cover

ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བརྒྱད་པ།

གླེགས་བམ། ཉ༽

ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ།

ཞེ་ཆེན་མཁན་པོ་པདྨ་ཀུན་བཟང་ནས་པར་དུ་བསྐྲུན།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔེ་སྐྲུན་གསལ་བཤད།

བསྐལ་བཟང་སངས་རྒྱས་སྟོང་གི་གདུལ་ཞིང་། སྟོང་གསུམ་མི་མཇེད་ཀྱི་ཆ་ཤས་འཛམ་གླིང་གི་བྱང་ཕྱོགས། བོད་གངས་ཅན་གྱི་བསྟན་པ་རྒྱ་མཚོའི་ཕྱི་མོ། གསང་སྔགས་སྔ་འགྱུར་བའི་བསྟན་པའི་འབྱུང་གནས། སྟོད་ན་རྡོར་སྨིན་གཉིས། སྨད་ན་ཀཿདཔལ་གཉིས། བར་ན་ཞེ་རྫོགས་གཉིས་ཞེས་གྲགས་པའི་བྱེ་བྲག་གསང་སྔགས་རྙིང་མའི་གདན་ས་ཆེ་རྒུའི་ཡ་རྒྱལ། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ཞེས་སྔ་འགྱུར་བཀའ་གཏེར་ཆོས་ཀྱི་རྒྱ་མཚོ་ཆེན་པོ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་རྗེས་བཀྲ་ཤིས་རེ་ཁ་ཆེས་ཆེར་བཀྲ་བར། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་བགྲང་ལས་འདས་པ་བྱོན་པའི་དབུས་སུ་མངོན་པར་འཕགས་པ། གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཤིང་རྟ་བཀའ་བབས་བདུན་ལྡན་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། མཁས་གྲུབ་དབང་པོ་མ་ཧཱ་པཎྜི་ཏ་འཇམ་དབྱངས་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྣམ་གཉིས་ཀྱི་ཐུགས་སྲས་ཐུ་བོ། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོ་གང་གི་གསུང་འབུམ་མདོ་སྔགས་རིག་གནས་ཀྱི་མཛོད་ཆེན་འདི་ཉིད། སྔོན་ཆད་རྗེ་དེའི་སྲས་ཀྱི་ཐུ་བོ་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེས་གདན་སར་ཤིང་པར་དུ་བཀོད་པ་སྙིགས་དུས་ཀྱི་སྐྱེ་འགྲོ་བསོད་ནམས་དམན་རྐྱེན་ཉམས་རྒུད་རྩ་བརླག་ཏུ་སོང་ཡང་། ཕྱིས་རྒྱ་གར་འཕགས་ཡུལ་དུ་མགོན་པོ་གང་དེའི་དགོངས་བརྒྱུད་ཀྱི་བྱིན་རླབས་ཐོབ་ཅིང་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག ༧སྐྱབས་རྗེ་དིལ་མཁྱེན་རྡོ་རྗེ་འཆང་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཆོག་གིས་མ་དཔེ་འཚོལ་བསྡུས་ཀྱི་སླར་ཡང་པར་བསྐྲུན་མཛད་ཅིང་བཤད་ལུང་གི་རྒྱུན་ཡང་སྤེལ་བར་མཛད་དེ་རྒྱལ་བསྟན་སྤྱི་བྱེ་ལ་སྨན་པའི་སྐུ་དྲིན་བླ་མེད་བསྐྱངས་པ་དེ་ལྟར་ཡང་། ད་ཆ་མདོ་དབུས་ཁམས་གྱི་མཚོན་པའི་འཛམ་གླིང་མཐའ་གྲུ་ཀུན་ཏུ་རྒྱལ་བསྟན་སྤྱི་དང་། ཡང་སྒོས་སྔ་འགྱུར་བའི་ལྟ་གྲུབ་དྲི་མ་མེད་པ་ཐོས་བསམ་སྒོམ་པས་འཛིན་སྐྱོང་སྤེལ་བའི་བསྟི་གནས་དགོན་སྡེ་ཁག་གི་ནང་སློབ་གཉེར་བ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བ་ཚོར། འཁྲུལ་མེད་རྒྱལ་བ་དགྱེས་པའི་ལམ་གནད་གསལ་བོར་སྟོན་པའི་ལེགས་བཤད་རྨད་དུ་བྱུང་བ་རྣམས་གཟིགས་ཆོག་ཡོང་བ་དང་། དེང་གི་ཆར་སྔོན་མེད་འཕྲུལ་ཡིག་ལེགས་ཐོན་གྱིས་དཔེ་དེབ་སྤུས་དག་ཡོང་ངེས་དང་། འཇམ་མགོན་རྒྱལ་བ་ཡབ་སྲས་ཀྱི་རྡོ་རྗེའི་གསུང་གི་ཕྲིན་ལས་འཛམ་གླིང་ཕྱི་ནང་ཀུན་ཏུ་ཁྱབ་བརྡལ་ཡོང་བའི་རེ་འདུན་ཆེན་པོས། རྒྱལ་བསྟན་སྤྱི་དང་རང་བསྟན་ལ་ལྷག་བསམ་རྣམ་པར་དཀར་བ་ཞེ་ཆེན་དགོན་གྱི་མཁན་པོ་པདྨ་ཀུན་བཟང་མཆོག་ནས་དེང་རབས་ཀྱི་གློག་ཀླད་འཕྲུལ་འཁོར་ལ་བརྟེན་ནས་པར་བསྐྲུན་གནང་བཞིན་ཡོད་པར་ཡི་རང་བསྔགས་བརྗོད་བྱེད་པ་དང་ཆབས་ཅིག གསུང་རབ་འདིས་རྒྱལ་བའི་དགོངས་པ་དྲི་མ་མེད་པ་གསང་ཆེན་སྔ་འགྱུར་བའི་ལྟ་གྲུབ་ཀྱི་གནད་གསང་གསལ་བར་སྟོན་པ་ཀུན་གྱིས་མཁྱེན་རྟོགས་ཐུབ་པས་རང་གཞན་གྱི་འདི་ཕྱིའི་དོན་འབྲས་རླབས་ཆེན་ཡོང་རྒྱུའི་རེ་སྨོན་བཅས། ཞེ་ཆེན་རབ་འབྱམས་བདུན་པར་འབོད་པ། དགེ་སྦྱོང་ངག་དབང་ཆོས་དཔལ་རྒྱ་མཚོས་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༤ བཟང་པོ་ལ།

གསལ་བཤད་ཉུང་ངུ་།

༈ དེ་ཡང་མི་རིང་བའི་འདས་པའི་ལོ་རབས་འགའི་ཡུན་ལ་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་ལ་ཉམས་རྒུད་ཚབས་ཆེན་ཐེབས་ནས། དེང་གི་དུས་འདིར་བོད་ཀྱི་རིག་གཞུང་ཟེར་བ་དེ་སྒྲ་གཅན་གྱི་ཁ་ནས་ཕྱེད་ཙམ་ཐར་པའི་ཟླ་བ་ལྟ་བུ་ཞིག་ཡིན་ལ། འདི་ཉིད་ཉམས་པ་སླར་གསོ་དང་མི་ཉམས་ཡུན་རིང་དུ་གནས་པའི་ཆེད་དུ་མཁས་པ་དང་ལྷག་བསམ་ཅན་གྱི་སྐྱེས་བུ་དམ་པ་དག་གིས་སྔ་རབས་ཀྱི་མཁས་པའི་གསུང་རབ་རྣམས་སྤུས་ལེགས་ཀྱི་ཡིག་གཟུགས་སུ་སྤེལ་ནས་འགྲེམ་སྤེལ་གནང་བཞིན་པ་འདི་དག་ནི་འཆི་ཁ་མ་ལ་སྲོག་བསྩལ་པ་ལྟ་བུའི་བསྟན་པའི་སྲོག་སྙིང་གསོ་བའི་བྱ་བ་གལ་ཆེན་ཞིག་ཡིན་ལ། འདིར་ཡང་ཁམས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་པདྨ་ཀུན་བཟང་ལགས་ཀྱིས་མཁས་པའི་དབང་ཕྱུག་ཞེ་ཆེན་རྒྱལ་ཚབ་སྐུ་ཕྲེང་བཞི་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་གསུང་རབ་འདི་དག་དེབ་ཏུ་བསྐྲུན་པ་འདི་བསྔགས་འོས་ཀྱི་མཛད་པ་བླ་ན་མེད་པ་ཞིག་ཏུ་ཤེས་ཏེ། དེ་ཡང་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་ནི་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་སྤྱི་དང་ཁྱད་པར་གསང་སྔགས་སྔ་འགྱུར་གྱི་མདོ་རྒྱུད་རྒྱ་མཚོའི་གནས་ལ་ཐུགས་སྤྱན་ནམ་མཁའ་ལྟར་ཡངས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཞིག་ཡིན་པར་མ་ཟད་འཇམ་མགོན་མི་ཕམ་རིན་པོ་ཆེས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་བའི་གསང་སྔགས་སྔ་འགྱུར་གྱི་བསྟན་པ་ལ་མཛད་རྗེས་བླ་ན་མེད་པའི་མཁས་པའི་དབང་ཕྱུག་ཆེན་པོ་ཞིག་སྟེ། རྗེ་འདི་ཉིད་ཀྱིས་འཇམ་མགོན་བླ་མའི་གསུང་གི་མཛད་པ་ལ་ཆེད་དུ་དམིགས་ཏེ་མཆན་འགྲེལ་དང་ཁ་སྐོང་། གཞན་ཡང་དེ་དག་གི་ཟབ་དོན་རྗེན་པར་ཕྱུང་བའི་ཡིག་ཆ་ངེས་དོན་བདེ་གཤེགས་སྙིང་པོའི་དོན་གཏན་ལ་ཕབ་པའི་ལེགས་བཤད་སོགས་བསྟན་བཅོས་མང་དུ་བཞག་ཡོད་པ་ཡིན་ལ། བཤད་སྲོལ་ལ་ཡང་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་དང་རྗེ་འདི་ཉིད་ཀྱི་བདེན་གཉིས་གློག་གི་སྒྲོན་མ་འདི་གཉིས་ཀྱི་དོན་ཤེས་ན་གསང་སྔགས་སྔ་འགྱུར་གྱི་མདོ་སྔགས་ཀྱི་ལྟ་གྲུབ་ཡོངས་རྫོགས་ཀྱི་གནད་ཟིན་པ་ཡིན་ཞེས་ཟེར་བ་ལྟ་བུ་ཡིན་ནོ། །དེས་ན་འཇམ་མགོན་བླ་མ་ཡབ་སྲས་གཉིས་ཀྱི་གསུང་དག་ནི་གསང་སྔགས་སྔ་འགྱུར་པའི་བསྟན་པའི་ཟབ་གནད་ཀྱི་ཉི་མ་རང་རྒྱུད་ལ་འདྲེན་པའི་སྐྱ་རེངས་དཀར་པོའི་འོད་སྣང་ལྟ་བུ་ཞིག་ཡིན་པས་འཇམ་པའི་དབྱངས་དངོས་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ཡིག་ཆ་དག་ལ་སྦྱང་བརྩོན་བྱེད་པའི་བློ་གསར་དག་གིས་ཀྱང་རྗེ་ཉིད་ཀྱི་མདོ་སྔགས་ཀྱི་གསུང་རབ་དག་ལ་ལྟ་ཀློག་ཡང་ཡང་བྱེད་པ་ཤིན་ཏུ་གལ་ཆེ་བའི་གནས་སུ་སེམས་སོ། །

གསེར་ལྗོངས་བླ་མ་རུང་དུ་འཆི་མེད་རིག་འཛིན་གྱིས་བྲིས།

ཐོག་མའི་སྙན་སྒྲོན།

དེ་ཡང་ཀུན་མཁྱེན་མི་ཕམ་རིན་པོ་ཆེས་བསྟན་བཅོས་བརྩམ་པ་བཀས་སྐུལ་ཞིང་། གསུང་རྩོམ་རིགས་བསྟན་པའི་གཙིགས་སུ་ཆེ་བས་འཐོར་ཟགས་སུ་མ་སོང་བར་ཕྱོགས་གཅིག་ཏུ་བསྡུ་དགོས་པར་ཡང་བཀའ་གནང་ལས་གྲུབ་པའི་བཀའ་འབུམ་འདི་ཉིད་འགྲེམས་སྤེལ་ཞུས་པའི་ཐོག་མའི་སྙན་སྒྲོན་ནི།
ལྷ་མོ་དྲི་མ་མེད་པའི་མདོ་ལས་ལུང་བསྟན་པ་ལྟར་ཆོས་རྒྱལ་ཡབ་མེས་རིམ་བྱོན་དང་འགྱུར་སྔ་ཕྱིའི་ལོ་པཎ་མཁས་གྲུབ་གོང་མ་རྣམས་ཀྱི་ཐུགས་རྗེ་དང་ཕྲིན་ལས་ཚད་མེད་པ་ལས་བྱུང་བའི་དེང་སང་བོད་བརྒྱུད་ནང་བསྟན་རིག་གཞུང་ཞེས་མི་རིགས་གཞན་དང་གཞན་གྱི་མི་སྣ་གཟུར་གནས་ཤེས་ཡོན་ཅན་རྣམས་འགྲམ་ཆུ་ལྡངས་ཏེ་ངོ་མཚར་བའི་གནས། སྔོན་བྱོན་དམ་པ་ཚོའི་མཁྱེན་ནུས་རྩལ་དགུ་ཡོད་ཚད་བོད་བརྒྱུད་ནང་བསྟན་ཆོས་དང་རིག་གཞུང་ནོར་བུ་མཐོན་ཀ་ལྟ་བུ་འདི་ཁོ་ནའི་ཆེད་དུ་འབད་འབད་དུང་དུང་གི་མཛད་འཕྲིན་ལ་གཞིགས་ན་བསམ་ཡུལ་ལས་འདས།
འོན་ཀྱང་འདོད་བྲལ་སྡུག་འཕྲད་ཀྱི་འཕོ་འགྱུར་ནི་སུ་ལའང་བྱུང་དང་འབྱུང་བཞིན་པ་ལྡོག་མེད་ཅིག་ཡིན་སྟབས། གཅིག་དགུ་ལྔ་དགུའི་ཛ་དྲག་ལས་འགུལ་གྱི་འཛིན་ཁྲིས་བདེ་ལྡན་ཁ་བའི་ལྗོངས་ཀྱི་ཆོས་དང་རིག་གཞུང་{སྔ་འགྱུར་པའི་གདན་ས་ཆེན་མོ་འདི་གའི་རིག་གཞུང་ལ་བསམས་ན་ཀུན་གཟིགས་རབ་འབྱམས་གཉིས་པའི་གསུང་འབུམ་པོད་དགུ་ལོངས་པ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་སྐུ་སྐྱེ་གོང་མ་གྲུབ་ཐོབ་ཆེན་པོ་ཤེས་རབ་ཡར་འཕེལ་གྱི་གསུང་འབུམ་པོད་ལྔ་ཙམ་དང་། རྒྱལ་དབང་བཅུ་བཞི་པས་མ་ཧཱ་པཎྜི་ཏ་ཞེས་མཚན་གྱི་ཅོད་པན་དཔྱངས་པ་མ་ཧཱ་པཎྜི་ཏ་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་འབུམ་པོད་དྲུག་ལྷག་དང་། རྒྱལ་ཚབ་རིན་པོ་ཆེའི་གསུང་འབུམ་སྤར་ཤིང་སོགས་ནི་ད་ལྟ་མིང་ཙམ་ལས་མེད། གསུང་འབུམ་འདིའི་མ་ཕྱི་ཙམ་ཞིག་ཆོས་བརྒྱུད་འདི་ལ་ལྷག་བསམ་སྟོན་ཟླ་ལྟར་དཀར་བའི་སངས་རྒྱས་བསྟན་འཛིན་ལགས་ཀྱིས་རང་ཉིད་ཀྱི་ལུས་སྲོག་དཀའ་ངལ་གང་ལའང་ལྟོས་མེད་དུ་ཧུར་འབུངས་ཞེ་བསྐྱེད་ཀྱི་དཀའ་དྲིན་ལས་རྣམ་པ་ཚོའི་སྤྱན་ལམ་དུ་འབུལ་ཆོག་ཆོག་བྱུང་འདུག}ཤིན་ཏུ་ཕངས་པ་མི་ཉུང་བ་ཞིག་གྱུར་མིད་གཏོང་བའི་ན་ཟུག་ཟློས་ན་སེམས་བློང་བློང་པོ་ལས་ཅི་ཡོད།
དེ་བས་བོད་བརྒྱུད་ནང་བསྟན་རིག་གཞུང་མྱུར་སྐྱོབ་དང་རྒྱུན་འཛིན་སླར་གསོའི་བྱ་གཞག་འུར་བཤད་ཙམ་དུ་མ་ལུས་པ། མིག་རྒྱང་རིང་པོས་དཔེ་སྐྲུན་འགྲེམས་སྤེལ་སོགས་ཞུས་ཏེ་རྒྱ་ཆེ་བའི་སློབ་གཉེར་བ། ཉམས་ལེན་པ། ཞིབ་འཇུག་པ་དག་གི་སྤྱན་ལམ་དུ་འབུལ་ཐུབ་ན་དོན་དམ་པ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ནམ་བསྟན་འགྲོའི་དོན་ཕན་འབྲས་མངོན་དུ་འགྱུར་བ་སོགས་ཀྱི་དགེ་མཚན་ལ་སུ་མི་རངས།
ད་ལམ་འདིར་རྙེད་གྲགས་ཀྱི་འདུ་ཤེས་རིང་དུ་དོར་ནས་ལྷག་པའི་བསམ་པ་ཁོ་ནས་མཁན་རིན་པོ་ཆེ་པདྨ་ཀུན་བཟང་མཆོག་གིས༧འཇམ་མགོན་མཁྱེན་ཀོང་ཟུང་དང་ཀུན་མཁྱེན་མི་ཕམ་རིན་པོ་ཆེ་རྣམ་གསུམ་གྱི་སྲས་ཀྱི་ཐུ་བོ་མཁས་གྲུབ་གཉིས་ལྡན༧རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་མཆོག་གི་གསུང་འབུམ༼ཆོས་ཚན་ཅི་ཡོད་ཨ་དུམ་ནང་བཞུགས་དཀར་ཆག་ནོར་བུའི་ཕྲེང་བར་གཟིགས། ༽འདི་ཉིད། བོད་བརྒྱུད་ནང་བསྟན་རིག་གཞུང་སྤྱི་དང་། ཁྱད་པར་དུ་སྔ་འགྱུར་པའི་ལྟ་གྲུབ་བམ་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་ཡིག་ཆ་འཛིན་པ་དག་ལ་མེད་དུ་མི་རུང་བ་ཞིག་ཏུ་དགོངས་ཏེ་རྒྱ་ཆེའི་དོན་གཉེར་ཅན་རྣམ་པའི་སྤྱན་ལམ་དུ་འགྲེམས་སྤེལ་གནང་བ་སྟེ། ཞུ་དག་ལག་བསྟར་བྱས་ཚུལ་ནི། དེ་ཡང་ཡིག་ནོར་ངེས་ཅན་རྣམས་ཐད་ཀར་བསྒྱུར་པ་དང་། ལ་ལ་{}གུག་རྟགས་ནང་ལ་དཔེར་ན་་་་་འཆུགས་{འཁྱུགས}འདི་ལྟ་བུ་བསྒྱུར་པའི་དེ་མ་ཐག་གུག་རྟགས་ནང་དུ་བསྒྱུར་ཡིག་དེ་ཁོལ་ཕྱུང་དང་། ཚིག་གཅིག་ཐེངས་མང་ནོར་རིགས་གུག་རྟགས་ནང་དུ་་་སྒེག་{སྒེགས་འདིའི་རིགས་འདི་ལྟར་ཞུས། }འདི་ལྟ་བུ་དང་། གསར་བཏགས་རིགས་[]གུག་རྟགས་ནང་དུ་[གྱིས་ཞུ་མཆན། ]འདི་ལྟ་བུ་དང་། ལྷག་རིགས་{}གུག་རྟགས་ནང་དུ་{ལ་ལྷག}འདི་ལྟ་བུ་དང་། མ་ཕྱི་ནང་མི་གསལ་བའི་རིགས་གུག་རྟགས་ནང་དུ་[ཡང་མ་དཔེ་མི་གསལ། ]འདི་ལྟ་བུ་དང་། ཞེས་མཆན་བླུགས་ཡོད། གཞན་ཡང་མ་ཕྱི་ནང་མི་གསལ་བ་དང་དོགས་ཅན་ཁ་ཤས་སྣང་ཡང་རང་སར་བཞག་པ་ལས་ཕྲི་བསྣན་རྔོ་མི་ཐོགས། དེ་མིན་དཔེར་ན་དགའ་བའི་ཞེ་ས་ལ་དགྱེས་པ་དང་དགེས་པ། ཆུ་བོ་ཆུང་ངུ་ལ་ཆུ་ཕྲན་དང་ཆུ་བྲན་ལྟ་བུ་དང་། བྱ་ཚིག་དང་བྱེད་ཚིག་གང་ལྟར་རུང་རིགས་མ་ཕྱི་ལྟར་རང་སར་བཞག་དགོས་པ་ལ་ཕན་ཚུན་བསྒྱུར་པ་དང་ཆད་ལྷག་གི་ནོངས་པ་སོགས་ནི་བཤགས་ཡུལ་རྣམས་ཀྱི་མདུན་དུ་མཐོལ་བཤགས་བཟོད་གསོལ་ཞུ།
འདི་ལ་ཐེངས་དང་པོ་མཁན་ཀུན་བཟང་བསོད་ནམས་དང་ཕྲན་གཉིས་ཀྱིས་མ་ཕྱི་དང་ལན་གཉིས་བསྡུར་པ་དང་། འཕྲུལ་པར་རྐྱང་ཐོག་ལན་གཅིགཐེངས་གཉིས་པར་དཔལ་ཡུལ་བཤད་གྲྭའི་དགེ་སློབ་རྣམས་ཀྱིས་མ་ཕྱི་དང་འཕྲུལ་པར་གཉིས་སྦྲགས་ཚར་གཅིག་དང་འཕྲུལ་པར་རྐྱང་ཐོག་ལན་གཅིགཐེངས་གསུམ་པ་ཞེ་ཆེན་བཤད་གྲྭའི་དགེ་སློབ་རྣམས་ཀྱིས་མ་དཔེ་དང་ཚར་གཅིག་གཏུགས་པ་དང་འཕྲུལ་པར་རྐྱང་ཐོག་ལན་གཅིགཐེངས་བཞི་པར་ཕྲན་པས་འཕྲུལ་པར་རྐྱང་ཐོག་ཚར་གསུམ་དང་ཞུས་མཐར་མ་ཕྱི་དང་འཕྲུལ་པར་གཉིས་སྦྲགས་ཚར་གཅིག་ཡང་འཕྲུལ་པར་རྐྱང་ཐོག་ཐེངས་གཉིས་བཅས་བསྡོམས་༡༤ལྷག་བསྐྱར་ཞིབ་ཞུས་པ་ཡིན། སྔར་ཤིང་པར་དུ་མ་འཁོད་པའི་ཕྲན་ཚེགས་དང་མ་དཔེ་ནང་མི་གསལ་བ་དང་ལྡེབ་ཆད་རིགས་མཁོ་འདོན་རྒྱབ་སྐྱོར་གནང་མཁན་དག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཕྲན་ནས་ལོ་གཅིག་ལྷག་རིང་ལ་རང་གི་སློབ་སྦྱོང་དང་དཀའ་ཚེགས་ལ་མ་ལྟོས་པ། ཡིད་བཞིན་གྱི་ནོར་བུ་འདི་ལྟ་བུ་ལ་ཞབས་ཕྱི་ཞུ་བའི་གོ་སྐབས་འཕྲད་པ་འདི་སྐལ་བ་རེ་བཟང་སྙམ་པའི་དགའ་སྤྲོ་དང་འགན་འཁྲི་ཞིག་ཏུ་བརྩིས་ཏེ། གཟབ་ཁུལ་གྱིས་སྙམ་འཇོག་དང་ཕོ་ཚོད་ཧམ་ཤེད་དུ་མ་སོང་བ་ཞིག་ཏུ་བསམས་ནས། ཚིག་གསར་གཉིས་སོགས་ལ་ཁུངས་བཅོལ་ཏེ་བརྡ་སྤྲོད་མཁས་དབང་དང་། ཞུ་དག་ཉམས་མྱོང་པ། ཆོས་གྲོགས་རྣམས་ལ་བཀའ་འདྲི་ཞུས་ཏེ་རང་ནུས་ཅི་ཡོད་ཀྱིས་ཞབས་ཕྱི་སེམས་གཏིང་ནས་ཞུས་ཀྱང་། སྐྱེས་སྦྱོང་གི་ཤེས་ཡོན་དང་ཉམས་མྱོང་ཞན་པ་བཅས་ཀྱི་དབང་གིས་སྐྱོན་ཆ་དང་ནོར་འཁྲུལ་རིགས་ཅི་ཡང་ཡོད་ངེས་པས་རྒྱ་ཆེའི་གཟིགས་པ་པོ་རྣམས་ནས་བཀའ་བཀྱོན་དང་བཅས་ལེགས་བཅོས་ཡོ་བསྲང་གི་དགོངས་འཆར་ལྷུག་སྩོལ་ཡོད་པ་ཞུ་རྒྱུ་བཅས།
བསོད་ནམས་ཆོས་འཕེལ་གྱིས་ཁྲིན་ཏུའི་གྲོང་ཁྱེར་ནས། ༢༠༡༡ལོའི་ཟླ་བ་༥ཚེས་༣ལ།

དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་བསྐྱེད་པའི་གཏམ་རྒྱུད་སྣ་ཚོགས་མདོ་ལས་གསུངས་པའི་དོན་སྙིང་པོ་བསྡུས་པ་ཡང་དག་ཐར་ལམ་བགྲོད་པའི་ཐེམ་སྐས།

༄༅། །དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་བསྐྱེད་པའི་གཏམ་རྒྱུད་སྣ་ཚོགས་མདོ་ལས་གསུངས་པའི་དོན་སྙིང་པོ་བསྡུས་པ་ཡང་དག་ཐར་ལམ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭཱ་ཡ། དཔའ་བོ་གང་ཐུགས་སྙིང་རྗེས་ཡོངས་གང་བསྐལ་པ་བྱེ་བ་བསམ་ཡས་སུ། །རྟག་པར་གཞན་དོན་བརྩོན་པ་མཐར་ཕྱིན་གདུལ་དཀའ་རྩོད་དུས་སྙིགས་མའི་འགྲོ། །རྗེས་བཟུང་དམ་བཅའ་པད་དཀར་ལྟར་བསྔགས་མཚན་ཐོས་ཙམ་གྱིས་གྲོལ་སྟེར་བ། །ཤཱཀྱའི་གཙོ་བོའི་ཞབས་ཀྱི་པདྨོར་འདུད་དོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་འཇམ་པའི་དབྱངས་དང་བརྩེ་ཆེན་པད་དཀར་འཆང་། །ནུས་མཐུ་རྨད་བྱུང་རྡོ་རྗེ་ཅན་དང་རྒྱལ་ཚབ་དམ་པ་མ་ཕམ་པ། །ཀུན་ཏུ་བཟང་སོགས་རྒྱལ་སྲས་རྣམས་དང་དགྲ་བཅོམ་གནས་བརྟན་འཕགས་པའི་ཚོགས། །སྟོན་པའི་གཏད་རབས་རྒྱན་མཆོག་རྨད་བྱུང་པཎ་གྲུབ་ཕྱག་འོས་ཀུན་ལ་འདུད། །ཁྱད་པར་སྲིད་ཞིའི་ཕན་བདེའི་གསོས་གཅིག་ཐུབ་བསྟན་ནོར་བུའི་སྒྲོན་མེ་མཆོག ། གངས་ལྗོངས་བསོད་ནམས་ཞིང་དུ་འདྲེན་མཁས་བླང་དོར་སྣང་བའི་འོད་པོ་ཆེ། །ཐོག་མར་གསལ་མཛད་མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་བརྒྱུད་པར་བཅས། །འགྲོ་ལ་ཕན་པ་རྒྱ་ཆེན་མཛད་རྣམས་དད་བརྒྱའི་འདབ་སྟོང་གཡོ་བས་མཆོད། །རྒྱལ་བསྟན་གསལ་བའི་ཉི་མ་མཚུངས་མེད་བཀའ་བབ་བདུན་ལྡན་མཁྱེན་རྩེའི་དབང་། །རྒྱལ་བས་ལུང་བསྟན་མཛོད་ལྔའི་སྒོ་འབྱེད་བློ་གྲོས་ཕ་མཐའ་ཡས་པའི་སྡེ། །རྒྱལ་གསུང་དགོངས་པ་འགྲེལ་ལ་སྤོབས་པ་མི་ཟད་འཇམ་དཔལ་དགྱེས་པའི་ཞབས། །རྒྱལ་ཀུན་འདུས་པའི་ངོ་བོར་བསྙེན་ནོ་སྙིང་གི་པདྨོར་འབྲལ་མེད་མཛོད། །ཐུབ་པའི་ཞལ་ལུང་ཐོག་མཐའ་བར་དགེ་ཉེས་པའི་དྲི་མ་འཁྲུད་པའི་ཆབ། །ལུས་ཅན་ཕན་བདེའི་མྱུ་གུ་སྐྲུན་མཛད་ལྷར་བཅས་སྐྱེ་དགུའི་གཙུག་གི་རྒྱན། །ནམ་ཡང་མི་བསླུ་ལས་འབྲས་ཟབ་མོའི་ཚུལ་འདི་གསུང་གི་གཅེས་པའི་མཛོད། །དེ་སླད་ཐར་པ་དོན་གཉེར་སྐྱེ་བོའི་ཚོགས་རྣམས་དགའ་བས་མཉན་པར་བྱོས། །དེ་ཡང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་ངེས་པའི་དོན་དུ་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་མངོན་པར་བྱང་ཆུབ་ཟིན་ནའང་། མཐའ་ཡས་པའི་གདུལ་བྱ་རྒྱ་མཚོ་འདུལ་བའི་སླད་དུ་སླར་ཡང་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་ཚུལ་བསྟན་ནས། བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱིས་བསྡུས་པའི་ཚོགས་ཚད་མེད་པ་བསགས་ཤིང་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ཏེ། སྙིགས་མ་རྩོད་ལྡན་གྱི་གདུལ་བྱ་ཤིན་ཏུ་འདུལ་དཀའ་བ་རྣམས་ཀྱི་མགོན་དུ། མ་ག་དྷཱ་བྱང་ཆུབ་ཤིང་གི་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་ནས། རིགས་ཅན་གསུམ་གྱི་གདུལ་བྱ་རྗེས་སུ་འཛིན་པའི་ཕྱིར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་སོགས་སུ་བསྐོར་བར་མཛད་པ་ཡིན་ཏེ། དེ་དག་གི་ཚུལ་རྣམ་པར་བཞག་པ་རྒྱས་པ་ནི་ཐེག་པ་ཆེ་ཆུང་གི་མདོ་སྡེ་རྣམས་དང་དགོངས་འགྲེལ་འཕགས་བོད་མཁས་པ་རྣམས་ཀྱིས་མཛད་པའི་སྐྱེས་རབས་དང་མཛད་བརྒྱ་སོགས་སྤྱི་དང་། ཁྱད་པར་བདག་གི་བླ་མས་མཛད་པའི་ཐུབ་ཆོག་རྒྱབ་ཆོས་པདྨ་དཀར་པོ་སོགས་ལས་ཤེས་པར་བྱས་ནས་དང་འདོད་ཡིད་ཆེས་ཀྱི་དད་པ་བསྐྱེད་པ་ནི་ཆོས་སྣང་བའི་སྒོ་ཡིན་པས་མེད་ཀ་མེད་ཡིན་ལ།

བཅོམ་ལྡན་འདས་ནི་སྔོན་བསྐལ་པ་གྲངས་མེད་པ་འདས་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་ཁ་དོག་དམ་པ་ཞེས་བྱ་བར་འཁྲུངས་ཚུལ།

༈ འདིར་དད་པ་བསྐྱེད་པའི་སྒོ་ཙམ་དུ་ཐོག་མར་མདོ་སྡེ་མཛངས་བླུན་ནས་གསུངས་པའི་དོན་གྱི་སྙིང་པོ་མདོར་བསྡུས་ཏེ་བརྗོད་ན། བཅོམ་ལྡན་འདས་ནི་སྔོན་བསྐལ་པ་གྲངས་མེད་པ་འདས་པའི་ཕ་རོལ་ན། སེམས་ཅན་གྱི་དོན་དུ་ཐོས་པ་ཚོལ་ཞིང་ཚོལ་བ་ན། ཆུང་ངུ་ནས་ཚིགས་སུ་བཅད་པ་གཅིག་ཙམ་གྱི་སླད་དུ་ཡང་བདག་གི་ལུས་དང་ཆུང་མ་དང་། བུ་དང་བུ་མོ་སོགས་ཀྱང་ཡོངས་སུ་གཏོང་བར་མཛད་པ་ཡིན་ཏེ། དེ་ཡང་སྔོན་འདས་པའི་དུས་ཡུན་རིང་པོ་ན། འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་ཁ་དོག་དམ་པ་ཞེས་བྱ་བར་འཁྲུངས་ཏེ། རྒྱལ་པོ་དེ་ལ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་། ལྗོངས་སྟོང་ཕྲག་དྲུག་ཅུ་ན་གྲོང་ཁྱེར་སྟོང་ཕྲག་བརྒྱད་ཅུ་བཙུན་མོ་སྟོང་ཕྲག་ཉི་ཤུ། བློན་པོ་ཆེན་པོ་སྟོང་ཕྲག་བཅུ་སྙེད་མངའ་ཞིང་། རྒྱལ་པོ་དེའི་གཟི་བརྗིད་དང་མཐུ་ཡིས། རྒྱལ་ཁམས་སུ་འབྱོར་པ་དང་བདེ་བ་དང་ལོ་ལེགས་པ་སོགས་ཕུན་སུམ་ཚོགས་པའི་དཔལ་གྱིས་སྐྱེ་བོ་ཐམས་ཅད་དགའ་བར་བྱེད་པ་ཞིག་ཏུ་གྱུར་ཏོ། །དེའི་ཚེ་རྒྱལ་པོ་དེས། བདག་གི་རིན་པོ་ཆེ་དང་། ལོངས་སྤྱོད་ཀྱིས་འགྲོ་བ་ཐམས་ཅད་ལ་ཕན་བཏགས་ཀྱི། དམ་པའི་ཆོས་ཀྱིས་ཕན་འདོགས་པར་མ་གྱུར་ཏེ། འདི་ནི་བདག་གི་སྐྱོན་དུ་འགྱུར་གྱིས། དམ་པའི་ཆོས་གང་ན་མཆིས་པ་དེ་བཙལ་ཏེ་ཐམས་ཅད་གྲོལ་བར་བྱའོ་སྙམ་དུ་དགོངས་ནས། འཛམ་བུ་གླིང་འདི་ན་སུ་ལ་དམ་པའི་ཆོས་ཡོད་པ་དེ་བདག་ལ་སྟོན་པར་གྱུར་ན། དེ་ཡིད་དང་མི་འགལ་བར་ཅི་དང་ཅི་འདོད་པ་སྦྱིན་ནོ་ཞེས་ཕྱོགས་ཐམས་ཅད་དུ་དྲིལ་བསྒྲགས་ཀྱང་སྟོན་ནུས་པ་མ་བྱུང་ནས་རྒྱལ་པོ་མྱ་ངན་གྱིས་གདུང་བར་གྱུར་པ་ལ། དེེའི་ཉམས་སད་པའི་སླད་དུ། རྒྱལ་པོ་ཆེན་པོ་ངལ་བསོ་པོས་རང་གི་ལུས་གནོད་སྦྱིན་མདོག་ཤིན་ཏུ་སྔོ་བ། གནག་པ་མིག་ཁྲག་ལྟར་དམར་བ་མཆེ་བ་གྱེན་དུ་བྱུང་བ། སྐྲ་གྱེན་དུ་བསྒྲེང་བ། ཁ་ནས་མེ་འབར་བ་ཞིག་ཏུ་སྤྲུལ་ནས་ཕོ་བྲང་གི་སྒོར་མཆིས་ཏེ། སུ་ཞིག་ཆོས་ཐོས་པར་འདོད་པ་ང་ལས་ཉོན་ཅིག་ཅེས་སྨྲས་པས། རྒྱལ་པོ་དེ་ཤིན་ཏུ་དགའ་ནས། དེ་ལ་ཕྱག་བྱས་ཏེ་སྟན་མཐོན་པོ་ལ་བཞག་ནས་རྒྱལ་བློན་འཁོར་དང་བཅས་པ་ཆོས་ཉན་པའི་སླད་དུ་འཁོད་པ་ན། གནོད་སྦྱིན་དེས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆོས་ཐོས་པར་བྱ་བ་ནི་ཤིན་ཏུ་དཀའ་བས། ཆོས་ཉན་པར་འདོད་ན་འདི་ཙམ་གྱིས་ཆོག་པ་མ་ཡིན་ནོ། །ཞེས་སྨྲས་པ་དང་། རྒྱལ་པོས་དེ་ལ་ཐལ་མོ་སྦྱར་ཏེ། ཁྱོད་ཅི་དང་ཅི་འདོད་པ་དེ་ཐམས་ཅད་མི་འགལ་བར་ཐམས་ཅད་སྦྱིན་ནོ་ཞེས་སྨྲས་སོ། །དེ་ནས་གནོད་སྦྱིན་དེས། རྒྱལ་པོ་ཁྱོད་ཀྱི་བཙུན་མོ་དང་སྲས་གང་ཕངས་པ་དེ། ཁོ་བོར་ཟར་བཅུག་ན་དམ་པའི་ཆོས་སྦྱིན་ནོ་ཞེས་སྨྲས་པ་དང་། རྒྱལ་པོ་དེས་བཙུན་མོའི་ནང་ན་གང་ཕངས་པ་དང་སྲས་ཀྱི་མཆོག་གནོད་སྦྱིན་ལ་ཕུལ་ཞིང་། གནོད་སྦྱིན་གྱིས་ཀྱང་འཁོར་མང་པོའི་ནང་དུ་ཀུན་གྱིས་མཐོང་བཞིན་དུ་ཟོས་སོ། །དེའི་ཚེ་བློན་འབངས་རྣམས་མྱ་ངན་དུ་གྱུར་ནས། ཆོ་ངེ་བཏབ་ཅིང་ས་ལ་འགྲེ་བཞིན་དུ། རྒྱལ་པོ་ཆེན་པོ་མི་རིགས་པའི་ལས་འདི་ལྟ་བུ་ཐོངས་ཤིག་ཅེས་གསོལ་བ་བཏབ་ཀྱང་། རྒྱལ་པོ་དམ་པའི་ཆོས་ཚོལ་བའི་ཕྱིར་ཤིན་ཏུ་བརྟན་པས་བཟློག་མ་ནུས་སོ། །དེའི་ཚེ་གནོད་སྦྱིན་གྱིས་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །འདུ་བྱེད་ཐམས་ཅད་མི་རྟག་སྟེ། །ཇི་ཙམ་སྐྱེ་བ་སྡུག་བསྔལ་བཅས། །ལྔ་ཕུང་མཚན་མ་མེད་པས་སྟོང་། །བདག་དང་བདག་གི་བ་ཡང་མེད། །ཅེས་སྨྲས་པས་རྒྱལ་པོ་དགའ་མགུ་རངས་ཏེ། བ་སྤུའི་ཉག་མ་ཙམ་གྱི་འགྱོད་པའི་སེམས་མ་སྐྱེས་སོ། །དེ་ནས་ངལ་བསོ་པོས་བདག་ཉིད་ཀྱི་ལུས་སུ་སླར་བསྒྱུར་ནས་ཤིན་ཏུ་ལེགས་སོ་ངོ་མཚར་རྨད་དོ་ཞེས་བསྟོད་ཅིང་བསྔགས་ཏེ། བཙུན་མོ་དང་སྲས་ཀྱང་སྔོན་བཞིན་དུ་ཅུང་ཟད་ཀྱང་མ་ནོངས་པར་སླར་ཕུལ་ལོ། །རྒྱལ་པོས་ཚིགས་བཅད་དེ་ཡི་གེར་བྲིས་ནས་འཛམ་བུ་གླིང་ཀུན་ཏུ་བསྒྲགས་ཏེ་ཐམས་ཅད་ལ་སློབ་ཏུ་བཅུག་གོ །

བཅོམ་ལྡན་འདས་ཉིད་བསྐལ་པ་གྲངས་མེད་པའི་ཕ་རོལ་ན། འཛམ་བུ་གླིང་འདིར་རྒྱལ་པོ་ཆེན་པོ་ཀ་ན་ཤི་ནི་པ་ཏི་ཞེས་བྱ་བ་འཁྲུངས་ཚུལ།

༈ ཡང་བཅོམ་ལྡན་འདས་ཉིད་བསྐལ་པ་གྲངས་མེད་པའི་ཕ་རོལ་ན། འཛམ་བུ་གླིང་འདིར་རྒྱལ་པོ་ཆེན་པོ་ཀ་ན་ཤི་ནི་པ་ཏི་ཞེས་བྱ་བ་སྔ་མ་དང་ཚུལ་མཐུན་པ་ཞིག་ཏུ་སྐྱེ་བ་བཞེས་ཏེ། དེའི་ཚེ་རྒྱལ་པོ་དེས་འདི་སྙམ་དུ་སེམས་ཏེ། བདག་ཀྱང་འགྲོ་བ་མང་པོ་ཀུན་གྱི་གཙོ་བོར་གྱུར་ལ། སྐྱེ་བོ་མང་པོ་འདི་དག་ཀྱང་བདག་ལ་མོས་ཤིང་དགའ་བས། བདག་གིས་དམ་པའི་ཆོས་ཀྱི་ནོར་བུ་རིན་པོ་ཆེས་ཐམས་ཅད་ལ་ཕན་གདགས་སོ་སྙམ་དུ་བསམ་ནས། བློན་པོ་མཆོག་ལ་བཀའ་བསྒོས་ཏེ། སུ་ལ་དམ་པའི་ཆོས་མཆིས་པ་བདག་ལ་སྟོན་པར་གྱུར་ན། ཅི་དང་ཅི་འདོད་པ་ཡིད་བཞིན་དུ་སྦྱིན་ནོ་ཞེས་བསྒོ་བ་དང་། དེའི་ཚེ་ན་བྲམ་ཟེ་ལེའུ་དུ་ཅི་ཞེས་བྱ་བ་འོངས་ནས་སྔ་མ་བཞིན། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ལུས་ལ་མར་མེ་སྟོང་བཙུགས་ནས་མཆོད་པ་བྱེད་ནུས་ན་ཆོས་བསྟན་པར་བྱའོ། །ཞེས་སྨྲས་པས། རྒྱལ་པོ་དེ་ལྷག་པར་དགའ་མགུ་རངས་ནས། དེའི་ཚེ་ཕོ་ཉ་བ་གཅིག་བན་གླང་རྒྱང་གྲགས་བརྒྱ་སྟོང་དུ་ཕྱིན་པ་གཅིག་བསྐྱོན་ཏེ། འཛམ་བུའི་གླིང་ཐམས་ཅད་དུ་ད་སྟེ་ཞག་བདུན་ན་རྒྱལ་པོས་ཆོས་ཀྱི་ཕྱིར་ལུས་ཀྱི་ཤ་ཕུག་སྟེ། མར་མེ་སྟོང་འཛུགས་སོ་ཞེས་རྒྱལ་ཕྲན་དང་མི་ཐམས་ཅད་ལ་བསྒོའོ། །དེ་དག་གིས་ཐོས་པ་དང་སོ་སོ་ནས་མྱ་ངན་གྱིས་གདུངས་ཏེ། ཐམས་ཅད་དེར་ལྷགས་ནས་ཕྱག་བྱས་ཏེ། བདག་ཅག་ཐམས་ཅད་ཁྱེད་ལ་བརྟེན་པ་ནི། ལོང་བ་དམིགས་བུ་དང་། བུ་ཆུང་མ་ལ་བརྟེན་པ་དང་འདྲ་ན། རྒྱལ་པོ་མི་བཞུགས་པའི་སླད་རོལ་དུ་གང་ལ་སྐྱབས་སུ་མཆི། སྐུ་ལ་མར་མེ་སྟོང་བཙུགས་ན་གདོན་མི་ཟ་བར་སྲོག་དང་བྲལ་བར་འགྱུར་ན། ཅིའི་སླད་དུ་བྲམ་ཟེ་གཅིག་ཙམ་གྱི་ཆེད་དུ་འཇིག་རྟེན་འདིའི་སེམས་ཅན་ཡོངས་སུ་གཏོང་བར་དགོངས་ཞེས་བཙུན་མོ་དང་སྲས་དང་། རྒྱལ་ཚབ་དང་སྲས་དང་བློན་པོ་སྟོང་ཕྲག་བཅུ་སོགས། ཐམས་ཅད་ཀྱིས་ཐལ་མོ་སྦྱར་ནས་གསོལ་བ་བཏབ་ཀྱང་། རྒྱལ་པོ་ཡི་དམ་ལ་བརྟན་པས་མ་བཟློགས་ཏེ། ནམ་ང་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཁྱོད་རྣམས་གདོན་མི་ཟ་བར་བསྒྲལ་ཏོ་ཞེས་སྨྲས་ཏེ། རྒྱལ་པོའི་ལུས་ཕུག་ནས་མར་མེའི་སྙིང་པོ་སྣུམ་གྱིས་བསྐུས་པ་དང་འཁོར་རྣམས་བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར་ཏོ། །དེ་ནས་རྒྱལ་པོས་བྲམ་ཟེ་ལ་སྟོན་པ་ཆེན་པོ་ཐུགས་བརྩེ་བར་དགོངས་ཏེ། སྔར་བདག་ལ་ཆོས་བསྟན་ནས། དེའི་འོག་ཏུ་མར་མེ་ཚུགས་ཤིང་། གལ་ཏེ་ཚེའི་དུས་བྱས་ན་ཆོས་ཐོས་པར་མི་འགྱུར་རོ་ཞེས་སྨྲས་པ་དང་། བྲམ་ཟེས། རྟག་པ་ཐམས་ཅད་ཟད་པར་འགྱུར། །མཐོ་བ་དེ་ཡང་མཐར་ལྷུང་ངོ་། །འདུས་པ་ཡོད་ན་འབྲལ་བ་འོང་། །སྐྱེ་བ་ཡོད་ན་འཆི་བར་འགྱུར། །ཞེས་ཚིགས་སུ་བཅད་པ་འདི་སྨྲས་མ་ཐག་ཏུ། རྒྱལ་པོ་དེ་མགུ་ཞིང་རངས་ཏེ། འགྱོད་པའི་སེམས་མེད་བཞིན་དུ། བདག་ཆོས་འཚོལ་བ་འདི་ཡང་སངས་རྒྱས་སུ་སྒྲུབ་པའི་ཕྱིར་ཏེ། ཕྱིས་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཡེ་ཤེས་ཀྱི་འོད་ཀྱིས་སེམས་ཅན་གཏི་མུག་གིས་མདོངས་པ་རྣམས་ཤིན་ཏུ་སྣང་བར་གྱུར་ཅིག་ཅེས་ཡི་དམ་བཅས་མ་ཐག་ཏུ་ས་ཡང་རབ་ཏུ་གཡོས་སོ། །ལྟས་དེས་བསྐུལ་བས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་འོངས་ནས། རྒྱལ་པོ་ལ་མཆོད་པ་བྱས་ཤིང་། དེའི་ཚེ་བརྒྱ་བྱིན་ལྷ་ཡི་དབང་པོའང་འོངས་ནས། རྣམ་པ་སྣ་ཚོགས་ཀྱིས་བསྟོད་ཅིང་བསྔགས་ཏེ། འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཤིན་ཏུ་སྡུག་བསྔལ་གྱིས་གདུང་བ་འདི་ལ་སེམས་འགྱོད་པར་མ་གྱུར་ཏམ། རྒྱལ་པོས་སྨྲས་པ། འགྱོད་པ་མེད་དོ། །བརྒྱ་བྱིན་གྱིས། རྒྱལ་པོ་ཆེན་པོ་འདི་ལྟར་ལུས་འདར་ཤིང་ཉམས་མི་བདེ་བཞིན་དུ་འགྱོད་པ་མེད་ཅེས་སྨྲས་པ་འདི་ཅིས་ཡིད་ཆེས་པར་འགྱུར། རྒྱལ་པོས་སྨྲས་པ། གལ་ཏེ་བདག་ཐོག་མ་ནས་ཐ་མའི་བར་དུ་འགྱོད་པའི་སེམས་མེད་པ་ཡིན་ན་ལུས་ཀྱི་རྨ་འདི་སྔ་མ་བཞིན་དུ་སོས་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་ལུས་སྔ་མ་ཁོ་ན་བཞིན་དུ་རྨ་མེད་པར་གྱུར་ཏོ། །

བཅོམ་ལྡན་འདས་ཉིད་སྔོན་འདས་པའི་དུས་ན་འཛམ་བུ་གླིང་འདིར་རྒྱལ་པོ་ཆེན་པོ་བྱིང་ལིང་གར་ལི་ཞེས་བྱ་བར་སྐུ་འཁྲུངས་ཚུལ།

༈ ཡང་བཅོམ་ལྡན་འདས་ཉིད་སྔོན་འདས་པའི་དུས་ན་འཛམ་བུ་གླིང་འདིར་རྒྱལ་པོ་ཆེན་པོ་བྱིང་ལིང་གར་ལི་ཞེས་བྱ་བར་སྐུ་འཁྲུངས་ཏེ། རྒྱལ་པོ་དེ་ནི་སྙིང་རྗེ་དང་ལྡན་པས་འབངས་ཐམས་ཅད་བུ་གཅིག་པ་དང་འདྲ་བར་དགོངས་སོ། །དེའི་ཚེ་རྒྱལ་པོ་དེ་དམ་པའི་ཆོས་ལ་མོས་ཤིང་དགའ་བས་བློན་པོ་གཅིག་ཆོས་འཚོལ་བར་བསྒོས་པས། དེའི་ཚེ་བྲམ་ཟེ་ལེའུ་དུ་ཆུ་ཞེས་བྱ་བ་འོངས་ནས། རྒྱལ་པོ་ཁྱེད་ཀྱི་ལུས་ལ་ལྕགས་གཟེར་སྟོང་གི ས་བཏབ་ན་ཆོས་སྦྱིན་ནོ། །ཞེས་སྨྲས་པས། རྒྱལ་པོས་དེ་ལྟར་བགྱིའོ། །ཞེས་སྨྲས་ནས། འཛམ་བུ་གླིང་ཀུན་ཏུ་གོ་བར་བྱས་སོ། །དེའི་ཚེ་ཐམས་ཅད་འདུས་ནས་སྐུ་ལ་ལྕགས་གཟེར་སྟོང་གིས་མི་གདབ་པར་གསོལ་བ་བཏབ་ཀྱང་མ་གནང་སྟེ། བདག་ནི་ཡུན་རིང་པོ་ནས་འཁོར་བ་ན་ལུས་གྲངས་མེད་པ་ཆུད་གསོན་ཏེ། བར་འགའ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས། ལུས་འདི་བསད་པའི་རུས་པ་དཀར་པོ་སྤུངས་པ་ནི་རི་རབ་བས་ཀྱང་མཐོ། མགོ་བཅད་པའི་ཁྲག་གཟགས་པ་ནི་ཆུ་ཀླུང་ལྔ་བས་ཀྱང་ཆེ། ངུས་པའི་མཆི་མ་ནི་རྒྱ་མཚོ་བཞི་བས་ཀྱང་ལྷག་སྟེ། དེ་ལྟར་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས། ལུས་སྲོག་ཆུད་གསོན་ཀྱང་། ལན་འགའ་ཡང་ཆོས་ཀྱི་ཕྱིར་མ་ཡིན་ཏེ། ད་བདག་གི་གཟེར་བུ་བཏབ་ལ་སངས་རྒྱས་བསྒྲུབ་བོ། །ཕྱིས་མངོན་པར་སངས་རྒྱས་པ་དང་ཤེས་རབ་ཀྱི་རལ་གྲིིས་ཁྱེད་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་ནད་གཅོད་པར་བྱེད་ན་ཅིའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་བར་ཆད་བྱེད་ཅེས་སྨྲས་ནས། བྲམ་ཟེ་ལ། སྔར་ཆོས་བསྟན་ནས་དེའི་འོག་ཏུ་ལྕགས་གཟེར་ཐོབ་ཅིག གལ་ཏེ་ཚེའི་དུས་བྱས་ན་ཆོས་ཐོས་པར་མི་འགྱུར་རོ། །ཞེས་སྨྲས་པ། བྲམ་ཟེས། འདུ་བྱེད་ཐམས་ཅད་མི་རྟག་སྟེ། །སྐྱེ་བ་ཐམས་ཅད་སྡུག་བསྔལ་བཅས། །ཆོས་ཀུན་སྟོང་པ་བདག་པོ་མེད། །བདག་གི་བ་ཡང་ཡོད་མ་ཡིན། །ཞེས་པའི་ཚིགས་སུ་བཅད་པ་འདི་སྨྲས་ནས་ལུས་ལ་ལྕགས་གཟེར་སྟོང་གིས་གདབ་བོ། །དེའི་ཚེ་འཁོར་རྣམས་མྱ་ངན་གྱིས་བརྒྱལ་ཞིང་ས་རྣམ་པ་དྲུག་ཏུ་གཡོས་པས་ལྷ་རྣམས་ཀྱིས་མཆོད་ཅིང་། བརྒྱ་བྱིན་ལྷའི་དབང་པོས། རྒྱལ་པོ་ཆེན་པོ་ཤིན་ཏུ་བརྩོན་འགྲུས་བརྩམས་ཏེ། སྡུག་བསྔལ་ལ་ཅི་མི་སྙམ་པ་འདི་ཆོས་ཀྱི་ཕྱིར་རམ། འོན་ཏེ་བརྒྱ་བྱིན་ནམ་འཁོར་ལོས་སྒྱུར་བའི་རྒྱལ་པོའམ་བདུད་དམ་ཚངས་པའམ་དབང་ཕྱུག་ཆེན་པོ་གང་ཞིག་འདོད་པ་ཡིན། རྒྱལ་པོས་སྨྲས་པ། བདག་གིས་བྱས་པ་འདི་ནི་ཁམས་གསུམ་གྱི་བདེ་བ་མྱོང་བར་འདོད་པ་མ་ཡིན་གྱི། བསོད་ནམས་ཅི་སྙེད་ཡོད་པ་འདིས་སངས་རྒྱས་འདོད་པའི་ཕྱིར་རོ། །བརྒྱ་བྱིན་གྱིས་འགྱོད་པར་མ་གྱུར་ཏམ། རྒྱལ་པོས་འགྱོད་པར་མ་གྱུར་པའི་བདེན་ཚིག་སྔར་ལྟར་བརྗོད་པས་ལུས་སྔ་མ་ཁོ་ན་བཞིན་དུ་གྱུར་ནས། ལྷ་དང་མི་རྣམས་དགའ་མགུ་ཡི་རངས་པར་གྱུར་ཏོ། །

འཛམ་བུ་གླིང་འདིར་རྒྱལ་པོ་ཟས་གཙང་མ་ཉིད་རྒྱལ་པོ་ཚངས་པ་ལྷ་ཞེས་བྱ་བར་གྱུར་ལ། བཅོམ་ལྡན་འདས་ཉིད་དེའི་སྲས་རྒྱལ་ཚབ་པདྨ་{ཚབད་མགམ}གམ་ཞེས་བྱ་བར་འཁྲུངས་ཚུལ།

༈ ཡང་སྔོན་འདས་པའི་དུས་བསྐལ་པ་ཚད་མེད་གྲངས་མེད་པའི་ཕ་རོལ་ན། འཛམ་བུ་གླིང་འདིར་རྒྱལ་པོ་ཟས་གཙང་མ་ཉིད་རྒྱལ་པོ་ཚངས་པ་ལྷ་ཞེས་བྱ་བར་གྱུར་ལ། བཅོམ་ལྡན་འདས་ཉིད་དེའི་སྲས་རྒྱལ་ཚབ་པདྨ་{ཚབད་མགམ}གམ་ཞེས་བྱ་བར་འཁྲུངས་ཏེ། རྒྱལ་བུ་དེ་དམ་པའི་ཆོས་ལ་མོས་ཤིང་དགའ་བས་ཕྱོགས་ཀུན་ཏུ་བཙལ་ཀྱང་མ་རྙེད་ནས་མྱ་ངན་གྱིས་གདུངས་ཏེ་ཡི་མུག་པར་གྱུར་པ་ལས། བརྒྱ་བྱིན་ལྷའི་དབང་པོས་དེའི་བསམ་པ་ཤེས་ཤིང་རྟོགས་ནས། བྲམ་ཟེ་ཞིག་ཏུ་སྤྲུལ་ནས། གལ་ཏེ་མེའི་དོང་ཟབས་སུ་ཁྲུ་བཅུ་པའི་ནང་མེ་མུར་གྱིས་བཀང་ལ་དེའི་ནང་དུ་མཆོངས་ཏེ་མཆོད་པ་བྱེད་ནུས་ན་དམ་པའི་ཆོས་བསྟན་ཏོ་ཞེས་སྨྲས་པ་དང་། རྒྱལ་བུས་སློབ་དཔོན་གྱི་ལུང་བཞིན་དུ་མེ་དོང་ཆེན་པོ་བྱས་སོ། །དེའི་ཚེ་རྒྱལ་པོ་དང་བཙུན་མོ་དང་བློན་པོ་དང་ཕོ་བྲང་གི་སླས་སོགས་ཀྱིས་རྒྱལ་བུ་དང་བྲམ་ཟེ་ལ་དེ་ལྟར་མི་མཛད་པར་ཡང་ཡང་གསོལ་བ་བཏབ་ཀྱང་མ་གནང་ནས། རྒྱལ་པོས་ཕོ་ཉ་བཏང་སྟེ་འཛམ་བུ་གླིང་ཀུན་ཏུ་གོ་བར་བྱས་ཏེ། ཐམས་ཅད་འདུས་ནས་རྒྱལ་བུ་ལ་དེ་ལྟར་མི་མཛད་པར་གསོལ་བ་བཏབ་ཀྱང་། མ་བཟློག་སྟེ། རྒྱལ་བུས། ང་ནི་ཡུན་རིང་པོ་ནས་འཁོར་བར་འཁོར་བ་ན། ལུས་གྲངས་མེད་པ་ཞིག་འཕོས་པར་གྱུར་ཏེ། མིའི་ནང་དུ་སྐྱེས་པ་ན། འདོད་པས་ཆོག་མི་ཤེས་པས་གཅིག་ལ་གཅིག་འཚེ་ཞིང་གནོད་པར་གྱུར་ཏོ། །མཐོ་རིས་ཀྱི་ལྷར་སྐྱེས་ནའང་ལྷའི་ཚེ་ཟད་པ་ན་འདོད་པ་དང་བྲལ་བའི་སྡུག་བསྔལ་མྱོང་ངོ་། །སེམས་ཅན་དམྱལ་བར་སྐྱེས་པ་ནའང་མེར་ཚིག་པ་དང་། ཟངས་སུ་བསྐོལ་བ་དང་། རལ་གྲི་དང་མཚོན་ཆས་དམྱལ་ཞིང་གཏུབས་པ་དང་། གདུག་པའི་ཆུ་ལ་འབོག་པ་དང་། རལ་གྲིའི་སོ་ལ་འཛེགས་ཤིང་ཉིན་གཅིག་ལའང་ཚེ་འཕོས་པ་གྲངས་མེད་པ་ཞིག་མྱོང་སྟེ། ན་བ་དང་འཆི་བའི་སྡུག་བསྔལ་རུས་པ་ལ་ཐུག་པ་བརྗོད་ཀྱིས་མི་ལང་བ་ཞིག་མྱོང་ངོ་། །ཡི་དྭགས་སུ་སྐྱེས་པའང་། ལུས་ཀྱིས་མི་བཟོད་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་ངོ་། །དུད་འགྲོའི་སྐྱེ་གནས་སུ་ནི་ལུས་ཉིད་ཆུད་གཟན་དུ་གྱུར་ཏེ་ཁལ་ལྕི་བ་བཀལ་ན་རྩྭ་ལས་མི་ཟ་བའི་སྡུག་བསྔལ་བཟོད་པར་དཀའ་བ་མྱོང་བས་ལུས་དང་སྲོག་ཆུད་གསོན་ཀྱང་། དམ་པའི་ཆོས་ཀྱི་ཕྱིར་དགེ་བའི་སེམས་ཅུང་ཟད་ཙམ་ཡང་བསྐྱེད་མ་མྱོང་བས། ད་ནི་ལུས་བཙོག་པ་དམན་པ་འདི་ཆོས་ཀྱི་ཕྱིར་མཆོད་པ་བྱེད་ཀྱི། བདག་གི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་དུ་གཅོད་པའི་ལས་མ་བྱེད་ཅིག བདག་ནི་སངས་རྒྱས་སུ་བསྒྲུབ་པའི་ཕྱིར་ལུས་འདི་ཡོངས་སུ་གཏོང་སྟེ། ནམ་མངོན་པར་སངས་རྒྱས་ནས། ཁྱེད་རྣམས་ལ་ཆོས་ཀྱི་སྐུ་སྦྱིན་པར་བྱའོ། །ཞེས་སྨྲས་ཏེ། རྒྱལ་བུ་དེ་མེ་དོང་གི་ཁར་འགྲེང་ནས་བྲམ་ཟེ་ལ་སྔོན་དུ་ཆོས་སྟོན་པར་གསོལ་བས། བྲམ་ཟེ་དེས། བྱམས་པའི་སེམས་ནི་གོམས་པར་བྱོས། །ཞེ་སྡང་ཁྲོ་བའི་འདུ་ཤེས་སྤོངས། །སྙིང་རྗེ་ཆེན་པོས་སེམས་ཅན་སྐྱོབས། །ཀུན་ལ་སྙིང་བརྩེའི་མཆི་མ་གཟགས། །དགའ་བ་ཆེན་པོ་གོམས་པར་བྱ། །གཞན་ལའང་བདག་དང་མཐུན་པའི་ཆོས། །བྱང་ཆུབ་སེམས་ཀྱིས་བསྐྱབ་པ་ནི། །བྱང་ཆུབ་སེམས་དཔའི་སྤྱོད་པར་ལྡན། །ཞེས་ཚིགས་སུ་བཅད་པ་འདི་སྨྲས་མ་ཐག་ཏུ་མེ་དོང་དུ་མཆོངས་པ་ལས། བརྒྱ་བྱིན་དང་ཚངས་པའི་རྒྱལ་པོས་ལག་པ་ཡ་རེ་ནས་ཟིན་ཏེ། འདི་སྐད་ཅེས་སྨྲས་སོ། །འཛམ་བུ་གླིང་གི་འགྲོ་བ་ཐམས་ཅད་ནི་རྒྱལ་པོ་ཁྱོད་ཀྱི་བཀའ་དྲིན་གྱིས་མི་བདེ་བའི་བག་མེད་ན། ད་མེ་དོང་དུ་མཆོངས་ན་འབངས་ཐམས་ཅད་ཀྱི་ཕ་མ་ཚེ་འཕོས་པ་དང་འདྲ་བས། ཅིའི་ཕྱིར་འགྲོ་བ་ཐམས་ཅད་ཡོངས་སུ་བཏང་སྟེ། མེ་དོང་དུ་མཆོངས་ཞེས་སྨྲས་པས། རྒྱལ་བུ་དེས་ལྷའི་རྒྱལ་པོ་དང་། འཁོར་མང་པོ་ལ་བལྟས་ཏེ་ཁྱོད་ཀྱིས་བདག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་དུ་གཅོད་པའི་ལས་མ་བྱེད་ཅིག་ཅེས་སྨྲས་པ་དང་། ཐམས་ཅད་ཅང་མི་སྨྲ་བ་དང་མེ་དོང་དུ་མཆོངས་སོ། །དེའི་ཚེ་གནམ་ས་རབ་ཏུ་གཡོས་སོ། །བར་སྣང་གི་ལྷ་རྣམས་ཀྱང་ངུས་ནས་མཆི་མ་ཆར་བཞིན་དུ་བབ་བོ། །མེ་དོང་དེ་ཡང་མེ་ཏོག་གི་རྫིང་བུར་གྱུར་ཏོ། །རྒྱལ་བུ་དེ་ཡང་པདྨའི་སྟེང་དུ་འདུག་པར་གྱུར་ནས། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་པུས་མོ་ནུབ་པ་ཙམ་དུ་ཕབ་པར་གྱུར་ཏོ། །

བདག་ཅག་གི་སྟོན་པ་ནི་དྲང་སྲོང་དེ་དག་གི་སྟོན་པ་ཨུད་པ་ལ་ཞེས་བྱ་བར་འཁྲུངས་ཚུལ།

༈ ཡང་བསྐལ་པ་གྲངས་མེད་ཚད་མེད་པ་འདས་པའི་ཕ་རོལ་ན། ཡུལ་ཝཱ་རཱ་ཎ་སཱི་ན། དྲང་སྲོང་ལྔ་བརྒྱ་ཞིག་གནས་ཏེ་བདག་ཅག་གི་སྟོན་པ་ནི་དྲང་སྲོང་དེ་དག་གི་སྟོན་པ་ཨུད་པ་ལ་ཞེས་བྱ་བར་འཁྲུངས་ཏེ། དེ་དམ་པའི་ཆོས་སློབ་ཅིང་བསྒོམས་པ་ལ་དགའ་བས་ཀུན་ཏུ་རྒྱུ་ཞིང་། སུ་ལ་དམ་པའི་ཆོས་ཡོད་པ་དེ་བདག་ལ་སྨྲ་ན། ཅི་དང་ཅི་འདོད་པ་སྦྱིན་ཅིང་དེའི་གཡོག་བྱའོ་ཞེས་བསྒྲགས་པ་དང་། བྲམ་ཟེ་ཞིག་དེར་འོངས་ནས། གལ་ཏེ་ཁྱོད་ཀྱིས་པགས་པ་བཤུས་ཏེ་ཤོག་ཤོག་ཏུ་བྱས་ལ། རུས་པ་ནི་སྨྱུ་གུར་བྱས། ཁྲག་ནི་སྣག་ཚལ་བྱས་ཏེ། ངས་བསྟན་པའི་ཆོས་ཡི་གེར་འབྲི་ནུས་ན་ཁྱོད་ལ་ཆོས་བསྟན་ཏོ། །ཞེས་སྨྲས་པས། དྲང་སྲོང་དེ་རབ་ཏུ་དགའ་མགུ་རངས་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ལ་བསྐུར་སྟིར་བྱ་བའི་ཕྱིར་པགས་པ་བཤུས་ནས་ཤོག་ཤོག་ཏུ་བྱས། རུས་པ་སྨྱུ་གུར་བྱས། ཁྲག་ལ་སྣག་ཚལ་བྱས་ནས། དུས་ལ་བབ་ཀྱི་མྱུར་དུ་གསུངས་ཤིག་ཅེས་སྨྲས་པ་དང་། བྲམ་ཟེས། ལུས་ཀྱི་སྤྱོད་པ་རབ་བསྡམས་ཤིང་། །སྲོག་གཅོད་རྐུ་དང་གཡེམ་མི་བྱ། །ཕྲ་མ་བརྫུན་དང་ཚིག་རྩུབ་དང་། །འཁྱལ་བ་སྨྲ་བར་མི་བྱའོ། །འདོད་པ་རྣམས་ལ་མི་ཆགས་ཤིང་། །ཞེ་སྡང་སེམས་ཀྱང་མེད་པར་བྱོས། །ངན་པར་བལྟ་བ་ཀུན་སྤངས་ན། །བྱང་ཆུབ་སེམས་དཔའི་སྤྱོད་པའོ། །ཞེས་ཚིགས་སུ་བཅད་པ་འདི་དག་སྨྲས་མ་ཐག་ཏུ། ཡི་གེར་བྲིས་ནས་འཛམ་བུ་གླིང་ཀུན་ཏུ་བསྒྲགས་ཏེ། མི་མང་པོ་ཐམས་ཅད་ཀྱིས་དེ་ལ་སློབ་ཅིང་བསྟན་པ་བཞིན་དུ་ནན་ཏན་བྱེད་དུ་བཅུག་གོ །

བཅོམ་ལྡན་འདས་ཉིད་འདམ་གླིང་འདིར་རྒྱལ་པོ་ཤི་བི་ཞེས་བྱ་བར་སྐུ་འཁྲུངས་ཚུལ།

༈ ཡང་སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཕ་རོལ་ན། བཅོམ་ལྡན་འདས་ཉིད་འཛམ་བུ་གླིང་འདིར་རྒྱལ་པོ་ཤི་བི་ཞེས་བྱ་བར་སྐུ་འཁྲུངས་ཏེ། རྒྱལ་པོ་དེ་ནི་འཛམ་བུ་གླིང་འདི་ལ་དབང་མཛད་དེ་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེས་མ་ཁྱབ་པ་མེད་དོ། །དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་ལ་འཆི་ལྟས་བྱུང་བས་ཤིན་ཏུ་མི་དགའ་སྟེ་མྱ་ངན་བྱེད་པ། བི་ཤྭ་ཀརྨས་མཐོང་ནས་རྒྱུ་མཚན་དྲིས་པས། བརྒྱ་བྱིན་གྱིས། ང་ནི་ཚེའི་དུས་བྱེད་དུ་ཉེ་བས་ཚེ་འཕོས་པའི་ལྟས་མངོན་དུ་བྱུང་ན། འཇིག་རྟེན་འདིར་སངས་རྒྱས་ཀྱི་ཆོས་ནི་ནུབ་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཡང་མི་བཞུགས་ན། ཁོ་བོ་གང་ལ་སྐྱབས་སུ་འགྲོ་བ་མི་ཤེས་པས་མྱ་ངན་བྱེད་དོ། །བི་ཤྭ་ཀརྨས་སྨྲས་པ། འཛམ་བུ་གླིང་ན་རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཤི་བི་ཞེས་བྱ་བ་ཞིག་བཞུགས་ཏེ། ཤིན་ཏུ་ཡི་དམ་བརྟན་ཞིང་བརྩོན་འགྲུས་བརྩམས་པས་གདོན་མི་ཟ་བར་མངོན་པར་འཚང་རྒྱ་སྟེ། དེ་ལ་སྐྱབས་སུ་སོང་ནས་འཇིགས་པ་ལས་རྣམ་པར་ཐར་བར་འགྱུར་རོ། །སྨྲས་པས། བརྒྱ་བྱིན་གྱིས། བདག་ནི་དེ་ལ་ངན་སེམས་མིན། །གསེར་ལྟར་སད་ན་མངོན་པར་འགྱུར། །བདེན་པ་རྟོགས་པར་འདོད་པས་ན། །བྱང་ཆུབ་སེམས་དཔའ་སད་པར་བྱ། །ཞེས་སྨྲས་ནས། བྱང་ཆུབ་སེམས་དཔའ་ཡིན་མིན་ཉམས་སད་པའི་ཕྱིར། བི་ཤྭ་ཀརྨ་ཕུག་རོན་དང་། བརྒྱ་བྱིན་ཁྲར་སྤྲུལ་ནས་བཟུང་ལ་ཐུག་པར་བདས་ནས། ཕུག་རོན་རྒྱལ་པོའི་མཆན་ཁུང་དུ་ཞུགས་ཏེ་རྒྱལ་པོ་ལ་སྲོག་གི་སྐྱབས་གསོལ་ཏོ། །ཁྲ་ཡང་དེའི་མོད་ལ་ཕྱིན་ཏེ། རྒྱལ་པོ་ལ་འདི་བདག་གི་ཟ་སྐལ་ལགས་པས་མྱུར་དུ་བདག་ལ་སྩོལ་ཅིག བདག་ནི་བཀྲེས་པས་རབ་ཏུ་ཉེན་ནོ། །ཞེས་སྨྲས་པ་དང་། རྒྱལ་པོས་ཁོ་བོས་ནི་བདག་ལ་སྐྱབས་སུ་འོངས་སོ་ཅོག་ལ་ཕྱིར་མི་གཏོང་བར་དམ་བཅས་པས། འདི་ཡང་མི་སྦྱིན་ནོ། །ཁྲས་སྨྲས་པ། ཐམས་ཅད་ཀྱི་སྐྱབས་མཛད་དོ་ཞེ་ན། གལ་ཏེ་བདག་གི་ཟས་མི་བསྩལ་ན་བདག་ཀྱང་འཚོ་བ་དང་བྲལ་ན། ཅི་བདག་ཀྱང་ཐམས་ཅད་ཀྱི་ནང་དུ་མ་གཏོགས་སམ། རྒྱལ་པོས་སྨྲས་པ། ཁྱོད་ལ་ཤ་གཞན་ཞིག་བྱིན་ན་ཟའམ། ཁྲས་སྨྲས་པ། གསར་དུ་བསད་པའི་ཤ་རློན་པ་མཆིས་ན་རུང་ངོ་། །དེར་རྒྱལ་པོས། གསར་དུ་བསད་པའི་ཤ་རློན་པ་གཞན་ཞིག་སྦྱར་ན། གཅིག་བསད་དེ་གཅིག་གསོ་བར་རིགས་པ་མ་ཡིན་ཞིང་སེམས་ཅན་ཐམས་ཅད་ནི་སྲོག་ཕངས་པར་མཚུངས་པས་བདག་ཉིད་ཀྱི་ཤས་བསླུ་བར་རིགས་སོ་སྙམ་ནས་གྲི་རྣོན་པོས་རང་གི་བརླའི་ཤ་བཅད་ནས་ཁྲ་ལ་བྱིན་ཏེ། ཕུག་རོན་གྱི་སྲོག་བསླུས་སོ། །དེར་ཁྲས་སྨྲས་པ། རྒྱལ་པོ་ཁྱོད་སྦྱིན་བདག་ཏུ་གྱུར་ཏེ་ཐམས་ཅད་ལ་སྙོམས་ན། ཕུག་རོན་གྱི་ལྕིད་དང་མཉམ་པར་མཛོད་ཅིག རྒྱལ་པོས་སྲང་བླང་སྟེ། ལོགས་ཤིག་ཏུ་ཕུག་རོན་བཞག ལོག་ཤིག་ཏུ་ཤ་བཅད་དེ་སྤུངས་པ་དང་། བརླའི་ཤ་ཟད་ཀྱང་ཕུག་རོན་པས་ཡང་ངོ་། །ཕྲག་པ་གཉིས་དང་། རྩིབ་ལོགས་གཡས་གཡོན་དང་། ལུས་ཀྱི་ཤ་ཟད་པར་བཅད་ཀྱང་། ཕུག་རོན་དང་མཉམ་པར་མ་གྱུར་ནས། རྒྱལ་པོ་ཉིད་བཞེངས་ཏེ་སྲང་གི་ནང་དུ་འགྲོ་བར་བརྩམས་པ་ན་ཉམས་ཀྱིས་མ་ནུས་ཏེ་ས་ལ་འགྱེལ་ནས་བརྒྱལ་ལོ། །བརྒྱལ་སངས་པ་ན་བརྩོན་འགྲུས་བརྩམ་པའི་དུས་ལ་བབ་སྟེ། ལེ་ལོ་བྱ་བའི་དུས་མ་ཡིན་ནོ་སྙམ་དུ་དགོངས་ཏེ་རང་གི་སེམས་ལ་སྒོ་དུ་མ་ནས་སྨད་དེ། འབད་པ་ཆེན་པོས་སྲང་གི་ནང་དུ་ཕྱིན་པ་དང་། ད་ནི་ལེགས་སོ་ཞེས་རབ་ཏུ་དགའ་བའི་སེམས་སྐྱེས་སོ། །དེའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས་ནས། གཟུགས་ཁམས་མན་གྱི་ལྷ་རྣམས་ཀྱིས་མངོན་པར་མཆོད་དོ། །དེར་བརྒྱ་བྱིན་རང་གི་གཟུགས་སུ་བསྒྱུར་ནས། འདི་ལྟ་བུའི་དཀའ་བ་མཛད་པ་འདིས་ཅི་ཞིག་བཞེད། བྱང་ཆུབ་སེམས་དཔས་སྨྲས་པ། བདག་འདོད་པ་ནི་ཁམས་གསུམ་གྱི་ཆེ་བ་ཅན་གྱི་ལོངས་སྤྱོད་འདོད་པ་མ་ཡིན་ཏེ། བསོད་ནམས་ཅི་བྱེད་ཀྱང་བླ་ན་མེད་པའི་བྱང་ཆུབ་འདོད་དོ་ཞེས་སྨྲས་པ་དང་། བརྒྱ་བྱིན་གྱིས། འདི་ལྟར་སྡུག་བསྔལ་བ་ལ་མི་འགྱོད་དམ། རྒྱལ་པོས་འགྱོད་པ་མེད་པའི་བདེན་པའི་ཚིག་བརྗོད་པས་ལུས་སྔོན་བས་ཀྱང་ལྷག་པར་བཟང་བར་གྱུར་ཏེ། ལྷ་དང་མིའི་འཇིག་རྟེན་དུ་བཅས་པ་ཐམས་ཅད་དགའ་མགུ་རངས་ཏེ། ངོ་མཚར་བར་གྱུར་ཏོ། །གཞན་ཡང་ཚངས་པའི་རྒྱལ་པོས་དེ་བཞིན་གཤེགས་པའི་སྤྱན་སྔར་ཐལ་མོ་སྦྱར་ཏེ་དེ་བཞིན་གཤེགས་པས་སྔོན་གྱི་སྐུ་ཚེ་ལ་ཆོས་ཇི་ལྟར་བཙལ་བ་དང་། སེམས་ཅན་གྱི་སླད་དུ། དབུ་སྟོང་ཙམ་ཡང་བཏང་བར་གྱུར་ཏོ། །ཞེས་བསྟོད་ཅིང་བསྔགས་པར་བྱས་སོ། །ཞེས་གསུངས་པས་མཚོན་ཏེ་སངས་རྒྱས་བཅོམ་ལྡན་འདས་ནི་རྒྱུ་མེད་པར་བརྩེ་བའི་བདག་ཉིད་དེ། སེམས་ཅན་མང་པོ་བསྐྱབ་པའི་སླད་དུ། དམ་པའི་ཆོས་འཚོལ་བ་སོགས་ཀྱི་ཕྱིར། རང་གི་སྐུ་སྲོག་ལའང་མ་གཟིགས་ཏེ་དཀའ་བ་དཔག་ཏུ་མེད་པ་བསྒྲུབས་ནས། རྩོད་པའི་དུས་འདིར་མངོན་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པས་འཇིག་རྟེན་ན། དཀོན་མཆོག་གསུམ་པོ་མངོན་སུམ་དུ་གྱུར་ཏོ། །དེའི་ཕྱིར་སངས་རྒྱས་ཀྱི་བཀའ་དྲིན་རྗེས་སུ་འཚོབ་པ་དང། དམ་པའི་ཆོས་རྙེད་པར་དཀའ་བའི་ཚུལ་ལ་ལེགས་པར་བསམ་ནས་གུས་པས་ཉན་ཅིང་ནན་ཏན་གྱིས་སྒྲུབ་པ་ལྷུར་ལེན་པར་བྱའོ། །

སྟག་མོ་ལུས་སྦྱིན་གྱི་རྣམ་ཐར།

༈ གཞན་ཡང་གླེང་གཞི་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། གྲོང་ཁྱེར་དེར་རྒན་མོ་ཞིག་ལ་བུ་རྟག་ཏུ་རྐུ་བ་གཉིས་ཤིག་ཡོད་པ་དེ། ནོར་བདག་གིས་ཟིན་ནས་ཁྲིམས་ལ་སྦྱར་བས་བསད་པ་ལ་ཐུག་ནས་གཤེད་མས་གསོད་པའི་གནས་ཁྲིད་པ་ན། བཅོམ་ལྡན་འདས་རྒྱང་རིང་མོ་ནས་གཤེགས་པ་མཐོང་སྟེ། མ་སྨད་ཀྱིས་དེའི་ཕྱོགས་སུ་ཕྱག་འཚལ་ནས་གུམ་ལ་ཐུག་པ་འདིའི་སྐྱབས་མཛད་དུ་གསོལ་ཅེས་སྨྲས་པས། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་ཏེ། རྒྱལ་པོ་ལ་གསོལ་བ་འདེབས་སུ་བཏང་བ་དང་རྒྱལ་པོས་ཀྱང་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་བཏང་བས། དེ་གཉིས་བཅོམ་ལྡན་འདས་ཀྱི་བཀའ་དྲིན་དྲན་པས་རབ་ཏུ་དགའ་བ་སྐྱེས་ཏེ། སྟོན་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་ཅིང་། མ་རྒན་མོ་དེ་ཡང་ཆོས་ཐོས་པས་ཕྱིར་མི་འོང་གི་འབྲས་བུ་ཐོབ་བོ། །དེའི་ཚེ་ཀུན་དགའ་བོ་ངོ་མཚར་དུ་གྱུར་པ་ལ་བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། མ་སྨད་གསུམ་པོ་འདི་ནི་ངས་ད་ལྟར་འདི་འབའ་ཞིག་ཏུ་མ་ཟད། སྔོན་གྱི་དུས་ན་འང་བཀའ་དྲིན་གྱིས་གསོས་པ་ཡིན་ཏེ། སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཕ་རོལ་ན། འཛམ་བུ་གླིང་འདིར་རྒྱལ་པོ་ཤིང་རྟ་ཆེན་པོ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ལ་སྲས་གསུམ་གྱི་ཆེ་བ་སྒྲ་ཆེན་པོ། འབྲིང་པོ་ལྷ་ཆེན་པོ། ཐ་ཆུང་སེམས་ཅན་ཆེན་པོ་ཞེས་བྱ་སྟེ། ཕྱི་མ་ནི་བྱམས་པ་དང་སྙིང་རྗེ་ལྡན་ཏེ་ཐམས་ཅད་ལ་བུ་གཅིག་པ་དང་འདྲའོ། །དེའི་ཚེ་རྒྱལ་བློན་བཙུན་མོ་སྲས་དང་བཅས་ཕྱི་རོལ་དུ་སྐྱོ་སངས་སུ་ཆས་པ་ལས། རྒྱལ་བློན་རྣམས་ཅུང་ཟད་ངལ་གསོ་བའི་བར་དུ་སྲས་གསུམ་པོ་ནགས་ཁྲོད་དུ་སོང་བ་ལས། སྟག་མོ་ཞིག་བུ་བྱུང་ནས་ཞག་དུ་མ་ལོན་པ་བཀྲེས་ཤིང་སྐོམ་པས་ཉེན་ཏེ། ཕྱིར་ཡང་བུ་ཟོས་ལ་ཐུག་པ་ཞིག་མཐོང་ནས་ཐ་ཆུང་གིས་ཕུ་བོ་གཉིས་ལ། སྟག་མོ་འདིས་ཟས་སུ་ཅི་ཟ་དྲིས་པས། དེ་གཉིས་ཀྱིས། བསད་མ་ཐག་པའི་ཤ་རློན་པ་དང་ཁྲག་དྲོན་མོའོ། །ཡང་གང་སུ་ཡང་རུང་སྟེ་དེ་ལྟ་བུའི་དངོས་པོས་འདིའི་སྲོག་སྐྱབས་ནུས་པ་ཡོད་དམ། དེ་གཉིས་ཀྱིས། དེ་ནི་ཤིན་ཏུ་དཀའོ། །དེ་ནས་ཐ་ཆུང་གིས་འདི་སྙམ་དུ་བསམ་སྟེ། བདག་ཡུན་རིང་པོར་འཁོར་བ་ན་འཁོར་ཞིང་། ལུས་སྲོག་གྲངས་མེད་པ་ཞིག་ཆུད་གསན་ཏེ། འགའ་ཡང་དོན་ཡོད་པར་མ་གྱུར་པས། ད་རེས་ལུས་འདི་གཏོང་བར་བྱའོ་སྙམ་ནས། ཕུ་བོ་གཉིས་ལ་མཆེད་གཉིས་སྔར་གཤེགས་ཤིག་དང་། བདག་དོན་ཞིག་གཉེར་ཏེ་སླད་བཞིན་དུ་མཆིའོ། །ཞེས་སྨྲས་ནས། ཐབས་ཀྱི་སྟག་མོའི་དྲུང་ཕྱིན་ཏེ་ཉལ་ཡང་སྟག་མོ་ཁ་འཐམ་པས་ཟ་མ་ནུས་སོ། །དེར་རྒྱལ་བུས་ཤིང་གི་ཚལ་པ་རྣོན་པོས་ལུས་ལ་ཁྲག་ཕྱུང་ནས་སྟག་མོ་ལ་བལྡག་ཏུ་བཅུག་པ་དང་ཁ་ཡང་ཕྱེས་ནས་ལུས་ཀྱི་ཤ་མ་ལུས་པ་ཟོས་སོ། །ཕུ་བོ་གཉིས་ཀྱིས་སྒུག་པས་རིང་ཞིག་ཏུ་མ་འོངས་པས། སྔར་སྨྲས་པའི་ཚུལ་ལ་བརྟགས་ན་གདོན་མི་ཟ་བར་སྟག་མོ་ལྟོགས་པས་བསད་དོ་སྙམ་ནས་བལྟར་ཕྱིན་པས། དེ་ལྟར་མཐོང་ནས་བརྒྱལ་ཞིང་འགྱེལ་ལོ། །དེའི་ཚེ་ཡུམ་གྱི་རྨི་ལམ་དུ། ཕུག་རོན་གསུམ་ཞིག་ཀུན་ཏུ་འཕུར་ཞིང་རྩེ་བ་ལས། ཐ་ཆུང་ཁྲས་ཁྱེར་བ་རྨིས་པས། སད་པ་ན་སྙིང་མི་དགའ་ཞིང་སྲས་གསུམ་ཚོལ་དུ་བཏང་བས། རིང་པོར་མ་ལོན་པར་རྒྱལ་བུ་གཉིས་འོངས་ནས་ལོ་རྒྱུས་བཤད་པས་ཡུམ་ཡང་བརྒྱལ་ཞིང་ས་ལ་འགྱེལ་ལོ། །དེ་ནས་དྲན་པ་རྙེད་པ་ན། རྒྱལ་པོ་ཡབ་ཡུམ་སོགས་གནས་དེར་བལྟ་བར་ཕྱིན་ཏེ་རུས་པ་དང་ཁྲག་འཐོར་བ་ལ་བལྟ་ཞིང་མྱ་ངན་བྱེད་དོ། །དེའི་ཚེ་རྒྱལ་བུ་ཚེ་འཕོས་པ་དགའ་ལྡན་དུ་སྐྱེས་ནས། རང་གི་ཕ་མས་མྱ་ངན་བྱེད་པ་མཐོང་ནས་ནམ་མཁའ་ལས་བབ་ནས་སྟེང་གི་ནམ་མཁར་འཁོད་པས་སྤྲོ་བ་བསྐྱེད་པའི་ཚིག་གིས་ཡབ་ཡུམ་གྱི་མྱ་ངན་སེལ་བར་བྱས་ཤིང་། ཡབ་ཡུམ་གཉིས་ཀྱིས་ཀྱང་རིན་ཆེན་སྣ་བདུན་གྱིས་སྒྲོམ་བུ་བྱས་ཏེ་རུས་བུ་དེའི་ནང་དུ་བཅུག་སྟེ་མཆོད་རྟེན་བྱས་སོ། །དེའི་ཚེ་རྒྱལ་པོ་ཤིང་རྟ་ཆེན་པོ་ནི་ཟས་གཙང་མ་དང་། དེའི་བཙུན་མོ་ནི་ཡུམ་སྒྱུ་མ་ལྷ་མཛེས་མ། སྲས་ཆེ་བ་སྒྲ་ཆེན་པོ་ནི་བྱམས་པ། འབྲིང་པོ་ལྷ་ཆེན་པོ་ནི་བ་མི་སུ་ཏྲ། ཐ་ཆུང་སེམས་ཅན་ཆེན་པོ་ནི་བཅོམ་ལྡན་འདས་ཉིད་དང་། སྟག་མོ་མ་བུ་ནི་ད་ལྟའི་མ་སྨད་གསུམ་ཡིན་པར་གསུངས་པས་འཁོར་རྣམས་ངོ་མཚར་ཞིང་ཡི་རངས་པར་གྱུར་ཏོ། །

བསྙེན་གནས་སོགས་ཚུལ་ཁྲིམས་བསྲུང་བའི་ཕན་ཡོན།

༈ ཡང་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་པའི་ཚེ་ནམ་གྱི་སྟོད་ལ་ལྷ་གཉིས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཆོས་ཉན་དུ་འོང་བ་ན། ལྷ་དེ་གཉིས་ཀྱི་ལུས་ཀྱི་འོད་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གསེར་གྱི་མདོག་ལྟར་གཅིག་ཏུ་སྣང་བར་བྱས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་སེམས་རྣམ་པར་གྲོལ་ཏེ། གཉིས་ཀས་བྱང་ཆུབ་ཀྱི་འབྲས་བུ་ཐོབ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་ཕྱིར་ཡང་ལྷ་གནས་སུ་སོང་ངོ་། །ཕྱིར་ཉིན་ཀུན་དགའ་བོས། ལྷ་དེ་གཉིས་ཀྱི་སྔོན་གྱི་ལས་ཅི་ཞིག་བགྱིས་པས་དེ་འདྲ་བའི་འབྲས་བུ་ཐོབ་པར་གྱུར་ཞུས་པས། བཅོམ་ལྡན་འདས་ཀྱིས། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་ཅིང་སྐུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཀྱང་འཇིག་ལ་ཉེ་བ་ན། བྲམ་ཟེ་གཉིས་ཀྱི་ཉིན་ཞག་གཅིག་པའི་བསྙེན་གནས་ཡན་ལག་བརྒྱད་པའི་ཁྲིམས་མནོས་ཏེ། གཅིག་གི་ལྷར་སྐྱེ་བ་དང་གཅིག་གི་རྒྱལ་པོར་སྐྱེ་བར་སྨོན་ལམ་བཏབ་བོ། །རྒྱལ་པོར་སྨོན་པ་དེས་ནི་ཚུལ་ཁྲིམས་སྐྱོན་མེད་པར་བསྲུངས་པས་རྒྱལ་པོའི་རིགས་སུ་སྐྱེས་ལ། ལྷར་སྨོན་པ་དེས་ནི་དེ་ནུབ་ཁྱིམ་དུ་ཕྱིན་ཏེ་ལོ་རྒྱུས་སྨྲས་པས། རང་གི་ཆུང་མས། གལ་ཏེ་བདག་དང་ལྷན་ཅིག་ཟན་མི་ཟ་ན་ཀུན་ཏུ་རྒྱུ་གཞན་དག་ལ་གཏམ་བསྙད་དེ་གནས་ནས་སྐྲོད་དུ་གཞུག་གོ་ཞེས་བསྡིགས་པས་སྐྲག་ནས་དུས་མ་ཡིན་པར་ཟན་ཟོས་པས་ཚུལ་ཁྲིམས་ཞིག་སྟེ་ཀླུར་སྐྱེས་སོ། །དེའི་ཚེ་རྒྱལ་པོར་སྐྱེས་པ་དེའི་བཟའ་ཤིང་གི་ར་བ་སྲུང་བ་ཞིག་ཉིན་རེ་བཞིན་དུ་ཤིང་ཐོག་སྣ་ཚོགས་རྒྱལ་པོའི་དྲུང་དུ་སྐྱེལ་བ་ལས། ཕྱིས་སུ་དུས་གཞན་ཞིག་ན། ཆུ་མིག་གཅིག་གི་ནང་ནས་ཀུ་ཤུ་ཁ་དོག་དྲི་བསུང་ཕུན་སུམ་ཚོགས་པ་ཞིག་རྙེད་པ་ཕོ་བྲང་གི་སྒོ་སྲུང་བ་ལ་བྱིན་ནོ། །དེས་ཉུག་རུམ་པ་དང་། ཉུག་རུམ་པས་བཙུན་མོ། བཙུན་མོས་རྒྱལ་པོ་ལ་ཕུལ་བས། རྒྱལ་པོས་གང་ནས་བྱུང་རྩད་བཅད་པ་ན་མཐར་ར་བ་སྲུང་བ་ལ་ཐུག་ནས། དེ་ལ་རྒྱལ་པོས། ངའི་བཟའ་ཤིང་གི་ར་བ་ན་ཤིང་ཐོག་འདི་ལྟ་བུ་ཡོད་ན་ང་ལ་ཅིའི་ཕྱིར་མི་འབུལ། དེས་ལོ་རྒྱུས་ཞིབ་ཏུ་གསོལ་ཀྱང་མ་གསན་པ། དེང་ཕྱིན་ཆད་ཀུ་ཤུ་འདི་ལྟ་བུ་རྟག་ཏུ་ཕུལ་ཅིག གལ་ཏེ་མ་རྙེད་ན་ལུས་དུམ་བུར་བཅད་དོ། །ཞེས་བསྡིགས་པས། ར་བ་སྲུང་བ་དེ་ཕྱིར་རང་གནས་སུ་སོང་ནས་མྱ་ངན་བྱེད་ཅིང་ངུས་པའི་སྒྲ་ཀླུར་སྐྱེས་པ་དེས་ཐོས་ནས། དེ་མིར་སྤྲུལ་ནས་དེ་ལ་ཁྱོད་ཅིའི་ཕྱིར་མི་དགའ་ཞིང་ངུ་། དེས་ལོ་རྒྱུས་ཞིབ་པར་བསྙད་པས། ཀླུ་དེ་མི་སྣང་བར་གྱུར་ནས་རིང་པོར་མ་ལོན་པར་གསེར་གྱི་གཞོང་པ་ཞིག་ཤིང་ཏོག་བཟང་པོས་བཀང་སྟེ་མི་དེ་ལ་བྱིན་ནས་ཁྱེད་ཀྱིས་ཤིང་ཏོག་འདི་ཁྱེར་ལ་རྒྱལ་པོ་ལ་ཕུལ་ཏེ་ཕྲིན་འདི་སྐྱོལ་ཅིག་རྒྱལ་པོ་དང་བདག་གཉིས་བཤེས་ཏེ། སྔོན་ཀུན་ཏུ་རྒྱུ་ཡིན་པ་ལས། ཉིན་ཞག་གཅིག་པའི་ཁྲིམས་བརྒྱད་མནོས་ཏེ། སོ་སོར་སྨོན་ལམ་བཏབ་པ་ལས། རྒྱལ་པོས་ནི་ཚུལ་ཁྲིམས་བསྲུངས་པས་རྒྱལ་པོར་གྱུར་ལ་བདག་ནི་ཚུལ་ཁྲིམས་ཉ མས་པས་ཀླུར་སྐྱེས་ཀྱི། ང་ཡང་ཁྲིམས་བསྲུང་ཞིང་ལུས་འདི་ལས་ཐར་བར་འདོད་པས། ཉིན་ཞག་གཅིག་པའི་ཁྲིམས་བརྒྱད་ཀྱི་ཆོ་ག་བདག་ལ་སྩལ་ཏུ་གསོལ། ཅི་སྟེ་མ་གནང་ན་རྒྱལ་པོའི་ཡུལ་ཡང་རྒྱ་མཚོར་བསྒྱུར་རོ་ཞེས་ཕྲིན་སྤྲིང་བ་ལྟར་མི་དེས་རྒྱལ་པོ་ལ་རྫོགས་པར་བསྙད་ནས་ཤིང་ཏོག་ཕུལ་ལོ། །དེར་རྒྱལ་པོ་མྱ་ངན་གྱིས་ནོན་ཏེ། དེའི་ཚེ་ན་འཇིག་རྟེན་ན་སངས་རྒྱས་ཀྱང་མི་བཞུགས། དམ་པའི་ཆོས་ཀྱང་ནུབ་པས་བསྙེན་གནས་ཀྱི་དཔེ་མི་རྙེད་ལ། དེ་མ་རྙེད་ན་ཀླུས་ཡུལ་ཁམས་བརླག་པར་དོགས་ནས། བློན་པོ་མཆོག་གཅིག་ཡོད་པ་ལ། ཀླུ་ཞིག་གིས་ང་ལ་ཁྲིམས་བརྒྱད་ཀྱི་དཔེ་སློང་གིས། ཁྱོད་ཀྱིས་ཚོལ་ཅིག གལ་ཏེ་མ་རྙེད་ན་བསད་དོ་ཞེས་བསྒོའོ། །དེར་བློན་པོ་དེ་ཤིན་ཏུ་མི་དགའ་བཞིན་དུ་སོང་ནས་ཁྱིམ་དུ་ཕྱིན་པ་ན། བློན་པོ་དེ་ལ་ཕ་རྒས་འཁོགས་ཤིག་ཡོད་པ་དེས། སྔོན་ཆད་ནི་བདག་གི་བུ་འཛུམ་མུལ་ཏེ་མདངས་དང་བཅས་པས་གཏམ་ཟེར་ན། དེང་ཅིའི་ཕྱིར་སྔོན་དང་མི་འདྲ་བར་ངོ་འཛུམ་ནག་སྟེ་གཏམ་སྨྲ་ཞེས་དྲིས་པས། དེས་ཇི་ལྟར་གྱུར་པ་བརྗོད་པས། ཕ་དེས་སྨྲས་པ། བདག་གི་ཁྱིམ་ན་ཀ་བ་ཞིག་ལས་རྟག་ཏུ་འོད་འབྱུང་སྟེ། དེའི་ནང་ན་ཅི་ཡོད་ལྟོས་ཤིག་ཅེས་བསྒོ་བ་དང་། ཀ་བ་ཕྱུང་ནས་གཤགས་པས། དེའི་ནང་ན་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་མདོ་དང་། ཉིན་ཞག་གཅིག་པའི་ཁྲིམས་བརྒྱད་ཀྱི་དཔེ་བྱུང་ནས། བློན་པོས་རྒྱལ་པོ་ལ་ཕུལ། རྒྱལ་པོས་བསྙེན་གནས་ཀྱི་དཔེ་གསེར་གྱི་སྒྲོམ་བུར་བཅུག་ནས་ཀླུ་ལ་བསྐུར་བས། ཀླུས་དྲིན་ལན་དུ་རིན་པོ་ཆེ་མང་དུ་ཕུལ་ཞིང་། ཀླུ་དང་རྒྱལ་པོ་གཉིས་ཀས་ཉིན་ཞག་གཅིག་པའི་བསྙེན་གནས་ཀྱི་ཁྲིམས་བརྒྱད་སྲུང་བས་གཉིས་ཀ་ཚེ་འཕོས་ནས་ལྷན་ཅིག་ཏུ་ལྷར་སྐྱེས་ཏེ། དེ་གཉིས་མདངས་ནམ་གྱི་ཆ་སྟོད་ལ་ངའི་སྤྱན་སྔར་འོངས་ཏེ། ཅི་རིགས་པར་ཆོས་བསྟན་པས། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ནས། ངན་སོང་གསུམ་དང་ཡོངས་སུ་བྲལ་ཏེ། ལྷ་དང་མིའི་ལོངས་སྤྱོད་མྱོང་ཞིང་མཐར་མྱ་ངན་ལས་འདས་པའི་བར་དུ་གྱུར་ཏོ་གསུངས། འདི་ནི་བསྙེན་གནས་སོགས་ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་མ་བསྲུངས་པའི་ཉེས་དམིགས་དང་ཟབ་གཏེར་གྱི་ཁུངས་ཀྱང་བསྟན་པ་ཡིན་ནོ། །

