ལས་ཟློག་པར་བྱེད། །དེ་དག་ངག་ནི་མ་ཉན་ན། །ཁྲོས་པས་ངན་འགྲོར་འདོང་བར་འགྱུར། །མཐོ་ལ་ཕྲག་དོག་མཉམ་ལ་འགྲན། །དམའ་ལ་ང་རྒྱལ་བསྟོད་ན་དྲེགས། །མི་སྙན་བརྗོད་ན་ཁོང་ཁྲོ་སྟེ། །ནམ་ཞིག་བྱིས་ལས་ཕན་པ་ཐོབ། །ཅེས་དང་། དེས་ཀྱང་བདག་དོན་མ་བྱས་ལ། །བདག་ཀྱང་དེ་དོན་མི་འགྱུར་བས། །བྱིས་ལས་ཐག་རིང་འབྱོལ་བར་བྱ། །ཞེས་སོ། འདུ་འཛིའི་ཉེས་དམིགས་ལ་བསམ་པ་ནི། འདི་ལྟར་སྤྱིར་འཇིག་རྟེན་གྱི་སྣང་བ། སྒོས་ཚེ་འདིའི་བྱ་བ་རྣམས་ལ་ཟིན་པ་དང་ཆོག་པའི་དུས་མེད་པར། རྟག་ཏུ་བྲེལ་ཞིང་གཡེང་ལ་དོན་ཆུང་བ། ཇི་ཙམ་བརྩོན་ཀྱང་སྙིང་པོ་མེད་པ། དགྲ་བཏུལ་ཡང་མཐའ་མེད་པ། གཉེན་བསྐྱངས་ཀྱང་མཐའ་མེད་པ། ཚོང་སོ་ནམ་བཟོ་རིག་ཤེས་གང་ཅི་བྱས་ཀྱང་ལྟོ་གོས་ཀྱི་རྩོལ་སྒྲུབ་ལས། བྱས་པ་དོན་དུ་འགྱུར་བ་ཆོས་ཀྱི་ལམ་དུ་འགྲོ་བ་རྡུལ་ཙམ་ཡང་མེད་པ། ཉིན་མཚན་འཁོར་ཡུག་ཏུ་རྣམ་གཡེང་གི་འདུ་འཛིའི་དུས་འདའ་བ་འདིས་ཅི་བྱེད། དེ་བས་ཚེ་འདི་བློས་བཏང་ནས་བསམ་གཏན་བསྒོམ་སྙམ་དུ་བསམ་པར་བྱ་སྟེ། ཨོ་རྒྱན་ཆེན་པོས། ཕ་ཡུལ་མ་སྤང ས་ན་ང་རྒྱལ་གྱི་བདུད་མི་ཆོམ། ཁྱིམ་གྱི་བྱ་བ་མ་བཏང་ན་ཆོས་བྱ་བའི་སྐབས་མི་རྙེད། དད་པ་སྐྱེས་པའི་ཚེ་ན་ཆོས་ལ་མ་ཕྱིན་ན་ལས་ལ་ཟིན་པ་མི་འོང་། རང་ལ་དད་པ་མེད་པར་མི་གཞན་ལ་བསྙད་མ་འདོགས་རང་གི་ཡོ་བྱད་རླུང་ལ་མ་བསྐུར་ན་མི་ཆོས་ལ་ཁོ་ཐག་མི་ཆོད། གཉེན་འབྲེལ་དང་རྒྱང་མ་བསྲིངས་ན་ཆགས་སྡང་རྒྱུན་མི་ཆོད། དུས་ད་རེས་ཆོས་མ་བྱས་ན་ཕྱིས་གང་དུ་སྐྱེ་ཆ་མེད། རང་ལ་རྫུན་མི་བྱེད་ན་ཞེ་འདོད་ཆོད་ལ་དམ་པའི་ཆོས་གྱིས། གཉེན་འདུན་བུད་མེད་ཐམས་ཅད་དོར་ནས་འགྲོ་དགོས་པ་ལ་ད་ལྟ་དོར་ན་དོན་ཅན་དུ་འགྲོ་བ་ཡིན། རང་ལ་མི་སྟོངས་ངེས་པའི་སྲིད་མ་སྐྱོང་བར་དགོས་ངེས་པའི་དགེ་བ་སྐྱོངས། དགོས་སམ་མི་དགོས་མི་ངེས་པའི་སང་ཕོད་ཀྱི་བཙས་མ་བྱེད་པར་དགོས་ངེས་པའི་དགེ་སྦྱོར་གྱིས་ཤིག ཅེས་དང་། ལོང་གཏམ་ཀུ་རེ་བཞད་གད་གསུམ། །སྒོམ་པའི་བར་ཆད་ཡིན་པས་སྤོངས། །གཉེན་དང་གྲོགས་པོ་སློབ་མ་གསུམ། །ཆོས་བརྒྱད་རྟོད་ཕུར་ཡིན་པས་སྤོངས། །རྫས་དང་འདུ་འཛི་ནོར་རྫས་གསུམ། །ཆོས་ཀྱི་གཡེང་བ་ཡིན་པས་སྤོངས། །གཉིད་དང་སྙོམ་ལས་ལེ་ལོ་གསུམ། །ཆོས་བྱེད་དགྲ་ཆེན་ཡིན་པས་སྤོངས། །ཞེས་སོ། །དབེན་པའི་ཡོན་ཏན་ལ་བསམ་པ་ནི། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཞི་བའི་ནགས་སུ་བསྒྲུབས་པས་བདུད་རྩི་བརྙེས་པའི་ཕྱིར། བདག་ཀྱང་དབེན་པ་བསྟེན་པར་བྱ་སྟེ། དབེན་པའི་གནས་དེ་ན་འདུ་འཛི་དང་རྣམ་གཡེང་མེད། བྱ་བ་དང་བྲེལ་དོ་མེད། ཚོང་དང་སོ་ནམ་མེད། བྱིས་པ་དང་འགྲོགས་པ་མེད། བྱ་དང་རི་དྭགས་དང་འགྲོགས་ན་བདེ་བས་གང་ཞིང་། ཆུ་དང་ལོ་མ་སོགས་དཀའ་ཐུབ་ཀྱི་ཟས་དང་མཐུན། ཕུག་དང་བྲག་རིའི་དྲུང་སོགས་གནས་མལ་ཆོས་དང་མཐུན། སུ་ཡང་བཤེས་འདྲིས་མེད་པས་ཆགས་སྡང་སོགས་ཉོན་མོངས་ངང་གིས་ཞི། སྐྱོ་ཤས་དང་ངེས་འབྱུང་བསྐུལ་བའི་རྐྱེན་མང་བས་དགེ་སྦྱོར་ངང་གིས་འཕེལ། རིག་པ་ངང་གིས་དྭངས་པས་ཤེས་རབ་གསལ་ལ་དྭངས། དེ་སོགས་དབེན་པའི་ཡོན་ཏན་མང་བས་དེ་རིང་ཉིད་ནས་དབེན་པར་གནས་དགོས་སྙམ་དུ་བསམ་པར་བྱ་སྟེ། གང་པོས་ཞུས་པའི་མདོ་ལས། རི་དང་ནགས་ཚལ་གནས་མོས་པས། །ཡོན་ཏན་འབྱུང་གནས་འཕེལ་བར་བྱེད། །དབེན་པར་གནས་ལ་རྟེན་བྱེད་པས། །འདོད་ལྔའི་ཆགས་པ་ཡོངས་སུ་སྤོངས། །དེས་ན་འདུ་འཛི་མེད་པས་ན། །དགེ་ཆོས་ཅན་ཉིན་ཉམས་མི་འགྱུར། །ཕན་ཚུན་འགྲུལ་ཞིང་གཏམ་འདྲི་དང་། །ཚིག་གིས་སྨྲ་བར་མི་བྱེད་པས། །སྟོང་དབེན་ཉེར་ཞི་དབེན་པ་ལ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས། །རྟག་པར་དགོན་པ་བསྟེན་བྱ་ཞིང་། །གྲོང་ཁྱེར་ལ་ནི་ཆགས་མི་བྱ། །ཞེས་དང་སོ་སོ་ཐར་པ་ལས། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ནི་གནས་པ་བདེ། །ཞེས་སོ། །དེ་ལྟ་བུའི་དབེན་པའི་གནས་ནི་འཕགས་པ་རྣམས་ཀྱི་སྨོན་པར་བྱ་བ་ཡིན་ཏེ། རྒྱལ་སྲས་ཞི་བ་ལྷས། ནགས་ན་རི་དྭགས་བྱ་དག་དང་། །ཤིང་རྣམས་མི་སྙན་བརྗོད་མི་བྱེད། །འགྲོགས་ན་བདེ་བ་དེ་དག་དང་། །ནམ་ཞིག་ལྷན་ཅིག་བདག་གནས་འགྱུར། །ཕུག་གམ་ལྷ་ཁང་སྟོང་པའམ། །ལྗོན་ཤིང་དྲུང་དུ་གནས་བཅས་ཏེ། །ནམ་ཞིག་རྒྱབ་ཏུ་མི་བལྟ་ཞིང་། །ཆགས་པ་མེད་པར་འགྱུར་ཞིག་གུ། །ས་ཕྱོགས་བདག་གིར་བཟུང་མེད་པ། །རང་བཞིན་གྱིས་ནི་ཡངས་རྣམས་སུ། །རང་དབང་སྤྱོད་ཅིང་ཆགས་མེད་པར། །ནམ་ཞིག་བདག་ནི་གནས་པར་འགྱུར། །ཞེས་སོ། །གཞན་ཡང་དབེན་པ་བསྟེན་པས་སངས་རྒྱས་རྣམས་ལ་བསྙེན་བཀུར་གྱི་མཆོག་ཏུ་འགྱུར་བ་དང་། ཟླ་བ་སྒྲོན་མེའི་མདོ་ལས། ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང་། །མེ་ཏོག་སྤོས་དང་ཕྲེང་བ་རྣམས་ཀྱིས་ནི། །ཁྱུ་མཆོག་རྒྱལ་ལ་བསྙེན་བཀུར་བྱས་མི་འགྱུར། །གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཅིང་། །འདུས་བྱས་ངན་པས་ཡིད་འབྱུང་སེམས་ཅན་གྱི། །དོན་དུ་དགོན་པར་གནས་ཏེ་གོམ་བདུན་བོར། །འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །ཞེས་སོ། །ཁྱད་པར་དུ་ཏིང་ངེ་འཛིན་མྱུར་དུ་ཐོབ་པར་འགྱུར་བའང་། དེ་ཉིད་ལས། གྲོང་དང གྲོང་ཁྱེར་དག་ལ་དགའ་སྤོངས་ལ། །རྟག་ཏུ་དབེན་ཞིང་ནགས་ཁྲོད་བསྟེན་པར་གྱིས། །བསེ་རུ་ལྟ་བུར་རྟག་ཏུ་གཉིས་མེད་བྱོས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་ཐོབ་འགྱུར། །ཞེས་སོ། །དེ་ལྟར་ལུས་འདུ་འཛི་ལས་རྒྱང་བསྲིང་སྟེ་དབེན་པ་བསྟེན་ནས། སེམས་འདུ་འཛི་ལས་དབེན་པར་བྱ་བའི་ཕྱིར། བདག་དགོན་པར་འོངས་པ་འདི་ཅིའི་ཕྱིར་འོངས་སྙམ་དུ་བསམ་པར་བྱའོ། །དེ་ལ་བདག་དགོན་པར་འོངས་པ་འདི་གྲོང་དང་གྲོང་ཁྱེར་ལ་སོགས་པ་གཡེང་བའི་ཕྱོགས་ནས་འཇིགས་ཤིང་སྐྲག་ནས་བྲོས་ཏེ་དགོན་པར་འོངས་པ་ཡིན་ནོ། །དེ་ཡང་ཅིའི་འཇིགས་ན། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། འདུ་འཛིས་འཇིགས་ཤིང་སྐྲག་གོ །རྙེད་པ་དང་བཀུར་སྟིས་འཇིགས་ཤིང་སྐྲག་གོ །སྡིག་པའི་གྲོགས་པོས་འཇིགས་ཤིང་སྐྲག་གོ །མི་དགེ་བའི་གཤེས་གཉེན་གྱིས་འཇིགས་ཤིང་སྐྲག་གོ །འདོད་ཆགས་དང་ཞེ་སྡང་གཏི་མུག་གསུམ་གྱིས་འཇིགས་ཤིང་སྐྲག་གོ །ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུའི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ །དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་གསུམ་གྱིས་འཇིགས་ཤིང་སྐྲག་གོ །བདག་དེ་ལྟ་བུས་འཇིགས་ཤིང་སྐྲག་ནས་དགོན་པར་འོངས་སོ། །ཞེས་གསུངས་སོ། །དེ་ལྟར་འཇིགས་ཤིང་སྐྲག་ནས་འོངས་ན་ད་ལྟ་བདག་དགོན་པ་ན་གནས་པའི་ཚེ་ལུས་ངག་ཡིད་གསུམ་ཅི་བྱེད་ཅིང་འདུག་སྙམ་དུ་བརྟག་པར་བྱས་ཏེ། མི་དགེ་བ་དང་ལུང་མ་བསྟན་གྱི་བྱ་བས་དུས་འདའ་བའི་ཚེ། ཀྱེ་མ་བདག་ནི་ནགས་ན་གནས་པའི་གཅན་གཟན་དང་རྔོན་པ་དང་ཆོམ་རྐུན་དང་འདབ་ཆགས་དང་རི་དྭགས་དང་སྤྲ་སྤྲེ་སོགས་དང་ཁྱད་མེད་ན། དེས་བདག་དགོན་པར་འོངས་པའི་འདོད་པའི་དོན་ཅི་ཞིག་འགྲུབ་སྟེ་དོན་མེད་དོ་སྙམ་ནས་རང་ལ་རྔན་བགྲངས་ཤིང་གཉེན་པོ་བསྐྱེད་ལ་འཕྲལ་དང་འཕྲལ་དུ་ཟློག་ཅིང་འབད་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་གྱི་རྒྱུ་ཚོགས་སྒྲུབ་ནས། དངོས་གཞི་ཏིང་ངེ་འཛིན་ཇི་ལྟར་བསྒོམ་པའི་ཚུལ་ནི། སེམས་ཉིད་ངལ་གསོ་ལས། དེར་ནི་སྟན་ལ་སྐྱིལ་ཀྲུང་རབ་བཅས་ནས། །རྩེ་གཅིག་སེམས་ལ་མི་གཡོ་མཉམ་པར་བཞག །བྱིས་པ་ཉེར་སྤྱོད་དོན་རབ་འབྱེད་པ་དང་། །དེ་བཞིན་གཤེགས་དགེའི་བསམ་གཏན་དམ་པ་སྒྲུབ། །ཅེས་གསུངས་ཏེ། གནས་དབེན་པར་རྣམ་སྣང་གི་ཆོས་བདུན་གང་ལྡན་པས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་དེ། གང་དུའང་མི་རྟོག་ཅིར་ཡང་མི་འཛིན་པའི་ངང་ལ་མ་ཡེངས་པར་ལྷན་ནེ་བཞག་པ། སྣང་ཡུལ་འགགས་ལ་འཛིན་རྟོག་ཞི་བའི་ཏིང་ངེ་འཛིན་སྐྱེ་སྟེ། དེ་ཡང་དམིགས་པའི་རྟེན་གང་ཡང་རུང་བ་ལ་སེམས་བྱིང་རྒོད་ཀྱི་སྐྱོན་སྤངས་ཏེ་རྩེ་གཅིག་ཏུ་མཉམ་པར་བཞག་པས་སེམས་གཞན་དུ་མི་འཕྲོ་བའི་ཞི་གནས་ཐོབ་པ་ནི་བྱིས་པ་ཉེར་སྤྱོད། སོ་སོར་རྟོག་པའི་ཤེས་རབ་ཀྱིས་བདག་མེད་ཀྱི་དོན་གཏན་ལ་ཕབ་ནས་ཁས་ལེན་ཐམས་ཅད་དང་བྲལ་བའི་ལྷག་མཐོང་མངོན་དུ་གྱུར་བ་ན། དེའི་ངང་དུ་མཉམ་པར་འཇོག་པའི་ཞི་ལྷག་ཟུང་འབྲེལ་གྱི་ལམ་སྒྲུབ་པ་ནི་དོན་རབ་འབྱེད་པ། དེ་ཡུན་རིང་དུ་གོམས་པས་གཟུང་འཛིན་གྱི་གཉིས་སྣང་དབྱིངས་སུ་ནུབ་སྟེ་མཐོང་ལམ་ས་དང་པོ་ཐོབ་ནས་དེ་བཞིན་གཤེགས་དགེའི་བསམ་གཏན་དུ་གནས་འགྱུར་བ་ཡིན་ལ། དེ་ཡང་ས་དང་པོ་ནས་བདུན་པའི་བར་དུ་མཉམ་བཞག་ཏུ་རྣམ་པར་མི་རྟོག་པའི་ངང་དུ་གནས། རྗེས་ཐོབ་གཟུང་འཛིན་གྱི་ཆ་དང་བཅས་པའི་ཕྱིར་མཉམ་རྗེས་ཐ་དད་ལ། ས་བརྒྱད་པ་ནས་བཟུང་སྟེ་མཉམ་རྗེས་ཐ་དད་རང་མཚན་པ་མེད་ལ། བཏགས་པ་བ་ཡོད། སངས་རྒྱས་ཀྱི་སར་ནི་རྟག་ཏུ་མཉམ་པར་བཞག་བཞིན་པ་ལས་ནམ་ཡང་གཡོ་བ་མི་སྲིད་དོ། །དེ་ལྟར་མཉམ་པར་བཞག་རྗེས་བསྔོ་བ་བྱའོ། །གཞན་ཡང་དེ་ལྟར་བསྒོམས་པས་སྤྲོས་པའི་སྣང་བ་ནུབ་སྟེ། ནང་དུ་བསམ་གཏན་ལས་སྐྱེས་པའི་དགའ་བདེ་ཐོབ་པ་ནི་མཐོང་ཆོས་བདེར་གནས་གྱི་བསམ་གཏན་དང་། ཕྱིན་དྲུག་སོགས་དགེ་ཚོགས་སྒྲུབ་དུས་སེམས་རྩེ་གཅིག་པའི་ཆའམ་ཟད་པར་དང་ཟིལ་གནོན་སོགས་དང་རྣམ་ཐར་གཟུངས་སྤོབས་རྒྱ་མཚོ་སྒྲུབ་པ་ནི་ཡོན་ཏན་སྒྲུབ་པའི་བསམ་གཏན་དང་། སེམས་ཅན་དོན་ལ་དམིགས་པ་རྩེ་གཅིག་པའམ་བསམ་གཏན་གྱི་དངོས་གཞིའི་སེམས་ལས་རྫུ་འཕྲུལ་འདོད་དགུར་སྒྱུར་བའི་བཀོད་པས་སེམས་ཅན་གྱི་དོན་བྱེད་པ་སེམས་ཅན་དོན་བྱེད་ཀྱི་བསམ་གཏན་ཏེ། དེ་ལྟར་གསུམ་དུ་བྱེད་བའང་ཡོད་དོ། །བསམ་གཏན་དག་པ་དང་སྤེལ་བར་བྱེད་པ་ནི་སྔར་ལྟར་རོ། །བསམ་གཏན་དང་མི་ལྡན་ཞིང་སེམས་རྣམ་པར་གཡེངས་པའི་སྐྱོན་ནམ་ཉེས་པ་ནི། སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །གང་གིས་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་འཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་གྱི་ནར་འཁྱམས། །ཞེས་དང་། འོད་སྲུང་གིས་ཞུས་པའི་མདོ་ལས། དཔེར་ན་མི་ཞིག་རྒྱ་མཚོའི་ཆུས་འཁྱེར་ལ། །དེ་ནི་སྐོམ་ཞིང་འཆི་བའི་དུས་བྱེད་འགྱུར། །དེ་བཞིན་ཆོས་མང་སྲེད་པས་བག་མེད་པ། །ཆོས་ཀྱི་རྒྱ་མཚོར་གནས་ཀྱང་ངན་འགྲོར་འགྲོ། །ཞེས་སོ། །ཚུལ་བཞིན་དུ་བསམ་གཏན་སྒོམ་པའི་ཕན་ཡོན་ཡང་། གནས་སྐབས་སུ་འདོད་པའི་ཡོན་ཏན་ལ་ཞེན་པ་འདོར་ཞིང་མངོན་ཤེས་དང་ཏིང་ངེ་འཛིན་སོགས་ཡོན་ཏན་མང་པོ་འགྲུབ་སྟེ། སྡུད་པ་ལས། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིག་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་འགྲུབ། །ཞེས་སོ། །མཐར་ཐུག་གི་འབྲས་བུ་བྱང་ཆུབ་ཐོབ་པའང་། བྱང་ས་ལས། བྱང་ཆུབ་སེམས་དཔས་ནི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་སངས་རྒྱས་སོ། །རྒྱའོ། །རྒྱ་བར་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །དྲུག་པ་ཤེས་རབ་ནི། ངོ་བོ་ཁྱད་ཆོས་བཞི་ལྡན་གྱི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་སེམས་པ་དགེ་བ་ས་བོན་དང་བཅས་པའོ། །ངེས་ཚིག་ནི། པྲཛྙཱ་ཞེས་པའི་སྒྲ་ལས་ཤེས་རབ་སྟེ། རྟོགས་བྱའི་ཡུལ་དོན་དམ་པ་ཉིད་རྟོགས་པའམ་ཁོང་དུ་ཆུད་པས་ན་ཤེས་རབ་བོ། །དབྱེ་ན། ཀླུ་སྒྲུབ་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལ་སྒོམ་པ་ཡང་ནི་རབ་ཏུ་འབྱུང་། །ཞེས་གསུངས་པ་ལྟར་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་ལས། དང་པོ་ཐོས་པའི་ཤེས་རབ་ནི། གང་ལ་ཐོས་པ་བྱ་བའི་ཡུལ་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ནང་རིག་པ་ཉིད་གཙོ་བོ་ཡིན་ལ། དེས་གདུལ་བྱ་རྗེས་སུ་འཛིན་པའི་ཡན་ལག་ཏུ་ཐུན་མོང་གི་རིག་གནས། གཞན་དག་ཚར་གཅོད་པ་ལ་སྒྲ་དང་ཚད་མ། རྗེས་སུ་འཛིན་པ་ལ་བཟོ་དང་གསོ་བ་བཅས་དེ་བཞི་ལའང་བསླབ་དགོས་ཏེ། ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་བྱེད་པ་ལ་མེད་དུ་མི་རུང་བའི་ཕྱིར་ཏེ། མགོན་པོ་བྱམས་པས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་གསུངས། དེ་ལས་ཁྱད་པར་དུ་གསུང་རབ་ཀྱི་དགོངས་དོན་དཔྱིས་ཕྱིན་པར་བྱེད་པ་ལ། ཕྱི་ནང་གི་གྲུབ་མཐའི་ཁྱད་པར་དང་། རང་སྡེ་ཐེག་པ་གོང་འོག་གི་བཞེད་སྲོལ། གསུང་རབ་དྲང་ངེས་ལྡེམ་དགོངས་ཀྱི་དབྱེ་བསལ། ཤེས་བྱ་བདེན་གཉིས་ཀྱི་རྣམ་འབྱེད་སོགས་ལེགས་པར་གཏན་ལ་ཕེབས་དགོས་པས། བླ་མ་མཁས་པ་ཤེས་རབ་དང་ལྡན་པ་བསྟེན་ནས། མདོ་སྔགས་ཀྱི་གཞུང་ཆེན་པོ་རྣམས་སྤྱི་དང་། ཁྱད་པར་རང་ལུགས་ལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་། རོང་ཟོམ་པ་ཆོས་ཀྱི་བཟང་པོ། ཐམས་ཅད་མཁྱེན་པ་སྨིན་གླིང་སྐུ་མཆེད། རིག་འཛིན་འཇིགས་མེད་གླིང་པ། ཆོས་རྗེ་ཀཿཐོག་པ་ཡབ་སྲས་སོགས་དང་། ཁོ་བོ་ཅག་གི་ཡོངས་འཛིན། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་རྣམ་གསུམ་སོགས་ཀྱི་གཞུང་བཟང་དྲི་མ་མེད་པ། དོན་བཟང་པོ། ཚིག་འབྲུ་བཟང་པོ། ལུང་དང་འབྲེལ་ཞིང་རིགས་པས་གྲུབ་པ། རྒྱལ་བ་རིག་འཛིན་བརྒྱུད་པའི་མན་ངག་གི་དགོངས་པ་ཕྱིན་ཅི་མ་ལོག་པར་གཏན་ལ་དབབ་པས། ཕྱི་གྲུབ་མཐའི་སྐང་ཚུགས་པ། ནང་ཉམས་ལེན་གྱི་གནད་འདྲིལ་བ། གསང་བ་བྱིན་རླབས་ཀྱི་རོ་བཅུད་མ་ཡལ་བ། དུས་གསུམ་ན་འབྱོན་པར་དཀའ་བའི་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་རྣམས་ལ་མང་དུ་ཐོས་པའི་ཤེས་རབ་དྲི་མ་མེད་པ་ཉིད་བསྐྱེད་པར་བྱ་དགོས་ཏེ། མདོ་ལས། མིག་ལྡན་སྣང་བ་ཡོད་གྱུར་ན། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་མི་དགེའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤོང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་ཐོབ། །ཞེས་སོགས་མདོ་དང་བསྟན་བཅོས་ཀུན་ནས་རྒྱ་ཆེར་བསྔགས་པ་ཡིན་ལ། མདོར་ན་དངོས་སུ་ཉན་པ་ལྟ་ཅི། ཐ་ན་རྔའམ་གཎྜིའི་སྒྲ་ཐོས་པ་ཙམ་གྱིས་ཀྱང་བྱང་ཆུབ་ཀྱི་འབྲས་བུ་སྟེར་བར་གསུངས་ཏེ། གཎྜིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔའམ་གཎྜི་བརྡུངས་ནཔའི་སྒྲ། །ཐོས་པས་བྱང་ཆུབ་ཐོབ་འགྱུར་ནི། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་སོ། །གཉིས་པ་བསམ་པའི་ཤེས་རབ་ནི། དེ་ལྟར་ཐོས་པའི་དོན་རྣམས་ཐོས་པ་ཙམ་དུ་མི་བཞག་པར། དེའི་དོན་ལ་རྣམ་པར་དཔྱོད་པ་སྟེ། དེ་ཡང་གཞལ་བྱ་རང་རེ་སོ་སྐྱེའི་བློ་ངོར་སྣང་ཚུལ་ལ་ལྟོས་ནས། མངོན་གྱུར་དང་། ལྐོག་གྱུར་དང་། ཤིན་ཏུ་ལྐོག་གྱུར་གསུམ་ལ། གཞལ་བྱེད་ཀྱི་ཚད་མའང་། མངོན་སུམ་དང་། རྗེས་དཔགས་དང་། ལུང་གི་ཚད་མ་གསུམ་ལས། གཙོ་བོར་ནི་རྒྱལ་བའི་བཀའ་ལུང་ཚད་མ་ལ་བརྟེན་དགོས་ཏེ། རྒྱན་སྟུག་པོ་བཀོད་པ་ལས། ཡིད་ཆེས་ལུང་དང་མི་ལྡན་པར། །ཆོས་རྣམས་སྟོན་པར་བྱེད་པ་ནི། །མཚན་ཉིད་རྣམ་པར་རྟོག་པ་ཡིས། །བདག་ཀྱང་ཆུད་ཟོས་གཞན་ཆུད་གསོན། །ཞེས་གསུངས། ལུང་དེ་ལའང་གནས་སྐབས་ཀྱི་གདུལ་བྱ་ལ་ལྟོས་ནས་དྲང་ངེས་ལྡེམ་དགོངས་སྒྲ་ཇི་བཞིན་ཡིན་མིན་སོགས་སྣ་ཚོགས་ཡོད་པས། དཔེར་ན་དྲི་མ་དག་པར་བྱེད་པ་ཆུ་ཡིན་ཀྱང་། ཆུ་ཉིད་དག་པར་བྱེད་པ་སྔགས་ལ་ལྟོས་པ་བཞིན་དུ། ལུང་དོན་རིགས་པས་དཔྱད་ནས་གཏན་ལ་འབེབས་དགོས་ཏེ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས། རིགས་པ་དེ་ལའང་ལྟར་སྣང་བ་དང་། ཡང་དག་པ་གཉིས་ཀྱི། ཕྱི་མ་ལའང་། སྣང་བ་ཀུན་རྫོབ་ཐ་སྙད་དཔྱོད་བྱེད་དང་། སྟོང་པ་དོན་དམ་གནས་ཚུལ་ལ་དཔྱོད་པ་དང་། མཐར་ཐུག་བདེན་གཉིས་དབྱེར་མེད་དུ་དཔྱོད་པའི་ཚད་མ་གསུམ་ལས། གནས་སྐབས་སུ་འཇུག་ཡུལ་དེ་གསུམ་གང་ཡིན་མ་འདྲེས་པར་ཤན་འབྱེད་པ་གལ་ཆེ་ཞིང་། མཐར་ཐུག་ཏུ་བཅོམ་ལྡན་འདས་ཀྱིས། དོན་ལ་རྟོན་པར་བྱ་ཡི་ཚིག་འབྲུ་ལ་རྟོན་པ་མ་ཡིན་པ་དང་། ཡེ་ཤེས་ལ་རྟོན་པར་བྱ་ཡི་རྣམ་ཤེས་ལ་རྟོན་པར་བྱ་བ་མ་ཡིན་པ་དང་། ངེས་པའི་དོན་ལ་རྟོན་པར་བྱ་ཡི་དྲང་བའི་དོན་ལ་རྟོན་པ་མ་ཡིན་པ་དང་། ཆོས་ལ་རྟོན་པར་བྱ་ཡི་གང་ཟག་ལ་རྟོན་པར་བྱ་བ་མ་ཡིན་པའོ། །ཞེས་བཀའ་སྩལ་ཏེ། རྟོན་པ་ནི་དེའི་རྗེས་སུ་འབྲང་བའི་དོན་ཡིན་པས། དེ་དག་དང་མི་འགལ་བར་མཐར་ཐུག་དོན་དཔྱོད་དམ་ཆོས་ཉིད་ཀྱི་རིགས་པས་གྲུབ་པ་བཞིན། གཟུང་འཛིན་ཅན་གྱི་རྣམ་ཤེས་ཀྱི་ཡུལ་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པས་ཆོས་ཐམས་ཅད་ཟུང་འཇུག་བརྗོད་བྲལ་མཉམ་པ་ཉིད་རང་བཞིན་འདུས་མ་བྱས་པ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུར་རྟོགས་པའི་སོ་སོར་རྟོགས་པའི་ཤེས་རབ་ལྷག་མཐོང་མཚན་ཉིད་པ་ཉིད་རྒྱུད་ལ་སྐྱེད་པར་བྱ་སྟེ། མདོ་རྒྱ་ཆེ་རོལ་པ་ལས། ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ཆོས་ཉིད་བདག་གིས་ཐོབ་པར་འགྱུར། །བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། །མི་སྨྲ་ནགས་འདབས་གནས་པར་བྱ་བ་སྙམ། །ཚིག་བྲལ་ངག་གི་ལམ་གྱིས་མི་གོས་པ། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱི་རྒྱུ་བ་རབ་གྲོལ་བ། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །དོན་ཚུལ་འདི་ནི་ཡི་གེ་རྣམས་ཀྱིས་སུ། །ཤེས་པར་མི་ནུས་མཛངས་པས་རིག་པ་ཡིན། །སྔོན་གྱི་རྒྱལ་ལ་ལྷག་བྱས་སེམས་ཅན་རྣམས། །དེ་དག་ཆོས་འདི་ཐོས་ན་ཡིད་ཆེས་འགྱུར། །ཞེས་གསུངས། དེ་ཚུལ་བཞིན་རྟོགས་པར་བྱེད་པ་ལ་ཚུར་མཐོང་གི་རིགས་པ་ལྟར་སྣང་བ་དང་དྲང་དོན་དབང་བཙན་གྱི་ལུང་ཙམ་གྱི་གཏན་ལ་ཕེབས་བར་མི་འགྱུར་བས། ངེས་དོན་གྱི་མདོ་རྒྱུད་ཟབ་མོ་རྣམས་ཀྱི་དགོངས་པ་བཙལ་ཞིང་། ཁྱད་པར་དོན་བརྒྱུད་རྟོགས་པ་དང་ལྡན་པའི་བླ་མ་བཙལ་ནས་ཞལ་གྱི་གདམས་པ་ནོས་ཏེ་དགོངས་པའི་གསང་མཛོད་ལོན་པར་བྱེད་པ་འདི་ཁོ་ན་སྒྲུབ་བརྒྱུད་ཀུན་གྱི་གཅེས་ནོར་ཡིན་པས་སྙིང་གི་དྭངས་མར་བཅང་བར་བྱ་ལ། གཞན་ཡང་། གོང་དུ་སྨོས་པའི་ཚུལ་གྱི་དལ་འབྱོར་རྙེད་དཀའ་སོགས་ཡང་དང་ཡང་དུ་བསམ་སྟེ་རང་རྒྱུད་ཆོས་དང་འདྲེས་པར་བྱ་བ་ཡིན་ནོ། །གསུམ་པ་སྒོམ་པའི་ཤེས་རབ་ནི། དེ་ལྟར་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་དེ་ཉིད་རྩེ་གཅིག་ཏུ་བསྒོམས་པས་ལྷག་མཐོང་རྣམ་པར་མི་རྟོག་པའི་ཤེས་རབ་ཟབ་མོ་ཉིད་རང་རྒྱུད་ལ་བསྐྱེད་པར་བྱ་བ་ཡིན་ཏེ། ཇི་ལྟར་སྒོམ་པའི་ཚུལ། ཀུན་མཁྱེན་བླ་མའི་དོན་ཁྲིད་ལས། དང་པོ་སྣང་བའི་རང་བཞིན་སྒྱུ་མའི་དཔེ་བརྒྱད་དུ་ལྟ་བ་ནི། འདི་ལྟར་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་ནི་མེད་བཞིན་འཁྲུལ་པའི་ངོ་ལ་སྣང་བ་རྨི་ལམ་ལྟ་བུ། རྒྱུ་རྐྱེན་རྟེན་འབྲེལ་གྱི་ཚོགས་པ་ལས་གློ་བུར་བར་སྣང་བས་སྒྱུ་མའི་རྣམ་པ་ལྟ་བུ། མེད་ལ་ཡོད་པར་སྣང་བས་མིག་ཡོར་ལྟ་བུ། སྣང་དུས་ནས་བདེན་པར་མ་གྲུབ་པས་སྨིག་རྒྱུ་ལྟ་བུ། ཕྱི་ནང་གང་ལ་ཡང་མེད་བཞིན་སྣང་བས་བྲག་ཅའི་སྒྲ་སྙན་ལྟ་བུ། རྟེན་དང་བརྟེན་པར་མེད་པས་དྲི་ཟའི་གྲོང་ཁྱེར་ལྟ་བུ། སྣང་ལ་རང་བཞིན་མེད་པས་གཟུགས་བརྙན་གྱི་སྣང་བ་ལྟ་བུ། མེད་སྣང་ཅིར་ཡང་ཤར་བས་སྤྲུལ་པའི་གྲོང་ཁྱེར་ལྟ་བུ། ཇི་ལྟར་སྣང་བཞིན་པའི་དུས་ནའང་བརྫུན་ལ་དངོས་པོ་མེད་པས་སྟོང་གཟུགས་དངོས་སུ་འདུག་སྙམ་དུ་བསྒོམ་པར་བྱ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དྭངས་ཤིང་རྙོག་པ་མེད་པའི་མཚོར་སྣང་ཡང་། །ཆུ་ཟླ་སྟོང་པ་གསོབ་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ནོ། །དེའི་རྗེས་སུ་ཆོས་ཉིད་སྟོང་པར་བརྟག་པ་ནི། ཕྱི་ཡུལ་སྣང་རགས་པ་དང་། རང་གི་ལུས་ཀྱི་དངོས་པོ་འདི་རྡུལ་ཕྲན་དུ་གཞིགས་པས་ཡུལ་མེད་སྟོང་པར་ཐག་ཆོད། ནང་འཛིན་པའི་སེམས་ལ་སྐད་ཅིག་ཆ་མེད་དུ་བརྟགས་པས་འཛིན་མེད་སྟོང་པར་ཐག་ཆོད། གཟུང་འཛིན་གང་དུའང་མ་གྲུབ་པར་རྟོགས་པའི་ངང་དེར་སྟོང་པ་གཏད་མེད་དུ་མཉམ་པར་གཞག་པར་བྱ་སྟེ། ཤེར་ཕྱིན་ལས། གང་ཞིག་གཟུགས་ལ་མི་གནས་ཚོར་ལ་མི་གནས་ཤིང་། །གང་ཞིག་འདུ་ཤེས་མི་གནས་སེམས་པར་མི་གནས་ལ། །རྣམ་ཤེས་གང་མི་གནས་པ་ཆོས་ཉིད་གནས་པ་སྟེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་སོ། །དེ་ལྟར་ལེགས་པར་གཏན་ལ་ཕེབས་ནས་མཐའ་བྲལ་དབུ་མའི་དོན་ལ་མཉམ་པར་གཞག་པ་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། ལུས་མི་གཡོ། ངག་མི་བརྗོད། སེམས་མི་རྟོག་པས་ཕྱི་ཡུལ་སྣང་མ་འགགས་ལ་ཡུལ་འཛིན་གྱི་རྣམ་རྟོག་ཞི། ནང་རིག་པ་སྟོང་གསལ་ལ་འཛིན་ཞེན་གྱི་སྤྲོས་པ་ཞི། བར་ལུས་སེམས་རྟེན་མེད་ལ་དོན་དམ་ཆོས་ཉིད་ཤར་སྟེ། སྟོང་གསལ་ནམ་མཁའ་ལྟ་བུའི་རིག་པ། སྨྲ་བསམ་བརྗོད་མེད་ཆེན་པོའི་ཡེ་ཤེས། བློ་བྲལ་དབུ་མའི་དེ་ཁོ་ན་ཉིད་ཀྱི་ངང་དུ་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག་སྟེ། དེ་ཉིད་ལས། འགྲོ་བ་འཁྲུལ་པ་རི་དྭགས་རྒྱར་ཚུད་འདྲར་ཤེས་ནས། །ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །སྤྱོད་པ་ཡང་དག་གང་ཞིག་གཟུགས་ལ་མི་སྤྱོད་ཅིང་། །རྣམ་ཤེས་འདུ་ཤེས་ཚོར་བ་སེམས་པར་མི་སྤྱོད་ན། །དེ་ལྟར་སྤྱོད་པ་ཆགས་པ་ཐམས་ཅད་ཡོངས་སྤོང་ཞིང་། །ཆགས་ལས་རྣམ་གྲོལ་བདེ་གཤེགས་རྣམས་ཀྱི་ཤེས་རབ་སྤྱོད། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་མཁས་གསལ་བ། །ཆགས་པ་བཅད་ནས་གྲོལ་ལ་ཆགས་པ་མེད་པར་འགྲོ། །ཉི་མ་སྒྲ་གཅན་གཟའ་བྲལ་ལྷང་ངེར་འདུག་པ་དང་། །མེ་བཏང་རྩྭ་དང་ཤིང་དང་ནགས་ཚལ་བསྲེགས་པར་བཞི ན། །ཆོས་རྣམས་ཐམས་ཅད་རང་བཞིན་དག་ཅིང་ཡོངས་དག་པར། །བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ཕྱིན་ལྟ་ན། །བྱེད་པ་པོ་ཡང་མི་དམིགས་ཆོས་ཀུན་མི་དམིགས་ཏེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། བྱམས་པས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་དང་། ཀླུ་སྒྲུབ་ཀྱིས། གར་ཡང་མ་རྟོག་ཅིར་ཡང་མ་སེམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་ནི་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་ཡིན། །ཞེས་སོ། །རྗེས་ལ་དེ་ལས་ལངས་ནས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་ངང་དགེ་བ་བསྔོ་ཞིང་གཞན་ལ་ཆོས་བཤད་པ་སོགས་ཚོགས་གཉིས་ཟུང་འབྲེལ་གྱིས་ལམ་བསླབ་པར་བྱ་སྟེ། སྡུད་པ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་བསྒོམས་ཏེ། །དེ་ལས་ལངས་ནས་གོས་པ་མེད་པའི་ཆོས་བརྗོད་ཅིང་། །དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་རྒྱུར་བསྔོ་ན། །དགེ་བ་དེ་དང་མཉམ་པ་འཇིག་རྟེན་གསུམ་ན་མེད། །ཅེས་སོ། །སྐབས་འདིར་གཞི་དབུ་མ་བདེན་གཉིས། ལམ་དབུ་མ་ཚོགས་གཉིས། འབྲས་བུ་དབུ་མ་སྐུ་གཉིས་ཀྱི་རྣམ་གཞག་སོགས་སྤྲོ་ན་འཆད་པར་བྱའོ། །ཤེས་རབ་དག་ཅིང་སྤེལ་བར་བྱ་བའི་ཚུལ་རྣམས་ནི་སྔར་དང་འདྲའོ། །དེ་ལྟར་ཤེས་རབ་ཀྱིས་མ་ཟིན་པའི་སྐྱོན་ནི། གཞན་སྦྱིན་སོགས་ལྔ་ལ་ཇི་ཙམ་འབད་ཀྱང་ཕར་ཕྱིན་མ ཚན་ཉིད་པར་མི་འགྱུར་བས། རྣམ་མཁྱེན་ལ་དངོས་སུ་སྦྱོར་མི་ནུས་ཏེ། དེ་ཉིད་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡིས། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་པ། །དེ་ཚེ་མིག་རྙེད་གྱུར་ཅིང་དེ་ཡི་མིང་ཐོབ་བོ། །ཞེས་སོ། །ཕན་ཡོན་ནམ་འབྲས་བུ་ནི། གནས་སྐབས་སུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་ཚོགས་ཐམས་ཅད་འབྱུང་སྟེ། སྔ་མ་ལས། སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང་། །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །ཞེས་སོ། །མཐར་ཐུག་བྱང་ཆུབ་ཆེན་པོ་ཐོབ་པའང་། དེ་ཉིད་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །མི་ཡི་ཁྱུ་མཆོག་འཁོར་ལོ་རིན་ཆེན་བསྐོར་བྱས་ནས། །སྡུག་བསྔལ་ཟད་པར་བྱ་ཕྱིར་འགྲོ་ལ་ཆོས་ཀྱང་སྟོན། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་བསྡུས་ཏེ་བསྟན་པ་ནི། བྱང་སེམས་ལས་དང་པོ་པའམ་དབང་རྟུལ་གོང་གི་བསླབ་བྱ་རྣམས་ལ་རྒྱས་པར་སློབ་མི་ནུས་པ་རྣམས་ཀྱི་དོན་དུ་བསླབ་བྱ་བསྡུས་ཏེ་བསྟན་པ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། ཁྱོད་ནི་འདི་ལྟར་བྱ་བ་མང་བ། བྱེད་པ་མང་བ་སྟེ། ཐམས་ཅད་ཀྱིས་ཐམས་ཅད་དུ་སྦྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཀྱིས། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འདུན་པ་དང་། དད་པ་དང་། དོན་དུ་གཉེར་བའི་སྨོན་པ་དང་གསུམ་འགྲོ་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། སད་ཀྱང་རུང་། ཟ་ཡང་རུང་། བཏུང་ཡང་རུང་། རྟག་པར་རྒྱུན་དུ་དྲན་པས་ཡིད་ལ་བཟུང་སྟེ་སྒོམས་ཤིག གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག རྗེས་སུ་ཡི་རང་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ལ་ཕུལ་ཅིག ཕུལ་ནས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག དེ་ནས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་བར་ཉིན་གཅིག་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ཤིག རྒྱལ་པོ་ཆེན་པོ་དེ་ལྟར་རྒྱལ་སྲིད་ཀྱང་བྱེད་ལ། རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར་ལ། བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་པ་བཞིན། ཐེག་ཆེན་ལམ་གྱི་རྟེན་གཞི་གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་འདུན་པ་དང་། དེ་ལ་དད་པ་དང་། ཡོངས་སུ་སྨོན་པ་གསུམ་དང་མ་བྲལ་བའི་ངང་། གཞན་གྱི་དགེ་བ་བྱས་པ་ལ་རྗེས་སུ་ཡི་རང་ཞིང་དེའི་དགེ་རྩ་ཡང་སངས་རྒྱས་ལ་མཆོད་པ་དང་། སེམས་ཅན་ལ་ཡོངས་སུ་བསྔོ་བ་སྟེ། མདོར་ན་བྱང་ཆུབ་སྨོན་པའི་སེམས་བསྐྱེད་ཀྱི་རྩ་བ་སེམས་ཅན་བློས་མི་འདོར་བའི་ངང་། གཞན་གནོད་གཞི་དང་བཅས་པ་སྤོང་ཅི་ནུས་དང་། གཞན་ཕན་གཞི་དང་བཅས་པ་སྒྲུབ་ཅི་ནུས་སུ་འབད་ཅིང་། དེ་ཐམས་ཅད་ཀྱང་དམ་པ་གསུམ་གྱིས་རྩིས་ཟིན་པར་བྱ་བ་སྟེ། དེ་ལ་དམ་པ་གསུམ་ནི། སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་མེད། རྗེས་བསྔོ་བ་དམ་པའོ། །དང་པོ་ནི། བདག་གི་ཕ་མར་གྱུར་པའི་སེམས་ཅན་བདེ་བ་འདོད་ཀྱང་བདེ་བས་ཕོངས་ཤིང་། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་འབྲས་མང་པོ་ལ་རྟག་ཏུ་ལོངས་སྤྱོད་པ་འདི་རྣམས་སྡུག་བསྔལ་གྱི་གནས་རིས་དེ་ལས་བསྒྲལ་ནས་རྣམ་གྲོལ་གཏན་གྱི་བདེ་བའི་མཆོག་ལ་འགོད་པར་བྱ་བའི་ཕྱིར་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་དགེ་སྒྲུབ་སྡིག་སྤོང་འདི་དང་འདི་ལྟ་བུ་བགྱིའོ་སྙམ་པའི་ཀུན་སློང་གི་བསམ་པ་སྟེ། མདོར་ན། རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་དང་། སེམས་ཅན་རྣམས་ཕན་བདེ་ལ་འགོད་འདོད་ཀྱི་བརྩེ་བ་དང་། དེའི་ཆེད་དུ་རྫོགས་བྱང་དོན་གཉེར་འདུན་པ་སྟེ། དེ་གསུམ་དང་མ་བྲལ་བའི་ངང་ནས་ཐ་ན་མར་མེ་ཀོང་བུ་གང་ངམ་ཆུ་ཐིགས་པ་གཅིག་གམ། ཟན་ཁམ་གཅིག་ཙམ་སྦྱིན་པ་གཏོང་ངམ། ཉིན་ཞག་གཅིག་ཙམ་དུ་བསླབ་པ་སྲུང་པའམ། མ་ཎི་རྡོག་གཅིག་གམ། ཕྱག་ལན་གཅིག་འཚལ་བ་ཡན་ཆད་ཐེག་པ་ཆེན་པོའི་ལམ་གྱི་དགེ་རྩར་འགྱུར་བས་ནམ་བྱང་ཆུབ་སྙིང་པོ་ལ་ཐུག་གི་བར་དུ་བར་མ་དོར་ཆུད་མི་འཛའ་ཞིང་གོང་དུ་འཕེལ་བ་དང་། དེར་ཡང་དོར་བ་མེད་པའི་སྟོང་པ་ཉིད་དང་དབྱེར་མེད་རོ་མཉམ་པར་གྱུར་ཏེ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུའང་འཛད་པར་མི་འགྱུར་བ་སོགས་ཕན་ཡོན་དང་དགོས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ཏེ། འཕགས་པ་བརྒྱད་སྟོང་པ་ལས། བཙུན་པ་ཤཱ་རིའི་བུ་དགེ་བའི་རྩ་བ་གང་གིས་ལྷ་དང་མིའི་ནང་དུ་ཕྱིན་ནས་བླ་ན་མེད་པ་སངས་རྒྱས་སུ་འགྱུར་བ་ཡོད་དེ། གང་ཞེ་ན། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གཅིག་དང་ལྡན་པའི་དགེ་བ་བཅུ་དང་། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམ་པར་འཇུག་པ་བཞི་དང་། ཕ་རོལ་དུ་ཕྱིན་པ་དྲུག་སྟེ་བར་མ་དོར་ཟད་ཅིང་མེད་པར་མི་འགྱུར་རོ། །ཞེས་དང་། བྱམས་པས་ཞུས་པའི་མདོ་ལས། དཔེར་ན་རྒྱ་མཚོ་ཆེན་པོར་ཆུ་གང་ཇི་སྙེད་གཅིག་འབབ་པ་དེ་དག་བསྐལ་པའི་བར་དུ་ཟད་པར་མི་འགྱུར་རོ། །བྱམས་པ་དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཟིན་པའི་དགེ་བའང་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་ཟད་པར་མི་འགྱུར་རོ། །བྱམས་པ་གང་ཡང་། འདི་ལྟ་སྟེ། དཔེར་ན་འབྱུང་ཁུངས་བཟང་པོར་གང་ཅི་ཡང་རུང་བའི་ས་བོན་ཐམས་ཅད་རྒྱས་ཤིང་འཕེལ་བ་དེ་བཞིན་དུ། བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་བའང་རྒྱ་ཆེར་འཕེལ་བར་འགྱུར་རོ། །ཞེས་དང་། ཟ་མ་ཏོག་བཀོད་པ་ལས། འཇམ་དཔལ་འདི་ལྟ་སྟེ། ཤིང་ལྗོན་པ་སྣ་ཚོགས་པ་ནི་ཁམས་བཞི་བཟུང་ན་རྣམ་པར་འཕེལ་ལོ། །འཇམ་དཔལ་དེ་བཞིན་དུ་དགེ་བའི་རྩ་བའམ་བྱང་ཆུབ་སེམས་ཀྱིས་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པར་བསྔོས་ན་རྣམ་པར་འཕེལ་ལོ། །ཞེས་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་དགེ་བའི་རྩ་བའི་ལས་ཀྱི་རྣམ་པར་སྨིན་པས་ལན་དུ་མར་ལྷ་ཡི་ནང་དུ་སྐྱེས། ལན་དུ་མར་མི་ཡི་ནང་དུ་སྐྱེས་ཏེ། ལྷ་དང་མིར་སྐྱེས་པ་ཐམས་ཅད་དུའང་དབང་པོ་བྱེད་པར་གྱུར་ཀྱང་། ད་དུང་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་དགེ་བའི་རྩ་བའི་ལས་ལ་བྲི་བའམ་གང་བ་མི་མངོན་ནོ། །ཞེས་དང་། འཕགས་པ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གང་དང་ལྡན་པ་དེའི་ལུས་དང་ངག་དང་སེམས་ཀྱི་རྩོམ་པ་ཐམས་ཅད་དོན་ཡོད་པ་སྟེ་རྟག་ཏུ་རོ་གཅིག་པར་འགྱུར་རོ། །ཞེས་སོ། །གཉིས་པ་ནི། དེ་ལྟར་གྲུབ་པའི་སྐབས་སུ་བདེན་ཞེན་གྱི་དམིགས་པས་བཅིངས་པ་ནི་ཐེག་པ་ཆེན་པོའི་ལམ་གྱི་མི་མཐུན་ཕྱོགས་ཏེ། ཡུམ་ལས། རབ་འབྱོར། དམིགས་པ་དང་བཅས་པའི་འདུ་ཤེས་ཅན་རྣམས་ལ་རྗེས་སུ་མཐུན་པའི་བཟོད་པའང་དཀའ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་སྨོས་ཀྱང་མི་དགོས། ཞེས་དང་། སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་གསུངས། དེས་ན་ཤེས་ཤིང་ནུས་ན་དེ་ཐམས་ཅད་ཀྱི་སྐབས་སུ་འཁོར་གསུམ་དམིགས་མེད་ཀྱིས་རྩིས་ཟིན་པར་བྱ་སྟེ། དེ་གང་ཞེ་ན། གང་གིས་སྒྲུབ་པ་པོ་རང་དང་། གང་གི་ཆེད་དུའམ་གང་བསྒྲུབ་བྱའི་དགེ་བ། ཇི་ལྟར་སྒྲུབ་པའི་ཐབས་སམ་འབྲས་བུ་དང་བཅས་པ་གསུམ་ཀ་རྨི་ལམ་དང་སྒྱུ་མ་ལྟ་བུར་སྣང་ལ་རང་བཞིན་མེད་པར་ཤེས་པར་བྱ་སྟེ། དཀོན་མཆོག་སྤྲིན་ལས། གང་ལ་དགེ་བ་མི་དམིགས་པ་དང་། ཇི་ལྟར་བྱ་བ་མི་དམིགས་པ་དང་། ཡོངས་སུ་འབད་པ་མི་དམིགས་པའི་ཚུལ་གྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པར་བྱའོ། །དེ་ཡང་སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་སེམས་ཀྱིས་རྗེས་སུ་བསྒྲུབ་པར་བྱའོ། །ཞེས་དང་། ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས། ཇི་ལྟར་སྒྱུ་མ་མཁན་གྱིས་འཇིག་རྟེན་ན། །སེམས་ཅན་བརྒྱ་ཕྲག་མང་པོ་སྤྲུལ་བྱས་ཏེ། །སྤྲུལ་པ་དེ་དག་ཐམས་ཅད་བསད་གྱུར་ཀྱང་། །སྒྱུ་མ་དེ་དག་བསད་པ་ཡོད་མིན་ལྟར། །འགྲོ་བ་འདི་ཀུན་སྒྱུ་མའི་རང་བཞིན་ཏེ། །འདི་ལ་མཐའ་ནི་ནམ་ཡང་དམིགས་སུ་མེད། །ཅེས་དང་། འགྲོ་དོན་བྱང་ཆུབ་ཕྱིར་ནི་སེམས་བསྐྱེད་ཅེས། །སྤྱོད་མཆོག་ཁྱད་པར་འཕགས་པ་བསྟན་བྱས་ཀྱང་། །བྱང་ཆུབ་ནམ་ཡང་དམིགས་སུ་ཡོད་མིན་ཏེ། །འདོད་པ་གང་ཡིན་དེ་ཡང་ཡོད་མ་ཡིན། །ཞེས་དང་། སྦྱིན་པའི་བསྔགས་པ་འཇིག་རྟེན་ངེས་བརྗོད་ཀྱང་། །སེར་སྣའི་ཆོས་དེ་དམིགས་སུ་ཡོད་མ་ཡིན། །དེ་ལྟར་རྒྱལ་བའི་ཆོས་རྣམས་བསམ་ཡས་ཏེ། །དེ་ཡང་དམིགས་མེད་དེ་ཡང་མཐོང་བ་མེད། །ཅེས་དང་། ཏིང་འཛིན་རྒྱལ་པོ་ལས། ཡིད་ཀྱི་འདུ་ཤེས་དང་ནི་འཛིན་པ་ཡིས། །བདེ་གཤེགས་མཐོང་མཆོད་སངས་རྒྱས་མཉེས་བྱས་སྙམ། །སྐྱེས་པ་མེད་ཅིང་མཆོད་པ་བྱས་པའང་མེད། །མི་དག་བདག་གི་ཁྱིམ་ན་རྨི་ལམ་བཞིན། །ཞེས་དང་། ལྗོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡང་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །བཞིན་གྱི་དཀྱིལ་འཁོར་སྣང་བ་ལྟར། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་སོ། །དེ་ལྟར་མི་ཤེས་ཤིང་མི་ནུས་ན། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་བདེན་པར་མ་གྲུབ་ཀྱང་། ཀུན་རྫོབ་ཏུ་ལས་དང་ལས་ཀྱི་འབྲས་བུ་ནམ་ཡང་བསླུ་བ་མེད་པ་ནི་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་གསུང་དྲི་མ་མེད་པ་ཡིན་ནོ་སྙམ་དུ་དད་པ་དང་གུས་པ་དང་སྤྲོ་བས་བརྩོན་པར་བྱའོ། །གསུམ་པ་ནི། ཡུམ་བར་མ་ལས། རབ་འབྱོར་དགེ་བའི་རྩ་བ་འདི་ནི་སངས་རྒྱས་ཀྱི་ས་ཁོ་ནར་བསྔོ་བར་བྱ་ཡི། ཉན་ཐོས་དང་། རང་སངས་རྒྱས་དང་། དེ་ལས་གཞན་གྱི་སར་ཡང་བསྔོ་བར་མི་བྱ་སྟེ། ཞེས་གསུངས་པས། དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་དེ་ཐམས་ཅད་གནས་སྐབས་ལྷ་མིའི་བདེ་འབྲས་ཙམ་དང་དམན་པ་ཉན་རང་གི་འབྲས་བུ་ཙམ་དུ་བསྔོ་བར་མི་བྱ་བར། ཇི་ལྟར་དུས་གསུམ་དུ་གཤེགས་པའི་རྒྱལ་བ་སྲས་དང་སློབ་མར་བཅས་པས་གཞན་དོན་དུ་དགེ་བའི་རྩ་བ་ཇི་ལྟར་བསྔོས་པ་དང་། བསྔོ་བར་འགྱུར་བ་དང་། བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་རྫོགས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་བགྱིའོ་སྙམ་དུ་འདུན་པ་བསྒྱུར་ནས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལྟ་བུ་རྒྱལ་བའི་བཀའ་དང་གང་ཟག་ཁྱད་པར་ཅན་བདེན་ཚིག་གྲུབ་པ་རྣམས་ཀྱི་གསུང་གང་ཡང་རུང་བ་ལ་བརྟེན་ནས་ཚིག་གིས་བསྔོ་བར་བྱེད་པ་སྟེ། དེ་ལྟར་བསྔོས་པའི་དགེ་བའི་རྩ་བ་དེ་ནམ་ཡང་མི་འཛད་ཅིང་གོང་དུ་འཕེལ་ཏེ་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་ཡིན་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བློ་གྲོས་རྒྱ་མཚོ། འདི་ལྟ་སྟེ། དཔེར་ན་མཆིལ་མའི་ཐལ་བ་ཞིག་བྱེ་མའི་སྟེང་དུ་བོར་ན་མྱུར་དུ་བསྐམ་པར་འགྱུར་རོ། །དེ་ཉིད་རྒྱ་མཚོ་ཆེན་པོར་བོར་ན་ནི་ཇི་སྲིད་རྒྱ་མཚོ་ཆེན་པོ་ཟད་ཅིང་སྐམ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་མཆིལ་མའི་ཐལ་བ་དེ་ཡང་མི་བསྐམ་མོ། །བློ་གྲོས་རྒྱ་མཚོ། དེ་བཞིན་དུ་དགེ་བའི་རྩ་བ་སྒྲུབ་པ་དེ་ཡང་། འགྱོད་པ་དང་། ཕངས་པ་དང་། དམན་པ་དང་། ལོག་པར་བསྔོས་ན་ནི་འཛད་ལ། གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོར་བསྔོས་ན་ནི་མི་འཛད་ཅིང་གོང་དུ་འཕེལ་ལོ། །ཞེས་དང་། བློ་གྲོས་མི་ཟད་པའི་མདོ་ལས། གང་ཇི་ལྟར་དགེ་བའི་སེམས་སྐྱེས་ཤིང་བྱུང་བ་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོ་བར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་སྒྲུབ་པ་མི་ཟད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ཕྱིར་ཏེ། བྱང་ཆུབ་ཏུ་བསྔོས་བའི་དགེ་བའི་རྩ་བ་ནི་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུག་པར་འགྱུར་བ་གང་ཡང་མེད་དོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྷུང་བ་ནི་བསྐལ་པའི་མེས་མ་བསྲེགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུག་པར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཡང་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུག་པར་འགྱུར་བ་གང་ཡང་མེད་དོ། །ཡང་དག་པར་བསྒྲུབ་པ་ཞེས་བྱ་བ་ནི། གང་འདི་ཡང་དག་པར་བསྒྲུབ་པ་སྟེ། ཡང་དག་པར་ཞུགས་པ་ནི་དགེ་བའི་རྩ་བ་གང་དག་ཡང་དག་པར་བསྒྲུབ་པ། སེམས་ཅན་ཐམས་ཅད་བསྐྱབ་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ལ་གཟུད་པའི་ཕྱིར། དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བར་བྱེད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་སྒྲུབ་པའི་ཕྱིར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཕྱིར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །སེམས་ཅན་མྱ་ངན་ལས་བཟླ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་འགོད་པའི་ཕྱིར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་སྒྲུབ་པ་མི་ཟད་པའོ། །ཞེས་སོ། །མདོར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་ནི་བསམ་གྱིས་མི་ཁྱབ་སྟེ། དགེ་བའི་རྩ་བ་ལ་བདག་ཉིད་དངོས་སུ་སྦྱོར་བ་ལྟ་ཅི་སྨོས་ཏེ། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་སོགས་བསམ་པའི་ཀུན་སློང་ཙམ་གྱིས་ཀྱང་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་སྡུད་པར་བྱེད་པ་ཡིན་ཏེ། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི། གང་གི་ཚེ་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཟན་ཁམ་གཅིག་ཙམ་ཡང་སྦྱིན་པར་བྱེད་ན། དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་སྦྱིན་པར་བྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བར་ཡོངས་སུ་བསྔོ་བའི་ཕྱིར་རོ། །དེ་རྒྱུ་གཉིས་ཀྱིས་ན་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བྱེད་དེ། གཉིས་གང་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་། ཡོངས་སུ་བསྔོ་བ་ལ་མཁས་པ་ཉིད་ཀྱིས་ཏེ། རིགས་ཀྱི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའོ། །ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི། གཞན་གྱི་དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་ལོ་རྗེས་སུ་ཡི་རང་བར་བྱེད་ཅིང་རྗེས་སུ་ཡི་རང་ནས་ཀྱང་སེམས་