སངས་རྒྱས་དང་དགེ་འདུན་ལ་མཆོད་པའི་ཕན་ཡོན་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། ཡུལ་དེ་ན་ཁྱིམ་བདག་གཅིག་ལ་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཞིག་བཙས་ཏེ། རིང་པོར་མ་ལོན་པར་སྨྲ་ཡང་ཤེས་ཏེ། ཕ་མ་ལ་བཅོམ་ལྡན་འདས་དང་ཤཱ་རིའི་བུ་དང་། ཀུན་དགའ་བོ་སོགས་ད་ལྟར་བཞུགས་སམ་ཞེས་དྲིས་པ་དང་། དེ་དག་ད་ལྟར་བཞུགས་སོ་སྨྲས་པས། ཁྱེའུ་དེས་ཕ་མ་ལ་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲོངས་ཤིག་གསོལ་པ་དང་། ཕ་མས་སྤྱན་འདྲེན་པའི་ཡོ་བྱད་སྦྱར་དགོས་པས་འཕྲལ་དུ་འབྱོར་དཀའ་འོོ། །བུས་སྨྲས་པ། གནས་ཁང་ཕྱག་དར་དང་ཆག་ཆག་བྱོས། གདན་ཐིང་ལ། གདན་མཐོ་བ་གསུམ་ཞིག་བསྒྲིགས་ཏེ་ཐིང་ཞིག་དང་། ཞལ་ཟས་རོ་བརྒྱ་དང་ལྡན་པ་རང་བཞིན་གྱིས་འོང་ངོ་། །བདག་གི་ཚེ་སྔ་མའི་ཕ་མའང་ད་ལྟ་ཡུལ་ཝཱ་རཱ་ཎ་སཱིར་མཆིས་ཀྱི། དེ་ཡང་བོས་ཤིག་ཅེས་སྨྲས་སོ། །ཕ་མས་ཀྱང་དེ་ལྟར་བྱས་ཏེ་སངས་རྒྱས་དགེ་སློང་གི་དགེ་འདུན་འཁོར་དང་བཅས་པ་སྤྱན་དྲངས་ནས་གདན་གསུམ་གྱི་གཅིག་ལ་བཅོམ་ལྡན་འདས། གཅིག་ལ་ཚེ་སྔ་མའི་ཕ་མ། གཅིག་ལ་ད་ལྟར་གྱི་ཕ་མ་གཉིས་བཞུགས་སུ་གསོལ་ཏེ། ཁ་ཟས་བཟང་པོའང་འབད་མེད་དུ་བྱུང་ངོ་། །དེར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས། ཁྱེའུ་དེའི་ཕ་མས་གཙོས་ཁྱིམ་གང་གི་མི་ཐམས་ཅད་ཀྱི་འབྲས་བུ་དང་པོ་ཐོབ། ཁྱེའུ་དེ་ཕྱིས་ཆེར་སྐྱེས་པ་ན་རབ་ཏུ་བྱུང་སྟེ་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར་ཏོ། །དེ་ནས་ཀུན་དགའ་བོས། དེས་ལས་ཅི་བྱས་པས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེས་ཤིང་ཆུང་ངུ་ནས་སྨྲ་ཤེས་པ་དང་། རབ་ཏུ་བྱུང་ནས་ཀྱང་མངོན་པར་ཤེས་པ་མྱུར་དུ་ཐོབ་པར་གྱུར་ཞེས་པས། བཀའ་སྩལ་པ། མི་འདི་ཚེ་སྔ་མ་ན་ཡུལ་ཝཱ་རཱ་ཎ་སཱི་ན་ཁྱིམ་བདག་དབུལ་པོ་ཞིག་ཏུ་སྐྱེས་ཏེ། དེའི་ཚེ་སངས་རྒྱས་འཇིག་རྟེན་དུ་བྱོན་ཀྱང་མཆོད་པ་བྱས་པའི་ལོངས་སྤྱོད་མེད་པས་དེ་མི་དགའ་བར་གྱུར་ཏེ། རིགས་ཆེ་ཞིང་མཐོ་བ་ལ་གླ་ཟ་བར་ཁས་བླངས་ནས། ལོ་གཅིག་ལོན་པ་ན་གསེར་སྲང་སྟོང་ཙམ་རྙེད་དེ། རིགས་མཐོ་བ་གཞན་ཞིག་གིས་ཁྱོད་ཀྱིས་ཆུང་མ་མི་ལེན་ནམ་ཟེར། དེས་བདག་ཆུང་མ་མི་འདོད་དོ། །འོ་ན་གསེར་འདིས་ཅི་བྱེད། དེས་སངས་རྒྱས་འཁོར་དང་བཅས་པ་སྤྱན་འདྲེན་ནོ། །འོ་ན་བདག་གི་ཁྱིམ་དུ་སྤྱན་དྲངས་དང་བདག་གིས་ཀྱང་ཡོ་བྱད་སྦྱར་རོ། །དེས་ཀྱང་དེ་བཞིན་དུ་བྱའོ་ཞེས་སྨྲས་ནས། དེའི་ཁྱིམ་དུ་སངས་རྒྱས་དང་འཕགས་པའི་དགེ་འདུན་གྱི་ཚོགས་སྤྱན་དྲངས་ཏེ། རང་གི་ལུས་བཙོང་བའི་རིན་གྱིས་བསོད་སྙོམས་ཕུལ་ལོ། །རྒྱུ་དེས་ཁྱིམ་བདག་དེའི་ཁྱིམ་དུ་སྐྱེས་ཏེ། ད་ལྟར་ཡང་སངས་རྒྱས་སྤྱན་དྲངས་ནས་ཆོས་ཐོས་ནས་ཀྱང་བྱང་ཆུབ་ཐོབ་པར་གྱུར་ཏོ། །ཞེས་གསུངས་པས་འཁོར་རྣམས་རྗེས་སུ་ཡི་རངས་པར་གྱུར་ཏོ། །འདིས་ནི་སངས་རྒྱས་དང་དགེ་འདུན་ལ་མཆོད་པའི་ཕན་ཡོན་བསྟན་པ་ཡིན་ནོ། །ཡང་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། ཡུལ་དེའི་ཚོང་པ་ལྔ་བརྒྱ་རྒྱ་མཚོར་རིན་པོ་ཆེ་ལེན་དུ་འགྲོ་བ་དག་གིས། བདག་ཅག་གིས་མིའི་ནང་ནས་མཁས་ཤིང་ཤེས་པ་ཞིག་དེད་དཔོན་དུ་བཀྲིའོ། །ཞེས་བགྲོས་ནས། དགེ་བསྙེན་ཁྲིམས་ལྔ་པ་ཞིག་ཁྲིད་དེ་རྒྱ་མཚོར་ཞུགས་སོ། །རྒྱ་མཚོའི་དབུས་སུ་ཕྱིན་པ་ན། རྒྱ་མཚོའི་ལྷ་དེ་སྲིན་པོ་འཇིགས་སུ་རུང་བ་ཞིག་ཏུ་སྤྲུལ་ནས་དྲུང་དུ་འོང་སྟེ་གྲུ་འདི་ང་ལ་བྱིན་ཅིག་ཅེས་སྨྲས་ཏེ། ཚོང་པ་ལ་འདི་སྐད་ཅེས་དྲིའོ། །འཇིག་རྟེན་ན་གང་དག་འཇིགས་སུ་རུང་བ་ང་བས་ལྷག་པ་ཡོད་དམ། དགེ་བསྙེན་གྱིས་སྨྲས་པ། ཁྱོད་བས་ཤིན་ཏུ་ལྷག་པར་འཇིགས་པ་ཡོད་དེ། འཇིག་རྟེན་ན་གླེན་པ་གཏི་མུག་ཅན། སྲོག་གཅོད་པ་སོགས་མི་དགེ་བའི་ལས་རྣམས་བག་མེད་པར་བྱེད་པ་དག་ཚེ་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བ་རྣམས་སེམས་ཅན་དམྱལ་བའི་སྲུང་མས་ཁྲིད་དེ། ལ་ལ་ནི་མཚོན་གྱིས་གཏུབས། ལ་ལ་ནི་ཤིང་རྟས་ཕན་ཚུན་དུ་དྲངས་ནས་ཁམ་ཚད་དུ་བཅད། ལ་ལ་ནི་གཏུན་གྱིས་བརྡུངས། ལ་ལ་ནི་རང་འཐག་གིས་བཏགས། ལ་ལ་ནི་རལ་གྲིའི་རི་ལ་འཛེགས། ལ་ལ་ནི་མེའི་ཤིང་རྟ་དང་ཟངས་ཁོལ་བ་དང་ཆབ་རོམ་དང་ངན་སྐྱུགས་ཀྱི་ནང་དུ་བསྐོལ་བ་ལ་སོགས་པ། སྡུག་བསྔལ་ཤིན་ཏུ་མི་བཟད་པ་རྣམ་པ་སྣ་ཚོགས་པ་དེ་ལྟ་བུ་ལོ་བརྒྱ་སྟོང་གི་བར་དུ་མྱོང་བ་དེ་ནི། ཁྱོད་བས་ཤིན་ཏུ་ཡང་ལྷག་པར་འཇིགས་སུ་རུང་ངོ་ཞེས་སྨྲས་པ་དང་། དེ་མི་སྣང་བར་གྱུར་ནས། ཡང་མི་ཤིན་ཏུ་རིད་ཅིང་ཉམ་ཐག་པ་ཞིག་ཏུ་སྤྲུལ་ནས། འཇིག་རྟེན་ན་ང་ལས་རིད་ཅིང་ཉམ་ཐག་པ་ཡོད་དམ། དགེ་བསྙེན་གྱིས། ཁྱོད་བས་ཤིན་ཏུ་ལྷག་པར་ཉམ་ཐག་ཅིང་རིད་པ་ཡོད་དེ། གང་གླེན་ཞིང་གཏི་མུག་ཅན་རང་བཞིན་གྱིས་འཇུངས་ནས་སེར་སྣ་བྱེད་པ། འདོད་པས་ཆོག་མི་ཤེས་ཤིང་སྦྱིན་པ་མི་བྱེད་པ་དེ་དག་ཚེ་འཕོས་ནས། ཡི་དྭགས་སུ་སྐྱེས་ཏེ། ལུས་རི་བོ་ཙམ། མགྲིན་པ་རྒྱ་ཁབ་ཙམ་དུ་གྱུར་ཏེ། སྐྲ་འཛིངས་པ་གནག་ཅིང་རིད་པ། ལོ་བརྒྱ་སྟོང་གི་བར་དུ་ཆུའི་མིང་ཡང་མི་ཐོས་པ་དེ་ནི་ཁྱེད་བས་ཀྱང་ཤིན་ཏུ་ལྷག་པར་རིད་དོ། །ཡང་རྒྱ་མཚོའི་ལྷ་དེ་མིའི་ནང་ནས་གཟུགས་བྱད་ཤིན་ཏུ་བཟང་བ་ཞིག་ཏུ་སྤྲུལ་ནས། འཇིག་རྟེན་ན་ང་ལས་གཟུགས་བྱད་བཟང་བ་ཡོད་དམ། དགེ་བསྙེན་གྱིས། ཁྱོད་བས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པར་བཟང་བ་ཡོད་དེ། འཇིག་རྟེན་ན་མཁས་པ་བློ་དང་ལྡན་པ་དགེ་བ་ཕུན་སུམ་ཚོགས་པར་སྤྱོད་པ། ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པས། དཀོན་མཆོག་གསུམ་ལ་ཤིན་ཏུ་དད་པ། ཅི་འབྱོར་པའི་མཆོད་པ་བྱེད་པའི་བློ་ཅན་དེ་ནི་ཚེ་འཕོས་ནས་མཐོ་རིས་ཀྱི་ལྷར་སྐྱེས་ཏེ། གཟུགས་བྱད་ལེགས་པར་ཤིན་ཏུ་སྡུག་པ་ཤིན་ཏུ་མཛེས་པ། དེ་ནི་ཁྱོད་བས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་སྟེ། ཁྱོད་དང་དེ་གཉིས་བསྒྲུན་ན་སྤྲེའུ་ཞར་མ་དང་བཀྲ་ཤིས་མ་བསྒྲུན་པ་དང་འདྲའོ། །དེ་ནས་ལྷ་དེས་ཆུ་སྙིམ་པ་གང་བཅུས་ནས། སྙིམ་པ་གང་གི་ཆུ་མང་ངམ། རྒྱ་མཚོའི་ཆུ་མང་། དགེ་བསྙེན་གྱིས། སྙིམ་པ་གང་གི་ཆུ་ནི་མང་གི་རྒྱ་མཚོའི་ཆུ་ནི་མང་བ་མ་ཡིན་ཏེ། རྒྱ་མཚོའི་ཆུ་ནི་མང་མོད་གདོན་མི་ཟ་བར་སྐམ་པའི་དུས་ཡོད་དེ། བསྐལ་པའི་མེས་འཇིག་པ་ན་རིམ་གྱིས་རྒྱ་མཚོ་ཆེན་པོ་ཡང་བསྐམས། རི་རབ་ལྷུན་པོ་ཡང་བསྙིལ། རྡོ་རྗེའི་མཐའ་ལ་ཐུག་གི་བར་དུ་ཚིག་ཅིང་འབར་བར་འགྱུར་རོ། །གང་ཞིག་ཤིན་ཏུ་དད་པའི་སེམས་ཀྱིས་ཆུ་སྙིམ་པ་གང་ཙམ་སངས་རྒྱས་ལ་མཆོད་དམ། དགེ་འདུན་ལ་ཕུལ་ལམ། ཕ་མ་ལ་ཕུལ་ལམ། དབུལ་ཕོངས་ལ་བྱིན་ནམ། གཅན་གཟན་ལ་བྱིན་ན། བསོད་ནམས་འདི་ནི་བསྐལ་པ་དུ་མར་མི་འཛད་དེ། དེ་བས་རྒྱ་མཚོའི་ཆུ་ནི་ཉུང་གི། སྙིམ་པ་གང་གི་ཆུ་ནི་མང་བར་རིག་པར་བྱའོ། །དེ་ནས་རྒྱ་མཚོའི་ལྷ་དེ་རབ་ཏུ་དགའ་ནས། དགེ་བསྙེན་དེ་ལ་རིན་པོ་ཆེ་མང་དུ་ཕུལ་ཞིང་། རིན་པོ་ཆེ་དམ་པ་དག་སངས་རྒྱས་དང་དགེ་འདུན་ལ་ཡང་བསྐུར་རོ། །དེ་ནས་ཚོང་པ་རྣམས་རང་ཡུལ་དུ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་སོ་སོ་ནས་རིན་པོ་ཆེ་ཐོགས་པ་དང་། རྒྱ་མཚོའི་ལྷས་བསྐུར་བ་རྣམས་སངས་རྒྱས་དང་དགེ་འདུན་ལ་ཕུལ་ཏེ། དད་པས་རབ་ཏུ་བྱུང་ཞིང་ཆོས་བསྟན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར་ཏོ། །འདིས་ནི་ཆོས་བསྟན་པ་དང་གཏམ་དྲང་པོར་བཤད་པའི་ཕན་ཡོན་ཀྱང་བསྟན་ནོ། །

སེམས་ཅན་གྱི་སྲོག་བསྐྱབས་པའི་བསོད་ནམས་ཀྱི་འབྲས་བུ་བསྟན་པ།

༈ ཡང་བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་པའི་ཚེ། ཡུལ་དེ་ན་བློན་པོ་ཆེན་པོ་ཤིན་ཏུ་ཕྱུག་པ་ཞིག་ལ་བུ་མེད་ནས། ལྷ་ལ་གསོལ་བ་བཏབ་པས། ཕྱིས་ཁྱེའུ་དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་ཞིག་བཙས་ཏེ་མིང་གང་གཱ་དར་དུ་བཏགས། དེ་ཆེར་སྐྱེས་པ་ན་རབ་ཏུ་བྱུང་བར་འདོད་ནས་ཕ་མ་ལ་གསོལ་པ་བཏབ་ཀྱང་། ཕ་མས་མ་གནང་བས་སེམས་སྐྱོ་སྟེ། ལུས་འདི་མེད་པར་བྱས་ལ། རིགས་ཐ་མལ་པ་ཞིག་ཏུ་སྐྱེ་བ་བླངས་ནས་རབ་ཏུ་བྱུང་བར་བྱའོ་སྙམ་ནས། ཕྱི་རོལ་དུ་སོང་སྟེ་བྲག་མཐོན་པོ་ལ་མཆོངས་ཀྱང་མ་བསྣད། ཆུ་བོ་ཆེན་པོར་མཆོངས་ཀྱང་མ་ཁྱེར། བཙན་དུག་ཟོས་ཀྱང་མ་གནོད་ནས། ད་ནི་རྒྱལ་པོའི་ཁྲིམས་དང་འགལ་བར་བྱས་ན། རྒྱལ་པོས་བསད་ཀྱང་སྲིད་སྙམ་ནས། རྒྱལ་པོ་མ་སྐྱེས་དགྲ་ཡི་བཙུན་མོའི་གོས་རྒྱན་རྣམས་ཁྱེར་བ་ན། རྒྱལ་པོ་རབ་ཏུ་ཁྲོས་ནས་མདའ་གཞུ་བླང་སྟེ་ལན་གསུམ་གྱི་བར་དུ་འཕངས་ཀྱང་། ཁྱེའུ་ལ་མ་སོང་བར་ཕྱིར་ཡང་རྒྱལ་པོའི་དྲུང་དུ་ལྷུང་བས། རྒྱལ་པོ་དངངས་ཏེ། ཁྱོད་ལྷའམ་ཀླུའམ་ཡི་དྭགས་སམ་གནོད་སྦྱིན་ནམ་ཅི་ཞིག་ཅེས་དྲིས་པས། ཁྱེའུ་ཡིས། བདག་ནི་ལྷ་སོགས་གང་ཡང་མ་ལགས་ཀྱི་རྒྱལ་པོའི་ཁབ་ཀྱི་བློན་པོའི་བུ། རབ་ཏུ་བྱུང་བར་འདོད་ཀྱང་ཕ་མས་མ་གནང་བས། ལུས་འདི་བརྗེ་བའི་སླད་དུ་འཆིར་འདོད་ཀྱང་། གཡང་ས་ཆུ་དང་བཙན་དུག་དག་གིས་ཀྱང་འཆིར་མ་ཉན་ནས། རྒྱལ་པོའི་ཁྲིམས་དང་འགལ་བར་བྱས་ན་འགུམ་པར་འགྱུར་སྙམ་དུ་བསམས་ཀྱང་། མ་འགུམ་སྟེ་གནས་སྐབས་འདི་ལྟར་གྱུར་ན་རྒྱལ་པོས་ཐུགས་བརྩེ་བར་དགོངས་ཏེ། བདག་རབ་ཏུ་བྱུང་བར་གནོངས་ཤིག ཅེས་གསོལ་པ་དང་། རྒྱལ་པོ་ཡ་མཚན་དུ་གྱུར་ཏེ་རབ་ཏུ་བྱུང་བར་གནང་ནས། ཁྱེའུ་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁྲིད་དེ། ལོ་རྒྱུས་ཞིབ་ཏུ་ཞུས་ནས་རབ་ཏུ་བྱུང་བར་གསོལ་པས། སྟོན་པས་གནང་ནས་ལུས་ལ་ཆོས་གོས་གྱོན་ཅིག ཅེས་གསུངས་པ་དང་། དགེ་སློང་དུ་གྱུར་ཏེ། ཆོས་བསྟན་པས་དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་འབྲས་བུ་མངོན་དུ་བྱས་སོ། །དེར་མ་སྐྱེས་དགྲས་བཅོམ་ལྡན་འདས་ལ་སྔོན་གྱི་ལས་ཀྱི་རྒྱུ་ཞུས་པས། བཅོམ་ལྡན་འདས་ཀྱིས་སྔོན་བསྐལ་པ་གྲངས་མེད་པ་འདས་པའི་ཕ་རོལ་ན། ཡུལ་ཝཱ་རཱ་ཎ་སཱི་ཞེས་བྱ་བ་ན། རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་ཞིག་ཡོད་དེ། དེ་ཉིད་བཙུན་མོའི་འཁོར་དང་བཅས་ཏེ། སྐྱེད་མོས་ཚལ་དུ་གླུ་གར་གྱིས་རྩེ་བ་ན། ར་བའི་ཕྱི་རོལ་ནས་མི་ཞིག་གིས་སྐད་ཆེན་པོས་གླུའི་རམ་བུ་འདེགས་པ་རྒྱལ་པོས་ཐོས་ནས། མི་དེ་ཟུང་ལ་སོད་ཅིག་ཅེས་བསྒོས་ཏེ་དེ་ཉིད་བཙོན་དུ་བཟུང་བ། རྒྱལ་པོའི་བློན་པོ་ཞིག་གིས་མཐོང་ནས་རྒྱལ་པོ་ལ་གསོལ་བ་བཏབ་པས་རྒྱལ་པོས་ཀྱང་བཏང་སྟེ་མི་དེ་བློན་པོའི་གཡོག་བྱེད་པ་ལས། ཕྱིས་འདོད་པ་ལ་ཡིད་སྐྱོ་ནས་བློན་པོ་ལ་རབ་ཏུ་བྱུང་བར་གསོལ་པས། བློན་པོས་ཁྱོད་ཐར་པའི་ལམ་བསྒོམས་ན་བདག་ཀྱང་གེགས་མི་བྱེད་ཀྱི། ཁྱེད་ཐར་པར་གྱུར་ནས་ཡང་ཕྱིར་བདག་དང་འཕྲད་པར་ཤོག་ཅིག་ཅེས་བསྒོའོ། །དེར་མི་དེ་དབེན་པར་སོང་ནས་བསྒོམས་པས་རང་སངས་རྒྱས་སུ་གྱུར་ནས། ཕྱིར་གྲོང་ཁྱེར་དུ་སོང་བ་ན། བློན་པོ་དེ་རབ་ཏུ་དགའ་ནས་འཚོ་བའི་ཡོ་བྱད་ཀྱིས་མི་བྲེལ་བར་ཕུལ་ལོ། །དེ་ནས་རང་སངས་རྒྱས་དེ་སྟེང་གི་ནམ་མཁའ་ལ་འཕགས་ནས། སྐུ་ལས་ཆུ་འབབ་པ་དང་། མེ་འབར་བ་དང་། འོད་ཟེར་ཆེན་པོ་གཏོང་བ་སོགས་ཆོ་འཕྲུལ་མང་པོ་བསྟན་པས། བློན་པོ་དེ་སྤྲོ་བ་ཚད་མེད་པ་སྐྱེས་ཏེ། མི་འདི་བདག་གི་དྲིན་གྱིས་འཚོ་བར་གྱུར་གྱིས་བདག་གར་སྐྱེས་ཀྱང་བཙན་ཅིང་ཕྱུག་པ་དང་། ཚེ་རིང་བ་དང་། གཞན་བས་བརྒྱ་འགྱུར་སྟོང་འགྱུར་དུ་ཤིན་ཏུ་འཕགས་ཤིང་། ཡེ་ཤེས་དང་བསོད་ནམས་ཀྱང་འདི་དང་མཉམ་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་བློན་པོ་མི་གཅིག་གི་སྲོག་བསྐྱབས་ཏེ། འབྲས་བུ་ཐོབ་པར་བྱེད་པ་པོོ་ནི་འདི་ཡིན་ཏེ། རྒྱུ་དེས་གང་དུ་སྐྱེས་ཀྱང་སྲོག་གི་བར་ཆད་དུ་མ་གྱུར་ཏེ། ད་ལྟ་ང་དང་ཕྲད་ནས་འབྲས་བུ་མཆོག་ཐོབ་པར་གྱུར་ཏོ་གསུངས། འདིས་ནི་སེམས་ཅན་གྱི་སྲོག་བསྐྱབས་པའི་བསོད་ནམས་ཀྱི་འབྲས་བུ་བསྟན་པ་ཡིན་ནོ། །

ངག་གི་ཉེས་པར་བྱས་པའི་འབྲས་བུ་དང་སངས་རྒྱས་ལ་དད་པའི་ཕན་ཡོན།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོ་འཕར་ལི་ཞེས་བྱ་བ་ལ། བུ་མོ་ཞིག་བཙས་པ་ལ་མིང་རྡོ་རྗེར་བཏགས་སོ། །དེ་ནི་བཞིན་མི་སྡུག་པ། ལུས་ཀྱི་ཤ་ཤིན་ཏུ་རྩུབ་པ་སྟག་ལྤགས་ལྟར་སྲ་བ། སྐྲ་ཡང་རྟ་རྔོག་ལྟར་བཤོར་བ་ཞིག་སྟེ། རྒྱལ་པོས་ཀྱང་བུ་མོ་དེ་མི་སྡུག་པས་མི་དགའ་ནས། ཕོ་བྲང་གི་ནང་དུ་སུས་ཀྱང་མི་མཐོང་བའི་གནས་ཤིག་ཏུ་ཆེར་བསྐྱེད་ནས། ཕྱིས་རྗེ་རིགས་དབུལ་པོ་ཞིག་ལ་ལྐོག་ཏུ་ཕྱིན་ནས་སུ་ལའང་མ་སྟོན་ཅིག་ཅེས་བསྒོས་ནས། དེ་ཉིད་ལོངས་སྤྱོད་ཀྱིས་མི་བྲེལ་བར་བྱས་ཏེ། རྒྱལ་པོའི་བློན་པོར་བཅུག་གོ །ཕྱིས་ཤིག་ན་རིགས་ཆེ་ཞིང་མཐོ་བ་གཞན་དང་སྟོན་མོ་བྱ་བར་བསྒྲོས་ནས། སྟོན་མོ་ལ་ཁྱོ་ཤུག་དང་བུ་ཚ་ཡང་འདུས་ཏེ་བརྩེ་བར་བྱས་པ་ལས། གཞན་ཀུན་ནི་ཆུང་མ་དང་འགྲོགས་ཏེ་འོངས་ཀྱང་བློན་པོ་དེ་ཉིད་འབའ་ཞིག་གི་ཆུང་མ་མ་འོངས་པས་གཞན་ཀུན་ཀྱང་ཐེ་ཚོམ་ཟོས་ཏེ། བློན་པོ་དེ་ཆང་གིས་ར་རོ་བར་བྱས་ནས་ལུས་ལས་ལྡེ་མིག་བརྐུས་ཏེ། མི་ལྔ་དེའི་ཆུང་མ་ལ་བལྟ་བར་བཏང་ངོ་། །དེའི་ཚེ་ཆུང་མ་དེས་སྔོན་བདག་གི་སྡིག་པ་ཅི་བགྱིས་ནས་ཁྱིམ་ཐབ་སྡང་སྟེ། འདི་འདྲའི་མུན་ཁུང་དུ་བཅུག་ནས་ཉི་མ་དང་ཟླ་བ་ཙམ་ཡང་བལྟར་མེད་དེ། མི་གཞན་ཡང་མི་མཐོང་སྙམ་སྟེ། ཡིད་མི་དགའ་ནས་ཡང་འདི་ལྟར་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ན་བཞུགས་ཏེ། སེམས་ཅན་གང་སྡུག་བསྔལ་གྱི་གདུང་བ་དག་གི་མགོན་དང་སྐྱབས་མཛད་དེ་ཐར་བར་མཛད་དོ་ཞེ་ན། བཅོམ་ལྡན་འདས་ལ་བདག་རྒྱང་མ་ནས་ཕྱག་འཚལ་ལོ། །ཐུགས་བརྩེ་བར་དགོངས་ཏེ། བདག་གི་མདུན་དུ་མངོན་སུམ་དུ་གཤེགས་ཤིང་། བདག་ལ་ཅུང་ཟད་ཅིག་ཞལ་སྟོན་པར་གྱུར་ཀྱང་ཅི་མ་རུང་སྙམ་མོ། །དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་དེའི་ཁྱིམ་དུ་གཤེགས་ཏེ། ཐོག་མར་དབུ་སྐྲ་མཐོན་མཐིང་གིས་མཚན་པ་བསྟན་པས། དེ་ལྷག་པར་ཡང་དགའ་ཞིང་བསམ་པ་དག་པར་གྱུར་པས་དེའི་སྐྲ་ཤིན་ཏུ་འཇམ་ཞིང་ཁ་དོག་དང་ལྡན་པར་གྱུར་ཏོ། །དེ་བཞིན་དུ་ཞལ་གྱི་དཀྱིལ་འཁོར་བསྟན་པས་དེའི་ལུས་ཀྱི་མི་སྡུག་པ་དང་རྩུབ་པ་ཡང་མེད་པར་གྱུར། སྐུའི་སྟ་ཟུར་ཏེ་སྐུ་སྐེད་ཡན་ཆད་བསྟན་པས། ལུས་ཀྱི་མི་སྡུག་པ་ཐམས་ཅད་མེད་པར་གྱུར་ཏེ་ཤིན་ཏུ་མཛེས་པ་ལྷ་ཡི་བུ་མོ་ལྟ་བུར་གྱུར་ཏོ། །དེ་ནས་སྐུ་ཡོངས་རྫོགས་བསྟན་པ་སྔར་བས་ཀྱང་དགའ་མགུ་རངས་པར་གྱུར་པས་ལུས་ཀྱི་མཚན་འཇིག་རྟེན་ན་དཔེ་ཟླ་མེད་པར་གྱུར་ཏོ། །དེར་ཆོས་བསྟན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས། བཅོམ་ལྡན་འདས་ཀྱང་སླར་གཤེགས་སོ། །དེ་ནས་མི་ལྔ་པོས་སྒོ་ཕྱེས་ཏེ། ནང་དུ་འོང་བ་ན། དེའི་ཆུང་མ་རབ་ཏུ་མཛེས་ཤིང་དཔེ་ཟླ་མེད་པར་མཐོང་ནས་ཕྱིར་སོང་སྟེ་མ་ཚོར་བར་ལྡེ་མིག་བློན་པོའི་ལུས་ལ་བཏགས་སོ། །དེ་ནས་དེ་ར་རོ་བ་སངས་ནས་ཁྱིམ་དུ་འོངས་པ་དང་། བདག་གི་ཆུང་མ་མཛེས་ཤིང་ལྟ་ན་སྡུག་པ། མིའི་ནང་ནས་དཀོན་པར་གྱུར་པ་མཐོང་ནས་རབ་ཏུ་དགའ་ནས། རྒྱུ་མཚན་དྲིས་པར་ལོ་རྒྱུས་ཞིབ་ཏུ་བཤད་དེ། དེ་ཉིད་ཡབ་རྒྱལ་པོ་ལའང་གོ་བར་བྱས་པས་ཐམས་ཅད་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷགས་ནས་ཞབས་ལ་ཕྱག་བྱས་ཏེ། རྒྱལ་པོ་གསལ་རྒྱལ་གྱིས་སྔོན་གྱི་ལས་ཀྱི་རྒྱུ་ཞུས་པར། བཀའ་སྩལ་པ་སྔོན་ཝཱ་རཱ་ཎ་སཱི་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་བ་ཞིག་བྱུང་སྟེ། དེས་ཁྱིམ་ན་ཅི་བདོག་པ་ཐམས་ཅད་རང་སངས་རྒྱས་ཞིག་ལ་མཆོད་ཅིང་རྟག་ཏུ་དེའི་ཁྱིམ་དུ་བྱོན་པ་ལས་རང་སངས་རྒྱས་དེ་ནི་སྐུ་ཤིན་ཏུ་རྩུབ་ལ་ངན་པ་མི་སྡུག་པ་སྐེམ་པ་ཞིག་སྟེ། དེ་ལ་ཁྱིམ་བདག་གི་བུ་མོ་ཞིག་ཡོད་པ་དེ་མ་དད་ནས་བརྙས་སྨྲ་དང་། བྱད་བཞིན་མི་སྡུག་ལ་ལུས་ཀྱི་པགས་པ་རྩུབ་པ་ཞེས་འཕྱ་བར་བྱེད་པ་ལས། ཕྱིས་རང་སངས་རྒྱས་དེ་མྱ་ངན་ལས་འདའ་བར་བསམ་སྟེ། ཁྱིམ་བདག་གི་སྟེང་གི་ནམ་མཁར་འཕགས་ཏེ་སྐུ་ལས་མེ་འབར་བ་དང་ཆུ་འབབ་པ་སོགས་ཀྱི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ་བསྟན་པས། བུ་མོ་དེ་ཤིན་ཏུ་འགྱོད་པས་རང་སངས་རྒྱས་ལ་བཤགས་པ་ཕུལ་ཞིང་དེས་ཀྱང་འགྱོད་ཚངས་བྱེད་པར་གནང་ངོ་། །དེའི་དུས་ཀྱི་བུ་མོ་དེ་ནི་རྒྱལ་པོའི་བུ་མོ་འདི་ཡིན་ལ། དེའི་ཚེ་ངན་སྨྲས་ཀྱི་ཉེས་པས་རྟག་ཏུ་གཟུགས་མི་སྡུག་པར་གྱུར་ལ་འགྱོད་ཚང་བགྱིས་པས་ཕྱིས་གཟུགས་བཟང་བ་དང་མཆོད་པ་ཕུལ་བས་རིགས་མཐོ་ཞིང་ལོངས་སྤྱོད་དང་ལྡན་པ་དང་མཐར་གྱིས་རྣམ་པར་གྲོལ་བར་གྱུར་ཏོ། །དེས་ན་རྒྱལ་པོ་ཆེན་པོ་ཇི་ཙམ་དུ་སེམས་ཅན་གྱི་རིགས་སུ་གཏོགས་པ་ཐམས་ཅད་ནི་ལུས་དང་ངག་གི་ཉེས་པ་ཤིན་ཏུ་བསྲུང་ཞིང་གཞན་ལ་བརྙས་པ་དང་སྨད་པར་མི་བྱའོ། །ཞེས་གསུངས། འདིས་ནི་ངག་གི་ཉེས་པར་བྱས་པའི་འབྲས་བུ་དང་སངས་རྒྱས་ལ་དད་པའི་ཕན་ཡོན་ཀྱང་བསྟན་པ་ཡིན་ནོ། །

སངས་རྒྱས་ལ་སེམས་དྭངས་པས་མཆོད་པའི་ཕན་ཡོན།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཁྱིམ་བདག་གཅིག་གི་ཆུང་མ་ལ་བུ་ཞིག་བཙས་པ་ལ་མིང་གསེར་དབྱིག་ཏུ་བཏགས་ཏེ་དེ་ནི་བྱད་གཟུགས་ལེགས་པར་བཟང་ཞིང་ཤིན་ཏུ་མཛེས་པ་འཇིག་རྟེན་ན་ཟླ་མེད་པ། ལག་གཉིས་ཁུ་ཚུར་བཅང་བཞིན་དུ་བྱུང་བ་ན་ཕ་མ་གཉིས་ཀྱིས་ཁུ་ཚུར་ཁ་ཕྱེས་ཏེ་བལྟས་པ་ན་གསེར་གྱི་དོང་ཙེ་རེ་རེ་བྱུང་སྟེ། དེ་ཉིད་བླང་བས་ཡང་བྱུང་སྟེ་འཛད་པ་མེད་པར་གྱུར་ནས་བང་མཛོད་ཐམས་ཅད་ཡོངས་སུ་གང་བར་གྱུར་ཏོ། །དེ་ཉིད་ཆེར་སྐྱེས་ཏེ་ཕ་མ་ལ་ཞུས་ནས་སྟོན་པའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་། ཕྱིས་ལོ་གྲངས་ཚང་བ་ན་བསྙེན་པར་རྫོགས་པའི་སྐབས་སུ་དགེ་འདུན་ལ་རིམ་གྱིས་ཕྱག་བྱས་པས། ལག་གཉིས་ས་ལ་གང་རེག་དེར་གསེར་གྱི་དོང་ཙེ་རེ་ཡོད་པར་གྱུར་ཏོ། །དེ་བསྙེན་པར་རྫོགས་ནས་བརྩོན་འགྲུས་བརྩམས་པས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་སོ། །དེའི་ཚེ་ཀུན་དགའ་བོས་སྔོན་གྱི་ལས་ཀྱི་རྒྱུ་ཞུས་པས། བཅོམ་ལྡན་འདས་ཀྱིས་སྔོན་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་གི་ཕ་རོལ་དུ་སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན་པའི་ཚེ། མི་དབུལ་པོ་ལོངས་སྤྱོད་ཅིའང་མི་བདོག་པ་གཅིག་རྟག་ཏུ་རི་ལ་ཤིང་འཐུ་ཞིང་འཚོང་བ་ལས། ཕྱིས་ཤིང་བཙོངས་པའི་རིན་དུ་དོང་ཙེ་གཉིས་རྙེད་པ་སངས་རྒྱས་དགེ་འདུན་དང་བཅས་པ་ལ་དད་པས་ཕུལ་ཞིང་། བཅོམ་ལྡན་འདས་ཀྱིས་ཀྱང་ཐུགས་བརྩེ་བར་དགོངས་ཏེ་བཞེས་སོ། །རྒྱུ་དེས་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ལག་ན་གསེར་གྱི་དོང་ཙེ་རྟག་ཏུ་ཐོགས་པར་གྱུར་ཏེ། ནོར་དང་རིན་པོ་ཆེ་དང་། འཚོ་བའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར་ཏོ། །ཅི་སྟེ་དགྲ་བཅོམ་པའི་འབྲས་བུ་མ་ཐོབ་པ་ན་ཡང་མ་འོངས་པའི་འབྲས་བུ་རྣམ་པར་སྨིན་པ་ཚད་དཔག་ཏུ་མེད་དོ། །དེ་བས་ན་ཀུན་དགའ་བོ་སེམས་ཅན་ཐམས་ཅད་ཀྱིས་སྦྱིན་པ་སྦྱིན་པའི་ལས་ལ་བརྩོན་པར་བྱའོ། །ཞེས་བཀའ་སྩལ་ཏོ། །འདིས་ནི་སངས་རྒྱས་ལ་སེམས་དྭངས་པས་མཆོད་པའི་ཕན་ཡོན་བསྟན་ཏོ། །

རྟེན་ལ་མེ་ཏོག་ཕུལ་བ་དང་བསམ་པ་དག་པས་ཕྱག་དར་བགྱིས་པའི་ཕན་ཡོན།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་རིགས་ཆེ་ཞིང་མཐོ་བའི་ཆུང་མ་ཞིག་ལ་བུ་གཟུགས་བྱད་ལྟ་ན་སྡུག་པ་ཞིག་བཙས་ཏེ། བཙས་མ་ཐག་ཏུ་ནམ་མཁའ་ལས་ལྷ་རྫས་ཀྱི་མེ་ཏོག་ཆར་བཞིན་དུ་བབ་སྟེ། ཁང་པ་ཀུན་གང་བ་ལས། བུའི་མིང་ལྷའི་མེ་ཏོག་ཅེས་བཏགས་སོ། །དེ་ཆེར་སྐྱེས་པ་ན་དད་པའི་སེམས་སྐྱེས་ཏེ་སངས་རྒྱས་འཁོར་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་པ་ན། ཁང་བཟང་དུ་རིན་པོ་ཆེའི་ཁྲི་དང་ཁ་ཟས་རྣམ་པ་སྣ་ཚོགས་པ་ཇི་ལྟར་འདོད་པ་ཀུན་བསོད་ནམས་ཀྱི་འབྲས་བུས་འབད་མེད་དུ་བྱུང་ཞིང་། དེར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས། ཁྱིམ་གང་གི་མི་ཀུན་གྱིས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་བོ། །དེ་ནས་ལྷའི་མེ་ཏོག་གིས་ཕ་མ་ལ་གནང་བ་ཞུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་ཞིང་ནན་ཏན་གྱིས་བརྩོན་པས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་སོ། །དེའི་ཚེ་ཀུན་དགའ་བོས་ལས་ཀྱི་རྒྱུ་ཞུས་པས། སྔོན་སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན་པའི་ཚེ། མི་དབུལ་པོ་ཞིག་གིས་རབ་ཏུ་དད་པའི་སེམས་སྐྱེས་ཏེ། སྤང་དང་ནེའུ་གསེང་ལས་མེ་ཏོག་རྣམ་པ་སྣ་ཚོགས་པ་བཏུས་ཏེ། དགེ་འདུན་ལ་གཏོར་ནས་བསམ་པ་དག་པས་ཕྱག་དར་བྱས་སོ། །རྒྱུ་དེས་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་གང་དུ་སྐྱེས་ཀྱང་བྱད་གཟུགས་ལེགས་ཤིང་མཛེས་པ་དང་། ཅི་ལྟར་བསམ་པ་བཞིན་དུ་བཟའ་བཏུང་དང་ཁྲི་སྟན་སོགས་ཡིད་བཞིན་དུ་འབྱོར་ཞིང་མཐར་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ཡིན་ནོ། །དེ་བས་ན་ཀུན་དགའ་བོ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་སྦྱིན་པ་ཆུང་ངུ་ལ་བསོད་ནམས་མེད་སྙམ་ནས་མ་བརྙས་ཤིག ལྷའི་མེ་ཏོག་ལྟར་ཅི་ཡང་འབྱོར་ཞིང་འགྲུབ་པར་འགྱུར་རོ་གསུངས། འདི་ནི་རྟེན་ལ་མེ་ཏོག་ཕུལ་བ་དང་བསམ་པ་དག་པས་ཕྱག་དར་བགྱིས་པའི་ཕན་ཡོན་བསྟན་པའོ། །

དཀོན་མཆོག་ལ་མཆོད་པ་དང་རྗེས་སུ་ཡི་རངས་བའི་ཕན་ཡོན།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཁྱིམ་བདག་གཅིག་ལ་བུ་བྱུང་སྟེ། དེའི་ཚེ་ནམ་མཁའ་ལས་རིན་པོ་ཆེ་སྣ་བདུན་གྱི་ཆར་བབ་སྟེ། དེའི་ཁྱིམ་ཡོངས་སུ་གང་ངོ་། །དེར་ཁྱེའུའི་མིང་ལ་ལྷའི་རིན་ཆེན་ཞེས་བཏགས་སོ། །དེ་ཆེར་སྐྱེས་པ་ན་མང་དུ་ཐོས་ཤིང་ཤེས་པ་དང་སྒྱུ་རྩལ་ཡང་འགྲན་ཟླ་མེད་པར་གྱུར་ཅིང་། ཕྱིས་སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་བས་མཐར་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་སོ། །ཀུན་དགའ་བོས་དེའི་རྒྱུ་ཞུས་པས། སྔོན་སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན་ཏེ། དགེ་སློང་གི་དགེ་འདུན་དང་བཅས་པ་ཁྱིམ་བདག་མང་པོས་སྤྱན་འདྲེན་པ་མཐོང་ནས། མི་དབུལ་པོ་ཞིག་དད་པས་རྗེས་སུ་ཡི་རངས་ཀྱང་མཆོད་པའི་ཡོ་བྱད་གཞན་མེད་པས་རྡེའུ་དཀར་རུ་ལ་ནོར་བུའི་གཟུགས་བཅོས་པ་སྤར་མོ་གང་དགེ་འདུན་ལ་གཏོར་ནས་སྨོན་ལམ་བཏབ་བོ། །རྒྱུ་དེས་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་བསོད་ནམས་ཚད་མེད་པས། ནོར་བུ་རིན་པོ་ཆེ་མང་བ་དང་། བགོ་བ་དང་བཟའ་བ་ལྷུན་གྱིས་གྲུབ་ཅིང་། ལོངས་སྤྱོད་ཅིས་ཀྱང་མི་བྲེལ་བར་གྱུར་ཏོ། །དེའི་ཚེ་བསམ་པ་དག་པའི་དད་པ་ཙམ་གྱིས། ད་ལྟ་ང་དང་འཕྲད་ནས་འབྲས་བུ་ཐོབ་པ་ཡིན་ནོ་གསུངས། འདིས་ཀྱང་དཀོན་མཆོག་ལ་མཆོད་པ་དང་རྗེས་སུ་ཡི་རངས་བའི་ཕན་ཡོན་བསྟན་ནོ། །

སངས་རྒྱས་ཀྱི་སྨོན་ལམ་དང་བཟོད་པའི་ཆེ་བ་བསྟན་པ།

༈ ཡང་སྟོན་པ་འོད་མའི་ཚལ་དུ་བཞུགས་སྟེ། སངས་རྒྱས་ནས་རིང་པོར་མ་ལོན་པ་ཞིག་ན། ཐོག་མར་ཀོཎྜི་ནྱ་ལ་སོགས་པའི་དགེ་སློང་ལྔ་དང་། དེའི་འོག་ཏུ་ཆུ་བོ་འོད་སྲུང་སྤུན་སོགས། དགེ་སློང་སྟོང་རབ་ཏུ་བྱུང་ཞིང་། དེ་ནས་ཀྱང་རབ་ཏུ་བྱུང་བའི་ཆོས་ལ་གནས་པ་མང་དུ་བྱུང་བས། རྒྱལ་པོའི་ཁབ་ཀྱི་མི་རྣམས་དགའ་བ་ཚད་མེད་པ་སྐྱེས་ཏེ། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི་ངོ་མཚར་རོ་ཞེས་བསྟོད་ཅིང་། ཐོག་མར་རབ་ཏུ་བྱུང་ཞིང་ཆོས་ཐོས་པ་དེ་དག་སྔོན་དེ་བཞིན་གཤེགས་པ་དང་ཕྲིན་ལས་གང་མཐུན་ནས་དེ་ལྟར་གྱུར་སྙམ་དུ་སེམས་ཤིང་། དེའི་དོན་གསོལ་པས། བཀའ་སྩལ་པ། སྔོན་འདས་པའི་དུས་འདི་དག་གི་ཕྱིར། ངས་ཡིད་དམ་ཆེན་པོ་བཅས་ཏེ། ནམ་མངོན་པར་རྫོགས་པར་སངས་རྒྱས་ནས་སྔར་འདི་དག་གི་དོན་བྱེད་པར་ཤོག་ཅེས་སྨོན་ལམ་བཏབ་སྟེ། སྔོན་བསྐལ་པ་གྲངས་མེད་པའི་ཕ་རོལ་ཡུལ་ཝཱ་རཱ་ཎ་སཱི་ན་རྒྱལ་པོ་རྩོད་བྱུང་བྱ་བ་ཞིག་བྱུང་སྟེ། དེའི་ཚེ་ཡུལ་དེ་ན་དྲང་སྲོང་བཟོད་པ་ཅན་ཞེས་བྱ་བ་སློབ་མ་ལྔ་བརྒྱ་དང་བཅས་བཟོད་པ་བསྒོམ་ཞིང་གནས་སོ། །དེའི་ཚེ་རྒྱལ་པོ་འཁོར་དང་བཅས་པ་ནགས་སུ་ཕྱིན་པ་ལས་རྒྱལ་པོ་དེ་ངལ་ཞིང་དུབ་སྟེ་གཉིད་དུ་སོང་བའི་ཚེ། བཙུན་མོའི་འཁོར་རྣམས་ཚལ་དུ་རྒྱུ་ཞིང་ཕྱིན་པ་ལས། དྲང་སྲོང་དེ་མཐོང་ནས་དད་པའི་སེམས་སྐྱེས་ཏེ་མདུན་དུ་འཁོད་ནས་ཆོས་ཉན་པ་ན། རྒྱལ་པོ་གཉིད་སངས་ནས། བཙུན་མོ་རྣམས་མི་སྣང་བ་དང་། བློན་པོ་བཞི་དང་བཅས་ཕྱི་བཞིན་ཕྱིན་པས། བཙུན་མོ་རྣམས་དྲང་སྲོང་གི་མདུན་དུ་འཁོད་པ་མཐོང་ནས། རྒྱལ་པོས་དྲང་སྲོང་ལ་ཁྱེད་ཀྱི་སྐྱེ་མཆེད་མུ་བཞི་དང་། ཚངས་པའི་གནས་པ་བཞི་དང་། བསམ་གཏན་བཞི་རྣམས་ཐོབ་བམ་ཞེས་རིམ་པར་དྲིས་པས། དེ་དག་གང་ཡང་མ་ཐོབ་བོ། །འོ་ན་འདིར་ཅི་བྱེད། བཟོད་པ་བསྒོམ་མོ། །དེར་རྒྱལ་པོ་ཁྲོས་ཏེ། བཟོད་དམ་མི་བཟོད་ལྟའོ་ཞེས་རལ་གྲི་ཕྱུང་ནས་དྲང་སྲོང་གི་ལག་པ་གཉིས་བཅད་དེ་ཁྱོད་སུ་ཡིན། བདག་ནི་བཟོད་པ་ཅན་ནོ། །དེ་བཞིན་དུ་རྐང་པ་གཉིས་བཅད་ནས་དྲིས་ཀྱང་སྔ་མ་བཞིན་ནོ། །དེའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས་པས་ཉེ་གནས་ལྔ་བརྒྱ་པོ་ཡང་ནམ་མཁའ་ལས་འཕུར་ཏེ་དེར་ལྷགས་ནས། སློབ་དཔོན་དེ་ལ་འདི་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་ན་བཟོད་པའི་སེམས་ཉམས་པར་མ་གྱུར་ཏམ། དྲང་སྲོང་གིས། བདག་གི་སེམས་མ་ཉམས་སོ། །རྒྱལ་པོས་དེ་གང་གིས་ཡིད་ཆེས། དྲང་སྲོང་གིས་བདག་གི་སྨྲས་པའི་ཚིག་འདི་བདེན་ན་ཁྲག་འོ་མར་གྱུར་ཅིང་། ལུས་སྔ་མ་ཁོ་ན་བཞིན་དུ་གྱུར་ཅིག ཅེས་བརྗོད་པས་དེ་བཞིན་དུ་གྱུར་པ་ན། རྒྱལ་པོའང་འགྱོད་པ་སྐྱེས་ཏེ་བཤགས་པ་ཕུལ་ལོ། །དྲང་སྲོང་གིས་ཁྱོད་ཀྱི་བུད་མེད་ཀྱི་ཕྱིར་མཚོན་ཐོགས་ནས་བདག་གི་ཡན་ལག་གཅོད་མོད་ཀྱི་བདག་གི་བཟོད་པ་ནི་ས་དང་འདྲ་བས། ཕྱིས་མངོན་པར་སངས་རྒྱས་པ་ན། ཤེས་རབ་ཀྱི་རལ་གྲིས་ཁྱོད་ཀྱི་དུག་གསུམ་གཅོད་པར་གྱུར་ཅིག་ཅེས་སྨྲས་སོ། །དེའི་ཚེ་རིའི་ཀླུང་དང་ལྷ་རྣམས་ཁྲོས་ནས་ཐོག་སེར་ཕབ་སྟེ་རྒྱལ་པོ་བསད་པར་བརྩམས་པ་ན་དྲང་སྲོང་གིས་བསྐྱབས་སོ། །དེ་ནས་དྲང་སྲོང་དེ་རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲངས་ནས་མཆོད་པ་ལ་ཀུན་ཏུ་རྒྱུ་སྟོང་ཕྲག་ཙམ་ཕྲག་དོག་སྐྱེས་ཏེ། ལྐོག་ཏུ་རྡུལ་དང་འབགས་བཙོག་གིས་གཏོར་བ་ལ། བདག་བཟོད་པ་བསྒོམས་པའི་འབྲས་བུས་ནམ་སངས་རྒྱས་པ་ན་བདུད་རྩིའི་ཆུས་ཁྱེད་རྣམས་ཀྱི་དྲི་མ་བཀྲུས་ཏེ། འདོད་པའི་བཙོག་པ་ཡོངས་སུ་དག་པར་ཤོག་ཅིག ཅེས་སྨོན་ལམ་བཏབ་བོ། དེའི་ཚེ་ན་དྲང་སྲོང་བཟོད་པར་སྨྲ་བ་ནི་ང་ཡིན་ལ། རྒྱལ་པོ་དང་བློན་པོ་བཞི་ནི་ཀཎྜི་ནྱ་སོགས་དགེ་སློང་ལྔ་དང་། ཀུན་ཏུ་རྒྱུ་སྟོང་ནི་འོད་སྲུང་ལ་སོགས་པའི་དགེ་སློང་བརྒྱ་ཕྲག་བཅུ་ཡིན་ཏེ། སྔོན་དམ་བཅས་པ་བཞིན་དུ་ད་ལྟར་ཡང་སྔོན་ལ་འདི་དག་སྡུག་བསྔལ་ལས་གྲོལ་བར་མཛད་དོ་གསུངས། འདིས་ནི་སངས་རྒྱས་ཀྱི་སྨོན་ལམ་དང་བཟོད་པའི་ཆེ་བ་བསྟན་པ་ཡིན་ནོ། །

སངས་རྒྱས་ཀྱི་ཐུགས་བསྐྱེད་དང་བྱམས་སྙིང་རྗེའི་ཕན་ཡོན་དགེ་བཅུ་སྤྱོད་པའི་འབྲས་བུ་ཡང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཀུན་དགའ་བོས། ཀཎྜི་ནྱ་སོགས་དགེ་སློང་ལྔ་སྡེ་ལས་ཅི་བགྱིས་པས། ཐོག་མར་ཆོས་ཀྱི་བདུད་རྩིས་ངོམས་པར་གྱུར་སྙམ་དུ་བསམ་ནས་བཅོམ་ལྡན་འདས་ལ་ཞུས་པས་བཀའ་སྩལ་པ། དགེ་སློང་ལྔ་པོ་དེ་སྔོན་ཡང་བདག་གི་ཤ་དང་ཁྲག་གིས་ཚིམས་པར་བྱས་པས་ད་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། སྔོན་དུ་རྣམ་པར་གྲོལ་བ་ལ་བཀོད་པ་ཡིན་ཏེ། སྔོན་བསྐལ་པ་གྲངས་མེད་པ་འདས་པའི་ཕ་རོལ་ན། འཛམ་བུ་གླིང་འདིར་རྒྱལ་པོ་བྱམས་པའི་སྟོབས་ཞེས་བྱ་བ་བྱུང་སྟེ། དེ་ནི་བྱམས་པ་དང་སྙིང་རྗེར་ལྡན་ཏེ་ཚད་མེད་པ་བཞི་སྤྱོད་ཅིང་འབངས་འཁོར་རྣམས་དགེ་བ་བཅུའི་ལམ་ལ་བཀོད་པས། ལོ་ལེགས་པ་དང་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། སྒོ་གསུམ་གྱི་ལེགས་པར་སྤྱད་པའི་མཐུས་འབྱུང་པོ་དང་ཡི་དྭགས་གདུག་པ་ཅན་དག་གིས་ཀྱང་འཚེ་བར་མི་ནུས་སོ། །དེའི་ཚེ་གནོད་སྦྱིན་ལྔ་ཞིག་རྒྱལ་པོའི་མདུན་དུ་འོངས་ནས། བདག་ཅག་གི་ཟས་ནི་མི་ཡི་མདངས་དང་ཁྲག་ལ་ལྟོས་ཏེ་ལུས་སྲོག་འཚོ་བ་ལས། རྒྱལ་པོས་བཀར་བཏགས་ཏེ་ཐམས་ཅད་དགེ་བཅུ་ལ་གནས་པས། བདག་ཅག་ཟས་སྐོམ་མ་རྙེད་དེ་འཆི་ལ་ཐུག་པས་ཐུགས་རྗེས་བཟུང་འཚལ་ཞུས་པས། རྒྱལ་པོས་ཀྱང་དེ་དག་ལ་བརྩེ་བའི་ཕྱིར། རང་གི་ལུས་ཀྱི་ཡན་ལག་ལྔ་ལས་རྩ་ལྔ་བཅད་དེ་གནོད་སྦྱིན་ལྔ་པོ་ཁྲག་གིས་ཚིམས་པར་བྱས་ནས། དེ་དག་མགུ་བ་དང་། དགེ་བ་བཅུ་ལ་ཅི་ནུས་སུ་སྤྱོད་ཅིག་ཅེས་བསྐུལ་ཞིང་། ད་ལྟར་ངའི་ཁྲག་གིས་ངོམས་ཤིང་བདེ་བར་བྱས་པ་ལྟར། ཕྱིས་མངོན་པར་སངས་རྒྱས་ནས་ཆོས་ཀྱི་སྐུའི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། ཤེས་རབ་ཀྱིས་ཁྱོད་ཀྱི་དུག་གསུམ་བསལ་ཏེ་མྱ་ངན་ལས་འདས་པ་ལ་འགོད་པར་ཤོག་ཅིག་ཅེས་སྨྲས་སོ། །དེའི་དུས་ཀྱི་རྒྱལ་པོ་བྱམས་པའི་སྟོབས་ནི་ད་ལྟར་ང་ཡིན་ལ། གནོད་སྦྱིན་ལྔ་ནི་དགེ་སློང་ལྔ་པོ་འདི་ཡིན་ནོ། །ངས་གང་ནས་གང་དུ་སྐྱེས་པར་དེ་དག་ཐོག་མར་བསྒྲལ་བར་སྨོན་ལམ་བཏབ་བོ། །རྒྱུ་དེས་ངས་ཐོག་མར་ཆོས་བསྟན་མ་ཐག་ཏུ་རྣམ་པར་གྲོལ་བར་གྱུར་ཏོ་གསུངས། འདིས་ནི་སངས་རྒྱས་ཀྱི་ཐུགས་བསྐྱེད་དང་བྱམས་སྙིང་རྗེའི་ཕན་ཡོན་དགེ་བཅུ་སྤྱོད་པའི་འབྲས་བུ་ཡང་བསྟན་ནོ། །

དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་ནམ་ཡང་མེད་པར་མི་འགྱུར།

༈ ཡང་སྟོན་པ་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། རྒྱལ་པོ་གཟུགས་ཅན་སྙིང་པོས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས་སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་པ་སྔར་བས་ལྷག་པར་གྱུར་ཅིང་གཞན་དག་ལ་ཡང་སྐུལ་བར་བྱེད་དེ། དེའི་ཚེ་རྒྱལ་པོའི་གཅུང་ཞིག་ནི་མུ་སྟེགས་སྟོན་པ་སྡེ་དྲུག་ལ་དད་ནས་བཅོམ་ལྡན་འདས་མཆོད་པར་མི་བྱེད་དོ། །དེ་ལ་རྒྱལ་པོས་ནན་ཏན་གྱིས་སངས་རྒྱས་ལ་བསྙེན་བཀུར་བྱེད་པར་བསྐུལ་བས། རྒྱལ་པོའི་ངག་མ་ཆོག་ནས། ཆོས་སྟོན་ཆེན་པོ་བཤམས་ཏེ། ཐོག་མར་སྟོན་པ་དྲུག་བོས་ནས་གྲལ་གྱི་གོང་དུ་བཞག དེ་ནས་སངས་རྒྱས་འཁོར་བཅས་སྤྱན་དྲངས་ནས་གྲལ་གཤམ་དུ་བཞུགས་སུ་གསོལ་བ་ལས། བཅོམ་ལྡན་འདས་ཀྱི་བྱིན་གྱིས་སྟོན་པ་དྲུག་གྲལ་གྱི་ལྟག་ན་འདུག་པའང་གྲལ་གྱི་ཐ་མར་སོང་། སླར་ཡང་ལང་སྟེ་གྲལ་ལྟག་ཏུ་སོང་ཡང་སྔ་མ་ལྟར་གྱུར་ཏེ་དེ་ལྟར་ལན་གསུམ་གྱི་མཐར་མཐུ་མེད་པར་གྱུར་ཏེ་གྲལ་མཐར་འདུག་གོ །དེ་བཞིན་དུ་ཡོན་བདག་གིས་ཆུ་སྣོད་ཐོགས་ཏེ་ཆུ་བྲིམ་པ་ནའང་སྟོན་པ་དྲུག་ལ་སྔོན་དུ་བྲིམ་པས་ན་ཆུ་སྣོད་ཀྱི་ཁ་འགགས་ཏེ་ཆུ་མ་བྱུང་། སྨོན་ལམ་གདབ་པར་གསོལ་བ་ནའང་སྟོན་པ་དྲུག་གི་ཁ་འཐམ་ནས་སྨྲ་མ་ནུས། བསོད་སྙོམས་བྲིམ་པ་ནའང་ཞལ་ཟས་རྣམས་སྟེང་གི་ནམ་མཁར་འཕགས་ཏེ་བྲིམ་དུ་མེད་པར་གྱུར་པས། ཕུད་ཀྱིས་སངས་རྒྱས་འཁོར་བཅས་ལ་མཆོད་ཅིང་ལྷག་མ་རྣམས་སྟོན་པ་དྲུག་ལ་བྱིན་ནོ། །དེ་ནས་ཆོས་སྟོན་པ་ན། སྟོན་པ་དྲུག་ཁ་འཐམ་ནས། སངས་རྒྱས་ལ་གསོལ་ཅིག་ཅེས་པའི་ལག་གིས་བརྡ་བྱས་སོ། །དེར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས། གཟུགས་ཅན་སྙིང་པོའི་གཅུང་དེ་ཡང་ཆོས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་བ་ཐོབ་ཅིང་། གཞན་མང་པོ་ཞིག་འབྲས་བུ་བཞི་ལ་སྦྱར་ཞིང་། ཁ་ཅིག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེར་ཐམས་ཅད་ཀྱིས་སྟོན་པའི་ཁྱད་པར་ཤེས་ནས། སྟོན་པ་དྲུག་ལ་བསྙེན་བཀུར་བྱེད་པ་མ་བྱུང་བས། དེ་དག་སེམས་འཁྲུགས་ཏེ་སོ་སོར་དབེན་པར་གནས་པ་ན། བདུད་སྡིག་ཅན་གྱིས། བདག་གིས་ཡུན་རིང་པོ་ཞིག་ནས་དགེ་སྦྱོང་ག་ཏ་མ་ལ་གནོད་པ་དུ་མ་བརྩམས་ཀྱང་སྐབས་མ་རྙེད་ཀྱིས། ད་ནི་སྟོན་པ་དྲུག་ལ་ཅོ་འདྲི་ཞིག་བྱའོ་སྙམ་ནས། བདུད་སྡིག་ཅན་ཉིད་རྫོགས་བྱེད་ཇི་ལྟ་བར་སྤྲུལ་ཏེ། ཕྱུགས་ལྷས་ཀྱི་བུ་མ་སྐ་རི་དང་། རྣམ་པར་སྨྲ་བའི་བུ་ཀུན་ནས་རྒྱལ་བ་དང་། སྐྲའི་ལྭ་བ་ཅན་མི་ཕམ་པ་དང་། ཀཱ་ཏྱ་ཡ་ན་ནོག་ཅན་དང་། གཉེན་གྱི་བུ་གཅེར་བུ་པ་རྣམས་ཀྱི་ཐད་དུ་ཕྱིན་ནས། དེ་དག་གི་མདུན་གྱི་མཁར་མེ་འབར་བ་དང་། ཆུ་འབབ་པ་དང་། གློག་འགྱུ་བ་སོགས་ཆོ་འཕྲུལ་མང་པོ་བསྟན་ནས། དེ་ལྟ་བུའི་ཡོན་ཏན་དང་ནུས་པ་ཐོབ་པར་སྨྲས་ཤིང་། དེ་བཞིན་དུ་ལྷག་མ་གཞན་ལྔར་ཡང་སྤྲུལ་ནས། དེ་ལྟར་བསྟན་ཅིང་གོ་བར་བྱས་པས། དེ་དག་གིས་བདག་གཅིག་པུ་མ་གཏོགས་གཞན་རྣམས་ནི་མཐུ་དང་རྫུ་འཕྲུལ་ཆེ་བ་འབའ་ཞིག་གོ་སྙམ་མོ། །དེ་ནས་དུས་ཕྱིས་ཞིག་ན་སྟོན་པ་དྲུག་པོ། འདུན་ཁང་གཅིག་ཏུ་འདུས་ཤིང་ཚོགས་པ་ན། སྔོན་ནི་སྐྱེ་བོ་རྣམས་ཀྱིས་བདག་ཅག་ལ་བསྙེན་བཀུར་བྱེད་ན། ད་ནི་དགེ་སྦྱོང་ག་ཏ་མས་ཁ་དྲངས་ཀྱི། འོ་སྐོལ་གྱི་མིའི་ཆོས་ལས་བླ་མར་གྱུར་པའི་རྫུ་འཕྲུལ་གྱི་སྟོབས་འགྲན་པར་བྱས་ཏེ། ཁོས་རྫུ་འཕྲུལ་གཅིག་སྟོན་ན་འོ་སྐོལ་གྱིས་གཉིས་སྟོན། ཁོས་གཉིས་སྟོན་ན་བདག་ཅག་གི་བཞི་སོགས་ཉིས་འགྱུར་སུམ་འགྱུར་དུ་བསྟན་པར་བྱའོ། །ཞེས་གྲོས་བྱས་ནས། རྒྱལ་པོ་གཟུགས་ཅན་སྙིང་པོའི་ཐད་དུ་ཕྱིན་ནས། རྒྱལ་པོ་ལ་རྒྱལ་བ་དང་ཚེ་སྤེལ་བ་སྔོན་དུ་འགྲོ་བས། བདག་ཅག་རྣམས་ནི་ཆོ་འཕྲུལ་དང་ལྡན་ཞིང་ཤེས་པར་སྨྲ་ལ། དགེ་སྦྱོང་ག་ཏ་མ་ཡང་དེ་ལྟར་དུ་སྨྲ་ན་བདག་ཅག་ལྷན་དུ་ཆོ་འཕྲུལ་འགྲན་པར་འཚལ་བས། རྒྱལ་པོས་བདག་ཅག་སྤྲོད་ཅིག་ཅེས་སྨྲས་པས། རྒྱལ་པོས་ཁྱེད་རྣམས་རེ་གླེན། སངས་རྒྱས་ནི་ཡོན་ཏན་ཆེ་བ། རྫུ་འཕྲུལ་ཆེ་བ་ཆོ་འཕྲུལ་ཐོགས་པ་མེད་པ་ཡིན་ན། ཁྱེད་ཅག་སྲིན་བུ་མེ་ཁྱེར་ཉི་མ་ལ་འགྲན་པའམ། བ་རྨིག་གི་ཆུ་རྒྱ་མཚོ་ལ་བསྒྲུན་པའམ། ཝས་སེང་གེ་ལ་འགྲན་པའམ། བྱི་བྲུན་གྱིས་རི་རབ་ལྷུན་པོ་ལ་འཕངས་མཐོ་དམན་འགྲན་པ་དང་འདྲ་སྟེ། ཆེ་ཆུང་ཁྱད་ཞུགས་པར་མངོན་པས། ངན་པར་ལྟ་བ་ཁྱེད་ཧ་ཅང་གླེན་ཆེས་སོ། །དེ་དག་ན་རེ། མངོན་རྟགས་ཕྱིས་གཟིགས་པར་འགྱུར་བས་ཅིས་ཀྱང་འགྲན་པར་ཞུས་སོ། །དེར་རྒྱལ་པོས། ཁྱེད་ཅག་སྐྱེངས་ཀྱི་དོགས་ཀྱི་{དོག}གི། དེ་ལྟ་ན་ངེད་ཀྱིས་ཀྱང་ཁྱོད་ཀྱི་ཆོ་འཕྲུལ་མཐོང་བར་གྱིས་ཤིག སྟོན་པ་དྲུག་གིས་ད་སྟེ་ཞག་བདུན་ནའོ། །དེ་ནས་རྒྱལ་པོས་བཅོམ་ལྡན་འདས་ལ། སྟོན་པ་དྲུག་གི་ཆོ་འཕྲུལ་འགྲན་ཞེས་མཆི་སྟེ་བདག་གི་བཀག་ཀྱང་མ་ཐུབ་ཀྱིས། བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་གྱི་མཐུ་བསྟན་ཏེ། ངན་པར་ལྟ་བ་ལས་བཟློག་ནས། དགེ་བ་ལ་བཀོད་དུ་གསོལ། ཆོ་འཕྲུལ་བསྟན་པ་ཡང་བདག་ཅག་གིས་མཐོང་བར་མཛད་དུ་གསོལ། བཀའ་སྩལ་པ། ད་བདག་དུས་མཁྱེན་གྱིས་གང་དུ་འགྲན་པའི་གནས་ཡངས་པ་ཞིག་ཏུ་བྱི་དོར་གྱིས་ཤིག དེར་རྒྱལ་པོས་གནས་ཡངས་པར་ཕྱག་དར་དང་། སེང་གེའི་ཁྲི་སོགས་རྒྱན་བཀོད་ཕུན་སུམ་ཚོགས་པར་བྱས་སོ། །དེར་ཆོ་འཕྲུལ་འགྲན་པའི་དུས་ལ་བབས་པ་ན་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡངས་པ་ཅན་དུ་གཤེགས་སོ། །དེར་སྟོན་པ་དྲུག་པོས་དགེ་སྦྱོང་ག་ཏ་མ་བྲོས་སོ་སྙམ་སྟེ། ང་རྒྱལ་དང་སྤྲོ་བ་ལྷག་པར་སྐྱེས་ནས། དེའི་རྗེས་ལ་བསྙགས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་ཀྱང་ཤིང་རྟ་ལྔ་བརྒྱ་བཤམས་ཏེ་འཁོར་ཁྲི་ཕྲག་བཅུ་བཞི་དང་བཅས་ཏེ་བཅོམ་ལྡན་འདས་ཀྱི་རྗེས་སུ་ཡངས་པ་ཅན་དུ་དོང་ངོ་། །དེར་ཡང་སྔ་མ་བཞིན་དུ་ལིཙྪ་བཱི་རྣམས་ཀྱིས་གསོལ་བ་བཏབ་པ་ན། བཅོམ་ལྡན་འདས་ཀྱིས། ང་ཉིད་དུས་མཁྱེན་ཏོ། །ཞེས་གསུངས་ཏེ། སང་ལྟ་བུར་འགྲན་པ་ལས། དེ་རིང་ལྟ་བུར་ཡུལ་ཀ་ཤཱཾ་བཱིར་གཤེགས་སོ། །དེ་ནས་ལིཙྪ་བི་རྣམས་ཀྱང་སྔ་མ་ལྟར་འཁོར་ཁྲི་ཕྲག་བདུན་དང་བཅས་གཟུགས་ཅན་སྙིང་པོ་དང་སྟབས་གཅིག་ཏུ་ཡུལ་ཀ་ཤཱཾ་བཱིར་ཕྱིན་ཏོ། །དེར་ཡང་རྒྱལ་པོ་ཨུ་དྲ་ཡ་ནས་གསོལ་བ་བཏབ་པ་སོགས་སྔར་བཞིན་གྱིས། བཅོམ་ལྡན་འདས་ཡུལ་ཝར་གྱིར་གཤེགས་སོ། །རྒྱལ་པོ་ཨུ་དྲ་ཡ་ན་ཡང་འཁོར་སྟོང་ཕྲག་བརྒྱད་ཁྲི་དང་བཅས་པ་ཕྱིན་ཏོ། །དེར་རྒྱལ་པོ་ཤུན་ཙི་ད་ལས་གསོལ་བ་བཏབ་པ་སོགས་སྔར་ལྟར་ལས། ཡུལ་ཏི་ཀི་ཙ་ཤི་རིར་གཤེགས་སོ། །རྒྱལ་པོ་ཤུན་ཙི་ད་ལ་ཡང་འཁོར་ཁྲི་ཕྲག་ལྔ་དང་བཅས་ཕྱིན་ཏོ། །དེར་རྒྱལ་པོ་ཨིན་དྲ་བ་ཡིས་གསོལ་བ་བཏབ་པ་ནས། སྟོན་པ་ཡུལ་ཝཱ་རཱ་ཎ་སཱིར་གཤེགས་པའི་སྔར་བཞིན་ལ། རྒྱལ་པོ་དེ་ཡང་འཁོར་ཁྲི་ཕྲག་དྲུག་དང་བཅས་ཏེ་ཕྱིན་ཏོོ། །དེར་ཡང་རྒྱལ་པོ་ཚངས་སྦྱིན་གྱིས་གསོལ་བ་བཏབ་ནས། བཅོམ་ལྡན་འདས་ཡུལ་སེར་སྐྱར་གཤེགས་པའི་རྗེས་སུ། རྒྱལ་པོ་ཚངས་སྦྱིན་ཡང་འཁོར་ཁྲི་ཕྲག་བརྒྱད་ཅུ་དང་བཅས་ཏེ་འབྲང་ངོ་། །དེར་ཤཱཀྱ་རྣམས་ཀྱིས་གསོལ་བ་བཏབ་ནས་སྟོན་པ་མཉན་ཡོད་དུ་གཤེགས་སོ། །ཤཱཀྱའི་རིགས་རྣམས་འཁོར་ཁྲི་ཕྲག་དགུ་དང་བཅས་ཐམས་ཅད་ཕྱིན་ཏེ། རྒྱལ་པོ་རྣམས་དང་འཁོར་རྣམས་ཀྱིས་མཉན་ཡོད་ཀྱི་ལྗོངས་ཡོངས་སུ་གང་བར་གྱུར་ཏོ། །དེར་སྟོན་པ་དྲུག་གིས་རྒྱལ་པོ་གསལ་རྒྱལ་ལ། དགེ་སྦྱོང་ག་ཏ་མ་དང་། བདག་ཅག་ཆོ་འཕྲུལ་འགྲན་པའི་དུས་བྱས་པ་ལས་དུས་ལ་བབ་པ་དང་བྱོལ་ཞིང་འབྲོས་ཏེ། ད་ནི་འཁོར་མང་པོ་ཡང་རྒྱལ་པོའི་ཡུལ་དུ་ཚོགས་ཀྱིས། རྒྱལ་པོ་ཆེན་པོས་བདག་འགྲན་དུ་ཆུག་ཅིག་ཅེས་གསོལ་པ་དང་། རྒྱལ་པོས་བཟློག་ཀྱང་དེ་དག་གིས་མི་ཉན་ནོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་གསོལ་པ། སྟོན་པ་དྲུག་པོ་དག་ཆོ་འཕྲུལ་འགྲན་པར་ཡང་དང་ཡང་དུ་བསྐུལ་གྱིས། བཅོམ་ལྡན་འདས་ཀྱིས་ཚར་བཅད་དེ། ཆོ་འཕྲུལ་གྱི་བྱེ་བྲག་དབྱེ་བར་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས་ང་ཉིད་དུས་མཁྱེན་ནོ། །ཞེས་བཀའ་སྩལ་པ་དང་། རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་རྣམས་ལ་བཀའ་བསྒོས་ནས། ཆོ་འཕྲུལ་འགྲན་པའི་གནས་མཉམ་ཞིང་ཕྱག་དར་བྱས་ཏེ། མེ་ཏོག་དང་སྤོས་མང་དུ་བཤམས་ཤིང་སེང་གེའི་ཁྲི་བཙུགས་ནས་བ་དན་དང་། རྒྱལ་མཚན་ལ་སོགས་པས་བརྒྱན་ཏེ། འཁོར་མང་པོ་ཡང་འདུས་སོ། །དེའི་ཚེ་དཔྱིད་ཟླ་ར་བའི་ཚེས་གཅིག་གི་ཉིན་པར་བཅོམ་ལྡན་འདས་ཆོ་འཕྲུལ་འགྲན་པའི་གནས་སུ་གཤེགས་པ་དང་། རྒྱལ་པོ་གསལ་རྒྱལ་གྱིས་མཆོད་པའི་ཡོ་བྱད་དང་ཞལ་ཟས་བཤམས་ཏེ། བཅོམ་ལྡན་འདས་ལ་ཕྱག་དར་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཚེམས་ཤིང་གསོལ་ནས། ལྷག་མ་ས་ལ་བཙུག་པས་དེ་མ་ཐག་ཏུ་སྐྱེས་ནས། ཡལ་ག་དང་ལོ་མ་མཐོ་ཁྱད་དང་འཁོར་ཡུག་ཏུ་དཔག་ཚད་ལྔ་བརྒྱ་རེ་ཡོད་པ། དེ་ལ་མེ་ཏོག་ཤིང་རྟའི་འཕང་ལོ་ཙམ་སྐྱེས་ནས་འབྲས་བུ་ཡང་བྲེ་ལྔ་ཤོང་བའི་བུམ་པ་ཙམ་རྩ་བ་དང་ཡལ་ག་འདབ་མ་སོགས་རིན་ཆེན་སྣ་བདུན་ལས་གྲུབ་པ། ཁ་དོག་སྣ་ཚོགས་པའི་འོད་ཀྱིས་ཉི་མ་དང་ཟླ་བ་ཡང་ཟིལ་གྱིས་གནོན་ནུས་ཤིང་། འབྲས་བུ་དེ་གང་གིས་ཟོས་ན། བདུད་རྩིའི་རོ་བས་ལྷག་པའི་བྲོ་བ་དང་ལྡན་ཞིང་། དེའི་དྲི་བསུང་གི་ངད་ཕོག་པས་ཐམས་ཅད་བདེ་ཞིང་ཚིམ་པར་བྱེད་པ། ཡལ་ག་དང་ལོ་མ་རླུང་གིས་བསྐྱོད་པ་ལས་ཡིད་དུ་འོང་བའི་ཆོས་ཀྱི་སྒྲ་བྱུང་ངོ་། །མི་ཐམས་ཅད་ཀྱིས་ཤིང་དེ་ལ་དང་བའི་སེམས་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་འབྲས་བུ་ཐོབ་པ་དང་། ལྷར་སྐྱེས་པ་ཡང་རབ་ཏུ་མང་ངོ་། །དེའི་ཕྱི་ཉིན་ཚེས་གཉིས་པ་ལ་རྒྱལ་པོ་ཨུ་དྲ་ཡ་ནས་སྤྱན་དྲངས་ཤིང་མཆོད་པའི་ཚེ། སངས་རྒྱས་ཀྱི་སྐུའི་གཡས་གཡོན་དུ་རིན་པོ་ཆེའི་རི་གཉིས་ལ་ཤིང་དང་མེ་ཏོག་འབྲས་བུ་སྣ་ཚོགས་པས་བརྒྱན་ཅིང་སྒྲ་སྐད་ཤིན་ཏུ་སྙན་པ་འབྱུང་བ། རི་གཅིག་གི་རྩེ་ན་འབྲས་བུ་རོ་བརྒྱ་དང་ལྡན་པ་དང་། གཅིག་གི་རྩེ་མོ་ན་རྩ་ཤིན་ཏུ་མངར་ཞིང་འཇམ་པ་སྐྱེས་དེ་མི་དང་དུད་འགྲོའི་ཚོགས་རྣམས་ཡིད་བཞིན་དུ་ཟ་ཞིང་ཚིམ་པར་སྤྲུལ་ནས་ཆོས་བསྟན་པས། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་མཐོ་རིས་ཀྱི་ལྷར་སྐྱེས་པའི་གྲངས་ཀྱང་རབ་ཏུ་མང་ངོ་། །དེ་བཞིན་དུ་ཚེས་གསུམ་པ་ལ་རྒྱལ་པོ་ཤུན་ཙི་ད་ལས་མཆོད་པའི་ཚེ། བཅོམ་ལྡན་འདས་ཀྱིས་ཞབས་བསིལ་ནས། ཞབས་བསིལ་གྱི་ཆུ་སླར་བོར་བ་རིན་པོ་ཆེའི་རྫིང་བུ་འཁོར་ཡུག་ཏུ་དཔག་ཚད་ཉིས་བརྒྱ་ཡོད་པ་རིན་པོ་ཆེ་སྣ་བདུན་གྱིས་གང་ཞིང་ཆུ་བོ་ཡོན་ཏན་བརྒྱད་དང་ལྡན་པ། ཁ་དོག་སྣ་ཚོགས་པའི་པདྨ་ཤིང་རྟའི་འཕང་ལོ་ཙམ་གྱིས་གང་ཞིང་། དེ་ལས་ཡིད་དུ་འོང་བའི་དྲི་བསུང་དང་འོད་ཟེར་སྣ་ཚོགས་པ་འཕྲོ་བར་སྤྲུལ་ཞིང་ཆོས་བསྟན་པས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་འབྲས་བུ་ཐོབ་ནས་ལྷར་སྐྱེས་པ་དང་། བསོད་ནམས་ཀྱི་ལས་བསྐྱེད་པ་དཔག་ཏུ་མེད་པ་བྱུང་ངོ་། །ཚེས་བཞི་པ་ལ་རྒྱལ་པོ་ཨིན་དྲ་བ་མས་མཆོད་པའི་ཚེ། རིན་པོ་ཆེའི་རྫིང་བུ་དེའི་ངོས་བཞི་ན་ཡུར་བ་ཆེན་པོ་བརྒྱད་བརྒྱད་ཡོད་པ་ལ་ཕྱིར་ཡང་འཁོར་ཞིང་རྫིང་དེ་ཉིད་དུ་འབབ་པ་དང་། ཆུ་ཡི་སྒྲ་ལས་དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སོགས་པའི་ཆོས་རྣམ་པ་སྣ་ཚོགས་ཀྱི་སྒྲ་འབྱུང་ཞིང་དེའི་དོན་རྟོགས་ནས་སྔ་མ་བཞིན་གྱི་འབྲས་བུ་ཐོབ་པ་སོགས་རབ་ཏུ་མང་པོ་བྱུང་ངོ་། །ཚེས་ལྔ་པ་ལ་རྒྱལ་པོ་ཚངས་སྦྱིན་གྱིས་མཆོད་པའི་ཚེ། སྟོན་པའི་ཞལ་གྱི་སྒོ་ནས་གསེར་གྱི་མདོག་ལྟ་བུའི་འོད་ཟེར་བཀྱེ་ནས། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་བྱས་ཏེ། འོད་དེས་རེག་པའི་སེམས་ཅན་ཐམས་ཅད་དུག་གསུམ་དང་སྒྲིབ་པ་ལྔ་དང་བྲལ་ཏེ་ལུས་སེམས་བདེ་བས་ཁྱབ་ཅིང་། ཆོས་བསྟན་པ་སོགས་སྔ་མ་རྣམས་བཞིན་ནོ། །ཚེས་དྲུག་པ་ལ་ལིཙྪ་བི་རྣམས་ཀྱིས་མཆོད་པའི་ཚེ་འཁོར་རྣམས་ཀྱིས་ཕན་ཚུན་གཅིག་གི་བསམ་པ་གཅིག་གིས་ཤེས་ཤིང་། སོ་སོའི་དགེ་མི་དགེའི་ལས་ཀྱང་རྟོགས་པར་བྱས་ནས། སངས་རྒྱས་ཀྱི་ཡོན་ཏན་བསྔགས་ཤིང་སྨོན་ལམ་འདེབས་པར་བྱེད་ལ། ཆོས་བསྟན་པ་སོགས་སྔར་བཞིན་ནོ། །ཚེས་བདུན་པ་ལ་ཤཱཀྱའི་རིགས་རྣམས་ཀྱིས་མཆོད་པའི་ཚེ། འཁོར་ཐམས་ཅད་སོ་སོ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་བུ་སྟོང་དང་ལྡན་པར་སྤྲུལ་ནས། རྒྱལ་ཕྲན་དང་བློན་པོ་རྣམས་ཀྱིས་བསྟི་སྟང་བྱེད་པར་མཐོང་སྟེ་ངོ་མཚར་ཞིང་སྤྲོ་བ་སྐྱེས་ནས་ཆོས་བསྟན་པ་སོགས་སྔ་མ་བཞིན་ནོ། །ཚེས་བརྒྱད་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་མཆོད་པའི་ཚེ། བཅོམ་ལྡན་འདས་སེང་གེའི་ཁྲི་ལ་བཞུགས་པའི་གཡས་གཡོན་ནས་ལྷའི་དབང་པོ་ཚངས་པ་དང་བརྒྱ་བྱིན་གྱིས་མངོན་པར་མཆོད་ཅིང་། སྟོན་པའི་ཕྱག་གིས་སེང་གེའི་ཁྲི་མནན་པ་དང་། སེང་ཁྲི་ལས་གླང་པོ་ཆེའི་སྐད་ལྟ་བུའི་སྒྲ་ཆེན་པོ་ཞིག་བྱུང་བ་དང་། དེ་མ་ཐག་ཏུ་སྲིན་པོ་ཆེན་པོ་ལྔ་བྱུང་ནས། སྟོན་པ་དྲུག་གི་ཁྲི་དྲུང་ནས་བཤིག ཕྱག་ན་རྡོ་རྗེས་རྡོ་རྗེ་མེ་འབར་བ་ཐོགས་ནས་སྟོན་པ་དྲུག་གི་མགོར་གཟས་པས། དེ་དག་འཇིགས་སྐྲག་ནས་བྱེར་ཞིང་བྲོས་ཏེ་སྐྱེངས་ནས། ཁ་ཅིག་ཆུར་མཆོངས་ནས་ཚེ་ཡི་དུས་བྱས་སོ། །སྟོན་པ་དྲུག་གི་འཁོར་ལས་སྟོང་ཕྲག་དགུ་བཅུ་ནི་སངས་རྒྱས་ལ་སྐྱབས་སུ་གསོལ་བས། སྐྲ་དང་ཁ་སྤུ་རང་བྱིར་སོང་ནས་དགེ་སློང་དུ་གྱུར་ནས་མཐར་གྱིས་དགྲ་བཅོམ་པ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྐུའི་བ་སྤུའི་བུ་ག་བརྒྱད་ཁྲི་ལས་འོད་ཟེར་བཀྱེ་ནས་ནམ་མཁའ་གང་བར་མཛད་དེ། འོད་ཟེར་རེ་རེའི་རྩེ་ལ་པདྨ་ཆེན་པོ་དང་། དེ་རེ་རེའི་སྟེང་ན་སྤྲུལ་པའི་སངས་རྒྱས་འཁོར་དང་བཅས་པ་དམ་པའི་ཆོས་སྟོན་པ་རེ་རེ་སྤྲུལ་ཏེ། འཁོར་ཀུན་གྱིས་མཐོང་བར་བྱས་པས་ལྷག་པར་དད་པའི་སེམས་སྐྱེས་པ་ལ་ཆོས་བསྟན་པས་སེམས་བསྐྱེད་ཅིང་འབྲས་བུ་ཐོབ་པ་སོགས་གྲངས་ལས་འདས་པར་བྱུང་ངོ་། །ཚེས་དགུ་པ་ལ་ཚངས་པའི་རྒྱལ་པོས་མཆོད་པའི་ཚེ། བཅོམ་ལྡན་འདས་ཀྱི་སྐུ་ཚངས་གནས་ལ་ཐུག་གི་བར་དུ་ཤིན་ཏུ་མཐོ་བར་སྤྲུལ་ཞིང་འོད་ཟེར་ཆེན་པོ་འགྱེད་པ་དང་། སྐུ་དེ་ཐམས་ཅད་ཀྱིས་མཐོང་བ་དང་གསུངས་ཀྱང་ཐོས་པར་གྱུར་ནས་ཆོས་བསྟན་པས་སེམས་བསྐྱེད་པ་སོགས་གྲངས་མེད་པ་བྱུང་ངོ་། །ཚེས་བཅུ་པ་ལ་རྒྱལ་ཆེན་བཞིའི་རྒྱལ་པོས་མཆོད་པའི་ཚེ། བཅོམ་ལྡན་འདས་ཀྱི་སྐུ་རྒྱལ་ཆེན་བཞིའི་རིས་ནས་སྲིད་པའི་རྩེ་མོ་ལ་ཐུག་གི་བར་དུ་སྐུའི་ཡོངས་སུ་གང་བར་མཐོང་བར་མཛད་ནས་སྐུ་དེ་དག་ལས་འོད་ཟེར་ཆེན་པོ་བཞི་བྱུང་སྟེ་འཁོར་རྣམས་ལ་ཆོས་སྟོན་པའང་ཀུན་གྱིས་གསལ་པོར་ཐོས་པར་མཛད་པས་སེམས་བསྐྱེད་པ་དང་འབྲས་བུ་ཐོབ་པ་དཔག་ཏུ་མེད་པ་བྱུང་ངོ་། །ཚེས་བཅུ་གཅིག་ཉིན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མཆོད་པའི་ཚེ། བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་ནས། སེང་གེའི་ཁྲི་ལ་བཞུགས་བཞིན་དུ་སྐུ་མི་སྣང་བར་མཛད་ནས། འོད་ཟེར་གྱི་ཕུང་པོ་ལས་གསུང་གིས་ཆོས་སྟོན་པར་མཛད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་དཔག་གིས་མི་ལང་ངོ་། །ཚེས་བཅུ་གཉིས་ཉིན་ཁྱིམ་བདག་ཙིན་དས་མཆོད་པའི་ཚེ། གསེར་མདོག་ལྟ་བུའི་འོད་ཀྱིས་སྟོང་གསུམ་ཁྱབ་པར་མཛད་ཅིང་། འོད་དེས་རེག་པའི་སེམས་ཅན་རྣམས་ཀྱིས་གདུག་པའི་སེམས་ཞི་ནས། ཕན་ཚུན་ཕ་མའམ་ཕུ་ནུ་ལྟ་བུའི་བྱམས་པའི་སེམས་སྐྱེས་ཏེ། ཆོས་བསྟན་པས་སེམས་བསྐྱེད་པ་སོགས་དཔག་ཏུ་མེད་དོ། །བཅུ་གསུམ་ཉིན་རྒྱལ་པོ་ཤུན་ཙི་ད་ནས་མཆོད་པའི་ཚེ། བཅོམ་ལྡན་འདས་ཀྱི་སྐུའི་ལྟེ་བ་ལས་འོད་ཟེར་ཆེན་པོ་གཉིས་ཤིག་བྱུང་སྟེ། འོད་དེ་གཉིས་ཀྱི་སྟེང་ན་པདྨ་རེ་རེ། དེ་རེ་རེ་ལ་སྤྲུལ་པའི་སངས་རྒྱས་རེ་རེ་བཞུགས་ཤིང་། དེ་རེ་རེའི་ལྟེ་བ་ནས་འོད་ཟེར་ཆེན་པོ་གཉིས་གཉིས་སོགས་སྔར་ལྟར་གྱིས། མཐར་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་སྤྲུལ་པའི་སངས་རྒྱས་ཀྱིས་གང་བར་ཀུན་གྱིས་མཐོང་ཞིང་། ཆོས་བསྟན་པས། བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་གྲངས་མཐའ་ཡས་སོ། །བཅུ་བཞིའི་ཉིན་རྒྱལ་པོ་ཨུ་དྲ་ཡ་ནས་མཆོད་པའི་ཚེ། རྒྱལ་པོས་གཏོར་བའི་མེ་ཏོག་རྣམས་རིན་པོ་ཆེའི་ཤིང་རྟར་གྱུར་ནས། སྟོང་གསུམ་ཀུན་ཏུ་སྣང་བར་བྱས་ཤིང་ཆོས་བསྟན་པས་སེམས་བསྐྱེད་པ་སོགས་སྔར་ལྟར་རོ། །ཚེས་བཅོ་ལྔའི་ཉིན་རྒྱལ་པོ་གཟུགས་ཅན་སྙིང་པོས་སྤྱན་དྲངས་ཏེ་མཆོད་པའི་ཚེ། སྣོད་ཀུན་ཞལ་ཟས་རོ་བརྒྱ་དང་ལྡན་པས་ཡོངས་སུ་གང་ཞིང་འཁོར་རྣམས་ཚིམ་པར་མཛད་པ་དང་སངས་རྒྱས་ཀྱི་ཕྱག་ས་ལ་བརྡབ་པས་དམྱལ་ཁམས་བཅོ་བརྒྱད་ཀྱི་སེམས་ཅན་ཚད་མེད་པ་མཐོང་ཞིང་། དེ་དག་གིས་སྔོན་གྱི་ལས་དང་སྡུག་བསྔལ་ཇི་ལྟར་མྱང་བའི་ཚུལ་སྨྲས་པས། འཁོར་རྣམས་དངངས་ཤིང་སྙིང་རྗེའི་སེམས་སྐྱེས་པ་ལ་ཅི་རིགས་པའི་ཆོས་བསྟན་པས། ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་ཏེ་ལྷ་དང་མིར་སྐྱེ་བའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་དོ། །སེམས་ཅན་དམྱལ་བ་དེ་དག་གིས་སངས་རྒྱས་མཐོང་ཞིང་ཆོས་ཐོས་པའི་རྐྱེན་གྱིས་ཤིན་ཏུ་དད་པའི་སེམས་སྐྱེས་ཏེ། དེ་དག་ཚེ་ཡི་དུས་བྱས་ནས་ཐམས་ཅད་ལྷ་དང་མིར་སྐྱེས་སོ། །དེ་ནས་རྒྱལ་པོས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལས་གཞན་རྣམས་སྔར་མཐོང་ན་ཞབས་ཀྱི་མཐིལ་ན་འཁོར་ལོའི་མཚན་མངའ་བ་འཁོར་རྣམས་ལ་བསྟན་པར་གསོལ་བ་བཏབ་པ་བཞིན་འཁོར་རྣམས་ལ་སྟོན་པར་མཛད་ཅིང་། དེའི་རྒྱུ་ཞུས་པར། ངས་སྔོན་འདས་པའི་དུས་ན་དགེ་བ་བཅུའི་ལས་དག་ཀྱང་བྱས་གཞན་དག་བྱེད་པར་ཡང་བསྐུལ་བས་འདི་ལྟ་བུའི་མཚན་ཤིན་ཏུ་གསལ་བར་ལྡན་པར་གྱུར་ཏེ། སྔོན་འདས་པའི་བསྐལ་པ་གྲངས་མེད་པའི་ཕ་རོལ་ན། འཛམ་བུ་གླིང་འདིར་རྒྱལ་པོ་ཤིང་རྟ་ཆེན་མོ་ཞེས་བྱ་བ། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་པ་ཞིག་བྱུང་སྟེ། དེ་ལ་སྲས་མཚན་དང་ལྡན་པ་ཞིག་འཁྲུངས་པ་ལ། མཚན་ཤེས་རབ་འོད་དུ་བཏགས། དེ་ཆེར་སྐྱེས་ཏེ་ཡབ་རྒྱལ་པོ་གཤེགས་པ་ན། བློན་པོ་རྣམས་ཀྱིས་རྒྱལ་བུ་དེ་རྒྱལ་པོར་དབང་བསྐུར་བར་གསོལ་བ་ན། རྒྱལ་བུ་ལ་སྤྲོ་བ་མེད་པར་གྱུར་ནས། སླར་ཡུལ་མི་རྣམས་ཀྱིས་དགེ་བ་བཅུའི་ལས་བྱེད་པར་ཁས་བླངས་ནས་རྒྱལ་བུས་རྒྱལ་སྲིད་བཟུང་ངོ་། །དེའི་ཚེ་བདུད་ཀྱིས་ཕྲག་དོག་བྱས་ནས། བསྐུར་ཡིག་བྲིས་ཏེ། སྔར་དགེ་བ་བྱོས་ཤིག་པར་ཁྲིམས་སུ་བཅས་ཀྱང་མངོན་རྟགས་མེད་པས། ད་ཕྱིན་ཆད་ཅི་འདོད་པར་མི་དགེ་བཅུ་ལ་བག་མེད་པར་སྤྱོད་ཅིག ཅེས་པའི་སྤྲིང་ཡིག་རྒྱལ་ཕྲན་རྣམས་ཀྱི་ལག་ཏུ་འོང་བ་ན་དེ་དག་ཡིད་མ་ཆེས་ཏེ་རྒྱལ་པོའི་དྲུང་དུ་འཚོགས་ནས་ལོ་རྒྱུས་ཞུས་པས། རྒྱལ་པོ་ཧ་ལས་ཏེ། ངས་ནི་འདི་སྐད་དུ་བསྒོ་བ་མེད་ན། ཅིའི་ཕྱིར་འདི་འདྲ་བར་གྱུར་སྙམ་སྟེ། དེའི་རྒྱུ་རྟོག་པའི་ཕྱིར་རྒྱལ་པོ་ཉིད་ཡུལ་ཀུན་ཏུ་གཤེགས་པ་ན། བདུད་ཀྱི་རྒྱལ་པོས། ལམ་ཁ་ཞིག་ཏུ་མེ་དོང་ཆེན་པོ་རབ་ཏུ་འབར་བའི་ནང་དུ་སྡུག་བསྔལ་གྱིས་འོ་དོད་འབོད་པའི་མི་ཞིག་ཏུ་སྤྲུལ་ནས། བདག་གིས་སྔོན་མི་འདི་དག་དགེ་བ་བཅུའི་ལམ་ལ་བཀོད་པས། ད་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་འདི་ལྟ་བུ་མྱོང་ངོ་ཞེས་ཟེར་རོ། །དེ་ལ་རྒྱལ་པོས་མི་བདེན་པར་ཤེས་ནས་ཁྱོད་དགེ་བ་བྱེད་པར་བསྐུལ་བས་འདི་ལྟ་བུར་གྱུར་ན། དགེ་བ་བྱེད་པ་དེ་དག་གི་འབྲས་བུ་ཐོབ་བམ་ཞེས་དྲིས་པས། དེ་ན་རེ། དེ་དག་གིས་ནི་དགེ་བའི་འབྲས་བུ་ཐོབ་སྟེ། དགེ་བ་བྱེད་པར་བསྐུལ་བ་འབའ་ཞིག་སྡུག་བསྔལ་འདི་ལྟ་བུ་མྱོང་ངོ་། །དེར་རྒྱལ་བུ་ཤིན་ཏུ་དགའ་སྟེ། མི་ཕ་རོལ་པོས་དགེ་བའི་འབྲས་བུ་ཐོབ་པར་གྱུར་ན། བདག་སྡུག་བསྔལ་མྱོང་ཡང་སླའི་འགྱོད་པ་མེད་དོ་ཞེས་སྨྲས་པས། དེ་བདུད་ཀྱི་རྒྱལ་པོས་ཐོས་པ་དང་། དེ་དག་དེ་མ་ཐག་ཏུ་མི་སྣང་བར་བྱས་སོ། །དེ་ནས་རྒྱལ་པོ་ཡུལ་ཀུན་ཏུ་གཤེགས་ནས་དགེ་བ་བཅུའི་ལམ་བསྒྲགས་པས། ཐམས་ཅད་ཀྱིས་རྒྱལ་པོའི་ཡོན་ཏན་གྱི་བསྔགས་པ་བརྗོད་ཅིང་། དེའི་ཚེ་གསེར་གྱི་འཁོར་ལོ་སོགས་རིན་པོ་ཆེ་སྣ་བདུན་ཡང་འབད་མེད་དུ་བྱུང་ཞིང་། གླིང་བཞི་ལ་དབང་བྱེད་པའི་རྒྱལ་པོར་གྱུར་ནས་ཐམས་ཅད་དགེ་བ་བཅུའི་ལམ་ཡང་དག་པ་ལ་བཀོད་པར་མཛད་པ་ཡིན་ཏེ། དེའི་ཚེ་དེའི་དུས་ཀྱི་ཡབ་རྒྱལ་པོ་ནི་ཟས་གཙང་མ་དང་། ཡུམ་དེ་ནི་ལྷ་མཛེས་མ་དང་། རྒྱལ་པོ་ཤེས་རབ་འོད་ནི་ང་ཡིན་ཏེ། དེའི་ཚེ་དེའི་དུས་ན་ཡང་ང་ཉིད་དགེ་བ་བཅུ་ཉམས་སུ་བླངས་ཏེ། གཞན་དག་ཀྱང་དགེ་བ་བཅུ་ལ་བཀོད་པས་ཞབས་ཀྱི་འོག་ན་འཁོར་ལོ་རྩིབས་སྟོང་དང་ལྡན་པར་གྱུར་ཏོ་གསུངས། གཞན་ཡང་སྔོན་རྒྱལ་པོ་སྡོང་དུམ་དུ་འཁྲུངས་པའི་ཚེ་སྟོན་པ་སྡེ་དྲུག་རྒྱལ་ཕྲག་དྲུག་ཏུ་གྱུར་པ་མེད་པར་བྱས་ནས་མཐར་གྱིས་གླིང་བཞི་ལ་དབང་བྱེད་པའི་རྒྱལ་པོར་གྱུར་ནས་དགེ་བཅུའི་ཁྲིམས་བཅས་པ་དང་དེའི་སྔོན་དུ་འབྲུ་མར་འཚག་པར་གྱུར་པའི་ཚེ་རང་སངས་རྒྱས་ལ་ཚིག་ངན་སྨྲས་པས་རྒྱལ་པོ་དེ་བཞིན་མི་སྡུག་པར་གྱུར་པ་དང་། ཕྱིས་འགྱོད་ཚངས་བྱས་པས་བཞིན་མཛེས་པར་གྱུར་པ་དང་། མར་ཕུལ་བས་མཐུ་སྟོབས་དང་ལྡན་ཏེ་ཐམས་ཅད་ཐུབ་པར་གྱུར་པ་དང་། འཁོར་ལོས་སྒྱུར་རྒྱལ་ཐོབ་པའི་ཚུལ་སོགས་རྒྱས་པར་བཀའ་སྩལ་ཏེ། དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་ནམ་ཡང་མེད་པར་མི་འགྱུར་ཏེ། དེ་བས་ན་ལུས་དང་ངག་དང་ཡིད་ཀྱི་ལས་བསྲུང་བ་ལ་ནན་ཏན་བྱའོ། །ཞེས་གསུངས་པས་གཟུགས་ཅན་སྙིང་པོ་ལ་སོགས་པའི་རྒྱལ་པོ་དང་བློན་པོ་དང་འཁོར་རྣམ་པ་བཞི་དང་། ལྷ་དང་ཀླུ་ལ་སོགས་པས་ཐོས་ནས། ལ་ལ་ནི་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་གྱི་འབྲས་བུ་ཐོབ་ཅིང་། ཁ་ཅིག་ནི་རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་སྐྱེད་པ། ཁ་ཅིག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །

བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་སྤུངས་པའི་རི་ལ་བཞུགས་པའི་ཚེ།