ཅན་ལ་ཡོངས་སུ་བསྔོ་ཞིང་བཏང་སྟེ་ཡོངས་སུ་བསྔོ་བར་བྱེད་དོ། །དེ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པའི་དགེ་བའི་རྩ་བ་དེས། བྱང་ཆུབ་ཀྱི་སེམས་དང་བྲལ་བའི་སྦྱིན་པ་པོ་དང་། སྦྱིན་བདག་གང་དག་ཡིན་པ་དེ་དག་ཀྱང་ཟིལ་གྱིས་གནོན་པར་བྱེད་ལ། ལེན་པ་པོ་གང་དག་ཡིན་པ་དེ་དག་ཀྱང་ཟིལ་གྱིས་གནོན་པར་བྱེད་དེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི། ཕྱོགས་བཅུ་དག་ན་མེ་ཏོག་གི་ཤིང་ལྗོན་པ་དང་། སྤོས་ཀྱི་ཤིང་ལྗོན་པ་དང་། མེ་ཏོག་དང་། མེ་ཏོག་གི་ཕྲེང་བ་དང་། སྤོས་དང་། ཕྱེ་མ་དང་། བྱུག་པ་བདག་གིར་མ་བྱས་ཤིང་ཡོངས་སུ་མ་བཟུང་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་བསམ་པས་ཡོངས་སུ་བཟུང་ཞིང་ཡོངས་སུ་བསྡུས་ནས་སངས་རྒྱས་ཐམས་ཅད་ལ་འབུལ་བར་བྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ལ་གཏོང་བར་བྱེད་དེ། ཡོངས་སུ་བཏང་ནས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བར་བྱེད་དོ། །ཕྱོགས་བཅུ་དག་ན་མེ་ཏོག་གི་ཤིང་ལྗོན་པ་དང་། མེ་ཏོག་དང་། མེ་ཏོག་གི་ཕྲེང་བ་དང་། སྤོས་དང་། ཕྱེ་མ་དང་། བྱུག་པ་བདག་གི་དང་བཅས་ཤིང་ཡོངས་སུ་བཟུང་བ་དང་བཅས་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་དྲི་རླུང་གིས་བཏབ་པའི་ངད་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་སངས་རྒྱས་ཐམས་ཅད་ལ་འབུལ་བར་བྱེད་ཅིང་། དགེ་བའི་རྩ་བ་དེ་ཐམས་ཅད་ཀྱང་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། །དེ་ཐམས་ཅད་མཁྱེན་པ་ཉིད་བསྔོས་པའི་དགེ་བའི་རྩ་བ་དེས། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དཔག་ཏུ་མེད་པ་ཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཡིན་ནོ། །ཞེས་གསུངས། དེས་ན་ཐབས་དེ་ལྟ་བུས་ཟིན་ན། ཐ་ན་སེམས་ཅན་དམན་པ་ལོང་སྤྲང་ངམ་ཁྱི་ཕག་ལྟ་བུ་ཞིག་ལ། དངོས་པོ་དམན་པ་ཟན་ཆང་གཅིག་ཙམ་བྱིན་ན་ཡང་། དེ་ལ་ཕ་རོལ་དུ་ཕྱིན་པ་དྲུག་ཀ་ཚང་བ་ཡིན་ཏེ། གཞན་དོན་དུ་གཏོང་སེམས་ཀྱིས་བྱིན་པ་སྦྱིན་པ་དངོས་དང་། དེའི་སྐབས་སུ་སྒོ་གསུམ་གྱི་ཉེས་པ་བསྡམས་པ་ཚུལ་ཁྲིམས། དེ་ལ་སེམས་མི་འཁྲུགས་པ་བཟོད་པ། སྤྲོ་བས་སྦྱིན་པ་བརྩོན་འགྲུས། སེམས་མ་ཡེངས་པ་བསམ་གཏན། འཁོར་གསུམ་བདེན་མེད་དུ་ཤེས་པ་ཤེས་རབ་བོ། །དེས་བསྒྲེས་ཏེ་ཀུན་ལ་ཤེས་པར་བྱའོ། །གཞན་ཡང་། སྡོམ་པ་ཉི་ཤུ་པ་ལས། གཞན་རྣམས་དང་ནི་བདག་ལའང་རུང་། །སྡུག་བསྔལ་ཡིན་ཡང་གང་ཕན་དང་། །ཕན་དང་བདེ་བ་རྣམས་བྱ་ཞིང་། །བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་པས། རང་དང་གཞན་ལ་ཚེ་འདིར་སྡུག་བསྔལ་ཡང་ཚེ་ཕྱི་མ་ཕན་ཆད་དུ་ཕན་པར་འགྱུར་བ་དང་། འདི་དང་ཕྱི་མ་གཉིས་ཀར་ཕན་པར་དང་བདེ་བར་འགྱུར་བ་རྣམ་པར་དཀར་བའི་ལས་རྣམས་ནི་རང་གིས་ཀྱང་སྒྲུབ་ཅིང་གཞན་ལའང་སྒྲུབ་ཏུ་གཞུག་པར་བྱ་བ་དང་། འདིར་བདེ་ཡང་ཕྱི་མ་ཕན་ཆད་དུ་སྡུག་བསྔལ་གྱི་རྒྱུར་འགྱུར་བ་དང་། འདི་ཕྱི་གཉིས་ཀར་གནོད་པའི་མི་དགེ་བའི་ཕྱོགས་རྣམས་ནི་རང་ཡང་སྤངས་ལ་གཞན་ལའང་སྤོངས་དུ་གཞུག་པ་སྟེ། དགག་སྒྲུབ་ཀྱི་བསླབ་བྱ་འདི་གཉིས་སུ་མ་འདུས་པ་གཞན་མེད་ལ། དེ་ཡང་བྱམས་པ་དང་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་གཞན་ལ་ཕན་པ་ཆེན་པོར་འགྱུར་ངེས་པར་མཐོང་ན་ནི་གང་ལའང་ཉེས་པར་མི་འགྱུར་ཞིང་དང་དུ་བླང་བར་བྱ་བ་ཡིན་ཏེ། དེ་ཉིད་ལས། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་སོ། །གལ་ཏེ་དངོས་སུ་གཞན་ལ་ཕན་པ་སྒྲུབ་མ་ནུས་ཀྱང་། ཕན་སེམས་ཀྱི་བསམ་པ་ཉམས་པར་མ་གྱུར་ན་ནི་དེ་ལ་དོན་གྱིས་ཞུགས་པ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། གཞན་དོན་ལས་ལ་མཐུ་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་སོ། །དེས་ན། སྤྱོད་འཇུག་ལས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་རྒྱུར་བསྔོའོ། །ཞེས་གསུངས་པ་ལྟར་རྟག་ཏུ་བརྩོན་པར་བྱའོ། །གཉིས་པ་དེ་ཉིད་མི་ཉམས་པར་ཇི་ལྟར་བསྲུང་བའི་ཚུལ་ལ་གསུམ། འགལ་རྐྱེན་རང་གཞན་གྱི་སྤྱོད་པ་ཉམས་པའི་རྒྱུ་བདུན་སྤོང་བ། མཐུན་རྐྱེན་མི་ཉམས་པའི་རྒྱུ་དང་འཕེལ་བའི་རྐྱེན་ལ་བསླབ་པ། དུས་རྟག་ཏུ་དྲན་ཤེས་བག་ཡོད་ཀྱིས་བསྲུང་བར་བསླབ་པའོ། །དང་པོ་ལ་གཉིས། རང་དོན་ཤེས་རབ་ཀྱི་གེགས་གསུམ་དང་། གཞན་དོན་སྤྱོད་པའི་སྐྱོན་བཞི་སྤོང་བའོ། །དང་པོ་ནི། ཐོས་པ་ལ་མི་མོས་པ། བསམ་པ་ལ་གཡེལ་བ། སྒོམ་པ་ལ་ལྷོད་པ་གསུམ་སྤོང་བའོ། །གཉིས་པ་ནི། སྦྱོར་བ་ལེ་ལོ་ཆེ་བ། སྤྱོད་པ་གཞན་མི་དད་པ་ལ་སྦྱོར་བ། ཀུན་སློང་སྙིང་རྗེ་མེད་པ། བྱེད་ལས་ཕྱིན་ཅི་ལོག་སྒྲུབ་པ་བཞི་སྤོང་བའོ། །གཉིས་པ་ལའང་མི་ཉམས་པའི་རྒྱུ་གསུམ་དང་། འཕེལ་བའི་རྐྱེན་དགུ་ལ་བསླབ་པ་གཉིས་སོ། །དང་པོ་ལ་གསུམ་ལས། དང་པོ་ཚེ་འདིར་མི་ཉམས་པའི་རྒྱུ་ནི་དྲན་པ་གསུམ་སྟེ། སེམས་བསྐྱེད་སྐྱེས་པའི་ཕན་ཡོན། ཉམས་པའི་ཉེས་དམིགས། རྙེད་པར་དཀའ་བ་ཡང་ཡང་དྲན་པར་བྱེད་པའོ། །གཉིས་པ་ཕྱི་མར་མི་ཉམས་པའི་རྒྱུ་ནི་ཕྱིན་ཅི་མ་ལོག་པའི་ཐབས་གསུམ་སྟེ། དུས་གསུམ་དུ་ཡན་ལག་བདུན་པ་བྱེད་པ། རྒྱལ་བ་སྲས་བཅས་ལ་གསོལ་བ་འདེབས་པ། ཆོས་དང་འགལ་བའི་བདུད་ལས་སྤོང་བའོ། གསུམ་པ་འདི་ཕྱི་གཉིས་ཀར་མི་ཉམས་པའི་རྒྱུ་ནི་གཅེས་པ་ལྔ་སྟེ། བསྒྲུབ་བྱ་སེམས་ཅན་ལ་རང་བས་གཅེས་པ། སྒྲུབ་བྱེད་ཆོས་ལ་ནོར་བས་གཅེས་པ། གཙོ་བོ་བྱང་སེམས་ལ་སྙིང་བས་གཅེས་པ། བདག་རྐྱེན་བཤེས་གཉེན་ལ་ཕ་མ་བས་གཅེས་པ། ཐོབ་བྱ་སངས་རྒྱས་ལ་ལོངས་སྤྱོད་བས་གཅེས་པ་ལྔ་ལ་བསླབ་པར་བྱའོ། །གཉིས་པ་འཕེལ་རྐྱེན་དགུ་ལ། དྲན་པ་ལྔ་དང་། བྱ་བ་བཞི་སྟེ། དང་པོ་ནི། འདུས་བྱས་ཀྱི་གཡོ་བ། སྡུག་བསྔལ་གྱི་མཐའ། ཆོས་ཀྱི་ཕན་ཡོན། སྟོན་པའི་ཆེ་བ། བྱང་སེམས་ཀྱི་ཕན་ཡོན་དྲན་པའོ། །གཉིས་པ་ནི། ཤེས་བཞིན་གྱི་མིག་གིས་བལྟ་བ། བརྩོན་འགྲུས་ཀྱི་རྟ་མཆོག་གིས་འགྲོ་བ། ངེས་འབྱུང་གི་ལྕག་གིས་བསྐུལ་བ། ཐར་པའི་གྲོང་ཁྱེར་ཡིད་ལ་བྱེད་པ་བཞིའོ། །གསུམ་པ་ནི། ཀུན་མཁྱེན་ཆོས་རྗེས། རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་ཀྱིས། །མི་དགེ་སྤང་ཞིང་དགེ་ཆོས་རྒྱ་མཚོ་སྒྲུབ། །ཅེས་གསུངས་ཏེ། དེ་ལ་ལྟུང་བ་འབྱུང་བའི་རྒྱུ་ནི། མི་ཤེས་པ་དང་། བག་མེད་པ་དང་། ཉོན་མོངས་པ་མང་བ་དང་། མ་གུས་པའོ། །དེ་ལ་མི་ཤེས་པ་ནི་བསླབ་པ་ལ་འབད་ཀྱང་ལྟུང་སོགས་ཀྱི་མཚན་ཉིད་མི་ཤེས་པས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་བསླབ་བྱ་རྣམས་ཉན་ནས་ཤེས་པར་བྱའོ། །བག་མེད་པ་ནི་ལྟུང་བ་ཤེས་ཀྱང་ཉེས་དམིགས་མ་མཐོང་བའམ་མཐོང་ཡང་དྲན་ཤེས་མེད་པས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་བླང་དོར་གྱི་དམིགས་རྣམས་མི་བརྗེད་པའི་དྲན་པ་དང་། སྒོ་གསུམ་ལ་སོ་སོར་རྟོག་ཅིང་ལེགས་ཉེས་གང་ལ་འཇུག་ལྡོག་ཤེས་པར་བྱེད་པའི་ཤེས་བཞིན་དང་། བདག་གམ་ཆོས་ཀྱི་དབང་དུ་བྱས་ཏེ་ཉེས་པ་ལ་འཛེམ་པའི་ངོ་ཚ་ཤེས་པ་དང་། གཞན་ནམ་འཇིག་རྟེན་གྱིས་སྨད་དུ་འོང་སྙམ་ནས་འཛེམ་པའི་ཁྲེལ་ཡོད་དང་། ཉེས་སྤྱོད་ཀྱི་རྣམ་སྨིན་ལ་འཇིགས་ནས་གཟོབ་པ་ལྷུར་ལེན་པ་བག་ཡོད་ལ་བསླབ་པར་བྱའོ། །ཉོན་མོངས་པ་མང་བ་ནི། འཛེམ་བག་ཅུང་ཟད་སྐྱེས་ཀྱང་དུག་གསུམ་ཤས་ཆེ་བས་ཉོན་མོངས་པའི་དབང་གིས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་རང་རྒྱུད་ལ་བརྟགས་ཏེ་ཉོན་མོངས་པ་གང་ཤས་ཆེ་བའི་གཉེན་པོ་འབད་ནས་བསྟེན་ཅིང་འདི་ཙམ་འགལ་ཡང་ཉེས་པ་ཆུང་ངོ་སྙམ་པའི་བག་ཡངས་ཀྱིས་ཚོད་ཡོད་མི་བྱའོ། །མ་གུས་པ་ནི། ལྟུང་བ་སོགས་ཤེས་ཀྱང་དམན་པ་ལ་མོས་ནས་བསླབ་པ་ལ་མི་འཇུག་པས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་སྟོན་པ་དང་། དེས་བཅས་པ་རྣམས་ལ་གུས་པར་བྱའོ། །དེ་ཡང་མི་ཤེས་པ་དང་བག་མེད་པས་ལྟུང་བ་བྱུང་ན་ཆུང་ངུ་། ཉོན་མོངས་པ་མང་བས་འབྲིང་། མ་གུས་པ་ལ་ཆེན་པོ་འབྱུང་ཞིང་བསམ་པའི་ཁྱད་པར་གྱི་ཅི་རིགས་པར་འགྱུར་བའང་ཡོད་དོ། །དེས་ན་བླང་དོར་གྱི་གནས་རྣམས་ལ་སྲོག་དང་བསྡོས་ནས་བསླབ་པ་ལ་ནན་ཏན་དུ་བྱ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཁྱིམ་པ་སྐྱ་བོའི་གོས་གྱོན་ལ། །ངས་ནི་བསླབ་པ་གང་བཤད་པ། །དེ་ཚེ་དགེ་སློང་དེ་དག་ལ། །བསླབ་པ་དེ་ཡང་མེད་པར་འགྱུར། །ཞེས་དགེ་བསྙེན་ལ་གསུངས་པའི་བསླབ་པའི་གཞི་ལྔ་པོ་དགེ་སློང་གིས་ཀྱང་བསྲུང་བ་མེད་པའི་དུས་འདིར་བསླབ་པ་ལ་བརྩོན་པ་ནི་འབྲས་བུ་ལྷག་པར་ཡང་ཆེ་སྟེ། དེ་ཉིད་ལས། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། དད་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །དེ་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་སོ། །གསུམ་པ་ཉམས་པའི་ཉེས་དམིགས་དང་གསོ་ཚུལ་བཤད་པ་ལ་གཉིས། ཉམས་པའི་ཉེས་དམིགས་དང་། ཉམས་ན་གསོ་བའི་ཚུལ་ལོ། །དང་པོ་ནི། སྤྱིར་བྱང་སེམས་ཀྱི་སྡོམ་པ་གཏོང་བའི་རྒྱུ་རྟེན་གཞི་སྨོན་སེམས་བཏང་བ། འགལ་ཟླ་རྩ་ལྟུང་བྱུང་བ། སྤོང་རྐྱེན་སྡོམ་པ་ཕུལ་བ་གསུམ་གྱིས་ཡིན་ལ། དེ་ལྟར་བྱུང་ན་ཉམས་པའི་ཉེས་དམིགས་དངོས་ལ། ལྟུང་བ་སྤྱིའི་ཉེས་དམིགས་དང་། ཁྱད་པར་རྩ་ལྟུང་གི་ཉེས་དམིགས་གཉིས་ལས། དང་པོ་ལ་གསུམ་སྟེ། ཁས་བླངས་ཉམས་པས་སྨད་པའི་གནས་སུ་འགྱུར་བ་ནི། སྟོན་པ་སངས་རྒྱས་བསླུས་པས་སངས་རྒྱས་མི་མཉེས། ཡུལ་སེམས་ཅན་བསླུས་པས་དེ་དག་མི་མ གུ། རང་བསླུས་པར་རང་དོན་ཉམས་པས་ཀུན་གྱིས་སྨད་པའི་གནས་སུ་འགྱུར་བའི་ཕྱིར་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་བསྐྱེད་ནས་ཇི་སྐད་སྨྲས་པ་བཞིན་མི་བྱེད་ན་ལྷ་དང་བཅས་པའི་འཇིག་རྟེན་བསླུས་པ་ཡིན་ནོ། །ཞེས་སོ། །མིང་དོན་ཤོར་བས་མི་འདོད་པ་ཐམས་ཅད་འདུ་བ་ནི། རྒྱལ་པོ་རྒྱལ་སྲིད་ཉམས་པ་ལྟར་ཚེ་འདིར་བཀྲ་མི་ཤིས་ཤིང་འཆི་ཁར་མྱ་ངན་གྱིས་གདུང་བར་འགྱུར་བའི་ཕྱིར་རོ། །ཉེས་པ་ལྕི་བས་ཕྱི་མ་ངན་འགྲོར་ལྟུང་ཞིང་ཐར་བར་དཀའ་བ་ནི། བསླབ་བཏུས་ལས། རྫོགས་སངས་རྒྱས་ཀྱིས་གསུངས་ཚུལ་དུ། །འབད་པ་མེད་ན་ངན་འགྲོར་འགྲོ། །ཞེས་སོ། །གཉིས་པ་ནི། སྔོན་བསྐྱེད་པའི་བྱང་སེམས་ཀྱི་དགེ་རྩ་ཐམས་ཅད་ཐལ་བར་རློག་པ་དང་། དེ་ཉིད་ཀྱི་ནི་དཀོན་མཆོག་ལྷ་དང་བཅས་པ་བསླུས་པ་དང་། དེས་ནི་སྤྱིར་ངན་འགྲོ་དང་ཁྱད་པར་སེམས་ཅན་དམྱལ་བ་ཆེན་པོ་སྐྱེ་བར་འགྱུར་ཏེ། དེ་ལས། དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་སོ། །སྡོམ་པ་ཕུལ་བ་ནི། སོ་ཐར་ལས་བསྲུང་མི་ནུས་ན་འབུལ་བ་བསླབ་བྱར་གནང་མོད། བྱང་སྡོམ་ཕུལ་ན་ནི་ཉེས་པ་ཆེས་ལྕི་བར་འགྱུར་ཏེ། རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་འགྲོ་བའི་ཕན་བདེ་སྒྲུབ་པར་དམ་བཅས་པ་ཉིད་བཏང་བའི་ཕྱིར། སྤྱོད་འཇུག་ལས། བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཇི་ག་འགྲོ་འགྱུར་རམ། །ཞེས་དང་། སེམས་ཅན་གཅིག་གི་བདེ་བ་ཡང་། །བཤིག་ན་བདག་ཉིད་ཉམས་གྱུར་ན། །ནམ་མཁའ་མ་ལུས་མཐའ་ཀླས་པའི། །ལུས་ཅན་བདེ་བཤིག་སྨྲོས་ཅི་དགོས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ཉམས་ན་ག སོ་བའི་ཚུལ་ལ་གཉིས། ཉེས་པ་བཤགས་པ་དང་། སྡོམ་པ་བཏང་ན་སླར་བླང་བའི་ཚུལ་ལོ། །དང་པོ་ནི། གང་ཟག་གི་དབང་གིས་གསུམ་དུ་གསུངས་ཏེ། དམན་པ་ཁ་ཅིག་ནི་དངོས་པོར་འཛིན་པའི་དབང་གིས་འགྱོད་ཅིང་ཡིད་ལ་གཅགས་པས་གཞན་གྱི་དྲུང་དུ་ཉེས་པ་འཆགས་ཤིང་། ཕྱིས་སྡོམ་པས་རིམ་གྱིས་ཉེས་པ་དེ་ལས་རིང་ཞིག་ན་ལྡང་བ་ཡོད་དོ། །ཞེས་འབྱུང་བས། བཤགས་ཡུལ་ལྟུང་བས་མ་གོས་པའི་བྱང་ཆུབ་སེམས་དཔའ་དངོས་རྙེད་ན་དེའི་མདུན་དང་། མ་རྙེད་ན་རྟེན་གྱི་དྲུང་དུ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་སྐྱབས་གསོལ་སྔོན་དུ་འགྲོ་བ་ཅན་གྱི་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པ་དང་། ཁྱད་པར་ཉིན་མཚན་དུ་འཕགས་པ་ཕུང་པོ་གསུམ་པའི་མདོ་སོགས་བཏོན་ནས་བཤགས་པ་བྱ་སྟེ། སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟེན་ན། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་སོ། །ཡང་བར་མ་གཅིག་ནི་རིགས་སྔགས་དང་གསང་སྔགས་ཀྱི་ལྷ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་སོགས་པ་མ ཉེས་པར་བྱས་ཏེ། ལྷའི་རྗེས་སུ་གནང་བ་ཐོབ་པས་ལྟུང་བ་ལྡང་ངོ་། །ཞེས་པས། ངན་སོང་དུ་ལྟུང་བས་འཇིགས་ཏེ་འགྱོད་པ་ཆེན་པོས་འཕགས་པ་ནམ་མཁའི་སྙིང པོ་མཐོང་བར་ནུས་ན་དེ་ལ་ད ངོས་སུ་བཤགས་པ་དང་། དེ་ལྟར་མི་ནུས་ན་ཐོ་རངས་ལངས་ལ་གཙང་སྦྲ་དང་ལྡན་པས་ཤར་དུ་ཁ་ཕྱོགས་ཏེ་མཆོད་ཅིང་ལྷའི་བུ་སྐྱ་རེངས་ལ་ཕྲིན་གསོལ་ནས། རྨི་ལམ་དུ་དེའི་མདུན་དུ་ལྟུང་བ་བཤགས་པ་དང་། ཕྱག་བྱ་བ་དང་། གཟུང་སྔགས་བཟླ་བ་སོགས་ཀྱི་སྒོ་ནས་འཕགས་པ་དེ་མངོན་སུམ་མཐོང་བའམ། སྡིག་པ་དག་པའི་རྟགས་མ་བྱུང་གི་བར་དུ་བཤགས་པར་བྱ་སྟེ། བསླབ་བཏུས་སུ། རྨི་ལམ་འཕགས་པ་ནམ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་སོ། །ཡང་། དམ་པ་ཁ་ཅིག་ནི་གང་གིས་ལྟུང་བར་བརྗོད་པ་དེ་ཉིད་ལ་རང་བཞིན་མཚན་མ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་ཤེས་པས་ཚེགས་མེད་པར་བྱང་བར་འགྱུར་ཏེ། ཇི་ལྟར་འཕགས་པའི་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་གིས་ལས་མེད་ཅིང་རྣམ་པར་སྨིན་པ་མེད་པར་ཤེས་པ་དེས་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་བོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། སྨོན་སེམས་བཏང་བ་དང་། ཀུན་དཀྲིས་ཆེན་པོས་ཕམ་པའི་གནས་ལྟ་བུའི་རྩ་བའི་ལྟུང་བ་བྱུང་ན་གཏོང་བས། དེ་བྱུང་ན་བཤགས་སྡོམ་དང་བསགས་སྦྱང་ལ་ན ན་ཏན་བྱས་ལ། དགེ་བའི་བཤེས་གཉེན་ནམ་རྟེན་གྱི་དྲུང་དུ་སྡོམ་པ་སླར་བླང་བར་བྱའོ། །ཀུན་དཀྲིས་འབྲིང་གིས་སྤྱད་པའི་ཕམ་འདྲ་རྣམས་ནི་གང་ཟག་གསུམ་ཡན་ཆད་དང་། ཀུན་དཀྲིས་ཆུང་ངུས་སྤྱད་པའི་རྩ་ལྟུང་དང་། དེ་ལས་གཞན་པའི་ཉེས་བྱས་རིགས་ནི་ཀུན་སློང་གི་དབང་གིས་ཉོན་མོངས་ཅན་ཡིན་མིན་དང་ལྟུང་ལྟུང་མེད་དུ་འགྱུར་བའང་ཡོད་པས། དེ་དག་གང་བྱུང་ཡང་གང་ཟག་གཅིག་ཡན་ཆད་ཀྱི་དྲུང་དུ་བཤགས་ཤིང་བསྡམས་པས་དག་པར་འགྱུར་ཏེ། སྡོམ་པ་ཉི་ཤུ་པ་ལས། སྡོམ་པ་སླར་ལ་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་གསུངས་པ་བཞིན་ནོ། །བཞི་པ་དེ་ལྟར་སློབ་པའི་ཕན་ཡོན་བསྟན་པ་ལ། རྒྱས་པར་དབྱེ་ན་ཚད་མེད་ཀྱང་། བསྡུ་ན་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གོ །དང་པོ་ལ་བདུན། མིང་དོན་འཕོ་བ། སྡིག་པ་སྟོབས་ཆེན་སྤོང་བ། བསོད་ནམས་རྒྱ་ཆེན་ཐོབ་པ། ཡོན་ཏན་མཐའ་ཡས་ཐོབ་པ། ཕན་ཡོན་དཔེས་བསྟན་པ། སངས་རྒྱས་ཐམས་ཅད་མཆོད་པར་འགྱུར་བ། ཕན་ཡོན་ལུང་དང་སྦྱར་བའོ། །དང་པོ་མིང་དོན་འཕོ་བ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་སོ། །གཉིས་པ་སྡིག་པ་སྟོབས་ཆེན་སྤོང་བ་ནི། སྡོང་པོ་བཀོད་པ་ལས། ཉེས་བྱས་ཐམས་ཅད་སྲེག་པར་བྱེད་པས་བསྐལ་པའི་མེ་ལྟ་བུའོ། །མི་དགེ་བའི་ཆོས་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་ས་ཡི་འོག་ལྟ་བུའོ། །ཞེས་སོ། །གསུམ་པ་བསོད་ནམས་རྒྱ་ཆེན་ཐོབ་པ་ནི། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་དང་། གཏམ་སྦྱར། སྐྱེས་བུ་གང་ཞིག་བྱང་ཆུབ་སེམས། །སྐད་ཅིག་ཙམ་ཞིག་སྒོམ་བྱེད་པ། དེ་ཡི་བསོད་ནམས་ཕུང་པོ་ནི། །རྒྱལ་བ་ཡིས་ཀྱང་བགྲང་མི་སྤྱོད། །ཅེས་སོ། །བཞི་པ་ཡོན་ཏན་མཐའ་ཡས་པ་ཐོབ་པ་ནི། དཀོན་མཆོག་ཏ་ལ་ལས། བྱང་ཆུབ་གཞིར་གྱུར་པ་ནི་རང་བྱུང་སེམས། །ཐོག་མ་ཉིད་དུ་སྐྱེས་པ་གང་ཡིན་པ། །དེ་ཡི་ཡོན་ཏན་བསྔགས་པ་མཐའ་ཡས་ཏེ། །མཚུངས་མེད་རྣམས་ཀྱིས་དེ་དག་བརྗོད་མི་སྤྱོད། །ཅེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་ཡས་ཏེ། །དེ་དག་མཐའ་ནི་རྒྱལ་བ་མི་གསུང་ངོ་། །ཞེས་སོ། །ལྔ་པ་ཕན་ཡོན་དཔེས་བསྟན་པ་ལ་གསུམ་ལས། དམན་པ་མཆོག་ཏུ་བསྒྱུར་བ་གསེར་གྱི་རྩིའི་དཔེས་བསྟན་པ་ནི། སྤྱོད་འཇུག་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བར་རབ་བརྟན་ཟུངས། །ཞེས་སོ། །རྙེད་དཀའ་ཞིང་རིན་ཆེ་བ་རིན་པོ་ཆེའི་དཔེས་བསྟན་པ་ནི། དེ་ཉིད་ལས། འགྲོ་བའི་དེད་དཔོན་གཅིག་པུ་ཚད་མེད་བློས། །ལེགས་པར་ཡོངས་སུ་བརྟགས་ན་རིན་ཆེ་བས། །འགྲོ་བའི་གནས་དང་བྲལ་བར་འདོད་པ་རྣམས། །རིན་ཆེན་བྱང་ཆུབ་སེམས་ལེགས་བརྟན་པར་ཟུང་། །ཞེས་སོ། །འབྲས་བུ་མི་ཟད་ཅིང་འཕེལ་བ་དཔག་བསམ་གྱི་ཤིང་གི་དཔེས་བསྟན་པ་ནི། དེ་ཉིད་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་སྤྱད་པས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་སོ། །དྲུག་པ་སངས་རྒྱས་ལ་མཆོད་པར་འགྱུར་བ་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བླ་ན་མེད་པ་ཡིན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དམ་པའི་ཆོས་འཛིན་པ་དང་། སྲོག་ཆགས་རྣམས་ལ་སྙིང་བརྩེ་བའོ། །ཞེས་དང་། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཀུན་མི་གང་གིས། །རིན་ཆེན་བདུན་གྱི་ཡོངས་བཀང་སྟེ། །སངས་རྒྱས་རྣམས་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །བསོད་ནམས་འདི་ནི་ཁྱད་པར་འཕགས། །འདི་ལ་མཐའ་ནི་མ་མཆིས་སོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། བྱེ་བ་ཁྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པ་རྣམས་མང་དཔག་མེད་ཅི་ཡོད་པ། །སྐྱེས་མཆོག་རྣམས་ལ་ཉིན་རེ་རྟག་མཆོད་པས། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་སོ། །བདུན་པ་ཕན་ཡོན་ལུང་དང་སྦྱར་བ་ནི། སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་ཐམས་ཅད་རྣམ་པར་འཕེལ་བར་བྱེད་པས་ཞིང་ས་ལྟ་བུའོ། །འཇིག་རྟེན་ཐམས་ཅད་རྟེན་པས་ས་ལྟ་བུའོ། །ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་བསྲུང་བས་ཕ་ལྟ་བུའོ། །ཞེས་པའི་བར་དང་། དེ་བཞིན་དུ་སྦྱར་ཏེ། དབུལ་བ་ཐམས་ཅད་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །དོན་ཐམས་ཅད་ཡང་དག་པར་སྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཉོན་མོངས་པའི་དགྲ་ཕམ་པར་བྱེད་པས་མདུང་ཐུང་ལྟ་བུའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འགེགས་པས་གོ་ཆ་ལྟ་བུའོ། །ཉོན་མོངས་པའི་མགོ་ལྷུང་བར་བྱེད་པས་རལ་གྲི་ལྟ་བུའོ། །ཉོན་མོངས་པའི་ཤིང་གཅོད་པས་སྟ་རེ་ལྟ་བུའོ། །འཚེ་བ་ཐམས་ཅད་ལས་སྐྱོབ་པས་མཚོན་ཆ་ལྟ་བུའོ། །འཁོར་བའི་ཆུ་ནང་ན་གནས་པ་སྟེང་དུ་འབྱིན་པས་མཆིལ་པ་ལྟ་བུའོ། །སྒྲིབ་པས་ཁེབས་པའི་རྩ་ཐམས་ཅད་རྣམ་པར་འཐོར་བས་རླུང་གི་དཀྱིལ་འཁོར་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་བསྡུས་པའི་ཕྱིར་མདོར་བསྟན་པ་ལྟ་བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མཆོད་སྡོང་ལྟ་བུ་སྟེ། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནི་ཕན་ཡོན་དེ་དག་དང་ཡོན་ཏན་གྱི་བྱེ་བྲག་ཚད་མེད་པ་གཞན་དང་ཡང་ལྡན་ནོ། །ཞེས་པའི་བར་གྱིས་དཔེ་ཉིས་བརྒྱ་དང་སུམ་ཅུ་ཙམ་གྱིས་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་མགོན་པོ་བྱམས་པས་གཞོན་ནུ་ནོར་བཟང་ལ་གསུངས་པ་བཞིན་ནོ། །གཉིས་པ་མཐར་ཐུག་སངས་རྒྱས་ཀྱི་ཆོས་མཐའ་དག་རྫོགས་པར་བྱེད་པའི་ཕན་ཡོན་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་དང་ལྡན་ན་སངས་རྒྱས་ཀྱི་ཆོས་འདི་དག་དང་གཞན་ཡང་དཔག་ཏུ་མེད་པ་དག་ཡོངས་སུ་འཛིན་ཏོ། །ཆོས་གཅིག་པོ་དེ་གང་ཞེ་ན། འདི་ལྟ་སྟེ། བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་ཀྱི་སེམས་ཏེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་པོ་དེ་དང་ལྡན་ན་སངས་རྒྱས་ཀྱི་ཆོས་འདི་དག་དང་གཞན་དཔག་ཏུ་མེད་པ་དག་ཡོངས་སུ་འཛིན་པར་འགྱུར་རོ། །ཞེས་སོ། །དེ་བཞིན་དུ་རྟག་པར་སངས་རྒྱས་དང་ཆོས་ཀྱི་སྣང་བ་དང་མི་འབྲལ་ཞིང་བྱིན་གྱིས་བརླབས་པས་མྱུར་དུ་བྱང་ཆུབ་ཐོབ་པར་བྱེད་པའང་། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས། བསམ་པ་ཕུན་སུམ་ཚོགས་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། གང་བསམ་པ་མ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རིང་བ་ལགས་སོ། །བཅོམ་ལྡན་འདས། བསམ་པ་ཕུན་སུམ་ཚོགས་པ་ལ་ནི་འཇིག་རྟེན་གྱི་ཁམས་གཞན་ན་འདུག་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་སྟོན་པར་མཛད་དེ། གལ་ཏེ་སངས་རྒྱས་མི་བཞུགས་ནའང་ནམ་མཁའི་དཀྱིལ་དང་། རྩིག་པ་དང་། ཤིང་ལྗོན་པ་རྣམས་ལས་ཀྱང་སྒྲ་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ལ་ནི་རང་གི་ཡིད་ཀྱིས་དཔྱོད་པ་ཉིད་ལས་གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་། །དེ་བས་ན་བྱང་ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པ་བགྱིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གང་རྐང་པ་མཆིས་པ་དེ་ལ་འགྲོ་བ་མཆིས་སོ། །དེ་བཞིན་དུ་གང་ལ་བསམ་པ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཡན་ལག་གི་དང་པོ་མགོ་བོ་མཆིས་པ་དེ་ལ་འཚོ་བ་མཆིས་སོ། །དེ་བཞིན་དུ་ལྷག་པའི་བསམ་པ་གང་ལ་ཡོད་པ་དེ་ལ་སངས་རྒྱས་ཀྱི་བྱང་ཆུབ་མཆིས་སོ། །ཞེས་སོ། །མདོར་ན། སྡོང་པོ་བཀོད་པ་ལས། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་ཡོད་པ་བྱང་ཆུབ་སེམས་ཀྱི་ཡོན་ཏན་དང་ཕན་ཡོན་ཡང་དེ་སྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་འདི་ལས་བྱུང་ཞིང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདི་ལས་སྐྱེས་སོ། །ཞེས་གསུངས་པ་བཞིན། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག སྲིད་ཞིའི་རྒུད་པ་མཐའ་དག་སེལ་ཞིང་། ཕན་བདེའི་དངོས་པོ་མཐའ་དག་ཡིད་བཞིན་དུ་འཇོ་བའི་རིན་ཆེན་བྱང་ཆུབ་སེམས་ལ་དུས་རྟག་ཏུ་བརྩོན་པར་བྱའོ། །སངས་རྒྱས་ཡོན་ཏན་གཞན་ཕན་མཐུ་ཡིས་བརྙེས། །འཁོར་སྐྱོན་མཐའ་དག་བདག་གཅེས་འཛིན་ལས་བྱུང་། །དེ་ཕྱིར་འདི་གཉིས་ཁེ་ཉེན་ཤེས་བྱོས་ལ། །བྱང་ཆུབ་སེམས་མཆོག་བསྐྱེད་ཅིག་ཤེས་ལྡན་རྣམས། །སེམས་བསྐྱེད་ཀྱི་ཁྲིད་ཀྱི་སྐབས་སོ། །། །


previousལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་ཐེག་ཆེན་ལམ་རྩ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཁྲིད།next