༈ ཡང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་སྤུངས་པའི་རི་ལ་བཞུགས་པའི་ཚེ། སྐུ་ལ་བསེར་མའི་སྙུན་བྱུང་ནས། སྨན་པ་འཚོ་བྱེད་གཞོན་ནུས་སྨན་རྣམ་པ་སུམ་ཅུ་རྩ་གཉིས་མར་དང་སྦྱར་ཏེ། ཉིན་རེ་བཞིན་སྨན་སྲང་སུམ་ཅུ་རྩ་གཉིས་རེ་གསོལ་བ་ན། ལྷས་སྦྱིན་ཕྲག་དོག་སྐྱེས་ནས་སྨན་བསླངས་པ་ཉིན་རེ་སྲང་བཞི་རེ་ཐོང་ཞེས་བསྒོས་ཀྱང་མ་ཉན་པར་སྲང་སུམ་ཅུ་རྩ་གཉིས་ཟོས་པས་དེར། ལྷས་སྦྱིན་གྱིས་སྨན་མར་མ་ཞུ་ནས་ནད་དུ་གྱུར་ཏེ་ཤིན་ཏུ་སྡུག་བསྔལ་བ་ལ། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བར་དགོངས་ཏེ། རྒྱང་རིང་མོ་ནས་ཕྱག་བརྐྱང་བ་ལྷས་སྦྱིན་གྱི་མགོར་བཞག་པའི་མོད་ལ་ནད་ལས་གྲོལ་བ་དང་། ལྷས་སྦྱིན་གྱིས་དེ་ཤེས་ནས། རྒྱལ་བུ་དོན་གྲུབ་ཀྱིས་སྨན་ཡང་བསླབས་ཏེ་ཤེས་པ་འདྲ་སྟེ་བདག་མི་འདོད་དོ་ཞེས་ཟེར། དེ་ཀུན་དགའ་བོས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷས་སྦྱིན་གྱིས་ད་ལྟར་འདི་འབའ་ཞིག་ཏུ་ང་ལ་མི་དགེ་བའི་སེམས་བསྐྱེད་ནས་གནོད་པར་སེམས་པར་མ་ཟད་ཀྱིས། སྔོན་འདས་པའི་དུས་ནའང་ང་ལ་སྡིག་པའི་སེམས་བསྐྱེད་ནས་བསད་པར་གྱུར་ཏེ། སྔོན་ཝཱ་རཱ་ཎ་སཱི་ན། རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་ཁྲོ་ཞིང་གཏུམ་ལ་སྙིང་རྗེ་མེད་པར་གསོད་ལ་དགའ་བ་ཞིག་བྱུང་སྟེ་དེས་རྨི་ལམ་དུ། གཅན་གཟན་གྱི་ལུས་སྤུ་གསེར་ལྟར་སྣང་ཞིང་འོད་འཕྲོ་བ་ཞིག་རྨིས་པས། དེའི་པགས་པ་འཚོལ་བའི་དོན་དུ་རྔོན་པ་རྣམས་བསྡུས་ཏེ། རྨི་ལམ་དུ་བྱུང་བ་ལྟ་བུའི་སེམས་ཅན་ཞིག་ཡུལ་འདིར་ཡོད་ངེས་པས་དེ་ཚོལ་ལ་པགས་པ་བདག་ལ་ཕུལ་ཅིག་དང་། ཁྱེད་ཀྱི་བདུན་རྒྱུད་ཚུན་ཆོད་བདེ་བར་བྱ་ལ། གལ་ཏེ་མ་ཚོལ་ཞིང་མ་རྙེད་ན་ཁྱེད་རྣམས་རྩ་རྒྱུད་ཚུན་ཆོད་མེད་པར་བྱའོ། །ཞེས་བསྒོས་པས། དེ་དག་ཤིན་ཏུ་མི་དགའ་སྟེ། དེ་ལྟ་བུ་སྔོན་ཆད་ཡོད་པར་ཡང་མ་ཐོས་ཤིང་། ནགས་ཁྲོད་ནི་སྦྲུལ་དང་གཅན་གཟན་གདུག་པ་ཅན་གྱིས་གང་བས་བགྲོད་དཀའ་ལ་གལ་ཏེ་མ་རྙེད་ན་རྒྱལ་པོ་གདུག་པ་ཅན་གྱིས་ཕུང་བར་འགྱུར་རོ་བསམས་ནས། ཐམས་ཅད་བགྲོས་ཏེ་མི་གཅིག་འཚོལ་དུ་བཏང་བ་ལས། དེ་ཉིད་ནགས་ཁྲོད་དུ་སོང་སོང་བས་ཤིན་ཏུ་ཉམ་ཐག་སྟེ། དབྱར་ཚ་བའི་དུས་ཀྱི་བྱེ་ཚན་པུས་ནུབ་ཙམ་ཞིག་ཏུ་ཕྱིན་པ་དང་། ངལ་ཆད་དེ། སྐོམ་གྱིས་གདུང་ནས་འཆི་ལ་ཐུག་པ་དང་། སྙིང་རྗེ་དང་ལྡན་པ་སུ་ཞིག་བདག་ལ་འདི་ལྟར་སྡུག་བསྔལ་བ་ལས་ལུས་སྲོག་གི་སྐྱབས་སུ་གྱུར་པ་ཡོད་དམ་ཞེས་སྨྲེ་སྔགས་ཀྱིས་བོས་པས། དེའི་ཚེ་ན་རི་དེ་ལ་གཅན་གཟན་ཀུན་ཏ་ཞེས་བྱ་བ་ལུས་ཀྱི་སྤུའི་མདོག་གསེར་གྱི་ཁ་དོག་ལྟ་བུ་ལ་སྤུའི་ཐོག་མ་ལ་གསེར་གྱི་འོད་འབྱུང་བ་ཞིག་ཡོད་པ་དེས་རྒྱང་རིང་མོ་ནས་ཐོས་ཏེ། ཤིན་ཏུ་སྙིང་བརྩེ་བའི་སེམས་སྐྱེས་ཏེ། གང་ན་ཆུ་མིག་གྲང་མོ་ཡོད་པའི་ནང་དུ་ལུས་བཅུག་ནས་མི་དེའི་དྲུང་དུ་འོངས་ཏེ། པང་པས་འཁྱུད་ནས་ཅུང་ཟད་ཉམས་བརྟས་པ་དང་། ཆུ་འགྲམ་དུ་ཁྲིད་དེ་བཀྲུས་ནས་ཤིང་ཐོག་བསྡུས་ཏེ་ཟར་བཅུག་པས་མི་དེ་སོར་ཆུད་པ་ན། རྒྱལ་པོས་འདོད་པའི་གཅན་གཟན་ནི་འདི་ཁོ་ན་ཡིན་མོད། བདག་སྲོག་དང་བྲལ་བ་ལས་འདིས་སྲོག་བཏོན་པར་བྱས་ན་ཇི་ལྟར་གསོད་པར་ནུས། གལ་ཏེ་མ་རྙེད་ན་ནི་རྔོན་པ་དེ་དག་གཉེན་ཚན་དང་བཅས་པ་གྱོད་ལ་ཐོགས་པར་འགྱུར་སྙམ་དུ་སེམས་མི་དགའ་ཞིང་འདུག་པ་ན། གཅན་གཟན་དེས་ཁྱོད་ཅིའི་ཕྱིར་མི་དགའ་ཞེས་དྲིས་པས། དེས་མཆི་མ་འབྱིན་བཞིན་རྒྱས་པར་སྨྲས་པས་ཀུན་ཏས་ཁྱོད་མི་དགའ་བར་མ་བྱེད་ཅིག བདག་གིས་པགས་པ་ཁྱེད་ཅག་སྲོག་བསྐྱབ་པའི་ཕྱིར་སྦྱིན་པར་བྱའོ། །ཁྱོད་ཀྱིས་ཁོ་བོའི་སྲོག་མ་བཅད་པར་པགས་པ་བཤུས་ཏེ་ཁྱེར་ཅིག ཅེས་སྨྲས་པས། དེ་དགའ་ནས་པགས་པ་དལ་གྱིས་བཤུས་སོ། །དེའི་ཚེ་ཀུན་ཏས་བདག་གིས་པགས་པ་བཤུས་ལ་བྱིན་ཏེ་མི་མང་པོའི་སྲོག་བསྐྱབས་པའི་བསོད་ནམས་འདི་སེམས་ཅན་ཐམས་ཅད་ལ་བསྔོས་ཏེ། བདག་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས། མྱ་ངན་ལས་འདས་པའི་བདེ་བ་ལ་འགོད་པར་ཤོག་ཅིག ཅེས་སྨོན་ལམ་བཏབ་པས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ས་རྣམ་པ་དྲུག་ཏུ་གཡོས་ཤིང་ལྷ་རྣམས་ཀྱིས་ཀྱང་མཆོད་པ་བྱས་སོ། །པགས་པ་བཤུས་ནས་སོང་བའི་འོག་ཏུ་དེའི་ལུས་ལ་སྦྲང་མ་དང་གྲོག་མ་སོགས་སྲོག་ཆགས་སྟོང་ཕྲག་བརྒྱད་ཅུ་རྙེད་འདུས་ནས་ཟ་བ་ལ། དེ་དག་བྲོས་སུ་དོགས་པས་ལུས་ཀྱང་མི་འགུལ་བར། དེ་དག་ལ་སྦྱིན་ནས་ཚེ་ཡི་དུས་བྱས་སོ། །སྦྲང་མ་དང་སྲིན་བུ་བྱང་ཆུབ་སེམས་དཔའི་ཤ་ཟོས་པ་རྣམས་ཀྱང་ཚེ་འཕོས་ནས་ལྷར་སྐྱེས་སོ། །དེའི་ཚེ་རྔོན་པས་པགས་པ་དེ་ཁྱེར་ནས་རྒྱལ་པོ་ལ་ཕུལ་བས། རབ་ཏུ་དགའ་ནས་འཇམ་པའི་ཟླ་མེད་དོ་ཞེས་ཉལ་སྟན་བྱས་སོ། །དེའི་དུས་ཀྱི་གཅན་གཟན་ཀུན་ཏ་ནི་ང་ཡིན་ལ། རྒྱལ་པོ་དེ་ནི་ལྷས་སྦྱིན་ནོ། །སྲིན་བུ་སྟོང་ཕྲག་བརྒྱད་ཅུ་པོ་ནི། ཐོག་མར་ཆོས་འཁོར་བསྐོར་བ་ན་འབྲས་བུ་ཐོབ་པའི་ལྷ་བརྒྱད་ཁྲི་ཡིན་ཏེ། ལྷས་སྦྱིན་གྱིས་དེའི་ཚེ་ན་ཡང་ང་བསད་དེ་ད་ལྟར་གྱི་བར་དུ་ང་ལ་སྡིག་པའི་སེམས་ཀྱིས་གསོད་པར་སེམས་སོ། །ཞེས་གསུངས་པས་འཁོར་མང་པོ་དག་བྱང་ཆུབ་གསུམ་གྱི་ལམ་ལ་བཀོད་དོ། །དེས་ན་སྟོན་པའི་ཡོན་ཏན་གྱི་ཚུལ་དྲན་ནས་མཆོག་ཏུ་གུས་པར་བྱའོ། །

ཁྱིམ་བདག་དཔལ་སྐྱེས་རབ་ཏུ་བྱུང་ཚུལ།

༈ ཡང་སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། རྒྱལ་པོའི་ཁབ་དེར་ཁྱིམ་བདག་དཔལ་སྐྱེས་ཞེས་བྱ་བ་ལོ་བརྒྱ་ལོན་པ་རྒས་ཤིང་འཁོགས་པ་ཞིག་ཡོད་པ་དེས་རབ་ཏུ་བྱུང་བའི་ཡོན་ཏན་གྱི་བསྔགས་པ་ཚད་མེད་པར་ཐོས་ནས་ཁྱིམ་གྱི་མི་རྣམས་ལ་གོ་བར་བྱས་ནས་འོད་མའི་ཚལ་དུ་ཕྱིན་པ་ན། སྟོན་པ་མི་བཞུགས་ནས་དེའི་འཁོར་མཁས་པ་དང་ཤེས་རབ་ལྡན་པ་སུ་ཞེས་དྲིས་པས། བཙུན་པ་ཤཱ་རིའི་བུ་ཡིན་པར་ཐོས་ནས། དེར་ལྷགས་ཏེ་རབ་ཏུ་བྱུང་བར་གསོལ་བས་མ་གནང་སྟེ། རྒྱུ་དེས་འོད་སྲུང་ཆེན་པོ་དང་། ཨུ་པཱ་ལི་དང་མ་འགགས་པ་སོགས་དགྲ་བཅོམ་པ་གཞན་རྣམས་ལ་ཞུས་ཀྱང་མ་གནང་བས་འོད་མའི་ཚལ་ནས་ཕྱིར་བྱུང་སྟེ་སྒོ་ཐེམ་ལ་འདུག་ནས་སྐད་ཆེན་པོས་སྨྲེ་སྔགས་ཕྱུང་བ་ན། བཅོམ་ལྡན་འདས་དེའི་དྲུང་དུ་གཤེགས་ནས་ཁྱོད་ཀྱི་ཅིའི་ཕྱིར་ངུ་། ཞེས་བཀའ་སྩལ་པ་དང་། ཇི་ལྟར་གྱུར་པ་ཞུས་པས། བཅོམ་ལྡན་འདས་ཀྱིས་སྙན་པའི་ཚིག་གིས་སྤྲོ་བ་བསྐྱེད་ནས། འཕགས་པ་མོང་གལ་གྱི་བུ་ལ་གཏད་ནས་རབ་ཏུ་བྱུང་བར་གནང་ངོ་། །དེ་ཁ་ཏོན་ལ་བརྩོན་ཡང་རྒས་ཤིང་འཁོགས་པས་ཚུལ་བཞིན་དུ་རིམ་གྲོ་དང་། བསྟི་སྟང་དང་བསུ་སྐྱེལ་དང་། བླ་མ་ལ་གསོང་པོར་སྨྲ་བ་དང་། ཕྱག་འཚལ་བ་ནི་མི་ནུས་སོ། །དེ་ལ་དགེ་སློང་གཞོན་ནུ་སྔར་རབ་ཏུ་བྱུང་བ་གྲལ་མཐོ་བ་དག་གིས། བདག་ཅག་ལ་བཀུར་སྟི་མི་བྱེད་དོ་སྙམ་ནས་རྟག་ཏུ་འཚེ་བར་གྱུར་པས། དེ་རབ་ཏུ་སྐྱོ་ནས་ཆུ་ཀླུང་ཆེན་པོ་ཞིག་གི་འགྲམ་དུ་ཕྱིན་ཏེ། ཆོས་གོས་ཤིང་གི་ཡལ་ག་ལ་བཀལ་ནས། ཕྱི་མར་རབ་ཏུ་བྱུང་བར་སྨོན་ལམ་བཏབ་ནས་འཆི་བར་རྩོམ་པ་ན། དེ་ཉིད་མོའུ་འགལ་གྱི་བུས་ལྷ་ཡི་མིག་གིས་མཐོང་ནས་ཆུར་མ་ཕྱིན་པར་རྫུ་འཕྲུལ་གྱི་མཐུས་བླངས་ནས་ཆུའི་འགྲམ་དུ་བཞག་སྟེ། འདི་ལ་ནི་སྐྱེ་བ་དང་ཤི་བའི་འཇིགས་པ་ཞིག་གིས་མ་བསྡིགས་ན། རབ་ཏུ་བྱུང་བ་དོན་མེད་པར་གྱུར་ཏོ་སྙམ་དུ་དགོངས་ཏེ། ངའི་ཆོས་གོས་ཀྱི་མཐའ་འདི་ལ་དམ་དུ་འཇུས་ཤིག་གསུངས་ནས། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕགས་ནས། སྐྱེས་བུའི་ལག་པ་བརྐྱང་བསྐུམ་གྱི་ཡུན་ཙམ་གྱིས་རྒྱ་མཚོའི་འགྲམ་དུ་ཕྱིན་ཏོ། །དེར་བུད་མེད་ཤིན་ཏུ་མཛེས་མ་ཤི་མ་ཐག་པའི་རོ་ཞིག་གི་ཁ་སྣ་སོགས་དབང་པོའི་སྒོ་རྣམས་སུ་སྦྲུལ་ཞིག་འཇུག་ཅིང་བྱུང་བར་མཐོང་ནས། དཔལ་སྐྱེས་ཀྱིས་འདི་སུ་ལགས་ཞེས་དྲིས་པས། ནམ་དུས་ལ་བབ་པ་ན་བསྟན་ཏོ་གསུངས། ཡང་སོང་བ་ན། བུད་མེད་གཅིག་ཟངས་ཆེན་པོ་ཞིག་བཙུགས་ཏེ། ཟངས་ཀྱི་ནང་དུ་ཆུ་བླུགས་ནས་འོག་ཏུ་མེ་ཆེན་པོ་བུས་ཏེ་ཆུ་དེ་ཁོལ་བ་དང་གོས་ཕུད་དེ་ནང་དུ་ཞུགས་ཏེ་དེ་མ་ཐག་ཏུ་ཚོས་ནས་ཤ་རུས་སོ་སོར་བྱེ་སྟེ་རུས་པ་རྣམས་ཕྱིར་བྱུང་བ་དང་། རུས་པ་དེ་དག་སླར་རླུང་གིས་བུས་པ་ཐག་ཏུ་མི་ཞིག་ཏུ་གྱུར་ནས། ཟངས་ཀྱི་ནང་ནས་ཤ་ཕྱུང་སྟེ་ཟ་བར་མཐོང་ནས་དྲིས་པ་དང་སྔ་མ་བཞིན་གསུངས་སོ། །ཡང་སོང་བས། ཤིང་ཆེན་པོ་ཞིག་ལོ་མ་དང་ཡལ་གའི་བར་ཁབ་ཀྱི་རྩེ་ཙམ་བཙུགས་པའི་ས་སྟོང་ཡང་མེད་པར་སྲིན་བུ་མང་པོས་ཟ་བ་ལ་སྐད་ཆེན་པོར་ངུར་ཞིང་འབོད་པའི་སྒྲ་དྲག་པོ་ཐོས་པས་དྲིས་པ་ན་སྔར་བཞིན་གསུངས། ཡང་སོང་བས། མིའི་ལུས་ལ་གཅན་གཟན་གྱི་མགོ་ཅན་དུ་འདུག་པའི་ཡི་དྭགས་མང་པོས་མི་ཞིག་བསྐོར་ཏེ། ལག་ན་མདའ་གཞུ་ཐོགས་ཤིང་མདའ་ལ་མེ་འབར་བཞིན་དུ་ཀུན་གྱིས་མི་དེ་ལ་འཕངས་ནས་གཅིག་ཏུ་འབར་བར་མཐོང་ནས་དྲིས་པ་ན་སྔར་བཞིན་གསུངས། ཡང་སོང་བས། རི་ཆེན་པོ་ཞིག་གི་དྲུང་ནས་རལ་གྲི་དང་མཚོན་རྣོན་པོ་སོ་གྱེན་དུ་བསྟན་ཏེ་བཙུགས་པ་ལ་མི་ཞིག་རིའི་རྩེ་མོ་ནས་ཐུར་དུ་རྒྱུགས་ཏེ། རལ་གྲི་དང་མཚོན་གྱིས་ཟུག་ཅིང་འདྲལ་བ་དང་། མཚོན་ཆའི་ཐང་ལ་མི་དལ་བར་རྒྱུགས་པ་མཐོང་ནས་དྲིས་པ་དང་སྔར་བཞིན་གསུངས་སོ། །ཡང་སོང་བས། རུས་པའི་རི་བོ་ཆེན་པོ་མཐོ་ཁྱད་དཔག་ཚད་བདུན་བརྒྱ་པ་ཉི་མ་ཡང་སྒྲིབ་ཅིང་། རྒྱ་མཚོ་ཡང་གྲིབ་མས་མུན་པར་གྱུར་པ་དེ་ལ་མང་གལ་འཛེགས་པའི་ཕྱི་བཞིན་དུ་སོང་ནས་སྟེང་དུ་སླེབས་པ་ན། སྔར་གྱི་དེ་རྣམས་ཞུས་པས། ད་དུས་ལ་བབ་ཀྱིས་བསྟན་པར་བྱའོ་གསུངས། དེ་ལ་སྔར་མཐོང་བའི་བུད་མེད་ཀྱི་ལུས་དེ་ནི། རྒྱལ་པོའི་ཁབ་ཀྱི་ཁྱིམ་བདག་སར་ཕག་ཆེན་པོའི་ཆུང་མ་སྟེ། དེ་ཚོང་པ་ལྔ་བརྒྱ་དང་བཅས་རྒྱ་མཚོར་གྲུར་ཞུགས་པ་ལས། གྲུ་ཞིག་ནས་ཚེ་ཡི་དུས་བྱས་པ་སྟེ། རྒྱ་མཚོའི་ཆོས་ཉིད་ཀྱིས་རོ་ཞག་ལོན་པར་མི་གནས་ཏེ་ཆུ་རླབས་ཀྱིས་ཕུལ་ནས། རྒྱ་མཚོའི་འགྲམ་དུ་ཕྱིན་པ་སྟེ། དེ་ཡང་སེམས་ཅན་གང་ཞིག་ཚེ་ཡི་དུས་བྱས་པ་ན་ཅི་ལ་ཆགས་པ་དེར་སྐྱེ་བར་འགྱུར་ཏེ། སེམས་ཅན་གང་དག་དཀོན་མཆོག་གསུམ་དང་ཕ་མ་ལ་གནོད་པ་བགྱིས་པ་དང་། མིའི་སྲོག་གཅོད་པ་སོགས་ཁ་ན་མ་ཐོ་བ་ཆེན་པོ་བྱས་པ་དག་སེམས་ཅན་ཚ་བའི་དམྱལ་བར་སྐྱེ་སྟེ། མི་དེ་གྲང་ནད་ཀྱིས་ཟིན་པས་ཡིད་ལ་མེ་འདོད་པས་མེའི་ནང་དུ་འགྲོ་བར་བསམ་མ་ཐག་ཏུ་ཚེ་ཡི་དུས་བྱས་ནས་ཤིན་ཏུ་འབར་བའི་སེམས་ཅན་དམྱལ་བར་འགྲོའོ། །གང་དག་སངས་རྒྱས་དང་དགེ་འདུན་ལ་ཕུལ་བའི་མར་མེ་བརྐུས་པའམ། དགེ་འདུན་གྱི་འདུན་ཁང་སོགས་བཤིག་པ་དང་། དགུན་གྱི་དུས་སུ་གཞན་གྱི་གོས་ཕྲོགས་པ་སོགས་དེ་དག་གྲང་བའི་དམྱལ་བར་སྐྱེ་སྟེ། མི་དེ་ཚ་བའི་ནད་ཀྱིས་གཟིར་ནས། གྲང་ཞིང་བསིལ་བར་འདོད་པས་ཚེ་འཕོས་ནས་ཨུཏྤལ་དང་པདྨ་ལྟར་གས་པ་སོགས་ཀྱིས་སྡུག་བསྔལ་བར་འགྱུར་རོ། །གང་དག་སེར་སྣ་ཅན་གཞན་གྱི་ཁ་ཟས་འཕྲོག་པ་དང་། ཁ་ཟས་དུས་སུ་མི་སྟེར་བར་སེམས་ཅན་ལྟོགས་སུ་བཅུག་པ་དེ་དག་ཡི་དྭགས་ཀྱི་གནས་སུ་ལྟུང་སྟེ། མི་དེ་ཁ་ཟས་མི་ཆུད་ཅིང་སྐྱུག་བྲོ་བའི་ནད་ཀྱིས་བཏབ་ནས། ནད་གཡོག་སོགས་ཀྱིས་ཁ་ཟས་རྣམ་པ་མང་པོ་སྦྱར་ཏེ་ནན་གྱིས་སྙོད་པ་ན། དེ་མི་དགའ་ཞིང་སྐྱུག་བྲོ་སྟེ་བདག་ཁ་ཟས་འདི་མིག་གིས་མ་མཐོང་བའི་དུས་ཡོད་དམ་སྙམ་ནས་ཚེ་འཕོས་པས་དེར་སྐྱེའོ། །གང་གླེན་པ་གཏི་མུག་ཅན་དཀོན་མཆོག་ལ་མི་དད་པ། འཕགས་པ་ལ་སྐུར་བ་འདེབས་པ་དག་ནི་དུད་འགྲོར་སྐྱེ་སྟེ། དེ་ནད་ཀྱིས་གཟིར་ནས་དགེ་བའི་ཕྱོགས་ཀྱི་གཏམ་ཉན་པར་མི་འདོད་ཅིང་། གཞན་གྱིས་བསོད་ནམས་ཀྱི་བསྐུལ་ན་ཡང་མ་དད་ཅིང་མི་དགའ་ནས་འདི་མ་ཐོས་པ་ཞིག་ཏུ་སོང་ན་སྙམ་སྟེ། ཚེ་འཕོས་པས་དུད་འགྲོའི་སྐྱེ་གནས་སུ་འགྲོའོ། །གང་དག་མཐོ་རིས་ཀྱི་རྒྱུར་གྱུར་བའི་དགེ་བའི་ཕྱོགས་ལ་བརྩོན་པ་དེ་དག་ནི། ནད་ཀྱིས་ཀྱང་ཤིན་ཏུ་གདུང་བར་མི་འགྱུར་ཞིང་། འཆི་བའི་ཚེ་སེམས་ཀྱང་མི་འཁྲུགས་ཏེ། གཞན་གྱིས་བསོད་ནམས་ཀྱི་གཏམ་བྱས་པ་ནའང་། དེ་ལ་དགའ་ཞིང་དད་ནས་དཀོན་མཆོག་གསུམ་ཡིད་ལ་བྱེད་ཅིང་ཡང་དག་པར་སྨོན་པ་དེ་ནི་མིའི་ནང་དུ་སྐྱེའོ། །གང་དག་ལྷར་སྐྱེ་བའི་རྒྱུ་སྦྱིན་པ་དང་ཚུལ་ཁྲིམས་དང་དགེ་བ་བཅུའི་ལམ་ལ་སྤྱོད་པ་དེ་དག་ཚེ་ཡི་དུས་བྱས་པ་ན། སངས་རྒྱས་ཀྱི་སྐུ་གཟུགས་དང་། ལྷའི་ཕོ་བྲང་སོགས་མཐོང་ཞིང་ལྷའི་རོལ་མོའི་སྒྲ་ཐོས་ཏེ། མདངས་བཟང་ཞིང་ལག་པ་གྱེན་དུ་འདེགས་པ་སོགས་ཀྱི་ལྟས་དང་བཅས་ལྷའི་གནས་སུ་སྐྱེའོ། །དེས་ན་ཁྱིམ་བདག་སར་ཕག་གི་ཆུང་མ་དེ་རང་གི་ལུས་ལ་ཆགས་པས་ཚེ་འཕོས་མ་ཐག་ཏུ་བུད་མེད་ཀྱི་ལུས་དེ་ལ་སྦྲུལ་དུ་སྐྱེས་ཏེ། སྦྲུལ་དེ་ཚེ་འཕོས་པ་ན་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་མྱོང་བར་འགྱུར་རོ། །བདག་གི་ཤ་ལ་ཟ་བའི་བུད་མེད་དེ་ནི། མཉན་ཡོད་ན་ཡོད་པའི་དགེ་བསྙེན་མ་ཞིག་གི་བྲན་མོ་སྟེ། དགེ་བསྙེན་མ་དེས་ཚུལ་ཁྲིམས་རྣམ་པར་དག་པའི་དགེ་སློང་ཞིག་ལ་དབྱར་ཟླ་གསུམ་དུ་བཤོས་འབུལ་བ་ལས། བྲན་མོ་དེ་ལ་སྐྱེལ་དུ་བཏང་བས་ཁ་ཟས་ཞིམ་པོ་རྣམས་མོ་རང་གིས་ཟོས། ལྷག་མ་དགེ་སློང་ལ་ཕུལ་བ་ལས། ཕྱིས་དགེ་བསྙེན་མ་དེ་དོགས་པ་ཟོས་ནས་དྲིས་པ་དང་། དེ་ནི་བདག་གིས་མ་ཟོས་ཏེ། གལ་ཏེ་ཟོས་ན་བདག་གང་དུ་སྐྱེས་ཀྱང་། བདག་གི་ཤ་ཟ་བར་ཤོག་ཅིག་ཅེས་སྨྲས་པས། ལས་ཀྱི་རྣམ་པར་སྨིན་པ་མི་བཟད་པ་འདི་མྱོང་ནས། ད་དུང་ཡང་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་འགྱུར་རོ། །ཤིང་ཆེན་པོ་ལ་སྲིན་བུ་མང་པོས་ཟ་ཞིང་སྡུག་བསྔལ་གྱི་སྐད་འབྱིན་པ་དེ་ནི། ལི་ཏ་ཞེས་བྱ་བའི་དགེ་འདུན་གྱི་ལས་བྱེད་པའི་དགེ་སློང་དེ་ཡིན་ཏེ། དགེ་འདུན་གྱི་དཀོར་ལ་སྤྱོད་ཅིང་། མེ་ཏོག་དང་བཟའ་བཏུང་དག་ཁྱིམ་པའི་ཕྱོགས་སུ་བྱིན་པས་རྣམས་སྨིན་མི་བཟད་པ་འདི་མྱོང་ནས་ཚེའི་དུས་བྱས་མ་ཐག་ཏུ་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། ཤིང་ལ་ཟ་བའི་སྲིན་བུ་དེ་དག་ནི་དགེ་སློང་གིས་བྱིན་པ་ཐོབ་པའི་མི་རྣམས་ཡིན་ནོ། །མི་ཞིག་མི་མང་པོས་བསྐོར་ཏེ་མདས་བཙུགས་ནས་ལུས་གཅིག་ཏུ་འབར་བ་དེ་ནི། རྔོན་པ་ཞིག་སྟེ་དེས་རི་དྭགས་མང་དུ་བསད་པས་སྡུག་བསྔལ་འདི་ལྟ་བུ་མྱོང་སྟེ། ཚེ་འཕོས་ནས་ཀྱང་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ་དེ་ལས་ཐར་བའི་དུས་ནི་ཤིན་ཏུ་དཀའོ། །རི་མཐོན་པོ་ལ་རལ་གྲི་དང་མཚོན་ཁར་རྒྱུགས་ཏེ་འཆི་བ་དེ་ནི། རྒྱལ་པོའི་བློན་པོ་ཤིན་ཏུ་དཔའ་བ་ཡིན་ཏེ། རེ་ཞིག་མཚོན་རྣོན་པོ་དང་རལ་གྲི་མདུང་སོགས་ཀྱི་ཁར་རྒྱུགས་ཏེ། དེ་ནས་ཚེ་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་ཡུན་རིང་པོར་མྱོང་བར་འགྱུར་རོ། །རུས་པའི་རི་ཆེན་པོ་འདི་ནི་ཁྱོད་ཀྱི་ལུས་སྔ་མའི་རུས་པ་ཡིན་ཏེ། སྔོན་འཛམ་བུའི་གླིང་འདིར་རྒྱལ་པོ་ཆོས་འཕགས་ཞེས་བྱ་བ་སྦྱིན་པ་དང་ཚུལ་ཁྲིམས་དང་ཆོས་ཉན་པ་ལ་དགའ་ཞིང་སྙིང་རྗེའི་སེམས་དང་ལྡན་པས་སེམས་ཅན་གྱི་སྲོག་མི་གཅོད་པར་དམ་པའི་ཆོས་ཀྱི་སྲིད་འཚོ་བ་ཞིག་བྱུང་སྟེ། དུས་ལན་གཅིག་མིག་མངས་ཀྱིས་རྩེ་བ་ལས། མི་ཞིག་ལ་ཉེས་པ་ཆེན་པོ་བྱུང་ནས་བློན་པོ་རྣམས་ཀྱིས་མི་ཞིག་ཁྲིམས་ལས་འགལ་བའི་ཉེས་པ་ཆེན་པོ་བགྱིས་ན། ཅི་ལྟར་བགྱི་ཞེས་གསོལ་པ་དང་། རྒྱལ་པོ་མིག་མངས་ལ་ཡེངས་པས། རྒྱལ་པོའི་ཁྲིམས་བཞིན་དུ་གྱིས་ཤིག་ཅེས་བསྒོ་ནས། བློན་པོ་རྣམས་ཀྱི་ཁྲིམས་དང་སྦྱར་ནས་མི་དེ་བསད་དོ། །རྒྱལ་པོས་མིག་མངས་རྩེ་ཟིན་པ་དང་། མི་དེ་ག་རེ་ཞལ་ལྕེ་གཅོད་དོ། །ཞེས་བྱས་པས། བློན་པོ་རྣམས་ཀྱིས་ཁྲིམས་ལ་སྦྱར་ནས་བསད་དོ་ཞེས་སྨྲས་པས། རྒྱལ་པོ་བརྒྱལ་ཞིང་འགྱེལ་ལོ། །བརྒྱལ་སངས་པ་ན། རྒྱལ་སྲིད་དང་བཙུན་མོའི་འཁོར་དང་འབྱོར་པ་ཐམས་ཅད་ནི་འདིར་ལུས་ཀྱི་བདག་འབའ་ཞིག་ངན་སོང་དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་ན། ད་ནི་རྒྱལ་པོ་ཡང་མི་འདོད་དོ་ཞེས་སྨྲས་ནས། རྒྱལ་ཐབས་བཏང་སྟེ་རི་ལ་བདག་སྲུང་ཞིང་འདུག་པ་ལས་ཚེ་འཕོས་ནས་ཆུ་སྲིན་དུ་སྐྱེས་ཏེ། དེ་ཡང་གང་དག་རྒྱལ་པོའམ་བློན་པོ་མཐུ་རྩལ་ཅན་དུ་སྐྱེས་ཏེ། སེམས་ཅན་གྱི་སྲོག་གཅོད་པའམ། འདོད་པ་དང་བྲལ་བའི་ལས་བྱས་སམ། སེམས་ཅན་དུ་འཚེ་བ་བྱེད་པ་དེ་དག་ཤི་འཕོས་ནས། ཕལ་ཆེར་ཆུ་སྲིན་གྱི་རིགས་སུ་སྐྱེས་ཏེ་ལུས་ལ་སྲིན་བུ་མང་པོ་གནས་ཤིང་ཟ་བར་བྱེད་ལ་ཤི་འཕོས་ནས་ཀྱང་ངན་སོང་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་བས། རྒྱལ་པོ་དེ་ཡང་རྒྱ་མཚོ་ཆེན་པོ་ན་ཆུ་སྲིན་ལུས་ཀྱི་ཆེ་ཚད་དཔག་ཚད་བདུན་བརྒྱ་ཡོད་པ་ཞིག་ཏུ་གྱུར་ནས། ཆུ་སྲིན་དེ་གཉིད་ཀྱིས་ལོག་ན་ལོ་བརྒྱ་ན་ལན་གཅིག་སངས་ཏེ། བཀྲེས་པ་དང་། སྐོམ་པས་ཉེན་ནས་ཁ་གདངས་པ་དང་། རྒྱ་མཚོའི་ཆུ་ཁར་འགྲོ་བ་ནི་ཆུ་ཆེན་པོ་རྒྱ་མཚོར་འབབ་པ་དང་འདྲའོ། །དེའི་ཚེ་ཚོང་པ་ལྔ་བརྒྱ་ཙམ་རྒྱ་མཚོར་ཞུགས་ཏེ་འགྲོ་བ་ན། ཆུ་སྲིན་གྱིས་ཁ་གདངས་པ་དང་འཕྲད་པས། གྲུ་ཡང་ཆུ་སྲིན་གྱིས་ཁར་ཤིན་ཏུ་མགྱོགས་པར་སོང་བས། ཚོང་པ་རྣམས་ཀྱིས་སྐད་ཆེན་པོ་ཕྱུང་ནས་རང་རང་གི་འདོད་པའི་ལྷ་གང་ཡིན་པའི་མིང་ནས་བོས་པ་དང་། ཁ་ཅིག་གིས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བོས་པས་ཆུ་སྲིན་དེས་སངས་རྒྱས་ཀྱི་མཚན་ཐོས་མ་ཐག་ཏུ་ཁ་བཙུམ་པས་ཚོང་པ་རྣམས་བདེ་བར་ཐར་ཞིང་། ཆུ་སྲིན་དེ་ལྟོགས་ནས་ཤི་འཕོས་ཏེ་རྒྱལ་པོའི་ཁབ་ཏུ་ཉིང་མཚམས་སྦྱར་ཏེ། ཆུ་སྲིན་གྱི་རོ་རྒྱ་མཚོའི་ངོགས་སུ་ཕྱིར་བྱུང་བའི་རུས་པ་ནི་འདི་ཉིད་ཡིན་ནོ། །དེའི་དུས་ཀྱི་རྒྱལ་པོ་ཆོས་འཕགས་ནི་ཁྱོད་ཉིད་ཡིན་པས། མི་བསད་པའི་རྐྱེན་གྱིས་ཆུ་སྲིན་དུ་སྐྱེས་པ་ཡིན་ལ་ད་ཡང་ཁྱོད་ཀྱིས་མིའི་ལུས་ཐོབ་པ་འདིས། འཁོར་བ་ལ་རྒྱབ་ཀྱིས་མ་ཕྱོགས་ན། ཚེ་འཕོས་ནས་སླར་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ་ཐར་པར་དཀའ་འོ། །ཞེས་གསུངས་པས། དེ་ཤིན་ཏུ་སྐྲག་ཅིང་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་བློ་སྐྱེས་ཏེ་ནན་ཏན་དུ་བརྩོན་པས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་ནས། རྫུ་འཕྲུལ་གྱིས་འཕགས་པའི་ཕྱིར་འབྲང་སྟེ་འོད་མའི་ཚལ་དུ་འོང་ངོ་། །དེར་བཅོམ་ལྡན་འདས་ཀྱིས་དཔལ་སྐྱེས་ལ་འདྲི་སྨེད་{དམད} མཛད་ནས་ལེགས་སོ། །ཁྱོད་ཀྱིས་འཁོར་བའི་སྡུག་བསྔལ་ཡོངས་སུ་སྤངས་ཏེ། མྱ་ངན་ལས་འདས་པའི་བདེ་བ་ཐོབ་པས། ལྷ་དང་མིར་བཅས་པའི་མཆོད་པའི་གནས་སུ་གྱུར་ཏོ། །ཞེས་བཀའ་སྩལ་པས། སྔར་ཐོ་བཙམས་པའི་དགེ་སློང་གཞོན་ནུ་དེ་དག་རབ་ཏུ་འགྱོད་པས་དཔལ་སྐྱེས་ལ་ཕྱག་བྱས་ནས་བཟོད་པར་གསོལ་ཞིང་། དེས་ཀྱང་ཚངས་པ་བླང་ཞིང་ཡང་དག་པའི་ཆོས་བསྟན་པ་བཞིན། དེ་དག་གིས་ཀྱང་ནན་ཏན་དུ་བརྩོན་པས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེར་ཁྱིམ་བདག་དཔལ་སྐྱེས་ཀྱང་རྒྱལ་པོའི་ཁབ་ཏུ་ཤིན་ཏུ་གྲགས་པར་གྱུར་ཏེ། ཀུན་གྱིས་ངོ་མཚར་དུ་གྱུར་ནས། ཁྱིམ་བདག་རྒན་པོ་ཅི་ཡང་མི་ཤེས་པ་ཡང་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏེ། དེ་ལྟ་བུའི་ཆོས་ཀྱང་སྟོན་ཏོ་ཞེས་བརྗོད་ཅིང་། རྒྱལ་པོའི་ཁབ་ཀྱི་མི་ཕལ་ཆེར་བསམ་པ་དག་པའི་སེམས་སྐྱེས་ནས། ཁ་ཅིག་གི་བུ་དང་བུ་མོ་དང་བྲན་ལ་སོགས་པ་རབ་ཏུ་བྱུང་བར་གནང་ཞིང་། ཁ་ཅིག་ནི་བདག་ཉིད་རབ་ཏུ་བྱུང་སྟེ་ཀུན་ཀྱང་རྗེས་སུ་ཡི་རང་བར་གྱུར་ཏོ། །དེ་བས་ན་རབ་ཏུ་བྱུང་བའི་ཡོན་ཏན་ནི་ཚད་མེད་དེ། དཔལ་སྐྱེས་ལྟ་བུ་ལོ་བརྒྱ་ལོན་པ་ཡང་རབ་ཏུ་བྱུང་ནས། ཡོན་ཏན་དེ་ལྟ་བུ་དང་ལྡན་པར་གྱུར་ན་གཞན་དག་ལ་ལྟ་ཅི་སྨོས། ཆོས་ལ་བརྩོན་པ་དག་ནི་རབ་ཏུ་བྱུང་བར་བྱའོ། །གཞན་ཡང་སྐབས་འདིར་སྦྱིན་པ་ལ་སོགས་པའི་བསོད་ནམས་ནི་འཛད་པར་འགྱུར་ལ། རབ་ཏུ་བྱུང་བའི་བསོད་ནམས་ནི་ནམ་བྱང་ཆུབ་ཀྱི་བར་དུ་འཛད་པར་འགྱུར་བ་མ་ཡིན་པ་སོགས་དང་། གང་དག་རབ་ཏུ་བྱུང་བ་ལ་གེགས་བྱེད་པ་དེ་ནི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་བ་སོགས་ཀྱི་ཁེ་ཉེན་གྱི་ཁྱད་པར་མང་དུ་གསུངས་སོ། །

གང་དག་ཚུལ་ཁྲིམས་བསྲུང་བ་དག་ནི་ལུས་དང་སྲོག་སྟོར་ཡང་བླའི་ཚུལ་ཁྲིམས་ནི་ཉམས་པར་བྱ་བ་མ་ཡིན་ཚུལ།

༈ ཡང་གང་དག་ཚུལ་ཁྲིམས་བསྲུང་བ་དག་ནི་ལུས་དང་སྲོག་སྟོར་ཡང་བླའི་ཚུལ་ཁྲིམས་ནི་ཉམས་པར་བྱ་བ་མ་ཡིན་ཏེ། ཚུལ་ཁྲིམས་ནི་བྱང་ཆུབ་ཏུ་འཇུག་པའི་རྩ་བ་ཟག་པ་མེད་པའི་མཆོག མྱ་ངན་ལས་འདས་པར་འགྲོ་བའི་ལམ་བསོད་ནམས་ཚད་མེད་པའི་གཞིར་རིགས་པར་བྱ་སྟེ། བཅོམ་ལྡན་འདས་མྱ་ངན་འདས་ནས། ཡུལ་ཨན་ཏ་ཞེས་བྱ་བ་ན། དགེ་སློང་བསོད་སྙོམས་པ་དགོན་པར་དགའ་བ། འདོད་པ་ཉུང་ཞིང་ཆོག་ཤེས་པ། ཡོན་ཏན་གྱི་ཆོས་དུ་མ་དང་ལྡན་པ་ཞིག་གནས་ཏེ། སྤྱོད་ལམ་ཀུན་མཛེས་པས་ཀུན་ཏུ་གྲགས་པར་གྱུར་ཏོ། །དེའི་ཚེ་ཡུལ་དེ་ན་དགེ་བསྙེན་དཀོན་མཆོག་ལ་ཤིན་ཏུ་དད་ཅིང་བསླབ་པའི་ཁྲིམས་ལྔ་བསྲུང་བ་ཞིག་ཡོད་པ་དེས། དགེ་སློང་བསོད་སྙོམས་པ་དེ་ལ་ཚེ་གཅིག་གི་བར་དུ་འཚོ་བ་སྦྱར་ཞིང་། དེ་ཡང་ལམ་དུ་ཚ་གྲང་གིས་ཉོན་མོངས་ཏེ་བསྒོམ་པའི་བར་ཆད་དུ་ཡང་འགྱུར་བར་མཐོང་ནས། ཉིན་རེ་བཞིན་དུ་ཁ་ཟས་རྣམ་པ་སྣ་ཚོགས་པ་བཤམས་ཏེ་སྐྱེལ་བར་བྱེད་དོ། །དེའི་ཚེ་ཡུལ་དེ་ན་ཁྱིམ་བདག་དད་པ་ཅན་ཞིག་ལ་བུ་ཞིག་ཡོད་དེ་ཕ་དེས་བདག་གི་བུ་འདི་རབ་ཏུ་བྱུང་གི། སྟོན་པ་མཁས་པ་ཞིག་བཙལ་བར་བྱ་སྟེ། དེས་དགེ་བའི་ཆོས་ཀུན་འཕེལ་བར་འགྱུར་རོ་བསམ་ནས། དགེ་སློང་དགོན་པ་བ་དེ་ལ་ཞུས་པས་གནང་སྟེ། ཁྱེའུ་དེ་རབ་ཏུ་བྱུང་ནས་དགེ་ཚུལ་དུ་བྱས་སོ། །དུས་ནམ་ཞིག་གི་ཚེ་འཚོ་བ་སྦྱོར་བའི་དགེ་བསྙེན་དེ་ཁྱིམ་བདག་གཞན་ཞིག་གི་སར་ཕྱིན་པས་བསོད་སྙོམས་སྐྱེལ་བ་མ་བྱུང་ནས། དགེ་ཚུལ་དེ་བསོད་སྙོམས་ལེན་དུ་བཏང་བ་ན། སློབ་དཔོན་གྱིས་ཁྱོད་སྤྱོད་ལམ་ཤིན་ཏུ་བསྡམས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་གྲོང་ནས་བསོད་སྙོམས་ལོངས་ལ་ཅི་ལའང་ཆགས་པར་མ་བྱེད་ཅིག ཅེས་བསྒོའོ། །དེ་ནས་དགེ་ཚུལ་དེ་ཁྱིམ་དུ་སོང་བ་ན། དགེ་བསྙེན་མི་འདུག་ནས། དེའི་བུ་མོ་ལོ་བཅུ་དྲུག་མ་ཤིན་ཏུ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་པ་དེས་ནང་དུ་བོས་ཏེ། འདི་འདོད་ཆགས་ཀྱིས་བསླུའོ་སྙམ་སྟེ། ཆགས་པའི་རྣམ་འགྱུར་སྣ་ཚོགས་པ་བསྟན་ཀྱང་། དགེ་ཚུལ་དེས་སྤྱོད་ལམ་ཤིན་ཏུ་བསྡམས་པས་སྐབས་མ་རྙེད་དོ། །དེར་བུ་མོ་དེས་ཕྱག་བྱས་ཏེ། ཁྱིམ་འདིའི་ནང་ན་རིན་པོ་ཆེ་དང་གསེར་དངུལ་སོགས་རྣམ་ཐོས་བུའི་གཏེར་དང་འདྲ་བར་ཡོད་ཀྱང་བདག་པོ་མེད་ཀྱིས་ཁྱོད་ཁྱིམ་དང་བཅས་པའི་བདག་པོ་མཛོད་ལ། བདག་ཁྱོད་ཀྱི་ཁོལ་མོ་བགྱིས་ཏེ་བཀུར་སྟི་དང་རིམ་གྲོ་བགྱི་བས། འདི་ལས་མི་འགལ་བར་བདག་གི་རེ་བ་སྐོངས་ཤིག་སྨྲས་པས། དགེ་ཚུལ་དེས། བདག་སྡིག་པའི་ལས་ཅི་ཞིག་བྱས་ན། འདི་ལྟ་བུའི་རྐྱེན་དང་ཕྲད་པར་གྱུར། བདག་ལུས་དང་སྲོག་ཡལ་བ་ཡང་བླའི་དུས་གསུམ་གྱི་སངས་རྒྱས་ཀྱིས་བཅས་པའི་ཚུལ་ཁྲིམས་ནི་ཉམས་པར་མི་བྱའོ། །གལ་ཏེ་བྲོས་ན་ནི་བུ་མོ་འདི་འདོད་ཆགས་ཀྱིས་གདུངས་པས་ཁྲེལ་དང་ངོ་ཚ་ཡང་མེད་དེ། ཕ་རོལ་དུ་བདག་ཟིན་ནས་བདག་ལ་སྐུར་བ་འདེབས་པར་འགྱུར་ཏེ། གྲོང་མི་དག་གིས་མཐོང་ན་སུན་འབྱིན་པར་འགྱུར་གྱིས། བདག་ནི་ངེས་པར་ཁང་པ་འདིར་ཚེ་འཕོས་པར་བྱའོ་སྙམ་དུ་བསམས་ནས་བུ་མོ་དེ་ལ་ཁྱོད་ཀྱིས་སྒོ་དམ་དུ་ཆོད་ཅིག བདག་ནི་ཁང་པ་གཅིག་གི་ནང་དུ་བྱ་བ་ཅུང་ཟད་ཡོད་པ་དེ་བྱས་ནས་ཁྱེད་དང་འཕྲད་པར་བྱའོ། །ཞེས་སྨྲས་ནས། བུ་མོ་སྒོ་གཅོད་དུ་སོང་བའི་འོག་ཏུ་དགེ་ཚུལ་ཁང་པ་གཅིག་གི་ནང་དུ་ཞུགས་ནས། ལུས་ལ་གྱོན་པའི་གོས་རྣམས་ཕུད་ནས་གདང་བུ་ལ་གཟེར་ཏེ། ཐལ་མོ་སྦྱར་ནས་གྲོང་ཁྱེར་ཀུ་ཤ་གང་ན་བར་སངས་རྒྱས་མྱ་ངན་ལས་འདས་པའི་ལོགས་སུ་པུས་མོ་ས་ལ་བཙུགས་ནས། བདག་གིས་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་དང་མཁན་པོ་དང་སློབ་དཔོན་དང་ཚུལ་ཁྲིམས་རྣམས་སྤོང་བ་མ་ལགས་ཀྱིས་ཚུལ་ཁྲིམས་བསྲུང་བའི་སླད་དུ་ལུས་འདི་སྤོང་ངོ་། །བདག་གར་སྐྱེས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་དང་། ཚངས་པར་སྤྱོད་པ་རྣམ་པར་དག་པ་དང་། ཟག་པ་ཟད་པ་དང་འབྲས་བུ་གྲུབ་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་ནས་སྤུ་གྲིས་རང་གི་མགུལ་བཅད་ནས་ཚེ་འཕོས་སོ། །དེ་ལྟར་གྱུར་པ་མཐོང་ནས་བུ་མོ་ཡང་རབ་ཏུ་འགྱོད་ཅིང་། དགེ་བསྙེན་བྱུང་བ་དང་ལོ་རྒྱུས་དྲང་པོར་བཤད་པས། དེས་ཀྱང་ཡུལ་གྱི་རྒྱལ་པོ་སོགས་ལ་གོ་བར་བྱས་པས་ཐམས་ཅད་ངོ་མཚར་དུ་གྱུར་ནས། དགེ་ཚུལ་ཚུལ་ཁྲིམས་སྲུང་བའི་བསྔགས་པ་བརྗོད་ཅིང་རུས་བུ་ལའང་མཆོད་པར་བྱས་སོ། །དེར་སློབ་དཔོན་ཡང་བྱོན་ཏེ་འཁོར་མང་པོ་ལ་ཆོས་བསྟན་པས། དེ་རྣམས་ཀྱང་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་བསྲུང་བ་དང་། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐམས་ཅད་རྗེས་སུ་ཡི་རང་བར་གྱུར་ཏོ། །

བརྫུན་གྱི་ཉེས་དམིགས་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་བ་ཞིག་མཆིས་པ་ལས། དེའི་ཆུང་མ་སྦྲུམ་མར་གྱུར་པ་ན་ཁྱིམ་བདག་དེ་ཚེ་འཕོས་པར་གྱུར་ཅིང་། རིང་པོར་མ་ལོན་པར་བཙས་པ་ན་བུ་ཕོ་ཞིག་བྱུང་སྟེ། དེ་ལ་རྣ་བ་ཡང་མེད། མིག་ཀྱང་མེད། སྣ་ཡང་མེད། ལྕེ་ཡང་མེད། རྐང་ལག་ཀྱང་མེད་དེ། ཕོ་མཚན་འབའ་ཞིག་ཡོད་པའི་ཤ་གོང་གོང་པོ་ཞིག་བྱུང་བས། དེའི་མིང་ཡང་མ་འཇི་བྱི་ལ་ཞེས་བྱ་བར་བཏགས་ཏེ་ཁྱིམ་དེའི་ནོར་གྱི་བདག་པོར་གྱུར་ཏོ། །དེ་གཞན་དག་གིས་ཐོས་ནས་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་ལ་དེའི་ལས་ཀྱི་རྒྱུ་ཞུས་པ་ན་བཀའ་སྩལ་པ་སྔོན་འདས་པའི་དུས་ན་ཁྱིམ་བདག་ཅིག་ལ་ཁྱེའུ་སྤུན་གཉིས་ཡོད་དེ། གཅིག་ནི་སྦྱིན་པ་ཞེས་བྱ། གཅིག་ནི་ཚུལ་ཁྲིམས་ཞེས་བྱ་སྟེ། ཁྱེའུ་སྤུན་གཉིས་ཆུང་ངུ་ནས་ངོ་ཚ་དང་ཁྲེལ་ཡོད་ཅིང་བདེན་པར་སྨྲ་བ། རྟག་ཏུ་སྦྱིན་པ་ལ་དགའ་ཞིང་དབུལ་ཕོངས་ལ་མགོན་བྱེད་པ་ཞིག་སྟེ། རྒྱལ་པོས་ཀྱང་ཞལ་ལྕེ་བར་བཅུག་ནས་བདེན་རྫུན་གྱི་ཤན་འབྱེད་དོ། །དེའི་ཚེ་རྒྱལ་པོའི་ཡུལ་ཁྲིམས་ཀྱིས་ཡུལ་མི་དག་གཅིག་ལ་གཅིག་གིས་རྒྱུ་རྫས་ཀྱི་དངོས་པོ་གང་བསྐྱིས་ཀྱང་ཞལ་ལྕེ་བའི་དྲུང་དུ་སོང་ནས་དཔང་པོར་འཇུག་པ་ལས་གཏན་ཚིགས་གཞན་མི་བྱེད་དོ། །དེའི་ཚེ་ཚོང་པ་ཞིག་རྒྱ་མཚོར་འགྲོ་བ་ལས། དེའི་ནུ་བོ་ཚུལ་ཁྲིམས་ལས་ནོར་མང་པོ་བསྐྱིས་ཏེ། ཕུ་བོ་ཞལ་ལྕེ་བ་དཔང་པོར་བཞག་སྟེ་རྒྱ་མཚོ་ལས་འཁོར་བ་ན་སྦྱིན་པར་བྱས་ཤིང་། ཚུལ་ཁྲིམས་ཀྱིས་གལ་ཏེ་བདག་གུམ་ན་བུ་ཆུང་ངུ་ཞིག་ཡོད་པ་དེ་ལ་སྩལ་བར་གྱིས་ཤིག་ཅེས་ཕུ་བོ་ལ་བསྐུལ་ཞིང་དེས་ཀྱང་དེ་བཞིན་དུ་བྱའོ་ཞེས་སྨྲས་སོ། །དེ་ནས་རིང་པོར་མ་ལོན་པར་ཁྱིམ་བདག་ཚུལ་ཁྲིམས་ཚེ་ཡི་དུས་བྱས་སོ། །ཚོང་པ་དེ་ཡང་རྒྱ་མཚོར་གྲུ་ཞིག་སྟེ། ཁོ་རང་གཅིག་པུ་ཤིང་ལེབ་གཅིག་ལ་འཇུས་ནས་ཐར་ཏེ་ཕྱིར་འཁོར་བ་ན། དེ་ལ་བདག་གི་ནོར་རྫས་འདི་སྙེད་ཅིག་བསྐྱིས་མོད་ཀྱི། ནོར་མེད་པས་བསྙགས་པའི་གནས་མེད་དོ་སྙམ་ནས་མ་བསྙགས་པར་བཞག་གོ །ཡང་ཚོང་པ་དེ་གཞན་ལས་སྐྱི་གཡར་བྱས་ཏེ་རྒྱ་མཚོར་སོང་བས་ནོར་བུ་རིན་པོ་ཆེ་མང་དུ་རྙེད་ནས་བདེ་བར་ཕྱིན་ཏེ། བདག་ལ་ཁྱིམ་བདག་གི་བུ་འདིས་སྔར་བུ་ལོན་མི་འདེད་པ། འདི་ཆུང་ཆེས་ཏེ་བརྗེད་དེ་མི་དྲན་པའམ། བདག་ལ་ནོར་མེད་ནས་ཡིན་སྙམ་དུ་བརྟགས་པས་མ་བརྗེད་པར་ཤེས་ནས། ཚོང་པ་དེས་ཐབས་ཤིག་བྱའོ་སྙམ་ནས། ཞལ་ལྕེ་བའི་ཆུང་མར་ནོར་མང་པོ་བྱིན་ནས། ཞལ་ལྕེ་བ་ལ་འདིར་འོང་བའི་ཚེ་མ་མཐོང་ཞེས་སྨྲར་ཆུག་ཅིག་བྱས་པས། ཆུང་མས་ཁྱིམ་ཐབ་ལ་དེ་བཞིན་བསྐུལ་ཡང་དེ་ནི་རིགས་པ་མ་ཡིན་གྱི་བདག་གིས་རྫུན་མི་སྨྲའོ། །ཞེས་ལན་གཉིས་ཀྱི་བར་ཕྱིར་བཟློག་པ་ན་ཆུང་མ་ཁྲོས་ནས། གལ་ཏེ་ཁྱོད་ཀྱིས་དེ་ལྟར་མི་སྨྲ་ན་བདག་གིས་ཁྱོད་ཀྱི་བུ་སྔོན་ལ་བསད་ནས་དེའི་འོག་ཏུ་བདག་ཀྱང་འཆི་བར་བྱའོ། །ཞེས་བསྡིགས་པས་དེ་ལྟར་སྨྲ་བར་ཁས་བླངས་སོ། །དེ་ནས་ཚོང་པ་དང་ཁྱིམ་བདག་གི་བུ་དེ་གཉིས་རྩོད་པར་གྱུར་ནས་ཞལ་ལྕེ་བའི་ཐད་དུ་ཕྱིན་ཏེ། ཚ་བུ་ཁྱིམ་བདག་གི་བུས། མི་འདིས་སྔོན་བདག་གི་ཕ་ལས་ནོར་འདི་སྙེད་ཅིག་བསྐྱིས་ཏེ། ཁུ་བོས་ཀྱང་མཐོང་ན་བདག་ལ་སྩོལ་ཅིག་ཅེས་སྨྲས་པ་དང་། ཁུ་བོས་བདག་ལ་རྒྱུས་མེད་དོ་ཅེས་སྨྲས་པས། ཚ་བོ་རེ་ཐག་ཆད་ནས་ཁུ་བོ་ལ་འབར་ཞིང་སོང་ངོ་། །དེའི་དུས་ཀྱི་ཞལ་ལྕེ་བ་ནི་མ་འཇི་བྱི་ལ་དབང་པོ་མ་ཚང་བ་འདི་ཡིན་ཏེ། དེའི་ཚེ་རྫུན་གཅིག་བྱས་པས་སེམས་ཅན་དམྱལ་བར་སྐྱེས་ནས་སྡུག་བསྔལ་སྣ་ཚོགས་མྱོང་བར་གྱུར་ཏེ། དམྱལ་བ་ལས་ཐར་ནས་ཀྱང་སྐྱེ་བ་ལྔ་བརྒྱའི་བར་དུ་དབང་པོ་ཅི་ཡང་མེད་པའི་ཤ་གོང་གོང་པོ་སྐྱེས་སོ། །དེའི་ཚེ་སྦྱིན་པ་ལ་དགའ་བའི་དབང་གིས་རྟག་ཏུ་ཕྱུག་པོའི་ཁྱིམ་དུ་སྐྱེས་ནས་ནོར་གྱི་བདག་པོར་གྱུར་ཏོ། །དགེ་བའི་ལས་དང་སྡིག་པའི་ལས་ནི་ཡུན་རིང་དུ་ལོན་ཀྱང་མེད་ཅིང་ཞིག་པར་མི་འགྱུར་བས། ཁྱེད་རྣམས་ཀྱིས་བརྩོན་འགྲུས་བསྐྱེད་དེ་ལུས་དང་ངག་དང་ཡིད་བསྡམས་ཏེ། སྡིག་པ་མི་བྱའོ་གསུངས། འདིས་ནི་བརྫུན་གྱི་ཉེས་དམིགས་སོགས་བསྟན་པའོ། །

དབུལ་ཕོངས་བཟའ་མི་གཉིས་ཀྱིས་རས་ཡུག་གཅིག་ཕུལ་པའི་བསོད་ནམས།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་ཅིག་གི་ཆུང་མ་ལ་བུ་མོ་ཞིག་བཙས་ཏེ། བུ་མོ་དེ་ནི་གཞན་ལས་ཁྱད་པར་དུ་འཕགས་པའི་གཟུགས་བྱད་དང་ལྡན་ཞིང་། ཐོག་མར་བཙས་པ་ན་རས་དཀར་པོ་འཇམ་པོས་དཀྲིས་ཏེ་བྱུང་ངོ་། །དེ་མཚན་མཁན་ལ་བསྟན་ནས་མིང་དཀར་མོར་བཏགས། དེ་ཇི་ཙམ་དུ་སྐྱེས་པ་བཞིན་རས་ཀྱང་ལུས་ཀྱི་ཚད་དུ་སྐྱེས་སོ། །དེ་ཉིད་ཆེར་ཕྱིན་པ་ན། ཕ་མས་བག་མར་བཏང་བའི་རྒྱན་བརྡུང་བར་བརྩམས་པ་ན། བུ་མོས་བདག་ནི་རབ་ཏུ་བྱུང་བར་དད་ཀྱི་བག་མར་མི་སྤྲོའོ། །དེར་ཕ་མས་ཆོས་གོས་དྲུབ་པར་བརྩམས་པ་ན་བུ་མོས། བདག་ལ་ཆོས་གོས་གྱོན་པ་ཡོད་ཀྱི་དྲུབ་མི་དགོས་སོ། །དེར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་རབ་ཏུ་བྱུང་བར་གསོལ་བ་དང་། སྟོན་པས་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་པས། སྐྲ་དང་ཁ་སྤུ་རང་བྱི་སྟེ་ལུས་ལ་གྱོན་པའི་རས་དཀར་པོ་དེ་ཡང་ཆོས་གོས་སྨད་ལྔར་གྱུར་ནས། སྐྱེ་དགུའི་བདག་མོ་ལ་བཏད་དེེ། དགེ་སློང་མ་དེས་ཀྱང་བརྩོན་འགྲུས་བརྩམས་པས་རིང་པོར་མ་ལོན་པར་དགྲ་བཅོམ་མར་གྱུར་ཏོ། །དེའི་ཚེ་ཀུན་དགའ་བོས་དེའི་ལས་ཀྱི་རྒྱུ་ཞུས་པས། བཀའ་སྩལ་པ། སྔོན་འདས་པའི་དུས་སངས་རྒྱས་བསོད་སྐྱབས་འཇིག་རྟེན་དུ་བྱོན་པའི་ཚེ། དགེ་སློང་གཅིག་གིས་འགྲོ་བ་མང་པོའི་དོན་དུ་ཡུལ་མི་ཐམས་ཅད་ལ་ཆོས་ཉན་པ་དང་སྦྱིན་པ་བྱེད་པར་བསྐུལ་ལོ། །དེའི་ཚེ་དབུལ་ཕོངས་བཟའ་མི་གཉིས་ལ་དངོས་པོ་རས་ཡུག་གཅིག་ལས་ཅིའང་མེད་པས། ཁྱོ་སློང་དུ་འགྲོ་བ་ན་རས་དེ་དེས་གྱོན་ནས་ཆུང་མ་དེ་གཅེར་བུ་རྩྭའི་ནང་དུ་ཉལ། བུད་མེད་དེ་སློང་དུ་འགྲོ་བ་ན་རས་དེ་དེས་གྱོན་ནས་ཁྱོ་དེ་རྩྭའི་གསེབ་ཏུ་ཉལ་བ་ལས་ནམ་ཞིག་དགེ་སློང་དེ་དེ་གཉིས་ཀྱི་སྒོར་འོངས་ནས་སྦྱིན་པའི་གཏམ་མཛད་པས། དབུལ་མོ་དེ་དད་ནས་རང་གི་ཁྱོ་ལ་རས་ཡུག་དེ་འབུལ་ལོ་སྨྲས་པས། ཁྱོས་བདག་གཉིས་ལ་རས་འདི་ལས་མེད་ན་འཚོ་བ་ཆད་པའི་ཚེ་གཉིས་ཀ་སྡོད་དམ་ཇི་ལྟར་བྱ། ཆུང་མས། སྐྱེས་ཕན་ཆད་འཆི་བ་ལས་མ་འདས་པས་རས་འདི་ཕུལ་ཡང་འཆི་ལ་མ་ཕུལ་ཡང་འཆི། དེ་བས་བསོད་ནམས་ཀྱི་ཞིང་དུ་ཕུལ་བ་ལེགས་སྨྲས་པས། ཁྱོད་ཀྱང་དགའ་བཞིན་དུ་སྦྱིན་པར་སྨྲས་སོ། །བུད་མེད་དེས་དགེ་སློང་ལ། ལུས་ཀྱི་རས་འདི་ལས་དངོས་པོ་གཞན་མ་མཆིས་པས། བུད་མེད་ཀྱི་ལུས་བཙོག་པ་གཟིགས་པར་མི་འོས་པས་ནང་ནས་འབུལ་ལོ། །ཞེས་སྨྲས་ཏེ། གློ་སྐར་ནས་ཕུལ་ལོ། །དེར་དགེ་སློང་དེས་རས་དེ་ཐོགས་ནས་སངས་རྒྱས་ཀྱི་སྤྱན་སྔར་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་བུད་མེད་ཀྱིས་ཕུལ་བའི་རས་དེ་ག་རེ་གསུངས་ནས་ཕྱག་ཏུ་བཞེས་པ་ན། འཁོར་རྣམས་ཀྱིས་རས་དྲི་མ་ཅན་ཕྱག་ཏུ་བཞེས་སོ་སྙམ་པ་མཁྱེན་ནས། ངས་བལྟས་ན་འཁོར་འདིའི་ནང་ན་སྦྱིན་པ་རྣམ་པར་དག་པ་ནི་འདི་ལས་མ་མཐོང་ངོ་གསུངས་པས། འཁོར་རྣམས་ངོ་མཚར་དུ་གྱུར་ནས། རྒྱལ་པོའི་བཙུན་མོ་དེ་རྗེས་སུ་ཡི་རང་བས་གོས་རྒྱན་རྣམས་དབུལ་མོར་བསྐྱལ་ཞིང་། རྒྱལ་པོས་ཀྱང་ཁྱིམ་ཐབ་ལ་གོས་རྒྱན་རྣམས་བསྐུར་ནས། ཁྱོ་ཤུག་གཉིས་པོ་འཁོར་གྱི་ནང་དུ་འོང་བ་དང་། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་སྐྱེ་བོ་ཕལ་ཆེར་རྣམ་པར་གྲོལ་བར་གྱུར་ཏོ། །དེའི་དུས་ཀྱི་དབུལ་མོ་དེ་ནི་དགེ་སློང་མ་དཀར་མོ་འདི་ཡིན་ཏེ། དེའི་ཚེ་བསམ་པ་དག་པས་རས་བྱིན་པའི་འབྲས་བུ་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་གང་ནས་གང་དུ་སྐྱེས་ཀྱང་རྟག་ཏུ་རས་དང་བཅས་ཏེ་སྐྱེས་ཤིང་ལོངས་སྤྱོད་དང་ལྡན་པར་གྱུར་ལ། དེའི་ཚེ་ཆོས་ཐོས་ཤིང་སྨོན་ལམ་བཏབ་པས་ད་ལྟར་ང་དང་འཕྲད་དེ་དགྲ་བཅོམ་མར་གྱུར་ཏོ། །དེ་བས་ན་ཁྱོད་ཀྱང་ཆོས་ཉན་པ་དང་། སྦྱིན་པ་བྱེད་པ་ལ་བརྩོན་པར་གྱིས་ཤིག་གསུངས།
༈ ཡང་དེའི་ཚེ་ཡུལ་ཨ་པ་དེ་ན་ཁྱིམ་བདག་ལོངས་སྤྱོད་དང་ལྡན་པ་སེར་སྣ་ཅན་སྙིང་རྗེ་མེད་པ་ཞིག་ལ་བྲན་མོ་རྒན་མོ་ཞིག་ཡོད་དེ། དེས་ངན་ལས་ཐམས་ཅད་བྱེད་ཀྱང་གོས་ནི་ལུས་ལ་མི་གཡོག་ཟས་ནི་ཁར་མི་མྱོང་ཤིང་། རྟག་ཏུ་བརྡུང་བཙོག་འབའ་ཞིག་བྱེད་པ་ལས། རྒན་མོས་མ་བཟོད་ནས། སྲོག་འདོར་དུ་འགྲོ་སྙམ་ནས་བུམ་པ་ཐོགས་ཏེ་ཆུ་འཆུར་སོང་བ་དང་། ཆུ་འགྲམ་དུ་ངུས་སོ། །དེར་འཕགས་པ་ཀཱ་ཏྱ་ན་ཆེན་པོ་བྱོན་ཏེ། ཁྱོད་ཅི་ལ་ངུ་གསུངས། དེས་ལོ་རྒྱུས་ཞུས་པས། འཕགས་པས་རྒན་མོ་ལ། ཁྱོད་དབུལ་བ་མི་འཚོང་ངམ་གསུངས། དེས་སུ་ཞིག་གིས་ཉོ། ཇི་ལྟར་བཙོང་དུ་རུང་དྲིས་པས། འཕགས་པས་ཇི་སྟེ་དབུལ་བ་བཙོངས་ན་ཁྱོད་སྔར་ཁྲུས་གྱིས་ལ་འོག་ཏུ་སྦྱིན་པ་ཐོངས་ཤིག་གསུངས། རྒན་མོས་བདག་ལ་ལྷན་པ་ཙམ་ཡང་མེད་ན་སྦྱིན་པ་ཅི་ཞིག་གཏོང་། བུམ་པ་འདི་ནི་ཇོ་མོའི་ཡིན་ཏེ་བདག་ལ་དབང་མེད་དོ་ཞུས་པས། འཕགས་པས། ཁྱོད་ལྷུང་བཟེད་ཀྱི་ནང་ཆུ་གཙང་མས་ཁོང་ལ་ང་ལ་ཕུལ་ཅིག ངས་སྦྱིན་པའི་ཚིགས་བཅད་བྱའོ་གསུངས། དེ་ནས་ཆུ་བླངས་ཏེ་ཕུལ་བ་ན་སྦྱིན་པའི་ཚིགས་བཅད་ཀྱང་མཛད། བསླབ་ཚིགས་ཀྱང་བྱིན་ནས་སངས་རྒྱས་ཀྱི་མཚན་བརྗོད་དུ་བཅུག་སྟེ། ཡོན་ཏན་གྱི་རྣམ་པ་སྣ་ཚོགས་པས་བསྔགས་ནས། རྒན་མོ་ཁྱོད་ལ་འདུག་གནས་ཡོད་དམ་གསུངས། རྒན་མོས་བདག་ལ་འདུག་གནས་མ་མཆིས་ཏེ། འཐག་པ་དང་གཏུན་བརྡུངས་ས་དང་། ལས་བྱེད་པའི་གནས་ཉིད་དུ་ཉལ་ལ། བར་འགའ་ནི་ལུད་ཕུང་གི་སྟེང་དུ་ཉལ་ལོ། །འཕགས་པས། ཁྱོད་ལས་བྱེད་པ་ལ་འགྱོད་པ་དང་མི་དགའ་བར་མ་བྱེད་པར་བརྩོན་འགྲུས་བྱོས་ལ། ཇོ་མོ་ཉལ་བའི་འོག་ཏུ་དལ་གྱིས་སྒོ་ཕྱེས་ལ། སྒོའི་ཕག་འགྲམ་དུ་རྩྭ་གཙང་མ་བཏིང་བ་ལ་འདུག་ནས་གཞན་མ་སེམས་པར་སངས་རྒྱས་ཡིད་ལ་བྱོས་ལ་ཉོལ་ཅིག་གསུངས། རྒན་མོས་ཀྱང་དེ་བཞིན་དུ་བྱས་པས། དེའི་ནུབ་མོ་ལ་ཚེ་འཕོས་ནས། སུམ་ཅུ་རྩ་གསུམ་གྱི་གནས་སུ་ལྷའི་སྲས་མོ་ཞིག་ཏུ་སྐྱེས་སོ། །ཕྱིར་ཉིན་ཇོ་མོས་ཁྱིམ་ནང་དུ་རྒན་མོ་ཤི་བར་མཐོང་ནས། ཁྲོས་ཤིང་གཤེ་བཞིན་དུ་རོའི་རྐང་པ་ལ་ཐག་པ་བཏགས་ཏེ་དྲུད་ནས་དུར་ཁྲོད་དུ་བསྐྱལ་ལོ། །ལྷར་སྐྱེས་པ་དག་དབང་པོ་རྣོན་པོས་ནི་བདག་ཅིའི་རྐྱེན་གྱིས་ལྷར་སྐྱེས་པ་ཤེས་ལ་རྟུལ་པོས་ནི་མི་ཤེས་པས། རྒན་མོ་དེས་ཅིའི་ཕྱིར་ལྷར་སྐྱེས་པ་མི་ཤེས་ཏེ། བདེ་བ་འབའ་ཞིག་ལ་ཆགས་སོ། །དེའི་ཚེ་འཕགས་པ་ཤཱ་རིའི་བུ་སུམ་ཅུ་རྩ་གསུམ་ན་བཞུགས་པས། དེས་ཇི་ལྟར་གྱུར་པ་རྣམས་ཤེས་པར་མཛད་པས། ལྷའི་བུ་མོ་ལྔ་བརྒྱ་ཙམ་དང་བཅས་དུར་ཁྲོད་དེར་ལྷགས་ཏེ་རུས་བུ་ལ་མཆོད་པ་བྱས་ཤིང་ལྷའི་འོད་ཀྱིས་གྲོང་ཁྱེར་དག་ཀྱང་སྣང་བར་བྱས་ཤིང་གོ་བར་བྱས་ནས། འཕགས་པ་ཀཱ་ཏྱ་ན་ལས་ཆོས་ཉན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས། ཕྱིར་ལྷ་ཡི་གནས་སུ་སོང་ངོ་། །དེ་ལྟར་གྱུར་པ་མཐོང་ནས་སྔར་གྱི་ཇོ་མོ་དེ་ལ་སོགས་པའི་སྐྱེ་བོ་རྣམས་ཀྱང་ངོ་མཚར་བར་གྱུར་ཅིང་། འཕགས་པས་འཁོར་མང་པོ་ལ་ཆོས་བསྟན་པས་གྲོལ་བར་མཛད་དོ། །

དཀོན་མཆོག་མཆོད་པའི་ཕན་ཡོན་དང་སྦྱིན་པའི་འབྲས་བུ་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་རྣམ་ཐོས་སྲས་ལ་འགྲན་པ་ཞིག་ལ་ཁྱེའུ་གསེར་གྱི་མདོག་ལྟ་བུ་ཞིག་བཙས་ཏེ་མིང་གསེར་ལྷ་ཞེས་བཏགས། དེའི་ཚེ་ཡུལ་ཙམ་པ་ན་ཁྱིམ་བདག་སྔ་མ་དང་མཚུངས་པ་ཞིག་ལ་བུ་མོ་གསེར་གྱི་མདོག་ཅན་ཞིག་བཙས་པ་ལ་མིང་གསེར་འོད་དུ་བཏགས། དེ་གཉིས་བཙས་པ་ན་སོ་སོའི་ཁྱིམ་དུ་ཁྲོན་པ་ཆུ་ཞེང་དུ་ཁྲུ་བརྒྱད་བརྒྱད་དང་ཟབས་སུའང་ཁྲུ་བརྒྱད་ཡོད་པ་གཅིག་རང་བྱུང་དུ་བྱུང་སྟེ། དེ་བཅུས་པ་ན་རིན་པོ་ཆེ་དང་གོས་དང་བཟའ་བཏུང་སོགས་ཅི་དང་ཅི་འདོད་པ་དེ་དག་ཡིད་བཞིན་དུ་བྱུང་ངོ་། །དེ་གཉིས་ཆེར་སྐྱེས་པ་ན་ཕན་ཚུན་གྱི་གཏམ་ཐོས་ན་དེ་གཉིས་གཉེན་ཚན་དུ་བསྡེ བས་ཏེ་མཉན་ཡོད་དུ་ཕྱིན་པ་ན། གསེར་ལྷས་སངས་རྒྱས་འཁོར་དང་བཅས་པ་ཁྱིམ་དུ་སྤྱན་དྲངས་ཤིང་ཆོས་བསྟན་པས་གསེར་ལྷ་ཁྱོ་ཤུག་གཉིས་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ། དེ་ནས་དེ་གཉིས་ཀྱིས་ཕ་མ་ལ་གནང་བ་ཞུས་ཤིང་སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་ཞིང་བརྩོན་པས་རིང་པོར་མ་ལོན་པར་གཉིས་ཀས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །དེའི་ཚེ་དགེ་སློང་རྣམས་ཐེ་ཚོམ་དུ་གྱུར་ནས་ཀུན་དགའ་བོས་ལས་ཀྱི་རྒྱུ་ཞུས་པས་སྔོན་སངས་རྒྱས་རྣམ་གཟིགས་འཇིག་རྟེན་དུ་བྱོན་ནས་མྱ་ངན་ལས་འདའ་བའི་འོག་ཏུ། དེའི་བསྟན་པ་ལ་ཞུགས་པའི་དགེ་སློང་རྣམས་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་སྤྱན་འདྲེན་པ་མཐོང་ནས། དེ་ན་སྔོན་ཕ་མེས་འབྱོར་པ་དང་ལྡན་ཡང་ཕྱིས་དབུལ་པོར་གྱུར་པའི་ཁྱོ་ཤུག་གཉིས་ཡོད་པའི་ཁྱོ་དེས་བདག་ཅག་གཉིས་ཀྱི་ཕ་མ་དང་ལོངས་སྤྱོད་ཡོད་པའི་སྐབས་ནི། འཕགས་པའི་དགེ་འདུན་དང་མ་འཕྲད་ལ། ད་ནི་རྩྭ་ཕུང་གི་སྟེང་ན་ཉལ་ཞིང་བྲེ་གང་ཡང་ཕུལ་རྒྱུ་མི་འདུག་སྙམ་དུ་ངུ་ཞིང་གཏམ་སྨྲས་པ་ན། ཆུང་མ་དེས། ཁྱོད་སོང་ལ་བདག་ཅག་གི་མཛོད་རྙིང་པའི་ནང་དུ་ཚོལ་དང་ཅུང་ཟད་རེ་རྙེད་ཀྱང་སྲིད། རྙེད་ན་འབུལ་ལོ་སྨྲས་པས། ཁྱོས་བཙལ་བས་གསེར་གྱི་དོང་ཙེ་གཅིག་ལུས་པ་རྙེད་དོ། །དེར་ཆུང་མ་ལ་མེ་ལོང་གཅིག་ཀྱང་ཡོད་པས། དེ་གཉིས་ཀྱི ས་བུམ་པ་གསར་པ་གཅིག་ཀྱང་ཉོས་ནས་དེ་ཆུ་གཙང་གིས་བཀང་། གསེར་གྱི་དོང་ཙེ་གཅིག་པོ་དེ་ནང་དུ་བཅུག མེ་ལོང་གིས་ཁ་བཅད་ནས་དགེ་འདུན་ལ་ཕུལ་ལོ། །དེ་ནས་རིང་པོར་མ་ལོན་པར་དེ་གཉིས་ཚེ་འཕོས་ཏེ་སུམ་ཅུ་རྩ་གསུམ་དུ་སྐྱེས་སོ། །དེའི་དུས་ཀྱི་དབུལ་པོ་ཁྱོ་ཤུག་གཉིས་ནི་གསེར་ལྷ་ཁྱོ་ཤུག་འདི་ཡིན་ལ། དེའི་ཚེ་དད་པས་ཕུལ་བའི་རྒྱུ་དེས་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་གཟུགས་དང་ལོངས་སྤྱོད་དང་ལྡན་པ་འདི་འདྲ་བ་འབའ་ཞིིག་ཏུ་གྱུར་ཏེ། ད་འདིར་འཁོར་བའི་མཐར་ཕྱིན་ཏེ་དགྲ་བཅོམ་པར་གྱུར་ཏོ། །ཀུན་དགའ་བོ་དེ་བས་ན་བསོད་ནམས་ཀྱི་ཕྱོགས་སུ་གྱུར་བའི་ལས་ནི་གང་ཡང་མི་བྱར་མི་རུང་ངོ་། །དབུལ་པོ་དེས་སྦྱིན་པ་ཅུང་ཟད་བྱས་པའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འདི་ལྟ་བུ་ཐོབ་པར་གྱུར་ཏོ་གསུངས། འདི་རྣམས་ཀྱིས་ནི་དཀོན་མཆོག་མཆོད་པའི་ཕན་ཡོན་དང་སྦྱིན་པའི་འབྲས་བུ་བསྟན་པ་ཡིན་ནོ། །

སྦྱིན་པ་དང་སྲོག་གཅོད་སྤངས་པའི་འབྲས་བུ་སྐྱབས་འགྲོའི་ཕན་ཡོན་རྣམས་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་ཕྱུག་པོ་ཞིག་ལ་བུ་མེད་ནས། ལྷ་ལ་གསོལ་བ་བཏབ་པས། ནམ་ཞིག་ན་ཁྱེའུ་ཤིན་ཏུ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་བྱུང་བས། ཕ་མ་དང་གཉེན་བཤེས་ཀུན་དགའ་ནས་ཆུ་འགྲམ་ཞིག་ཏུ་བཙས་སྟོན་བྱས་པས། ཁྱེའུ་བལྟ་བའི་ཕྱིར་གཅིག་གིས་གཅིག་ལ་ལག་བརྒྱུད་བྱས་པའི་བར་ནས་ཤོར་སྟེ་ཆུར་ལྷུང་ངོ་། །དེར་ཁྱེའུ་རང་གི་བསོད་ནམས་དང་ལས་ཀྱི་རྒྱུས་མ་ཤི་བར་ཉ་ཆེན་པོ་ཞིག་གིས་མིད་ནས་དེའི་ལྟོ་བ་ན་གསོན་པོར་གནས་སོ། །ཆུ་བོ་དེའི་མཇུག་གི་གྲོང་ཞིག་ན་ཁྱིམ་བདག་ཕྱུག་པོ་བུ་མེད་པ་ཞིག་ཡོད་པ་དེའི་བྲན་རྣམས་ཀྱིས་ཉ་བཤོར་བ་ལས་ཉ་དེ་ཟིན་ནས་ལྟོ་བ་བཀས་པ་དང་། དེའི་ལྟོ་བར་ཁྱེའུ་མཚན་དང་ལྡན་པ་ཞིག་བྱུང་ནས་ཁྱིམ་བདག་གི་ཆུང་མས་བླངས་ཏེ་བདག་ཅག་ལ་ལྷས་གནང་ངོ་བསམ་ནས་གསོས་སོ། །དེ་ནས་དེའི་གཏམ་ཐོས་པས་གྲོང་གོང་མའི་ཁྱིམ་བདག་གིས་བདག་གི་བུ་ཁྱེད་ཀྱིས་རྙེད་པ་ཕྱིར་བྱིན་ཅིག དེས་བདག་ལ་ལྷས་བྱིན་པ་ཡིན་ཏེ། ཉའི་ལྟོ་བ་ནས་རྙེད་པས་མི་སྦྱིན་ནོ། །དེ་ལྟར་དེ་གཉིས་རྩོད་པ་ན། ཡུལ་གྱི་རྒྱལ་པོས་ཁྱེའུ་དེ་གཉིས་ཀས་ཐུན་མོང་དུ་གསོས་ལ། ཆེར་སྐྱེས་ནས་གཉིས་ཀའི་ཁྱིམ་དུ་ཆུང་མ་རེ་ལོངས་ལ་བུ་བྱུང་བ་དང་སོ་སོར་ཁྱེར་ཅིག་ཅེས་བཅད་དོ། །དེ་ནས་ཁྱིམ་གཉིས་ཀས་གསོས་པས་མིང་ཡང་། རིགས་གཉིས་པ་ཞེས་གྲགས་སོ། །དེ་ཉིད་ཆེར་སྐྱེས་པ་ན་བཙས་མ་ཐག་པར་ཆུར་ལྷུང་བ་དང་ཉས་མིད་པ་སོགས་ཀྱི་སྡུག་བསྔལ་དྲན་པས་ཡིད་སྐྱོ་ནས་ཕ་མ་ལ་གནང་བ་ཞུས་ཏེ། སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་བས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེར་དགེ་སློང་རྣམས་ཐེ་ཚོམ་དུ་གྱུར་ནས་ཀུན་དགའ་བོས་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་རྣམ་གཟིགས་འཇིག་རྟེན་དུ་བྱོན་པའི་ཚེ་ཁྱིམ་བདག་གཅིག་གིས་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་བསྔགས་པ་རྒྱ་ཆེར་ཐོས་ནས་རབ་ཏུ་དད་དེ་སངས་རྒྱས་ཀྱི་སྤྱན་སྔར་སྲོག་མི་གཅོད་པ་ལ་སོགས་པའི་བསླབ་ཚིགས་གསུམ་ནོས་ནས་དོང་ཙེ་གཅིག་ཕུལ་ལོ། །རྒྱུ་དེས་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ལོངས་སྤྱོད་ཆེན་པོ་དང་ལྡན་པར་གྱུར་ལ། ད་ལྟར་ཡང་སྦྱིན་པའི་འབྲས་བུས་ལོངས་སྤྱོད་དང་ལྡན་པ་དང་། སྲོག་གཅོད་པ་སྤངས་པས་ཆུར་ལྷུང་སྟེ་ཉས་མིད་ཀྱང་མ་ཤི་བ་དང་། དཀོན་མཆོག་ལ་སྐྱབས་སུ་སོང་བས་ད་ལྟར་ང་དང་ཕྲད་ནས་དགྲ་བཅོམ་པར་གྱུར་ཏོ་གསུངས། འདིས་ནི་སྦྱིན་པ་དང་སྲོག་གཅོད་སྤངས་པའི་འབྲས་བུ་སྐྱབས་འགྲོའི་ཕན་ཡོན་རྣམས་བསྟན་པ་ཡིན་ནོ། །

༈ ཡང་བཅོམ་ལྡན་འདས་ཡངས་པ་ཅན་ཨ་མྲའི་ཚལ་ན་བཞུགས་པའི་ཚེ། ཀུན་དགའ་བོ་ལ། རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་ན་བསྐལ་པ་གཅིག་གི་བར་དུ་འཇིག་རྟེན་ན་གནས་པར་གྱུར་ཏོ། །ངས་ཀྱང་རྫུ་འཕྲུལ་གྱི་རྐང་པ་བཞི་ཤིན་ཏུ་བསྒོམས་པས། ང་དེ་བཞིན་གཤེགས་པ་འཇིག་རྟེན་ན་སྐུ་ཚེ་ཇི་སྲིད་ཀྱི་བར་དུ་བཞུགས་པར་རིགས་ཞེས་ལན་གསུམ་གྱི་བར་དུ་བཀའ་སྩལ་པ། ཀུན་དགའ་བོ་བདུད་ཀྱིས་ནོན་ཏེ་ཅང་མི་སྨྲ་བ་ན། དེའི་འོག་ཏུ་བདུད་སྡིག་ཅན་འོངས་ནས་མྱ་ངན་ལས་འདས་པར་གསོལ་བ་བཏབ་པས། ཟླ་བ་གསུམ་ན་མྱ་ངན་ལས་འདའ་བར་གནང་ངོ་། །དེར་ཀུན་དགའ་བོས་རྨི་ལམ་དུ་ཤིང་ལྗོན་པ་བཟང་པོ་རླུང་གིས་གཏོར་བ་རྨིས་ནས། ཡིད་མི་དགའ་བར་གྱུར་ནས་གསོལ་པ་དང་། ད་སྟེ་ཟླ་བ་གསུམ་ན་མྱ་ངན་ལས་འདའ་འོ་གསུངས་པས། དགེ་སློང་རྣམས་རབ་ཏུ་མི་དགའ་ནས་མྱ་ངན་དུ་གྱུར་པ་ན། འཕགས་པ་ཤཱ་རིའི་བུས་བདག་ནི་བཅོམ་ལྡན་འདས་མྱ་ངན་ལས་འདས་པར་མཐོང་བར་མི་བཟོད་དེ་ཅི་ནས་ཀྱང་བདག་སྔར་མྱ་ངན་ལས་འདའ་འོ། །ཞེས་གསོལ་ཏེ། འཁོར་མང་པོ་ལ་ཁྱེད་རྣམས་ནི་སྔོན་གྱི་དགེ་བའི་རྩ་བས་སངས་རྒྱས་འབྱུང་བ་དང་ཕྲད་མོད་ཀྱི་མདོ་སྡེ་དང་ཆོས་ཐོས་པ་ཤིན་ཏུ་དཀའ། མིའི་ལུས་ཐོབ་པ་ཡང་ཤིན་ཏུ་དཀའ་བ་ཡིན་གྱི། བསོད་ནམས་ཀྱི་ཚོགས་སུ་འགྱུར་ཞིང་འཁོར་བ་ལས་གྲོལ་བའི་ལས་ལ་བརྩོན་པར་གྱིས་ཤིག ཅེས་གདམས་ནས་མྱ་ངན་ལས་འདས་སོ། །དེའི་ཚེ་ཀུན་དགའ་བོས། ཤཱ་རིའི་བུ་ཆོས་ཀྱི་བདག་པོ་གཙོ་བོ་ཆེན་པོ་ཡང་མྱ་ངན་ལས་འདས་ན་བདག་ཅག་གིས་སུ་ལ་གནས་བཅའ་ཞིང་སྐྱབས་སུ་མཆི། བཀའ་སྩལ་པ། ཤཱ་རིའི་བུ་མྱ་ངན་ལས་འདས་ཀྱང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་རྣམ་པར་གྲོལ་བས། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དང་། ཆོས་ཀྱི་སྐུ་ནི་མྱ་ངན་ལས་མ་འདས་སོ། །ཤཱ་རིའི་བུ་ནི་ད་ལྟར་འབའ་ཞིག་ཏུ་མྱ་ངན་ལས་འདའ་བར་མཐོང་བར་མི་བཟོད་དེ་སྔར་མྱ་ངན་ལས་འདས་པ་འདིར་མ་ཟད་ཀྱི། སྔོན་འདས་པའི་དུས་ནའང་ང་ཚེ་འཕོ་བ་ལ་མི་བཟོད་པར་སྔར་ཚེ་འཕོས་པ་ཡིན་ཏེ། སྔོན་བསྐལ་པ་གྲངས་མེད་པ་འདས་པའི་ཕ་རོལ་ན། འཛམ་བུ་གླིང་འདིར་རྒྱལ་པོ་ཟླ་འོད་ཅེས་བྱ་བ་འཛམ་བུ་གླིང་ལ་དབང་བྱེད་པ་ཞིག་བྱུང་སྟེ། དེས་དཀོར་མཛོད་མཐའ་དག་སྦྱིན་པར་གཏོང་བའི་གྲགས་པ་ཆེན་པོས་འཛམ་གླིང་ཀུན་ཁྱབ་པར་གྱུར་པ་ན། ཡུལ་མཐའ་འཁོབ་ཀྱི་རྒྱལ་ཕྲན་བྱེ་མ་སེ་ན་ཞེས་བྱ་བ་ཞིག་ཕྲག་དོག་གིས་ཡིད་མི་བདེ་བར་གྱུར་ནས། རྒྱལ་པོ་དེ་ཉིད་མེད་པར་གྱུར་པའི་ཐབས་ཀུན་རྒྱུ་རྣམས་ལ་སྦྲན་ཡང་དེ་དག་སྤྲོ་བ་མེད་པར་གྱུར་ནས་ཤིན་ཏུ་ཡང་མི་དགའ་བར་གྱུར་ཏེ། གང་དག་རྒྱལ་པོ་ཟླ་འོད་ཀྱི་མགོ་བཅད་དེ་འོང་བ་ཞིག་ཡོད་ན། དེ་ལ་རྒྱལ་སྲིད་ཀྱི་ཕྱེད་ཀྱང་སྦྱིན་ལ་བུ་མོའང་སྦྱིན་ནོ་ཞེས་བསྒྲགས་པས། དེའི་ཚེ་རི་བྲགས་ཀྱི་ཁོང་ཞིག་ན་བྲམ་ཟེ་ལེའུ་ཏེ་ཙ་ཞེས་བྱ་བ་ཞིག་ཡོད་པ་དེས་ཁས་བླངས་ནས། རྒྱལ་པོ་ཟླ་འོད་ཀྱི་ཡུལ་དུ་ཆས་སོ། །དེའི་ཚེ་རྒྱལ་པོ་ཟླ་འོད་ཀྱི་ཡུལ་དུ་ལྟས་ངན་པ་སྣ་ཚོགས་བྱུང་ཞིང་། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གི་རྨི་ལམ་དུ་རྒྱལ་པོའི་གསེར་གྱི་རྒྱལ་མཚན་ཆག་པ་དང་། གསེར་གྱི་རྔ་རལ་བ་རྨིས་ཤིང་། ཁྱད་པར་དུ་བློན་པོའི་མཆོག་ཟླ་བ་ཆེན་པོ་ཞེས་བྱ་བའི་རྨི་ལམ་དུ། ཡི་དྭགས་ཞིག་གིས་རྒྱལ་པོའི་གསེར་གྱི་ཅོད་པཎ་ཕྲོགས་པ་རྨིས་པས་ཐམས་ཅད་མྱ་ངན་གྱིས་ནོན་པར་གྱུར་ཏོ། །དེའི་ཚེ་ཕོ་བྲང་སྲུང་བའི་ལྷས་བྲམ་ཟེས་རྒྱལ་པོའི་དབུ་སློང་བར་ཤེས་ནས་ནང་དུ་མ་བཏང་བ་དང་། གཙང་རིས་ཀྱི་ལྷས་སྦྱིན་པའི་ཕར་ཕྱིན་རྫོགས་པར་ཤེས་ནས་རྒྱལ་པོའི་རྨི་ལམ་དུ་སྦྲན་ནས་ནང་དུ་བཏང་ངོ་། །དེར་རྒྱལ་པོའི་དབུ་བསླངས་པ་ན། བློན་པོ་ཟླ་བ་ཆེན་པོས་རིན་པོ་ཆེ་སྣ་བདུན་ལས་སྣ་གཅིག་ལའང་མགོ་ལྔ་བརྒྱ་ལྔ་བརྒྱ་བྱས་ཏེ་བྲམ་ཟེ་ལ་བྱིན་ནས། རྒྱལ་པོའི་དབུ་ནི་ཤ་དང་ཁྲག་སོགས་མི་གཙང་བ་ཡིན་ན་དེས་ཅི་ཞིག་བྱ། དེ་བས་རིན་པོ་ཆེ་སྣ་བདུན་གྱི་མགོ་འདི་དག་ཁྱེར་ཅིག་དང་ཁྱོད་ཚེ་གཅིག་ཏུ་ཕྱུག་པར་འགྱུར་རོ་ཞེས་ཐབས་སྣ་ཚོགས་ཀྱིས་ཟློག་ཀྱང་མ་ཉན་ནས་དབུ་སློང་བས་བློན་པོ་ཟླ་བ་ཆེན་པོ་སྙིང་གས་ཏེ་དེ་ཉིད་དུ་ཚེ་འཕོས་སོ། །དེར་རྒྱལ་པོས་བློན་པོ་ཞིག་གླང་པོ་ཆེ་དཔག་ཚད་བརྒྱ་སྟོང་དུ་འགྲོ་བ་ལ་བསྐྱོན་ནས། ད་སྟེ་ཞག་བདུན་ན་རྒྱལ་པོ་ཟླ་འོད་ཀྱིས་བྲམ་ཟེ་ལ་དབུ་སྦྱིན་པར་མཛད་པ་མཐོང་བར་འདོད་པ་ཐམས་ཅད་མྱུར་དུ་ཤོག་ཅིག་ཅེས་སྨྲས་པས། ཐམས་ཅད་འདུས་པས་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་། བློན་པོ་སྟོང་ཕྲག་བཅུ། བཙུན་མོ་སྟོང་ཕྲག་ཉི་ཤུ། རྒྱལ་བུ་ལྔ་བརྒྱ་པོ་ཐམས་ཅད་ཀྱིས་སོ་སོ་ནས་དབུ་མི་སྦྱིན་པར་གསོལ་བ་བཏབ་ཀྱང་མ་གནང་ནས། རྒྱལ་པོས་འཁོར་དེ་དག་ལ། ཐོག་མ་མེད་པ་ནས་འཁོར་བར་འཁོར་ཏེ། ངན་སོང་གསུམ་ལ་སོགས་པར་ལུས་གྲངས་མེད་པ་ཞིག་བོར་ཡང་བསོད་ནམས་སུ་མ་གྱུར་པར་ཆུད་ཟོས་པས། ད་རེས་བདག་གི་ལུས་འདི་ཡོངས་སུ་བཏང་ནས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པར་བྱ་བ་ཡིན་པས་ནམ་སངས་རྒྱས་པ་ན་ཁྱེད་རྣམས་ཀྱང་སྡུག་བསྔལ་ལས་བསྒྲལ་བར་བྱའོ། །དེ་བས་ན་བདག་གི་བྱང་ཆུབ་སྒྲུབ་པའི་གེགས་མ་བྱེད་ཅིག་ཅེས་གསུངས་ནས་བྲམ་ཟེ་ལ་ད་མགོ་བླང་བའི་དུས་ལ་བབ་ཀྱིས་ལོངས་ཤིག་གསུངས་པས། བྲམ་ཟེས་འཁོར་རྣམས་ཀྱི་གཟི་བྱིན་མ་བཟོད་ནས་སྐྱེད་མོས་ཚལ་དུ་གཤེགས་པར་ཞུས་པས། དེར་བྱོན་ཏེ་དབུ་ཤིང་གི་ཡལ་ག་ལ་བཏགས་ནས་བྲམ་ཟེ་ལ། ཁྱོད་ཀྱིས་ངའི་མགོ་ཆོད་ལ་ངའི་ལག་ཏུ་བཞག་ནས་ངའི་ལག་ནས་ལོངས་ཤིག ངས་ཁྱོད་ལ་མགོ་སྦྱིན་པའི་བསོད་ནམས་འདིས་ནི་ཁམས་གསུམ་གྱི་བདེ་བའི་ལོངས་སྤྱོད་འདོད་པའི་ཕྱིར་མ་ཡིན་གྱི། འགྲོ་བ་མང་པོ་སྐྱོབ་པའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་འདོད་དོ་གསུངས། བྲམ་ཟེས་རལ་གྲི་ཕྱར་བ་ན་དེར་གནས་པའི་ཤིང་གི་ལྷ་མོས་ཐལ་ལྕག་གི་བསྣུན་པ་བྲམ་ཟེ་དེ་སར་འགྱེལ་ལོ། །དེར་རྒྱལ་པོས་ཤིང་གི་ལྷ་མོ་ལ། སྔོན་འདས་པའི་དུས་ན་ངས་ཤིང་འདིའི་དྲུང་དུ་མགོ་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་སྙེད་སྦྱིན་པར་བྱས་ཏེ། ད་འདི་ཡིས་སྟོང་དུ་ཚང་སྟེ་སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པ་ཡིན་པས། ངའི་བྱང་ཆུབ་ཀྱི་བར་ཆད་མ་བྱེད་ཅིག་གསུངས། དེ་ནས་བྲམ་ཟེ་ལངས་ཏེ་མཚོན་གྱི་དབུ་བཅད་ནས་ཕྱག་ཏུ་ལྷུང་བ་དང་ས་ཡང་རྣམ་པ་དྲུག་ཏུ་གཡོས་ཤིང་། རྒྱལ་པོ་ཟླ་འོད་ཀྱིས་དབུ་སྦྱིན་པར་བཏང་བས་སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་གྱུར་ཏོ། །ཞེས་ཀུན་ཏུ་གྲགས་པར་གྱུར་ནས། རྒྱལ་པོ་བྱེ་མ་སེ་ནས་དེ་ཐོས་པ་དང་ཕྲག་དོག་གིས་སྙིང་གས་ནས་ཚེ་འཕོས་སོ། །བྲམ་ཟེས་ཀྱང་རྒྱལ་པོའི་མགོ་ཁྱེར་བ་ན་ཀུན་གྱིས་སྤྱོས་ཤིང་ཁ་ཟས་ཀྱང་མ་རྙེད་པས་ཤིན་ཏུ་ཉམ་ཐག་ཅིང་། དབུ་ཡང་རུལ་ཞིང་མི་སྡུག་ནས་ས་ལ་བོར་ཞིང་སོང་བ་ལས། རྒྱལ་པོ་བྱེ་མ་སེ་ན་ཤི་བར་ཐོས་ནས་མྱ་ངན་གྱིས་ཡི་མུག་སྟེ་སྙིང་ཚལ་བ་བདུན་དུ་གས་ཤིང་ཁྲག་བསྐྱུགས་ཏེ་ཚེ་འཕོས་ཏེ་གཉིས་ཀ་མཚམས་མེད་པའི་སེམས་ཅན་དམྱལ་བར་སྐྱེས་སོ། །རྒྱལ་པོ་ཟླ་འོད་ཀྱི་མྱ་ངན་གྱིས་གདུང་སྟེ་ཚེ་འཕོས་པ་རྣམས་ནི་མཐོ་རིས་ཀྱི་ལྷར་སྐྱེས་སོ། །དེའི་དུས་ཀྱི་རྒྱལ་པོ་ཟླ་འོད་ནི་ང་ཡིན་ལ་རྒྱལ་པོ་བྱེ་མ་སེ་ན་ནི་བདུད་སྡིག་ཏོ་ཅན་དང་བྲམ་ཟེ་དེ་ནི་ལྷས་བྱིན་ཡིན་ནོ། །དེའི་ཚེ་ཤིང་གི་ལྷ་མོ་དེ་ནི་མོའུ་འགལ་གྱི་བུ་དང་། བློན་པོ་ཟླ་བ་ཆེན་པོ་ནི་ཤཱ་རིའི་བུ་ཡིན་ནོ། །དེའི་ཚེ་ན་ཡང་ང་ཚེ་འཕོས་པར་མི་བཟོད་པས་སྔར་ཚེ་འཕོས་པ་ཡིན་ནོ་གསུངས་པས་འཁོར་རྣམས་ཀྱིས་མཐུན་པར་དེ་བཞིན་གཤེགས་པའི་ཡོན་ཏན་ལ་མངོན་པར་བསྔགས་ཤིང་བསྒོམ་པ་ལ་ནན་ཏན་དུ་བྱས་པས་ཁ་ཅིག་གིས་དགེ་སྦྱོང་གི་འབྲས་བུ་ཐོབ་ཅིང་ཁ་ཅིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱས་སོ། །

དགེ་འདུན་གྱི་ནད་གཡོག་སོགས་བསོད་ནམས་བགྱིས་པའི་ཕན་ཡོན་དང་། སྲོག་བཅད་པ་དང་རྗེས་སུ་ཡི་རང་བའི་རྣམ་སྨིན་སྨོན་ལམ་གྱི་འབྲས་བུ་མཐའ་བཙན་པ་རྣམས་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། རྒྱལ་པོ་རབ་གསལ་རྒྱལ་གྱི་གཅུང་སྟོབས་ཀྱི་གྲོགས་པོ་ཞེས་པའི་བུ་མོ་ལྷ་མཚམས་མ་ཞེས་པ་མཁས་ཤིང་ཡིད་གཞུངས་པ་གཞན་བས་ཁྱད་པར་དུ་འཕགས་པ་ཞིག་ཡོད་པ་དེ། མཉན་ཡོད་ཀྱི་རྒྱལ་པོའི་བློན་པོ་རི་དྭགས་ཞེས་བྱ་བ་ལ་བུ་དྲུག་ཡོད་པའི་ཐ་ཆུང་གི་ཆུང་མར་བྱིན་ཅིང་དེའི་ཁྱིམ་གྱི་བདག་མོ་བགྱིས་པ་ལས། ནམ་ཞིག་རྒྱལ་པོའི་ཁང་སྟེང་དུ་བྱ་ཞིག་གིས་རྒྱ་མཚོའི་གླིང་གི་འབྲས་ཀྱི་སྙེ་མ་ཁུར་འོང་བ་དེ་ལྷུང་བ་ན། རྒྱལ་པོས་བློན་པོ་རྣམས་ལ་སྨན་གྱི་དོན་དུ་ས་ལ་ཐོབ་ཅིག་ཅེས་བསྒོ་བ་ན། གཞན་དག་གིས་བཏབ་པ་ཇི་བཞིན་དུ་མ་སྐྱེས་ཤིང་། ལྷ་མཚམས་མས་བཏབ་པ་མང་དུ་སྐྱེས་པས། དེས་རྒྱལ་པོའི་བཙུན་མོ་ནད་ཀྱིས་ཟིན་པ་གསོས་པ་དང་། ཡང་དགྲ་ཟླའི་རྒྱལ་པོ་ཞིག་གིས་ཉམས་སད་པའི་ཕྱིར་རྒོད་མ་སྨད་གཟུགས་དང་སྤུ་མདོག་སོགས་འདྲ་བ་གཉིས་བསྐུར་ནས་མ་བུ་གང་ཡིན་ངོས་ཟུངས་ཤིག་ཅེས་སྤྲིང་པར་གཞན་གྱིས་མ་ཤེས་ནས་ལྷ་མཚམས་མས་དེ་གཉིས་སོ་སོར་བཏགས་ནས་གཅིག་ལ་རྩྭ་བྱིན་ཅིག་ཤོས་ལ་མ་བྱིན་པས། མ་གང་ཡིན་པ་དེས་བུའི་ཕྱོགས་སུ་མཆུས་རྩྭ་ཕུལ་བས་ཤེས། དེ་བཞིན་དུ་སྦྲུལ་སྦོམ་ཕྲ་རིང་ཐུང་འདྲ་བ་གཉིས་བསྐུར་ནས་དེ་གཉིས་ཀྱི་ཕོ་མོའི་དབྱེ་བའང་དེ་གཉིས་རས་འཇམ་པོའི་སྟེང་དུ་བཞག་པས་ཕོ་དེ་མི་བཟོད་པར་འགྲོ་བ་དང་། མོ་དེ་མི་འགུལ་བར་ཉལ་བས་ཤེས། ཡང་ཤིང་སྦོམ་ཕྲ་དང་རིང་ཐུང་མཉམ་པ་གཉིས་བསྐུར་བ་ན་དེ་གཉིས་ཀྱི་མགོ་མཇུག་ཆུ་ནང་དུ་བཞག་པས་རྩ་བ་ཐུར་དུ་ནུབ་ཅིང་། རྩེ་མོ་གྱེན་དུ་བསྟན་པས་ཤེས་ཏེ་རྒྱལ་པོ་གཉིས་ཀྱང་འདུམ་པར་གྱུར་པས་རྒྱལ་པོ་ཡང་མགུ་ནས་ཤིན་ཏུ་ཉེ་ཞིང་བྱམས་པར་བྱས་སོ། །དེ་ནས་དེ་སེམས་ཅན་དང་ལྡན་པར་གྱུར་ནས་ཟླ་བ་དགུ་ཚང་བ་ན་མངལ་ནས་སྒོ་ང་སུམ་ཅུ་རྩ་གཉིས་བྱུང་སྟེ། དེ་བརྡོལ་བ་ན་ཁྱེའུ་གཟུགས་བྱད་ལྟ་ན་སྡུག་པ་རེ་རེ་བྱུང་སྟེ་ཆེར་སྐྱེས་པ་ན་དེ་རེ་རེས་ཀྱང་མི་སྟོང་ཐུབ་པའི་སྟོབས་དང་ལྡན་པར་གྱུར་པས་ཡུལ་མི་ཀུན་གྱིས་བག་བྱེད་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་དེའི་ཁྱིམ་དུ་གཤེགས་ཏེ་ཆོས་བསྟན་པས་བུ་ཐ་ཆུང་གཅིག་མ་གཏོགས་ཀུན་གྱིས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ། ཕྱིས་འབྲས་བུ་མ་ཐོབ་པ་དེ་གླང་པོ་ཆེ་ཞིག་ལ་ཞོན་ནས་འགྲོ་བ་ལ། བློན་པོའི་བུ་ཞིག་ཤིང་རྟ་ལ་ཞོན་ནས་འོངས་པས་དེ་གཉིས་ཆུ་ཆེན་པོ་ཞིག་གི་ཟམ་པའི་སྟེང་ནས་འཕྲད་པས་ཕན་ཚུན་བཟུར་རེས་མ་བྱས་པས། དེ་ཁྲོས་ནས་བློན་པོའི་བུ་ཤིང་རྟ་དང་བཅས་པ་ཟམ་པའི་འོག་ཏུ་བསྐྱུར་བས། བློན་པོའི་བུ་དེ་སྨས་པར་གྱུར་ནས་ཕའི་གམ་དུ་སོང་སྟེ་ངུས་པ་དང་། བློན་པོ་དེ་ཁྲོས་ནས་བསམ་ངན་འགྱུས་ནས་བསླུ་སེམས་ཀྱིས། རིན་པོ་ཆེའི་མཁར་བ་ནང་དུ་མཚོན་རྣོན་པོ་ཡོད་པ་སོ་གཉིས་བྱས་ཏེ་ཁྱེའུ་སུམ་ཅུ་རྩ་གཉིས་ལ་བྱིན་ནས་འདི་ཐོགས་ཏེ་ཁྱེད་ཅག་རྩེ་བར་གྱིས་ཤིག་སྨྲས་པས། དེ་དག་གིས་ཀྱང་དེ་ལྟར་བྱས་ཏེ་གང་དུ་འགྲོ་བ་དེར་ཁྱེར་ཏེ་ཕྱིན་ནོ། །དེ་དག་རྒྱལ་པོའི་ཞབས་འབྲིང་ལ་འཁོད་པའི་ཚེ་བློན་པོས་རྒྱལ་པོ་ལ་ཕྲ་མ་བྱས་ཏེ། ཁྱེའུ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས་རྒྱལ་པོ་ལ་ངན་དུ་སེམས་ཏེ། གལ་ཏེ་ཐུགས་མི་ཆེས་ན་མཁར་བའི་ནང་དུ་གཟིགས་ཤིག་ཅེས་སྨྲས་པ་དང་། རྒྱལ་པོས་བལྟས་པས་ནང་དུ་སྤུ་གྲི་རྣོན་པོ་རེ་ཡོད་པར་གྱུར་པས། དེ་དག་རེ་རེ་བཞིན་བོས་ཏེ་གྱད་ཀྱིས་བཟུང་ནས་ཐམས་ཅད་བསད་དེ་མགོ་བོ་རྣམས་བཅད་ནས་སྒྲོམ་དུ་བཅུག་སྟེ་ལྷ་མཚམས་མའི་ཁྱིམ་དུ་བསྐུར་རོ། །དེའི་ཉིན་ལྷ་མཚམས་མས་སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཁྱིམ་དུ་སྤྱན་དྲངས་ཡོད་པས། རྒྱལ་པོས་མཆོད་པའི་ཡོ་བྱད་ཅིག་བསྐུར་རམ་སྙམ་སྟེ་ཁ་འབྱེད་པར་བརྩམ་པ་ན། སྟོན་པས་རེ་ཞིག་ཁ་མ་འབྱེད་པར་ཐོག་མར་ཞལ་ཟས་དྲོངས་ཤིག་གསུངས། དེར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་ཁྱེའུ་རྣམས་ཀྱི་མས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་སྟེ། དེས་སྟོན་པའི་སྤྱན་སྔར་དགེ་སློང་ནད་པ་དག་ལ་མཁོ་བའི་ཡོ་བྱད་སྦྱིན་པ་དང་གཅིག དགེ་སློང་ནད་པའི་ནད་གཡོག་ལ་ཡོ་བྱད་སྦྱར་བ་དང་གཉིས། དགེ་སློང་གློ་བུར་དུ་ལྷགས་པའི་མགྲོན་ལ་ཡོ་བྱད་སྦྱིན་པ་དང་གསུམ། ཡུལ་གཞན་དུ་འགྲོ་བའི་དགེ་སློང་དག་ལ་ལམ་རྒྱགས་འབུལ་བ་དང་བཞི་པོ་ཁས་བླངས་ནས། བཅོམ་ལྡན་འདས་ཀྱིས་ཤིན་ཏུ་ལེགས་སོ། །ཁྱེད་ཀྱིས་གསོལ་པ་བཞི་པོ་ནི་བསོད་ནམས་རྒྱ་ཆེན་པོ་དང་ལྡན་ཏེ་སངས་རྒྱས་མཆོད་པ་དང་མཉམ་མོ་ཞེས་གསུངས། སྟོན་པ་སླར་གཤེགས་པའི་འོག་ཏུ་སྒྲོམ་ཁ་ཕྱེས་པས་བུ་རྣམས་ཀྱི་མགོ་མཐོང་ཡང་། འདོད་པ་དང་བྲལ་བའི་ཕྱིར་མི་དགའ་བར་མ་གྱུར་ཏོ། །དེའི་ཚེ་དེའི་ཉེ་དུ་རྣམས་ཁྲོས་ནས་དམག་གིས་རྒྱལ་པོ་གསོད་པར་རྩོམ་པ་ན་རྒྱལ་པོ་བྲོས་ནས་སངས་རྒྱས་ཀྱི་དྲུང་དུ་སོང་བ་དང་དམག་རྣམས་ཀྱིས་རྒྱལ་བྱེད་ཀྱི་ཚལ་བསྐོར་བར་གྱུར་པ་དང་། ཀུན་དགའ་བོས་ལས་ཀྱི་རྒྱུ་ཞུས་པས་བཀའ་སྩལ་པ། སྔོན་གྱི་དུས་སུ་མི་སུམ་ཅུ་རྩ་གཉིས་པོ་འདི་དག་བཤེས་སུ་གྱུར་པས། དེ་དག་གྲོས་མཐུན་པར་བ་ལང་གཅིག་བརྐུས་ནས། ཡུལ་དེ་ན་རྒན་མོ་དབུལ་མོ་བུ་ཚ་མེད་པ་ཞིག་ཡོད་པ་དེའི་ཁྱིམ་དུ་ཁྲིད་ནས། དེར་བསད་ཅིང་ཤ་ཁྲག་མཉམ་པོར་བསྒོས་ཏེ་རྒན་མོ་ཡང་ཡི་རང་བྱས་སོ། །དེའི་ཚེ་བ་ལང་དེས་གསོད་པར་ཤེས་ནས། ཁྱེད་རྣམས་ཀྱིས་ད་ལྟ་ང་བསད་པས་ན། མ་འོངས་པའི་དུས་སུ་ཅི་སྟེ་འབྲས་བུ་ཐོབ་ན་ཡང་མི་བཏང་སྟེ་གསོད་པར་ཤོག་ཅིག་ཅེས་ཡིད་ཀྱིས་དམོད་བོར་ཏེ། དེའི་དུས་ཀྱི་བ་ལང་དེ་ནི་རྒྱལ་པོ་རབ་གསལ་རྒྱལ་འདི་ཉིད་ཡིན་ལ། དེའི་དུས་ཀྱིས་བརྐུ་བ་རྣམས་ནི་ཁྱེའུ་རྣམས་དང་། རྒན་མོ་ནི་ལྷ་མཚམས་མ་ཡིན་ཏེ། རྣམ་སྨིན་གྱི་འབྲས་བུ་དེས་ཚེ་རབས་ལྔ་བརྒྱའི་བར་དུ་རྟག་ཏུ་གསད་པར་གྱུར་ཏེ། རྒན་མོའང་རྗེས་སུ་ཡི་རང་བར་བྱས་པའི་རྒྱུས་རྟག་ཏུ་དེ་དག་གི་མར་གྱུར་ནས། མྱ་ངན་གྱིས་གདུང་བར་གྱུར་ཏོ། །ཡང་འདི་དག་རིགས་མཐོ་ཞིང་ལོངས་སྤྱོད་དང་སྟོབས་ཆེ་ཞིང་སངས་རྒྱས་དང་མཇལ་བའི་རྒྱུ་ནི། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་ན་གཤེགས་པའི་ཚེ། རྒན་མོ་དད་པ་ཅན་ཞིག་གིས་རྟག་ཏུ་སྤོས་དང་མར་ཉོས་ནས། ལམ་ཁ་ཞིག་ཏུ་མཆོད་རྟེན་ཞིག་ཡོད་པ་ལ་བྱུག་པར་བྱེད་པ་ལས། མི་སུམ་ཅུ་རྩ་གཉིས་དེར་འོངས་པ་དང་ཕྲད་ནས་དེའི་གྲོགས་བྱས་ཏེ། བསོད་ནམས་འདིས་བདག་ཅག་རྣམས་གང་དུ་སྐྱེས་ཀྱང་མ་སྨད་དུ་གྱུར་ཏེ། དེར་ཡང་རིགས་དང་གཟུགས་དང་ལོངས་སྤྱོད་དང་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་ཞིང་རྟག་ཏུ་སངས་རྒྱས་མཐོང་བ་དང་ཆོས་ཐོབ་པ་དང་མི་འབྲལ་ཏེ། འབྲས་བུའང་མྱུར་དུ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་འབྲས་བུ་ལས་བྱུང་བར་གསུངས་པས། དེ་ཐོས་པ་དང་དམག་མི་རྣམས་ཀྱང་ཁྲ་ོབ་ཞི་སྟེ། རྒྱལ་པོས་ཀྱང་མ་ཉེས་ཀྱི་ཁྱེའུ་རྣམས་ཀྱི་སྔོན་གྱི་ལས་ཏེ་བ་ལང་གཅིག་བསད་པ་ལའང་འདི་ལྟ་བུའི་རྣམ་སྨིན་མི་བཟད་པ་མྱང་ངོ་ཞེས་གླེང་ཞིང་རྒྱལ་པོ་དང་མཐུན་པར་བྱས་སོ། །འདིས་ནི་དགེ་འདུན་གྱི་ནད་གཡོག་སོགས་བསོད་ནམས་བགྱིས་པའི་ཕན་ཡོན་དང་། སྲོག་བཅད་པ་དང་རྗེས་སུ་ཡི་རང་བའི་རྣམ་སྨིན་སྨོན་ལམ་གྱི་འབྲས་བུ་མཐའ་བཙན་པ་རྣམས་བསྟན་པ་ཡིན་ནོ། །

གཞན་དགེ་ལ་བསྐུལ་བ་དང་མཆོད་རྟེན་ཞིག་རལ་གསོས་པ་སོགས་ཀྱིས་ཕན་ཡོན་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ལྷོ་ཕྱོགས་ཀྱི་ཡུལ་གསེར་གྱིས་ས་ལ་ཞེས་བྱ་བ་ན། རྒྱལ་པོ་ཀ་བྱི་ལ་ཞེས་བྱ་བའི་སྲས། ཀ་བྱི་ལ་ཆེན་པོ་རྒྱལ་སྲིད་ལ་འཁོད་དེ། དེ་ནི་བློ་གསལ་ལ་ཡིད་གཞུངས་པ། དཔའ་ཞིང་རྟུལ་ཕོད་པ། དམག་གི་ཚོགས་ཏེ་དམག་མི་སྡེ་ཚན་ཆེན་པོ་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཡོད་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ལ་མི་ཐུབ་པ་མེད་པ། རྒྱལ་ཕྲན་ཁྲི་ཕྲག་སུམ་ཅུ་རྩ་དྲུག་ལ་དབང་བྱེད་པ་ཞིག་ཡོད་དེ། འོན་ཀྱང་ཡུལ་དབུས་དང་འགྲིམ་བྱེད་པ་ནི་མེད་དོ། །སྐབས་དེར་མཉན་ཡོད་ཀྱི་ཚོང་པ་འགའ་ཞིག་ཡུལ་དེར་ཕྱིན་ནས། རས་བཟང་པོ་ཡུག་ཆེན་བཞི་རྒྱལ་པོ་ལ་ཕུལ་བས། རྒྱལ་པོས་ཡུལ་དབུས་ཞེས་བྱ་བ་ཅི་ཞེེས་དྲིས་པ་ན། ཡུལ་དབུས་ནི་མཉན་ཡོད་དང་རྒྱལ་པོའི་ཁབ་ལ་སོགས་པའོ། །དེར་ཀ་བྱི་ལ་ཆེན་པོ་ངས་ཡུལ་ཐམས་ཅད་དབང་དུ་བྱས་ན་དེ་ཅིའི་ཕྱིར་ཕྱག་འཚལ་དུ་མི་འོང་། ད་ནི་མངའ་འོག་ཏུ་གཞུག་པར་བྱའོ་སྙམ་ནས། ཡུལ་དབུས་ན་རྒྱལ་པོ་སུ་ཆེ་དྲིས་པས་མཉན་ཡོད་གྱི་རྒྱལ་པོ་ཆེ་ཞེས་བྱས་སོ། །དེར་ཀ་བྱི་ལས་རྒྱལ་པོ་གསལ་རྒྱལ་ལ་ཕོ་ཉ་བཏང་སྟེ། ངའི་མཐུ་དང་བྱིན་གྱིས་འཛམ་བུ་གླིང་ན་གཏོགས་པ་ཐམས་ཅད་ལ་དབང་བྱེད་ན་ཁྱོད་ཅིའི་ཕྱིར་ཕོ་ཉ་ཡང་འགྲུལ་བར་མི་བྱེད། ད་སྟེ་ཞག་བདུན་ན་ང་དང་ཕྲད་པར་ཤོག་ཅིག གལ་ཏེ་མ་འོངས་ན་དམག་དྲངས་ཏེ་ཁྱོད་ཀྱི་ཡུལ་མེད་པར་བྱའོ། །ཞེས་སྤྲིངས་པས། རྒྱལ་པོ་གསལ་རྒྱལ་སྐྲག་སྟེ་བཅོམ་ལྡན་འདས་ལ་ཞུས་པས། ཕོ་ཉ་བ་དེ་ངའི་དྲུང་དུ་སྲིངས་ཤིག་གསུངས་པ་ལྟར། རྒྱལ་པོས་ཕོ་ཉ་བ་དེ་ལ། དབུས་ཀྱི་རྒྱལ་པོའི་ནང་ནས་ཆེ་བ་ནི་ང་མ་ཡིན་གྱི། ཆེས་ཆེ་བའི་འཕྲུལ་གྱི་རྒྱལ་པོ་ཞིག་འདི་དང་མི་རིང་བ་ན་བཞུགས་པས་དེའི་དྲུང་དུ་སོངས་ཤིག དེའི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་བྱེད་ཀྱི་ཚལ་ནི་འཁོར་ལོས་སྒྱུར་བའི་ཕོ་བྲང་ཆེན་པོར་སྤྲུལ། སྟོན་པ་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། མོའུ་འགལ་གྱི་བུ་བློན་པོ་རིན་པོ་ཆེའི་རྣམ་པར་བྱས་ཤིང་། ཇི་ལྟར་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་དང་། གཡོག་དང་ལོངས་སྤྱོད་ཐམས་ཅད་སྤྲུལ་ལོ། །དེར་ཕོ་ཉ་བ་ཕྱིན་པས་ཤིན་ཏུ་ཞུམ་པར་གྱུར་མོད། རྒྱལ་པོའི་ཕྲིན་གྱི་ཡི་གེ་ཕུལ་ལོ། །འཕྲུལ་གྱི་རྒྱལ་པོ་དེས་ཡི་གེ་དེ་རྡོག་པས་མནན་ཏེ། ང་ནི་གླིང་བཞི་ལ་དབང་བའི་རྒྱལ་པོ་ཡིན་ན། རྒྱལ་པོ་གླེན་པ་དེ་ལ། ད་སྟེ་ཞག་བདུན་ན་ཕྱག་འཚལ་དུ་འདིར་ཤོག་ཅིག གལ་ཏེ་མ་འོངས་ན་ཁྲིམས་དང་སྦྱར་རོ། །ཞེས་སྤྲིངས་པས། ཕོ་ཉ་དེ་ཕྱིར་སོང་སྟེ་ལོ་རྒྱུས་རྒྱས་པར་བཤད་པས། རྒྱལ་པོ་ཀ་བྱི་ལ་ཆེན་པོ་དེ་རབ་ཏུ་སྐྲག་ཅིང་འགྱོད་པར་གྱུར་མོད། ད་དུང་ཅུང་ཟད་ཉམས་སད་བྱའོ་སྙམ་སྟེ། བདག་རྒྱལ་ཕྲན་སུམ་ཁྲི་དྲུག་སྟོང་དང་ལྷན་ཅིག་མཆིའམ་དེའི་ཕྱེད་དང་ལྷན་ཅིག་མཆི་ཞེས་སྤྲིངས་པས། དེར་རྒྱལ་ཕྲན་ཕྱེད་དང་ལྷན་དུ་ཤོག་ཅིག་ཅེས་བྱུང་ངོ་། །དེ་ནས་རྒྱལ་པོ་ཀ་བྱི་ལ་ཆེན་པོ་རྒྱལ་ཕྲན་ཁྲི་བརྒྱད་སྟོང་གིས་བསྐོར་ཏེ། མཉན་ཡོད་དུ་བཅོམ་ལྡན་འདས་འཁོར་ལོས་སྒྱུར་རྒྱལ་གྱི་ཚུལ་འཛིན་པའི་དྲུང་དུ་ལྷགས་ཏེ་སྤྱན་སྔར་ཕྱག་བྱས་ཏེ། རྒྱལ་པོ་འདིའི་བྱད་གཟུགས་ནི་བདག་བས་ཆེས་ལྷག་མོད། སྟོབས་ཅི་འདྲ་སྙམ་པ་དང་། བློན་པོ་རིན་པོ་ཆེ་ལ་ཁྱོད་ཀྱི་གསེར་པའི་རྒྱལ་པོ་ལ་གཞུ་བྱིན་ཅིག་གསུངས། དེས་ཀྱང་བྱིན་པ་ན་རྒྱལ་པོས་ལག་གིས་ཀྱང་མ་ཐེག་རྒྱུད་ཀྱང་མ་བསྒྱུར་རོ། །དེ་ནས་འཕྲུལ་གྱི་རྒྱལ་པོས་གཞུ་དེ་ཕྱག་ཏུ་བཞེས་ཏེ། གཞུ་རྒྱུད་སྦྲེང་བ་ཙམ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་དུ་ས་གཡོས་ཤིང་། མདའ་གཅིག་འཕངས་པས་མདའ་ལྔར་གྱུར་པའི་རྩེ་མོ་ལས་འོད་ཟེར་གྲངས་མེད་པ་བྱུང་ནས། འོད་ཟེར་རེ་རེའི་རྩེ་མོ་ན་པདྨ་ཤིང་རྟའི་འཕང་ལོ་ཙམ་རེ་བྱུང་ཞིང་། པདྨ་རེ་རེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་ཚོགས་དང་བཅས་པ་རེ་རེ་བྱུང་། དེའི་འོད་ཟེར་གྱིས་རེག་པས་ལམ་རྒྱུད་ལྔའི་སེམས་ཅན་རྣམས་སོ་སོའི་སྡུག་བསྔལ་དང་བྲལ་བདེ་བ་དང་ལྡན་ཞིང་འབྲས་བུ་ཐོབ་པ་སོགས་ཀྱི་ཆོ་འཕྲུལ་མཐའ་ཡས་པ་བསྟན་ཏོ། །དེར་རྒྱལ་པོ་དེ་འཁོར་དང་བཅས་པའི་ང་རྒྱལ་ཆག་ཅིང་སེམས་རབ་ཏུ་དད་པར་གྱུར་པ་ན། ཆོ་འཕྲུལ་བསྡུས་ཏེ་སངས་རྒྱས་དགེ་འདུན་གྱི་འཁོར་དང་བཅས་པ་སྐུ་དངོས་སུ་བསྟན་ཅིང་ཆོས་གསུངས་པས་ཐམས་ཅད་ཀྱིས་རྒྱུན་དུ་ཞུགས་པ་ཐོབ་བོོ། །རྒྱལ་པོ་ཀ་བྱི་ལ་ཆེན་པོ་ཉིད་སྟོན་པས་ཚུར་ཤོག་གིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་རིང་པོར་མ་ཐོགས་པར་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་སོ། །དེའི་ཚེ་ཀུན་དགའ་བོས་ལས་ཀྱི་རྒྱུ་ཞུས་པ་ན་སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་ནས་མྱ་ངན་ལས་འདས་པ་ན། ཁྱིམ་བདག་གཅིག་གིས་མཆོད་རྟེན་བརྩེགས་ཏེ། དགེ་འདུན་གྱི་གནས་ཁང་བྱས་ནས་འཚོ་བའི་ཡོ་བྱད་ཀྱང་སྦྱར་ནས་ཡུན་རིང་ཞིག་ལོན་པ་ན། མཆོད་རྟེན་དེ་ཡང་ཞིག འཚོ་བའི་ཡོ་བྱད་རྣམས་ཀྱང་མེད་པར་གྱུར་པ་ན། ཁྱིམ་བདག་དེ་ལ་བུ་དགེ་སློང་ཞིག་ཡོད་པ་དེས་མི་མང་པོ་ལ་ཆོས་བཤད་དེ་ཕྱིར་ཡང་མཆོད་རྟེན་གསོས་ནས། གོས་དང་མལ་ཆ་བཟའ་བཏུང་ཁྲི་སྟན་སོགས་ཀྱི་ཡོ་བྱད་སྦྱར་ཏེ། མི་དེ་དག་དང་སེམས་མཐུན་པར་བདག་ཅག་མ་འོངས་པའི་དུས་ན་བཙན་ཞིང་ཕྱུག་པ་དང་། ཚེ་རིང་བ་དང་། སངས་རྒྱས་དང་མཇལ་ཞིང་ཆོས་ཐོས་ནས་འབྲས་བུ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་དགེ་སློང་དེ་ནི་རྒྱལ་པོ་ཀ་བྱི་ལ་ཆེན་པོ་ཡིན་ལ། དེས་ཆོས་བསྟན་ཏེ་མཆོད་རྟེན་གསོས་པ་དང་། འཚོ་བའི་ཡོ་བྱད་བསྟབ་པ་རྣམས་ནི་རྒྱལ་ཕྲན་ཁྲི་བརྒྱད་སྟོང་སྙེད་ཡིན་ནོ་གསུངས། འདིས་ནི་གཞན་དགེ་ལ་བསྐུལ་བ་དང་མཆོད་རྟེན་ཞིག་རལ་གསོས་པ་སོགས་ཀྱིས་ཕན་ཡོན་བསྟན་ཏོ། །

སྲོག་བཅད་པ་དང་མནའ་ཟོས་པའི་རྣམ་སྨིན་དང་ཁྱིམ་གྱི་ཉེས་དམིགས་དང་སྦྱིན་པའི་འབྲས་བུ་རྣམས་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། རྒྱལ་པོ་གསལ་རྒྱལ་ནི་འདས་ཏེ། རྒྱལ་ཚབ་བཻཌཱུཪྱས་རྒྱལ་སྲིད་ཆོས་དང་མི་མཐུན་པར་བསྐྱངས་པས། གླང་པོ་ཆེའི་རྨིག་པས་བརྫིས་ཏེ་མི་བསད་པ་ཡང་གྲངས་མེད་དོ། །དེར་ཐམས་ཅད་ཡིད་རབ་ཏུ་སྐྱོ་ནས། རིགས་ཆེ་ཞིང་མཐོ་བའི་བུད་མེད་ལྔ་བརྒྱ་ཙམ་ཁྱིམ་སྤངས་ཏེ་རབ་ཏུ་བྱུང་བ་ན། ཡུལ་མི་ཐམས་ཅད་ཀྱང་དེ་དག་ལ་དགའ་བར་གྱུར་ཏེ་འདོད་ཡོན་གྱིས་གཡེང་བར་གྱུར་པས་སེམས་སྐྱོ་ནས། དགེ་སློང་མ་ཨུད་པ་ལའི་མདོག་གི་སྤྱན་སྔར་ཕྱིན་ཏེ་ཕྱག་བྱས་ནས། བདག་ཅག་ཁྱིམ་ན་གནས་པའི་ཚེ་ཁྱིམ་གྱི་བྱ་བས་བསླུས། རབ་ཏུ་བྱུང་ཡང་འདོད་པའི་དབང་དུ་བྱུང་ནས། ཉོན་མོངས་པ་ལས་ཐར་པར་མི་ནུས་ན་བདག་ཅག་ལ་ཐུགས་བརྩེེ་བའི་སླད་དུ་འདོད་པ་ལས་ཡིད་འབྱུང་བའི་ཆོས་བསྟན་པར་ཞུ་ཞུས་པས་ཨུད་པ་ལས་འདོད་ཆགས་ནི་མེ་དང་འདྲ་སྟེ་རྒྱུད་འཚིག་པར་བྱེད་པ་ཡིན་ལ། དེའི་དབང་གིས་གཅིག་ལ་གཅིག་འཚེ་ཞིང་། ཡུན་རིང་པོར་ངན་སོང་གསུམ་དུ་ལྷུང་སྟེ་ཐར་པའི་དུས་མི་འོང་། ཁྱིམ་ལ་གནས་པ་ནི་རྒྱལ་པོའི་བཙོན་ར་དང་འདྲ་སྟེ་སྡུག་བསྔལ་རྒྱུན་མི་ཆད་པར་མྱོང་ཞིང་དེ་ལས་ཐར་པ་ཡང་དཀའ་སྟེ། བདག་ཀྱང་ཀུན་ཏུ་རྒྱུ་བའི་རིགས་ཆེ་ཞིང་བཙུན་པར་སྐྱེས་ཏེ། རང་དང་རིགས་མཉམ་པ་རིགས་བྱེད་ལ་མཁས་པ་ཞིག་གི་ཁྱིམ་དུ་བག་མར་ཕྱིན་ཏེ་བུ་ཞིག་ཀྱང་སྐྱེས་སོ། ཕྱིས་གྱོས་སྒྱུག་{རྒྱུག} ཚེ་འཕོས་པའི་འོག་ཏུ་ཡང་སེམས་ཅན་དང་ལྡན་པ་ན་ཁྱོ་དང་ལྷན་ཅིག་བུ་དེ་ཡང་ཁྲིད་དེ་རང་གི་ཕ་མའི་ཁྱིམ་དུ་ཕྱིན་པ་ན། ལམ་ཕྱེད་ཙམ་དུ་ཕྱིན་པ་ན་མངལ་མི་བདེ་བར་གྱུར་ནས་ཤིང་དྲུང་གཅིག་ཏུ་གནས་བཅས་པས་ནམ་ཕྱེད་ཙམ་དུ་བུ་བཙས་སོ། །ཁྱིམ་ཐབ་ལོགས་གཅིག་ཏུ་ཉལ་བ་ལས་དེ་ནུབ་སྦྲུལ་གདུག་པ་ཅན་གྱིས་ཟིན་ནས་ཚེ་འཕོས་སོ། །ཕྱི་ཉིན་དེ་ལྟར་མཐོང་ནས་བརྒྱལ་ཞིང་འགྱེལ་ཏོ། །བརྒྱལ་སངས་པ་ན་བུ་ཆེ་བ་ཁུར་དུ་ཐོགས། ཆུང་བ་པང་དུ་ཁྱེར་ཏེ་ངུ་ཞིང་སོང་བ་ལས་ལམ་གྲོགས་ཀྱང་མ་རྙེད། དེར་ཆུ་ཆེན་པོ་ཞིག་བརྒལ་དགོས་པ་ལས་བུ་གཉིས་ཀ་མ་ཐེག་ནས། ཆེ་བ་ཚུལ་རོལ་དུ་བཞག ཆུང་བ་ཁྱེར་ཏེ་ཕ་རོལ་དུ་བསྐྱལ་ནས་ཚུར་འོང་བ་དང་། བུས་མ་འོང་བ་མཐོང་ནས་ཆུ་ནང་དུ་ཞུགས་པ་དང་ཆུས་ཁྱེར་ཏེ་ཤི། ཕྱིར་ལོག་སྟེ་འོང་ཙ་ན་བུ་ཆུང་བ་དེ་ཡང་སྤྱང་ཀིས་ཟོས་ནས་ཁྲག་ཅུང་ཟད་ཙམ་སྣང་བས་བརྒྱལ་ཞིང་འགྱེལ་ལོ། །རིང་ཞིག་ལོན་ཏེ་ཕྱིར་སངས་ཏེ་ལམ་དུ་ཞུགས་པ་ན་སྔར་གྱིས་ཉེ་བ་ཞིག་དང་ཕྲད་ནས་གཏམ་དྲིས་པས། ཕ་མའི་ཁྱིམ་དུ་མེ་ཤོར་ནས་ཕ་མ་དང་ཁྱིམ་གང་གི་མི་རྣམས་ཚིག་སྟེ་ཤིའོ་ཟེར། དེར་ཡང་བརྒྱལ་བར་གྱུར་པ་མི་དེས་བསླངས་ཏེ་ཁྱིམ་དུ་ཁྲིད་ནས་བྱམས་པར་ཡོད་པ་ལ་ཡང་ཀུན་ཏུ་རྒྱུ་ཅིག་གི་ཆུང་མར་བླང་། དེ་དང་ལྷན་དུ་གནས་པ་ལས་སེམས་ཅན་དང་ལྡན་པར་གྱུར་ཏེ་ཟླ་གྲངས་ཚང་བ་ན། ཁྱིམ་ཐབ་དེ་གཞན་གྱིས་ཆང་སྟོན་ལ་སོང་བའི་འོག་ཏུ་བུ་བཙས་ཏེ། སྒོ་འབྱེད་པ་པོ་མེད་པ་ན། དེ་ཆང་གི་མྱོས་ནས་ཁྲོས་པས་སྒོ་བཅག་སྟེ་ནང་དུ་འོང་བ་ན་ཁོ་མོ་བརྡུང་ཞིང་། བུ་བཙས་སོ་སྨྲས་པས་བུ་དེ་ཡང་བསད་དེ་མར་གྱི་ནང་དུ་བརྔོས་ནས་དབང་མེད་དུ་ཟར་བཅུག་གོ །དེར་སེམས་སུན་ནས་ཁྱིམ་ཐབ་དེ་བོར་ནས་ཡུལ་ཝཱ་རཱ་ཎ་སཱི་ར་བྲོས་པ་ལས། ཤིང་གཅིག་གི་དྲུང་ན་ཁྱིམ་བདག་གཞོན་ནུ་ཞིག་གི་ཆུང་མ་ཤི་ནས། དེའི་རུས་བུ་སྦས་པའི་སྟེང་ན་མྱ་ངན་གྱིས་ངུ་ཞིང་འདུག་པ་དང་འཕྲད་ནས། དེ་དང་གཏམ་བྱས་ཏེ་ཡང་དེའི་ཆུང་མ་བྱས་སོ། །དེ་ནས་རིང་པོར་མ་ལོན་པར་ཁྱིམ་ཐབ་དེ་ཡང་ནད་ཀྱི་ཚེ་འཕོས་པར་གྱུར་པས། ཡུལ་གྱི་ཆོས་ལུགས་ཀྱིས་དེའི་རོ་དང་མཉམས་དུ་གསོན་དུར་དུ་སྦས་སོ། །དེའི་ནུབ་མོར་དུར་རྐུན་པ་འོངས་ནས་དུར་བྲུས་པ་དང་། ཁོ་མོ་མཐོང་ནས་དུར་རྐུན་པའི་དཔོན་པོ་དེའི་ཆུང་མ་བྱས་སོ། །དེ་ནས་རིང་པོར་མ་ལོན་པར་དུར་རྐུན་དཔོན་དེ་ཡང་རྒྱལ་པོས་བཟུང་ནས་བསད་དེ་དེའི་རུས་པ་དང་མཉམ་དུ་གསོན་དུར་དུ་སྦས་སོ། །དེར་ཞག་གསུམ་ལོན་པ་ན་དུར་དེ་སྤྱང་ཀིས་བྲུས་པས་ཐར་རོ། །དེར་སེམས་རབ་ཏུ་སྐྱོ་ནས་ད་ནི་སངས་རྒྱས་ལ་སྐྱབས་སུ་འགྲོའོ་སྙམ་ནས་རྒྱལ་བྱེད་ཀྱི་ཚལ་གྱི་ལོགས་སུ་ཕྱིན་པ་ལས། བཅོམ་ལྡན་འདས་ཀྱིས་བདག་འདུལ་བའི་དུས་ལ་བབ་པར་གཟིགས་ནས་རྒྱང་རིང་མོ་ནས་བསུ་བར་མཛད་ཅིང་། ཁོ་མོ་སྒྲེན་མོར་འདུག་པས་ངོ་ཚ་སྟེ་ལག་པ་ནུ་མ་ལ་བཀབ་ནས་ས་ལ་འདུག་པ་ལ། ཀུན་དགའ་བོར། བུད་མེད་འདི་ལ་གོས་བསྐོན་ཅིག་ཅེས་བཀའ་སྩལ་པ་དང་། ཁོ་མོས་གོས་གྱོན་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ། རབ་ཏུ་བྱུང་བར་གསོལ་པས། བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ལ་གཏད་ནས་ཁོ་མོ་རབ་ཏུ་བྱུང་ཞིང་། ཆོས་བསྟན་པ་ཐོས་མ་ཐག་ཏུ་བརྩོན་འགྲུས་ནན་ཏན་དུ་བྱས་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། དུས་གསུམ་གྱི་ཤེས་བྱ་ཀུན་རྟོགས་པར་གྱུར་ཏོ་གསུངས། དགེ་སློང་མ་རྣམས་ཀྱིས་དེ་ལྟར་གྱུར་པའི་ལས་ཀྱི་རྒྱུ་དྲིས་པ་ན། ཨུད་པ་ལས། སྔོན་འདས་པའི་དུས་ཁྱིམ་བདག་ཤིན་ཏུ་ཕྱུག་པ་ཞིག་ལ་ཆུང་མ་ཆེ་ཆུང་གཉིས་ཡོད་པའི་ཆུང་བ་དེ་ལ་བུ་བྱུང་བ་ན། ཆེ་མས་ཕྲག་དོག་བྱས་ཏེ་བུའི་མཚོག་མར་ཁབ་བཙུགས་ནས་བསད་དོ། །དེའི་ཚེ་མ་དེས་ཁྱོད་ཀྱིས་ངའི་བུ་བསད་དོ་ཞེས་སྨྲས་པ་དང་། ཆེན་མས་བ སྙོན་ཏེ་མནའ་བོར་བ། ཁོ་མོས་ཁྱོད་ཀྱི་བུ་བསད་པར་གྱུར་ན། སྐྱེ་བ་ཐམས་ཅད་དུ་ཁོ་མོའི་ཁྱོ་སྦྲུལ་གདུག་པ་ཅན་གྱིས་གསད་པར་ཤོག་ཅིག བུ་བྱུང་ནའང་ཆུས་ཁྱེར་བ་དང་སྤྱང་ཀིས་ཟ་བར་གྱུར་ཅིག ཡང་ནས་ཡང་དང་གསོན་དུར་དུ་བཅུག་སྟེ་བུའི་ཤ་ཟ་བར་གྱུར་ཅིག ཕ་མའི་ཁྱིམ་དུ་མེ་ཤོར་ནས་ཐམས་ཅད་ཚིག་པར་ཤོག་ཅིག་སྨྲས་ཏེ། དེའི་ཚེ་མནའ་བོར་བའི་རྒྱུས། དེ་དག་ཐམས་ཅད་ལུས་འདི་ཡིས་མྱོང་བར་གྱུར་ལ། ཡང་སངས་རྒྱས་ཀྱིས་བསུ་ཞིང་འབྲས་བུ་ཐོབ་པའི་རྒྱུ་ནི་སྔོན་ཝཱ་རཱ་ཎ་སཱིར་རང་སངས་རྒྱས་ཤིག་བསོད་སྙོམས་ལ་གཤེགས་པ་ན། ཁྱིམ་བདག་གི་ཆུང་མ་ཞིག་རབ་ཏུ་དད་ནས་བསོད་སྙོམས་ཕུལ་ཞིང་། རང་སངས་རྒྱས་དེས་ཀྱང་རྫུ་འཕྲུལ་སྣ་ཚོགས་པ་བསྟན་པས། ཁྱིམ་བདག་གི་ཆུང་མ་དེས། ཁོ་མོའང་མ་འོངས་པའི་དུས་སུ་ཡོན་ཏན་འདི་ལྟ་བུ་ཐོབ་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་པས། ད་ལྟར་སེམས་རྣམ་པར་གྲོལ་བའི་དགྲ་བཅོམ་པའི་འབྲས་བུ་ཐོབ་མོད། ལས་སྔ་མའི་འབྲས་བུས་ལྕགས་ཚ་བའི་ཐུར་མ་སྦྱི་བོ་ནས་ཟུག་ནས་རྐང་མཐིལ་དུ་བྱུང་སྟེ། རྟག་ཏུ་འདི་ལྟ་བུའི་གནོད་པ་བྱུང་ངོ་། །ཞེས་གསུངས་པས། དགེ་སློང་མ་ལྔ་བརྒྱ་པོ་འདོད་པའི་གདུང་བ་ཡོངས་སུ་ཟད་དེ་བསྒོམས་པས་དགྲ་བཅོམ་མའི་འབྲས་བུ་མངོན་དུ་བྱས་སོ། །དེ་ལ་བཅོམ་ལྡན་འདས་ཀྱི་དགེ་སློང་མ་ཨུད་པ་ལས་ནི་ལེགས་པར་བསྟན་ཏོ། །གང་ཆོས་སྟོན་པ་ནི་གཅིག་གིས་གཅིག་བསྟན་པའོ། །འབྲས་བུ་ཐོབ་ནས་སངས་རྒྱས་ཀྱི་སྲས་ཡང་དག་པའོ། །ཞེས་བསྔགས་པར་མཛད་དོ། །འདིས་ནི་སྲོག་བཅད་པ་དང་མནའ་ཟོས་པའི་རྣམ་སྨིན་དང་ཁྱིམ་གྱི་ཉེས་དམིགས་དང་སྦྱིན་པའི་འབྲས་བུ་རྣམས་བསྟན་པ་ཡིན་ནོ། །

བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་ཀྱི་ཁྱད་པར་དང་སྐུ་ཤ་མྱོང་གྲོལ་སོགས་ཀྱི་ཁུངས་ཀྱང་བསྟན་པ།

༈ ཡང་སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། ཀུན་དགའ་བོས། ཀཎྜི་ནྱ་ལ་སོགས་པའི་དགེ་སློང་ལྔ་པོས་ཆོས་ཀྱི་བདུད་རྩི་ཐོག་མར་མྱོང་བའི་རྒྱུ་རྐྱེན་ཞུས་པ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ལྔ་པོ་འདི་དག་སྔོན་ཡང་ངའི་ཤ་སྔར་ཟོས་པས་བདེ་བར་གྱུར་པས་འདིར་ཡང་ཆོས་ཀྱི་རོ་ཐོག་མར་མྱོང་སྟེ་རྣམ་པར་གྲོལ་བ་ཡིན་ཏེ། སྔོན་བསྐལ་པ་གྲངས་མེད་པ་འདས་པའི་ཕ་རོལ་ན་འཛམ་བུའི་གླིང་འདིར་རྒྱལ་པོོ་ཤུད་དོ་ལག་གར་ནི་ཞེས་བྱ་བ་བྱུང་སྟེ། འཛམ་བུ་གླིང་གི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེེད་ལ་དབང་བྱེད་དོ། །དེའི་ཚེ་ལོ་བཅུ་གཉིས་སུ་ཆར་མ་འབབ་པས་མུ་གེ་ཆེན་པོ་བྱུང་སྟེ་སྐྱེ་བོ་མང་པོ་ཤི་བ་ལ། རྒྱལ་པོ་དེ་སྙིང་རྗེ་ཆེན་པོ་སྐྱེས་ནས། འཁོར་རྣམས་ཀྱིས་མ་ཚོར་བར་ཕྱོགས་བཞིར་ཕྱག་བྱས་ཏེ། ཡུལ་འདི་ན་མུ་གེས་ཉེན་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་བདག་གི་ལུས་འདི་བཏང་སྟེ། ཚེ་འཕོས་པའི་འོག་ཏུ་ཉ་ཆེན་པོ་ཞིག་ཏུ་སྐྱེས་ཏེ། ཐམས་ཅད་ཀྱིས་བདག་གི་ཤ་ཟ་ཞིང་འགྲངས་པར་ཤོག་ཅིག ཅེས་སྨོན་ལམ་བཏབ་ནས་གཡང་ལ་མཆོངས་ཏེ་ཚེ་འཕོས་སོ། །དེ་མ་ཐག་པར་ཆུ་ཀླུང་ཆེན་པོར་བརྫུས་ཏེ་སྐྱེས་པའི་ཉ་ཆེན་པོ་ལུས་དཔག་ཚད་ལྔ་བརྒྱ་པ་ཞིག་ཏུ་གྱུར་ཏེ། ཐོག་མར་ཤིང་མཁན་ལྔ་ཆུ་འགྲམ་དུ་ཤིང་འཐུར་བྱུང་བ་དང་འཕྲད་དེ། ཉ་ཆེན་པོ་དེས་མི་ཡི་སྐད་དུ་བོས་ཏེ། ཁྱེད་ཅག་བཀྲེས་ན་ངའི་ཤ་ཟོས་ལ་ཐེག་ཚད་དུ་ཁྱེར་ཅིག་དང་། ཁྱེད་ཀྱིས་སྔར་ངའི་ཤ་ཟོས་ཏེ་འགྲངས་པས་ཕྱིས་མངོན་པར་སངས་རྒྱས་ནས་ཀྱང་ཐོག་མར་ཁྱོད་ཆོས་ཀྱི་ཟས་ཀྱིས་ཚིམ་པར་བྱའོ། །ཡུལ་མི་གཞན་རྣམས་ལའང་དེ་ལྟར་སྦྲོན་ཅིག་གསུངས་པས། དེ་ཚེ་མི་ལྔ་པོས་ཤ་བཅད་ནས་ཟོས་ཤིང་ཡུལ་མི་གཞན་རྣམས་ལའང་སྦྲན་ཏེ། རིམ་གྱིས་འཛམ་བུའི་གླིང་པའི་མི་ཀུན་འདུས་ནས་དེའི་ཤ་བཅད་དེ་ཟོས་ཀྱང་ཡང་བཅད་པས་ཡང་སྐྱེ་སྟེ་འཛད་པར་མ་གྱུར་ནས་ཐམས་ཅད་མུ་གེའི་འཇིགས་པ་ལས་གྲོལ་ནས་ཚེ་འཕོས་ཏེ་མཐོ་རིས་ཀྱི་ལྷར་སྐྱེས་སོ། །དེའི་དུས་ཀྱི་ཉར་གྱུར་པ་དེ་ནི་ད་ལྟར་ང་ཡིན་ལ། ཤིང་མཁན་མི་ལྔ་ནི་དགེ་སློང་མི་ལྔ་དང་། དེའི་རྗེས་སུ་ཤ་ཟོས་པ་རྣམས་ནི་ལྷ་བརྒྱད་ཁྲི་སོགས་ངའི་ཉེ་གནས་རྣམ་པར་གྲོལ་བ་རྣམས་ཡིན་ནོ། །དེའི་ཚེ་སྔར་མི་ལྔ་པོ་ལ་བྱིན་ཏེ་འཚོ་བའི་སྲོག་བ སྐྱབས་པས་འདིར་ཡང་སྔར་ཆོས་བསྟན་ཏེ། ཆོས་ཀྱི་སྐུའི་ཡན་ལག་གིས་དུག་གསུམ་གྱི་མེ་ཞི་བར་བྱས་སོ་གསུངས། འདིས་ནི་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་ཀྱི་ཁྱད་པར་དང་སྐུ་ཤ་མྱོང་གྲོལ་སོགས་ཀྱི་ཁུངས་ཀྱང་བསྟན་པ་ཡིན་ནོ། །

སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་ཤིང་མཆོད་པ་དང་སྦྱིན་པ་སོགས་ཀྱི་བསོད་ནམས་བསྟན་པ།

༈ ཡང་སྟོན་པ་འཁོར་དང་བཅས་པ་མཉན་ཡོད་ཀྱི་གྲོང་ཁྱེར་དུ་བསོད་སྙོམས་ལ་གཤེགས་པ་ལས། ལམ་ཁ་ཞིག་ན་བྱིས་པ་དག་ཅིག་ས་ལ་ཁང་བུ་དང་བང་མཛོད་དང་། རིན་པོ་ཆེར་བསྔོས་ནས་བརྩེ་ཞིང་འཁོད་དོ། །དེར་བྱིས་པ་གཅིག་གིས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་གཤེགས་པ་མཐོང་ནས་རབ་ཏུ་དགའ་སྟེ། སྦྱིན་པར་བསམས་ནས་བང་མཛོད་དུ་བཅོས་པའི་ས་ལས་སྙིམ་པ་གང་བླངས་ཏེ་སངས་རྒྱས་ལ་འབུལ་བར་བརྩམས་པ་ན། ཁྱེའུ་ཆུང་ཆེས་པས་མ་བསླེབས་ནས། གྲོགས་པོ་ཁྱེའུ་གཅིག་ལ་ཁྱོད་ས་ལ་སྒུ་ཞིག ང་ཁྱོད་ཀྱི་སྟེང་དུ་འགྲེང་སྟེ་ལྷུང་བཟེད་དུ་བླུགས་སོ། །ཞེས་སྨྲས་ཏེ། དེས་ཀྱང་དེ་བཞིན་བྱས་ནས་ས་སྙིམ་པ་གང་སངས་རྒྱས་ལ་ཕུལ་ལོ། །སངས་རྒྱས་ཀྱིས་ཀྱང་ལྷུང་བཟེད་དུ་བཞེས་ཏེ། ཀུན་དགའ་བོ་ལ་གཏད་ཏེ་གཙུག་ལག་ཁང་ལ་བསྐུ་བར་མཛད་དོ། །དེར་བཅོམ་ལྡན་འདས་ཀྱིས་ཁྱེའུས་དད་པའི་སེམས་ཀྱིས་ད་ལྟར་ང་ལ་ས་ཕུལ་བ་བཞེས་ཏེ་ལྷ་ཁང་ལ་བསྐུས་པའི་བསོད་ནམས་ཀྱིས་ང་མྱ་ངན་ལས་འདས་ཏེ་ལོ་བརྒྱ་ལོན་པའི་འོག་ཏུ་རྒྱལ་པོ་ཨ་ཤོ་ཀ་ཞེས་བྱ་བར་འགྱུར་རོ། །དེའི་གྲོགས་བྱེད་པའི་ཁྱེའུ་དེ་ཡང་བློན་པོར་འགྱུར་ཏེ། འཛམ་བུའི་གླིང་ལ་དབང་བྱེད་ཅིང་དཀོན་མཆོག་གསུམ་གྱི་ཡོན་ཏན་རྒྱ་ཆེར་བསྒྲགས་ནས་རིང་བསྲེལ་ཅན་གྱི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་ཅིག་ཆར་དུ་བྱེད་པར་འགྱུར་རོ་གསུངས་པས། ཀུན་དགའ་བོ་ངོ་མཚར་དུ་གྱུར་ནས། དེ་བཞིན་གཤེགས་པས་སྔོན་བསོད་ནམས་ཅི་ཞིག་མཛད་ནས་རིང་བསྲེལ་ལ་ཡང་མཆོད་རྟེན་དེ་སྙེད་བགྱིས་པར་འགྱུར་ཞུས་པས། སྟོན་པས་བཀའ་སྩལ་པ། སྔོན་འཛམ་བུའི་གླིང་འདིར་རྒྱལ་པོ་གསལ་ཐུབ་ཅེས་བྱ་བ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་པ་ཞིག་བྱུང་སྟེ། དེའི་ཚེ་སངས་རྒྱས་སུར་ཤ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པ་ལ་རྒྱལ་པོས་མཁོ་བའི་ཡོ་བྱད་བཞི་སྦྱར་ཏེ་སངས་རྒྱས་དགེ་འདུན་དང་བཅས་པ་ལ་ཕུལ་ཞིང་། མཐའ་འཁོབ་ཀྱི་རྒྱལ་ཕྲན་དང་ཡུལ་མི་རྣམས་ཀྱི་བསོད་ནམས་བསགས་པའི་ཆེད་དུ་སངས་རྒྱས་ཀྱི་སྐུ་གཟུགས་བྲིས་ཏེ་བཀྲམ་པར་འདོད་ཀྱང་། རི་མོ་མཁན་རྣམས་ཀྱིས་འབྲི་བར་མ་ནུས་པས། སངས་རྒྱས་ཉིད་ཀྱིས་ཚོན་རྩི་སྦྱར་ནས་སྐུ་གཟུགས་བྲིས་ཏེ། དེ་ལ་དཔེར་བྱས་ནས་རི་མོ་མཁན་གྱིས་སངས་རྒྱས་ཀྱི་སྐུ་གཟུགས་མཚན་དང་ལྡན་པ་བརྒྱད་ཁྲི་བཞི་སྟོང་བྲིས་ནས་རྒྱལ་ཕྲན་རེ་ལ་སྐུ་གཟུགས་རེ་བསྐུར་ཏེ་རྒྱལ་པོ་དང་ཡུལ་མི་རྣམས་ལ་མཆོད་པ་བྱེད་དུ་བཅུག་ནས་དགེ་བའི་རྩ་བ་བསྐྱེད་དོ། །དེའི་དུས་ཀྱི་རྒྱལ་པོ་དེ་ནི་ད་ལྟར་ང་ཡིན་ལ། རྒྱུ་དེས་གང་དང་གང་དུ་སྐྱེས་ཀྱང་མཐོ་རིས་སུ་བརྒྱ་བྱིན་ལྷའི་དབང་པོར་སྐྱེས་ཏེ། བྱད་གཟུགས་བཟང་བ་དང་། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ཐོབ་སྟེ་མངོན་པར་སངས་རྒྱས་སོ། །མྱ་ངན་འདས་ནས་ཀྱང་རིང་བསྲེལ་ལ་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་སྙེད་བྱེད་པར་འགྱུར་རོ་གསུངས། འདིས་ནི་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་ཤིང་མཆོད་པ་དང་སྦྱིན་པ་སོགས་ཀྱི་བསོད་ནམས་བསྟན་པ་ཡིན་ནོ། །

ལོངས་སྤྱོད་ལ་ཆགས་པའི་ཉེས་དམིགས་དང་སྦྱིན་པའི་འབྲས་བུ་དང་ང་རྒྱལ་སྤང་དགོས་པར་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། དགེ་སློང་རྣམས་སོ་སོར་དབྱར་གནས་པ་ལས་གྲོལ་ཏེ་སྤྱན་སྔར་ཕྱིན་པ་ན། བཅོམ་ལྡན་འདས་དགེ་སློང་དེ་དག་དང་ཡུན་རིང་མ་ཕྲད་པས་དེ་དག་ལ་ཐུགས་བརྩེ་བར་དགོངས་ཏེ། འཁོར་ལོ་རྩིབས་སྟོང་དང་ལྡན་པའི་ཕྱག་བཏེག་སྟེ། དགེ་སློང་རྣམས་ལ་བསྟི་སྟང་དང་བཅས་ཁྱེད་ན་བར་མ་གྱུར་རམ། བསོད་སྙོམས་ཀྱིས་མ་བྲེལ་ལམ་ཞེས་བཀའ་སྩལ་པ་ལ། ཀུན་དགའ་བོ་ངོ་མཚར་དུ་གྱུར་ནས། ཅིའི་སླད་དུ་ཐུགས་སྨད་དེ་དགེ་སློང་རྣམས་ལ་བསྟི་སྟང་མཛད་ཅེས་གསོལ་པ་དང་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པར་ཡུལ་ཝཱ་རཱ་ཎ་སཱི་ན་ཁྱིམ་བདག་སོ་ཚིས་ལ་མཁས་པ་ནོར་གང་རྙེད་གསེར་དུ་བསྒྱུར་ནས་ས་འོག་ཏུ་སྦ་བ་ཞིག་ཡོད་པ་ལས། སྔ་ཕྱིར་གསེར་བུམ་པ་བདུན་ཙམ་བྱུང་བ་ས་འོག་ཏུ་སྦས་ཏེ་ཚེ་འཕོས་པ་ན། དེ་གསེར་བུམ་ལ་ཆགས་པས་སྦྲུལ་གདུག་པ་ཅན་དུ་སྐྱེས་ཏེ། གསེར་བུམ་དེ་ལ་འཁྲིལ་ཞིང་སྲུང་བ་ལས། ཕྱིས་གྲོང་ཁྱེར་དེ་ཡང་ཞིག་སྟེ་སྟོངས་པར་གྱུར་ཅིང་། སྦྲུལ་དེ་ཡང་ཚེ་འཕོས་ནས་ཡང་སྦྲུལ་དུ་སྐྱེས་ཏེ་སྔ་མ་ལྟར་གྱིས་ལོ་ཁྲི་ཕྲག་དུ་མ་ལོན་པ་དང་། དེའི་ནང་གི་སྐྱེ་བ་ཐ་མ་ལ་ལུས་དེས་སྐྱོ་སྟེ། བདག་གསེར་འདི་ལ་ཆགས་པས་འདི་འདྲ་བའི་ལུས་སུ་གྱུར་པས་ད་ནི་བསོད་ནམས་ཀྱི་ཞིང་དུ་ཕུལ་སྙམ་ནས་ལམ་པོ་ཆེ་ཞིག་གི་དྲུང་དུ་ཕྱིན་ནས་རྩྭ་གསེབ་ཅིག་ཏུ་ལུས་སྦས་ཏེ་གནས་པ་ལས། དེར་མི་ཞིག་འོང་བ་མཐོང་ནས། སྦྲུལ་དེས་མི་དེ་ལ་བོས་ཏེ། ཀྱེ་ཁོ་བོའི་དྲུང་དུ་བསྙེན་ཅིག མི་དེས་ཁྱོད་ཀྱིས་བདག་བསད་དུ་འོང་ངོ་། །སྦྲུལ་གྱིས་ཁོ་བོས་གནོད་པ་བྱ་ན་དྲུང་དུ་མ་འོངས་ཀྱང་གནོད་པ་བྱ་ནུས་སོ། །དེར་མི་དེ་སྐྲག་ནས་དྲུང་དུ་ཕྱིན་པ་ན། སྦྲུལ་དེས་ངས་ཁྱོད་ལ་བསོད་ནམས་ཀྱི་ལས་ཤིག་བྱ་བར་བཅོལ་ན་ནུས་སམ། དེས་ཀྱང་ནུས་པར་ཁས་བླངས་པས། སྦྲུལ་གྱིས་མི་དེ་གསེར་བུམ་གྱི་རྒྱུད་དུ་ཁྲིད་ནས་གསེར་བུམ་པ་གང་བླངས་ཏེ། ཁྱོད་ཀྱིས་གསེར་འདི་ཁྱེར་ལ་དགེ་འདུན་རྣམས་ལ་ཆོས་སྟོན་དུ་ཕུལ་ཅིག དེའི་ཉིན་པར་ཁོ་བོའང་འོང་དགོས་པས། བསུར་ཤོག་ཅིག་ཅེས་སྨྲས་སོ། །དེ་ནས་མི་དེས་གསེར་ཁུར་ཏེ་དགེ་འདུན་གྱི་ནང་དུ་སོང་ནས་ཞལ་ཏ་བ་ལ་གསེར་ཕུལ་ནས་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས་སོ། །དེ་ནས་ཆོས་སྟོན་གྱི་ཉིན་པར་མི་དེ་སོང་ནས་གཟེབ་ཀྱི་ནང་དུ་སྦྲུལ་དེ་བཞག་ནས་ཁུར་ཏེ་འོང་བ་ན། ལམ་དུ་མི་གཞན་ཞིག་དང་ཕྲད་ནས། དེས་ཁྱོད་གང་ནས་འོང་ཞེས་ལན་གསུམ་གྱི་བར་དུ་བྲིས་ཀྱང་། མི་དེས་ལན་མ་སྨྲས་པས། སྦྲུལ་དེ་ཁྲོས་ནས། ཕ་རོལ་པོས་ལན་གསུམ་དུ་དྲིས་ཀྱང་ལེན་མི་སྟེར་བ་ཅི་ཡིན་ནམ་སྙམ་སྟེ་དུག་དབྱུང་བར་བརྩམས་པ་དང་། ཡང་བསམ་པ། མི་འདིས་བདག་གི་ཕྱིར་བསོད་ནམས་བྱེད་ན། བྱས་པ་བཟོ་ཡི་གདུག་པས་དབྱུང་མི་རུང་ངོ་སྙམ་ནས། དབེན་སར་ཕྱིན་པ་དང་། རེ་ཞིག་ས་ལ་ཞོག་ཅེས་སྨྲས་ནས། སྦྲུལ་དེས་མི་དེ་ལ་སྤྱོས་པས། མི་དེས་ཀྱང་སྦྲུལ་དེ་ལ་སེམས་སྨད་དེ་བཟོད་གསོལ་བྱས་སོ། །དེ་ནས་ཡང་ཁུར་ཏེ་དགེ་འདུན་གྱི་གནས་སུ་ཕྱིན་ནས་གདུགས་ཚོད་ཀྱི་དུས་ལ་བབ་པ་ན་སྦྲུལ་དེ་གྲལ་མཐར་བཞག་ནས། མི་དེས་དགེ་འདུན་ལ་མེ་ཏོག་བྲིམ་པ་ན་སྦྲུལ་དེས་ཀྱང་དད་པའི་སེམས་ཀྱིས་ལྟ་བར་བྱེད་དོ། །དེར་དགེ་འདུན་རྣམས་ཀྱིས་ཟས་ཀྱི་བྱ་བ་ཟིན་པ་དང་སྦྲུལ་དེ་ལ་ཆོས་བཤད་པས་སྦྲུལ་དེ་ཡང་རབ་ཏུ་དགའ་སྟེ། གསེར་བུམ་པ་གཞན་དྲུག་པོའང་དགེ་འདུན་ལ་ཕུལ་བས། བསོད་ནམས་ཀྱི་ལས་དེས་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །དེའི་དུས་ཀྱི་སྦྲུལ་གདུག་པ་ཁུར་དུ་ཁྱེར་བའི་མི་དེ་ནི་ང་ཉིད་ཡིན་ལ་སྦྲུལ་དེ་ནི་ཤཱ་རིའི་བུའོ། །དེའི་དུས་ཀྱང་སྦྲུལ་གྱིས་སྤྱོས་ཏེ། དེ་ལའང་སེམས་སྨད་པ ས་ད་ཡང་དགེ་སློང་རྣམས་ལ་སེམས་སྨད་པ་ཡིན་ནོ་གསུངས་པས་ངོ་མཚར་བར་གྱུར་ཏོ། །འདིས་ནི་ལོངས་སྤྱོད་ལ་ཆགས་པའི་ཉེས་དམིགས་དང་སྦྱིན་པའི་འབྲས་བུ་དང་ང་རྒྱལ་སྤང་དགོས་པར་བསྟན་པ་ཡིན་ནོ། །

ཚུལ་ཁྲིམས་གཙང་མར་བསྲུངས་པའི་འབྲས་བུ་དང་སྦྱིན་པའི་ཕན་ཡོན་མཐོང་ཆོས་མྱོང་གྱུར་ཀྱང་བསྟན་པ།

༈ ཡང་སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། རྒྱལ་པོའི་ཁབ་ཀྱི་བྲམ་ཟེ་ཤིན་ཏུ་དབུལ་ཞིང་ཕོངས་པ་ཞིག་གིས། ཇི་ལྟར་བྱས་ན་ཚེ་འདི་ལ་ལོངས་སྤྱོད་དང་ལྡན་པར་འགྱུར་ཞེས་ཀུན་ལ་དྲིས་པ་ལས། མི་ཞིག་གིས། སངས་རྒྱས་འཁོར་དང་བཅས་པ་ད་ལྟར་འཇིག་རྟེན་དུ་བཞུགས་པས། དད་པའི་སེམས་ཀྱིས་བཤོས་ཕུལ་ན་ཚེ་འདི་ལ་ཅི་དང་ཅི་འདོད་པ་འབྱུང་ངོ་སྨྲས་པས་དེ་དགའ་ནས་སློང་མོ་དང་གཞན་གྱི་གླ་ཟོས་པས་ཡོ་བྱད་ཅུང་ཟད་རྙེད་དེ། འཕགས་པའི་དགེ་འདུན་རྣམས་ཁྱིམ་དུ་སྤྱན་དྲངས་ནས་བཤོས་ཕུལ་ཞིང་། བྲམ་ཟེ་དེའི་ཆུང་མ་བདེ་བ་ཞེས་པས་ཀྱང་བསྙེན་གནས་ཀྱི་སྡོམ་པ་བླངས་སོ། །དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྲོང་ཁྱེར་ཕྱི་རོལ་དུ་འཆག་ཏུ་སོང་བ་ལས། ཚུར་འོང་བའི་ལམ་དུ་བཙོན་པ་ཞིག་ཤིང་ལ་བཅིངས་ཏེ་འདུག་པ་དེས་རྒྱལ་པོ་ལ་ཁ་ཟས་བསླངས་ཤིང་དེས་ཀྱང་སྦྱིན་པར་དམ་བཅས་ཏེ་ཕོ་བྲང་དུ་འོང་བ་ན་བརྗེད་དེེ་ནམ་གྱིས་གུང་ཙམ་དྲན་ཡང་། ལམ་དུ་འདྲེ་གདོན་དང་སྲིན་པོའི་འཚེ་བ་ཡོད་པས་ཕོ་བྲང་གི་མི་རྣམས་སུ་ཡང་འགྲོ་བ་མ་བྱུང་ནས། རྒྱལ་པོས་ཡུལ་འདི་ན་མི་དེ་ལ་ཁ་ཟས་སྐྱེལ་ཏེ་འོང་བ་ཡོད་ན་གསེར་སྲང་སྟོང་སྦྱིན་ནོ་ཞེས་བསྒྲགས་པས། བྲམ་ཟེའི་ཆུང་མ་དེས། གང་དག་དགེ་བསྙེན་ཁྲིམས་དང་ལྡན་པ་ལ་འབྱུང་པོས་འཚེ་བར་མི་ནུས་ཞེས་གྲགས་པས་བདག་ཉིད་འགྲོ་བར་བྱའོ་སྙམ་ནས། རྒྱལ་པོ་ལ་ཁས་བླངས་ཏེ་ཁ་ཟས་ཐོགས་ནས་ཕྱིན་པས། གྲོང་ཁྱེར་གྱི་ཕྱི་རོལ་དུ། སྲིན་མོ་ལམ་པ་ཞེས་པ་བུ་ལྔ་བརྒྱ་གསར་དུ་སྐྱེས་ནས་ཤིན་ཏུ་བཀྲེས་པས་ཉེན་པ་ཞིག་དང་ཕྲད་ནས། དང་པོར་བཟའ་བར་བརྩམས་པ་ན། དགེ་བསྙེན་མ་ཚུལ་ཁྲིམས་མ་ཉམས་པས་ཟ་བར་མ་ནུས་ནས་ཟས་བསླང་བ་དང་། དེ་ལ་ཉུང་ཤས་ཤིག་བྱིན་པ་དགེ་བསྙེན་མའི་ཚུལ་ཁྲིམས་ཀྱི་མཐུས་མང་དུ་སྤྲུལ་ནུས་ནས་དེ་ཐམས་ཅད་རབ་ཏུ་འགྲངས་པར་གྱུར་ཏོ། །དེར་སྲིན་མོ་དེ་ཤིན་ཏུ་དགའ་ནས་དགེ་བསྙེན་མའི་མིང་དྲིས་ཤིང་། བདག་འདུག་སའི་མལ་འདིར་གསེར་བུམ་པ་གང་ཡོད་པ་དེ་ཁྱོད་ཀྱིས་ལོངས་ལ། ལམ་དུ་ཕྲན་གྱི་ནུ་མོ་ཨ་ལམ་པ་ཡོད་པས་དེ་ལ་བདག་ཀྱང་བདེ་ཞིང་བུ་ལྔ་བརྒྱ་ཡང་གསར་དུ་སྐྱེས་སོ་ཞེས་ཕྲིན་འདི་སྐྱོལ་ཅིག་ཟེར། དེར་སོང་བ་དང་། ཨ་ལམ་པ་དང་ཕྲད་ནས་ཕུ་ནུ་མོའི་ཕྲིན་བསྐྱལ་བས། དེ་ཡང་ཤིན་ཏུ་དགའ་ནས་བདག་གི་མལ་འདིར་གསེར་བུམ་པ་གང་ཡོད་པ་དེ་ལོངས་ལ། ལམ་དུ་ཕྲན་གཉིས་ཀྱི་མིང་པོ་ཞིག་ཀྱང་ཡོད་པས་དེ་ལའང་ཕྲིན་དེ་སྐྱེལ་བར་མཛོད་ཅིག་ཟེར། ཡང་སོང་བས་དེ་གཉིས་ཀྱི་མིིང་པོ་དང་ཕྲད་པས་ཕྲིན་བསྐྱལ་བ་ན་དེ་ཡང་དགའ་ནས། བདག་འདུག་སའི་གནས་འདིར་གསེར་བུམ་པ་གང་ཡོད་ཀྱིས་ཕྱིར་ལོག་པའི་ལམ་དུ་ཁྱེར་ཅིག་ཅེས་བསྒོའོ། །དེ་ནས་དགེ་བསྙེན་མས་བཙོན་པ་དེ་ལ་ཁ་ཟས་བསྙོད་ནས་ཕྱིར་ལོག་པའི་ལམ་དུ་གསེར་བུམ་པ་གསུམ་པོའང་བླངས། རྒྱལ་པོས་ཀྱང་གསེར་སྲང་སྟོང་བྱིན་པས་དེ་གཉིས་ཡུལ་དེ་ན་ཕྱུག་ཅིང་ནོར་མང་བར་གྱུར་ནས། རྒྱལ་པོས་ཀྱང་བློན་པོར་བཅུག་པས་ལྷག་པར་ཡང་བསོད་ནམས་ལ་དད་པའི་སེམས་སྐྱེས་ནས། སངས་རྒྱས་དགེ་འདུན་དང་བཅས་པ་སྤྱན་དྲངས་ཤིང་མཆོད་པར་བྱས་སོ། །འདིས་ནི་ཚུལ་ཁྲིམས་གཙང་མར་བསྲུངས་པའི་འབྲས་བུ་དང་སྦྱིན་པའི་ཕན་ཡོན་མཐོང་ཆོས་མྱོང་གྱུར་ཀྱང་བསྟན་པ་ཡིན་ནོ། །

བྱང་ཆུབ་སེམས་དཔའི་སྙིང་སྟོབས་ཀྱི་བརྩོན་པ་དང་བྱམས་པ་བསྒོམས་པའི་ཕན་ཡོན་སོགས་ཀྱང་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས། ང་རྒས་ཀྱི་བསྙེན་བཀུར་བྱེད་པའི་གཡོག་གཅིག་དགོས་སོ། །ཞེས་བཀའ་སྩལ་པས། ཀུན་ཤེས་ཀཎྜིནྱ་དང་། འོད་སྲུང་དང་། ཤཱ་རིའི་བུ་དང་། མོའུ་འགལ་ཡ་ན་ཆེན་པོ་སོགས་ལྔ་བརྒྱ་སྙེད་ཀྱིས་རིམ་པར་བདག་ཅག་གིས་བཅོམ་ལྡན་འདས་པ་བསྙེན་བཀུར་བགྱིད་དོ། །ཞེས་གསོལ་ན་ཡང་། བཅོམ་ལྡན་འདས་ཀྱིས་མ་གནང་ནས། དེའི་ཚེ་མ་འགགས་པས་མངོན་ཤེས་ཀྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་བརྟགས་པས་ཀུན་དགའ་བོ་ལ་དགོངས་པར་ཤེས་ནས། མཆོག་ཟུང་གཉིས་ཀུན་དགའ་བོའི་ཐད་དུ་ཕྱིན་ནས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བར་དད་དམ་བཅོམ་ལྡན་འདས་ཀྱིས་ཀྱང་ཁྱེད་འབའ་ཞིག་ལ་དགོངས་སོ། །ཞེས་བསྐུལ་ཡང་། ཀུན་དགའ་བོས་བདག་ནི་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བར་མི་སྤྲོ་སྟེ། དེ་ནི་ཤིན་ཏུ་བསྒྲུབ་པར་དཀའ་འོ། །ཡང་མོའུ་འགལ་གྱིས་ནན་གྱིས་བསྐུལ་བས། ཅི་སྟེ་བདག་ལ་བཅོམ་ལྡན་འདས་ཀྱིས་འདོད་པ་འདི་གསུམ་གནང་ན་བསྙེན་བཀུར་བྱ་བར་འདོད་དེ། བཅོམ་ལྡན་འདས་ཀྱིས་མི་གསོལ་བའི་ན་བཟའ་བདག་ལ་འཚལ་དུ་མི་སྩལ་བ་དང་། བཅོམ་ལྡན་འདས་ཀྱིས་མི་གསོལ་བའི་བཤོས་ཀྱི་ལྷག་མ་བདག་ལ་མི་འཚལ་བ་དང་། ནམ་འདོད་འདོད་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིས་གནང་ན་ནི་བསྙེན་བཀུར་བགྱིའོ། །དེར་མཆོག་ཟུང་གིས་དོན་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། ལེགས་སོ། །དགེ་སློང་ཀུན་དགའ་བོ་དེ་ནི་མཁས་པ་ཅན་ཏེ། གང་དག་གོས་དང་ཟས་ཀྱི་ཕྱིར་སྟོན་པ་ལ་བསྙེན་བཀུར་བྱེད་དོ་ཞེས་སྨྲ་བར་མི་འགྱུར་བའི་ཕྱིར་དང་། དུས་ཤེས་ཤིང་དུས་རིག་པ་ལགས་ཏེ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སོ་ཞེས་བཀའ་སྩལ་པ་ན། འཁོར་རྣམས་ཐེ་ཚོམ་དུ་གྱུར་ཏེ། དགེ་སློང་ཀུན་དགའ་བོ་འདི་ཅིའི་རྒྱུ་ཅིའི་རྐྱེན་གྱིས། དུས་ཚོད་ལ་མཁས་པར་གྱུར་ཅེས་གསོལ་པ་ན། བཀའ་སྩལ་པ། སྔོན་བསྐལ་པ་གྲངས་མེད་པའི་ཕ་རོལ་ན། གྲོང་ཁྱེར་ཝ་རུ་ཏ་ཞེས་བྱ་བར། འཛམ་བུ་གླིང་ལ་དབང་བྱེད་པའི་རྒྱལ་པོ་ཞིག་གི་སྟོན་པར་གྱུར་པ། བྲམ་ཟེ་ནྱ་གྲོ་དྷ་ཞེས་བྱ་བ། ཁམས་ཀྱི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ཀྱིས་ཀྱང་རྒྱལ་པོ་དང་འདྲ་བའི་བསྙེན་བཀུར་བྱ་ཞིང་ཕྱུག་ཁྱད་རྣམ་ཐོས་ཀྱི་བུ་དང་འདྲ་བ་ཞིག་ལ་བུ་མེད་ནས་མྱ་ངན་གྱིས་གདུང་བ་ལས། ལོ་བཅུ་གཉིས་ཀྱི་བར་དུ་ལྷ་ལ་གསོལ་བ་གདབ་པ་ལས། ནམ་ཞིག་ཆུང་མ་དེ་སེམས་ཅན་དང་ལྡན་པར་གྱུར་ཏེ་དུས་ལ་བབས་པ་ན་ཁྱེའུ་གསེར་གྱི་མདོག་ཅན་སྐྲ་མཐོན་མཐིང་དུ་འདུག་པ་མཛེས་ཤིང་ལྟ་ན་སྡུག་པ་མཚན་དང་ལྡན་པ་ཞིག་བཙས་ཏེ་མིང་སྦྱིན་པ་ཆེན་པོར་བཏགས། དེ་ཉིད་ཆེར་སྐྱེས་ནས་རིིག་བྱེད་དང་བཟོ་དང་སྒྱུ་རྩལ་ཐམས་ཅད་ལ་མཁས་པར་གྱུར་ཅིང་། འབྱོར་པ་ཆེན་པོ་དང་བཅས་ཏེ་གྲོང་ཁྱེར་གྱི་ཕྱི་རོལ་དུ་ལྟད་མོ་ལ་སོང་བ་དང་། སྤྲང་པོ་མང་པོ་སློང་དུ་འགྲོ་བ་དང་། ཤན་པ་དག་གིས་སྲོག་ཆགས་མང་པོ་བསད་ནས་པགས་པ་བཤུ་བ་དང་། ཞིང་པ་རྣམས་ཀྱིས་ཞིང་རྨོས་པའི་ཤུལ་དུ་བྱ་མང་པོས་འབུ་རྣམས་འཐུ་བ་དང་། རྔོན་པས་བྱ་རྒྱ་བྲེས་ཏེ་བྱ་མང་པོ་བཟུང་ནས་ལུས་རྡེབ་ཅིང་སྙིང་རྗེའི་སྐད་འབྱིན་པ་དང་། ཉ་པ་དག་གིས་ཉ་རྒྱ་བཙུགས་ནས་ཉ་མང་པོ་ཐང་ལ་ཕྱུང་སྟེ་འགྲེ་ལྡོག་བྱེད་པ་མཐོང་ནས་ཤིན་ཏུ་ཡིད་སྐྱོ་ཞིང་སྙིང་རྗེའི་སེམས་སྐྱེས་ཏེ་ཁྱིམ་དུ་ཕྱིན་ནས་ཕ་ལ་སྦྱིན་པ་བཏང་བར་ཞུས་པས་གནང་སྟེ། དཀོར་མཛོད་རྣམས་སྦྱིན་པར་གཏོང་བས་སུམ་གཉིས་ཙམ་ཟད་ནས་སུམ་ཆ་ཙམ་ལུས་པ་ན། མཛོད་སྲུང་བ་རྣམས་ཀྱིས་ཡབ་ལ་ཞུས་པས། ཡབ་ཀྱིས་བདག་གིས་བུའི་ངོ་མི་ལྡོག་པས་ཁྱེད་རྣམས་ཀྱིས་ཐབས་བྱོས་ཤིག་ཅེས་སྨྲས་པས། དེ་དག་གིས་ཐབས་སྣ་ཚོགས་པས་སྒོ་མི་འབྱེད་ཅིང་སྦྱིན་པར་མི་བྱེད་པས། སྦྱིན་པ་ཆེན་པོས་འདི་རྣམས་ཀྱིས་འདི་ལྟར་བྱེད་པ་འདི་ཡབ་ཀྱི་བཀའ་ཡོད་པར་ངེས་ཤིང་བདག་གིས་ཕ་མའི་ལོངས་སྤྱོད་ཐམས་ཅད་ཀྱང་ཟད་པར་བྱེད་འོས་པའང་མ་ཡིན་པས་ཇི་ལྟར་བྱས་ན་ལོངས་སྤྱོད་འབད་མེད་དུ་འབྱུང་སྙམ་ནས་མི་རྣམས་ལ་དྲིས་པ་དང་། ཞིང་ལས་དང་། རྐང་འགྲོས་སྤེལ་བ་དང་། ཚོང་སྤོགས་བྱས་ན་ལེགས་ཞེས་སྨྲས་ཀྱང་དེ་དག་ནི་བདག་གི་འོས་པ་མ་ཡིན་སྙམ། ཁ་ཅིག་གིས་རྒྱ་མཚོ་ནས་ནོར་བུ་བླངས་ནས་དགེ་ཞེས་སྨྲས་པ་གཞོན་ནུའི་ཡིད་ལ་སོང་ནས། ཡབ་ཡུམ་ལ་གསོལ་ཀྱང་རྒྱ་མཚོ་ནི་གནོད་པ་མང་པོ་དང་ལྡན་པའི་ཕྱིར་མ་གནང་བས། བསམ་པ་འདི་བཞིན་མ་གྲུབ་ཀྱི་བར་དུ་མི་ལྡང་ངོ་སྨྲས་ཏེ་ཁ་སྦུབ་ཏུ་ཉལ་ཏེ་ཞག་དྲུག་གི་བར་བཟའ་བཏུང་ཟར་མ་འདོ ད་པས་ཤིར་དོགས་ནས་གནང་ངོ་། །དེ་ནས་མི་ལྔ་བརྒྱ་ཙམ་དང་འགྲོགས་ཏེ་སོང་བ་ལས་རིང་པོར་མ་ལོན་པར་ཆོམ་རྐུན་པ་དག་གིས་བཅོམ་སྟེ་ནོར་རྫས་ཀུན་ཕྲོགས་སོ། །དེ་ནས་ཡང་སོང་བས་གྲོང་ཁྱེར་ང་ཤུ་བར་ཞེས་པར་ཕྱིན་ནས། དེར་བྲམ་ཟེ་ཀ་བྱི་ལི་ཞེས་པ་དང་འཕྲད་དེ་དེའི་ཁྱིམ་ནས་གསེར་སྲང་སུམ་སྟོང་བསླངས་པ་དང་། བྲམ་ཟེ་དེའི་བུ་མོ་གསེར་གྱི་མདོག་ཅན་སྐྲ་མཐོན་ཀར་འདུག་པ། རྒྱལ་ཕྲན་བཞི་སྟོང་གིས་བསླངས་ཀྱང་མ་སྟེར་བ་ཞིག་ཡོད་པ་དེས། སྦྱིན་པ་ཆེན་པོའི་སྐད་ཐོས་པ་ཙམ་གྱིས་འདི་ནི་ཁོ་མོའི་ཁྱིམ་ཐབ་ཡིན་ནོ་ཞེས་ཕ་མ་ལ་སྨྲས་ཤིང་། ཕ་མས་ཀྱང་འདི་ནི་གཞན་ལས་འཕགས་སོ་སྙམ་དུ། ལག་པ་ཡ་གཅིག་གིས་གསེར་དང་། གཅིག་གིས་བུ་མོ་ཁྲིད་དེ་གསེར་དང་བུ་མོ་ཡང་བྱིན་ནོ། །སྦྱིན་པ་ཆེན་པོས་ཀྱང་རྒྱ་མཚོ་ནས་ཕྱིར་འཁོར་ན་དེ་བཞིན་དུ་བགྱིའོ། །ཞེས་ཁས་བླངས་སོ། །བྲམ་ཟེ་དེས་གསེར་སྲང་སུམ་སྟོང་དང་གཞན་ཡང་ཡོ་བྱད་ཅི་དགོས་པ་སྦྱར་ཏེ། རྒྱ་མཚོ་ཆེན་པོར་གྲུར་ཞུགས་པས་རིན་པོ་ཆེའི་གླིང་དུ་ཕྱིན་པ་ན། ཚོང་པ་རྣམས་ལ་ཅི་འདོད་པའི་རིན་པོ་ཆེ་སྣ་ཚོགས་པ་བརྟགས་ཏེ་བྱིན་ནས་ལམ་དུ་འཇིགས་པ་མེད་པར་བདེ་བར་ཕྱིན་པའི་སྨོན་ལམ་བཏབ་སྟེ། དེ་དག་ཕྱིར་བཏང་བ་འཛམ་བུ་གླིང་དུ་བདེ་བར་ཕྱིན་ཏོ། །དེ་ནས་སྦྱིན་པ་ཆེན་པོས་ནི་ཀླུའི་རྒྱལ་པོ་དག་ལ་ནོར་བུ་རིན་པོ་ཆེ་བསླང་བའི་ཕྱིར་ཞག་བདུན་ལ་ཆུ་པུས་ནུབ་ཙམ་དང་། དེ་ནས་ཞག་བདུན་དུ་བརླ་ནུབ་ཙམ་དང་། དེ་ནས་ཞག་བདུན་དུ་རྐེད་ནུབ་ཙམ་དང་། ཡང་ཞག་བདུན་ན་ཕྲག་པ་ནུབ་ཙམ་དང་། དེ་ནས་ཞག་བདུན་དུ་རྐྱལ་གྱིས་བརྒལ་ཞིང་ཕྱིན་པས་རི་ཞིག་གི་དྲུང་དུ་ཕྱིན་པ་དང་། ཤིང་ལ་འཇུས་ཏེ་རི་ལ་འཛེགས་ནས་ཞག་བདུན་གྱིས་རི་དེའི་རྩེར་ཕྱིན་ཏེ། རི་རྩེ་དེར་ཡང་ཞག་བདུན་དུ་སོང་ནས་ཡང་ཞག་བདུན་གྱིས་ཤོད་ཀྱི་ཆུ་འགྲམ་དུ་ཕྱིན་ཏོ། །དེར་ཆུ་ནང་དུ་པདྨ་གསེར་གྱི་མདོག་ཅན་གྱི་རྩ་བ་ལ་དུག་སྦྲུལ་གྱིས་དཀྲིས་པར་མཐོང་ནས། བྱང་ཆུབ་སེམས་དཔའ་དེ་སྐྱིལ་ཀྲུང་བཅས་ཏེ་བྱམས་པའི་ཏིང་ངེ་འཛིན་ལ་ཞུགས་པས་དེ་དག་གི་ཞེ་སྡང་ཞི་ཞིང་གནོད་པ་དང་བྲལ་ནས། པདྨའི་སྟེང་ནས་གོམ་པ་འདོར་ཏེ་ཞག་བདུན་དུ་སོང་སོང་བས་དེ་ལས་བརྡོལ་ཏེ། ཡང་སོང་བས་སྲིན་མོ་དང་ཕྲད་ནས། དེ་དག་མིའི་དྲི་ཚོར་བས་དྲུང་དུ་རྒྱུག་པ་དང་། དེར་ཡང་བྱམས་པའི་སེམས་བསྐྱེད་པས་ཞི་བར་གྱུར་ནས། འཇམ་པའི་ཚིག་གིས། ཁྱེད་གང་ནས་འོང་། གང་དུ་འགྲོ་དྲིས་སོ། །དེས་ཁོ་བོ་ནི་ཡིད་བཞིིན་གྱི་ནོར་བུ་རིན་པོ་ཆེ་འཚོལ་དུ་འོང་བ་ཡིན་ནོ་གསུངས་པས། དེ་དག་རབ་ཏུ་དགའ་ནས། འདི་ནི་བསོད་ནམས་ཆེན་པོ་དང་ལྡན་པ་ཞིག་སྟེ། ད་དུང་ཀླུའི་ཕོ་བྲང་དང་ཐག་ཤིན་ཏུ་རིང་བས་ཉོན་མོངས་པར་གྱུར་གྱི། དེ་བས་མཐུས་བསྐྱལ་བར་བྱའོ། །སྙམ་དུ་ནམ་མཁའ་ལ་ཁྱེར་ནས་དཔག་ཚད་བཞི་བརྒྱའི་ཕ་རོལ་དུ་བཞག་གོ ། དེ་ནས་ཡང་སོང་བས་རིང་པོར་མ་ལོན་པར་དངུལ་གྱི་མཁར་ཞིག་མཐོང་ནས་འདི་ནི་ཀླུའི་ཕོ་བྲང་ཞིག་གོ་སྙམ་ཉེ་བར་སོང་བ་ན། མཁར་དེའི་ཕྱི་རོལ་འོབས་རིམ་པ་བདུན་གྱིས་བསྐོར་ཏེ་ན ང་ན་སྦྲུལ་གདུག་པས་གང་བར་མཐོང་ངོ་། །དེ་ལ་བྱམས་པའི་སེམས་བསྐྱེད་པས་གདུག་པ་ཞི་ནས་དེ་དག་རྐང་པས་བརྫིས་ནས་ཀླུའི་མཁར་དུ་སོང་ངོ་། །མཁར་དེ་ཡང་ཀླུ་གཉིས་ཀྱིས་དཀྲིས་ཏེ་མགོ་མཁར་སྒོ་ལ་བརྟེན་ཞིང་། དེ་གཉིས་ཀྱིས་སྦྱིན་པ་ཆེན་པོ་མཐོང་བ་ན་མགོ་བོ་བཏེག་སྟེ་གདུག་པ་འབྱིན་པ་ལས། བྱམས་པའི་སེམས་བསྐྱེད་པས་མགོ་སྨད་ནས་ས་ལ་ཉལ་བ་ན་དེའི་མགོ་ལ་བརྫིས་ནས་མཁར་གྱི་ནང་དུ་སོང་བ་དང་། ཀླུ་ཞིག་རིན་ཆེན་སྣ་བདུན་གྱི་གཞལ་མེད་ཁང་ན་འདུག་པ་མཐོང་ངོ་། །ཀླུ་དེས་བྱང་ཆུབ་སེམས་དཔའ་མཐོང་བ་དང་སྔངས་ཏེ། འོབས་བདུན་གྱིས་བསྐོར་བས་གཞན་སུ་ཡང་འདིར་འོངས་མི་ནུས་ན། འདི་ལྟ་བུ་སུ་ཡིན་སྙམ་དུ་ལངས་ནས་བསུས་ཏེ་རིན་པོ་ཆེའི་ཁྲི་ལ་བཞག་ཅིང་ཁ་ཟས་སྣ་ཚོགས་སྦྱིན་ནོ། །དེར་ཅིའི་ཕྱིར་འོངས་དྲིས་པས། འཛམ་གླིང་གི་མི་རྣམས་དབུལ་ཞིང་ཕོངས་པས་སྡིག་པ་སྣ་ཚོགས་བྱས་ནས་ཚེ་འཕོས་མ་ཐག་ངན་སོང་དུ་ལྷུང་བ་དེ་དག་ལ་སྙིང་བརྩེ་བས་ལམ་རིང་པོ་ནས་ཉོན་མོངས་པ་དང་བསྡོས་ཏེ། རྒྱལ་པོ་ཆེན་པོ་ཁྱོད་ལ་ཡིད་བཞིན་གྱི་ནོར་བུ་སློང་དུ་འོངས་སོ། །ནོར་བུ་དེས་སེམས་ཅན་རྣམས་ལ་ཕན་གདགས་པའི་བསོད་ནམས་ཀྱིས་མངོན་པར་སངས་རྒྱས་པར་འཚལ་གྱིས། བདག་གི་ཡིད་དང་མི་འགལ་བར་རིན་པོ་ཆེ་བསྩལ་དུ་གསོལ། ཀླུའི་རྒྱལ་པོས་སྨྲས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་དཀའ་བ་ཡིན་ཏེ། ཁྱེད་འདིའི་ཕྱིར་འོངས་ན། ཟླ་བ་གཅིག་འདུག་སྟེ་བདག་གི་མཆོད་པ་བཞེས་ཤིང་ཆོས་བསྟན་ན་ནོར་བུ་རིན་པོ་ཆེ་སྦྱིན་ནོ། །བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་དུ་ཁས་བླངས་ནས། ཟླ་བ་གཅིག་བར་དུ་དྲན་པ་ཉེ་བར་བཞག་པའི་ཆོས་ཀྱི་རྣམ་གྲངས་བསྟན་ཞིང་དེའི་རིང་ལ་ཀླུའི་རྒྱལ་པོས་ཁ་ཟས་སྣ་ཚོགས་པ་དང་རོལ་མོས་ཀྱང་མཆོད་དོ། །དེ་འགྲོ་བར་བརྩམས་པ་དང་། ཀླུའི་རྒྱལ་པོས་གཙུག་གི་ནོར་བུ་བཀྲོལ་ནས་ཕུལ་ཏེ། སྐྱེས་བུ་ཆེན་པོ་ཁྱོད་སངས་རྒྱས་པ་ན་ཁྱེད་ཀྱི་ཉེ་གནས་མཆོག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །ནོར་བུ་འདི་ལ་མཐུ་སྟོབས་ཅི་ཙམ་ཡོད་དྲིས་པས། འདིས་དཔག་ཚད་ཉིས་སྟོང་དུ་དགོས་འདོད་ཐམས་ཅད་ཆར་བཞིན་དུ་འབེབས་ནུས་སོ། །བྱང་ཆུབ་སེམས་དཔས་ནོར་བུ་འདི་མཐུ་ཆེ་མོད་ཀྱི་བདག་གིས་བསམ་པ་བཞིན་སྒྲུབ་མི་ནུས་སོ་དགོངས་ཏེ་ཀླུའི་རྒྱལ་པོ་འཁོར་བཅས་ཀྱིས་བསྐྱལ་ནས། ཡང་སོང་བ་དང་བཻཌཱུཪྱ་སྔོན་པོའི་མཁར་འོབས་སོགས་སྔ་མ་ལྟ་བུ་ལ་སྔར་བཞིན་བྱམས་པའི་སེམས་ཀྱིས་བགྲོད་ནས་ནང་དུ་སོང་བ་དང་ཀླུའི་རྒྱལ་པོ་དེས་ཀྱང་བསུས་ཤིང་བཀུར་སྟི་བྱས་ནས། ནོར་བུ་སློང་བ་ལ་ཟླ་བ་གཉིས་སུ་ཆོས་བསྟན་ན་འབུལ་བར་སྨྲས་པ་བཞིན། ཟླ་བ་གཉིས་སུ་རྫུ་འཕྲུལ་གྱི་རྐང་པའི་ཆོས་བསྟན་པས་ཀླུའི་རྒྱལ་པོས་ཡིད་བཞིན་གྱི་ནོར་བུ་དཔག་ཚད་བཞི་སྟོང་དུ་ཅི་འདོད་པའི་ཆར་འབེབ་པ་ཕུལ་ཏེ། སངས་རྒྱས་པའི་ཚེ་ཉེ་གནས་སུ་སྨོན་ལམ་བཏབ་བོ། །བྱང་ཆུབ་སེམས་དཔས་ནོར་བུ་འདི་ཡང་མཐུ་ཆེ་སྟེ་བདག་གི་བསམ་པའི་ཚོད་ཙམ་དུ་མ་གྱུར་ཏོ་སྙམ་སྟེ། ཡང་སོང་བ་ལས་གསེར་གྱི་མཁར་བཀོད་པ་སྔ་མ་ལྟ་བུར་སྔར་གྱི་ཚུལ་གྱིས་དེའི་ནང་དུ་ཕྱིན་པ་ན། བསུ་བ་དང་དྲི་བ་སོགས་སྔར་ལྟར་གྱིས། དེར་ཟླ་བ་བཞིར་ཆོས་ཀྱི་རྣམས་གྲངས་རྒྱ་ཆེར་ཕྱེ་ཞིང་བསྟན་པས་ཀླུའི་རྒྱལ་པོའི་གཙུག་ནས་ཡིད་བཞིན་གྱི་ནོར་བུ་བཀྲོལ་ཏེ་ཕུལ་ནས། སངས་རྒྱས་པའི་ཚེ་ཉེ་གནས་སུ་སྨོན་ལམ་ཡང་བཏབ་སྟེ། ནོར་བུ་འདིའི་མཐུས་དཔག་ཚད་བརྒྱད་སྟོང་གི་འཁོར་ཡུག་ཏུ་ཅི་དང་ཅི་འདོད་པའི་ཆར་འབེབས་པར་སྨྲས་པས། བྱང་ཆུབ་སེམས་དཔའ་གདོད་དགའ་སྟེ། འཛམ་བུ་གླིང་གི་ཁྱོན་དཔག་ཚད་བདུན་སྟོང་ལས་མེད་ན། ནོར་བུ་རིན་པོ་ཆེ་འདིས་བདག་གི་རེ་བ་སྐོང་ངོ་སྙམ་ནས། སྔ་ཕྱིར་རྙེད་པའི་ནོར་བུ་རིན་པོ་ཆེ་གསུམ་པོ་གོས་ཀྱི་མཐར་བཅངས་ཏེ་སྒོར་ཕྱུང་བ་དང་ཀླུའི་རྒྱལ་པོ་འཁོར་བཅས་ཀྱིས་བསྐྱལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་ཕ་ཟད་གཅིག་ཏུ་ཕྱིན་ནས་ནོར་བུ་རིན་པོ་ཆེ་རྣམས་ལག་པར་ཐོགས་ནས་སྨོན་ལམ་བཏབ་པ། འདི་རྣམས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡང་དག་པ་ཡིན་ན། བདག་ནམ་མཁའ་ལ་འཕུར་བར་གྱུར་ཅིག ཅེས་སྨྲས་མ་ཐག་ཏུ་ནམ་མཁའ་ལ་འཕུར་ཏེ་རྒྱ་མཚོའི་གེགས་ལས་ཐར་ནས་ངོགས་སུ་ཕྱིན་པ། དེར་ཅུང་ཟད་ངལ་གསོ་ཞིང་གཉིད་ལོག་པའི་ཚེ། རྒྱ་མཚོའི་ཀླུ་ཕྲན་རྣམས་བགྲོས་ནས། རྒྱ་མཚོ་འདི་ན་ནོར་བུ་རིན་པོ་ཆེ་འདི་གསུམ་ལས་མེད་དེ་གསུམ་ཀ་མི་འདིས་ཁྱེར་བས་འདི་ཕྱིར་བརྐུའོ་ཞེས་བྱས་ནས་ཀླུ་རྣམས་ཀྱིས་བརྐུས་སོ། །བྱང་ཆུབ་སེམས་དཔའ་སད་ནས་བལྟས་པས་ནོར་བུ་རྣམས་མེད་པར་མཐོང་སྟེ། འདི་ནི་གདོན་མི་ཟ་བར་རྒྱ་མཚོའི་ཀླུས་བརྐུས་ཀྱི། བདག་གི་མཐུ་ཅི་ཡོད་ཀྱིས་རྒྱ་མཚོའི་ཆུ་བཅུས་ཏེ་བསྐམ་པར་བྱའོ་སྙམ་སྟེ། ནོར་བུ་ཕྱིར་མ་ཐོབ་ཀྱི་བར་དུ་ལག་སྟོང་དུ་མི་ལྡོག་པར་དམ་བཅས་ནས། རུས་སྦལ་གྱི་ཁོག་པ་ཞིག་བླངས་ཏེ་ལག་གཉིས་ཀྱིས་རྒྱ་མཚོའི་ཆུ་བཅུས་སོ། །དེར་རྒྱ་མཚོའི་ལྷས་དེའི་བསམ་པ་ཤེས་ནས་འདི་སྐད་ཅེས་སྨྲས་སོ། །རྒྱ་མཚོ་འདི་ནི་གཏིང་ཟབ་ཅིང་ཡངས་ཏེ། དཔག་ཚད་སྟོང་ཕྲག་སུམ་བརྒྱ་སུམ་ཅུ་ཡོད་པས། འཛམ་བུའི་གླིང་གི་མི་ཐམས་ཅད་ཀྱིས་ཀྱང་རྒྱ་མཚོ་བསྐམ་པར་མི་ནུས་ན་ཁྱོད་གཅིག་པུས་ལྟ་ཅི་སྨྲོས་ཏེ་དོན་མེད་དོ། །བྱང་ཆུབ་སེམས་དཔས་སྨྲས་པ། མི་གཅིག་གིས་སྙིང་ནས་ལས་བྱས་ན་ཅི་ཡང་མི་འགྲུབ་པར་མེད་དོ། །བདག་གིས་རིན་པོ་ཆེ་རྙེད་པས་འགྲོ་བ་ཐམས་ཅད་ལ་ཕན་བདེ་བྱ་སྙམ་ཞིང་། དེའི་བསོད་ནམས་ཀྱི་འཚང་རྒྱ་བར་འདོད་དེ། དེ་ལ་སེམས་མ་ཞུམ་ན། ཅིའི་ཕྱིར་རྒྱ་མཚོ་འདི་བསྐམ་པར་མི་ནུས་ཞེས་སྨྲས་སོ། །དེའི་ཚེ་ལྷ་ཁྱབ་འཇུག་ལ་སོགས་པས་རྒྱང་མ་ནས་བྱང་ཆུབ་སེམས་དཔའ་གཅིག་པུས་རྒྱ་མཚོའི་ཆུ་བཅུས་ཏེ་འགྲོ་བ་མང་པོའི་དོན་དུ་དཀའ་བ་བྱེད་པ་མཐོང་ནས། གཅིག་གི་གཅིག་སྦྲན་ཏེ་ཐམས་ཅད་བྱང་ཆུབ་སེམས་དཔའི་དྲུང་དུ་ལྷགས་ཏེ། ལྷ་དེ་དག་སོ་སོའི་གོས་ཕུད་དེ་ཆུར་བཅུག་ནས་ཕྱིར་ཕྱུང་བས། ལན་གཅིག་གིས་རྒྱ་མཚོའི་ཆུ་དཔག་ཚད་བཞི་བཅུ་འགྲིབ། ལན་གཉིས་ཀྱིས་བརྒྱད་ཅུ། ལན་གསུམ་གྱིས་དཔག་ཚད་བརྒྱ་ཉི་ཤུ་འགྲིབ་པས་ཀླུ་དེ་དག་འཇིགས་ཤིང་སྐྲག་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་ལྷགས་ཏེ་རྒྱ་མཚོ་ཆེན་པོའི་ཆུ་སྐེམ་པར་མ་བྱེད་ཅིག་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔས་བརྩོན་པ་དེ་བཏང་ངོ་། །དེ་ནས་ཀླུ་རྣམས་ཀྱིས། ཁྱེད་ཀྱིས་ནོར་བུ་རིན་པོ་ཆེ་འདི་ཅི་ཞིག་ཏུ་དགོས། དེས་སྨྲས་པ། སེམས་ཅན་ལ་ཕན་པའི་དོན་དུའོ། །ཀླུས་སྨྲས་པ། འོ་ན་རྒྱ་མཚོའི་ནང་ན་ཡང་སེམས་ཅན་མང་དུ་ཡོད་ན་ཅིའི་ཕྱིར་བསྐུར། བྱང་ཆུབ་སེམས་དཔས། རྒྱ་མཚོའི་ནང་ན་གནས་པ་ཡང་སེམས་ཅན་ཡིན་མོད་ཀྱི་དེ་ལ་ཕོངས་པའི་སྡུག་བསྔལ་མེད་དོ། །འཛམ་བུ་གླིང་གི་སེམས་ཅན་དག་ནི་ནོར་གྱི་ཕྱིར་གཅིག་གིས་གཅིག་ལ་འཚེ་ཞིང་། མི་དགེ་བ་བཅུ་རྫོགས་པར་བྱས་པས་ཚེ་འཕོས་ནས་དམྱལ་བར་སྐྱེ་སྟེ། བདག་ནི་དེ་དག་ལ་སྙིང་བརྩེ་བའི་ཕྱིར་རིན་པོ་ཆེ་འདི་དགོས་སོ་ཞེས་སྨྲས་པ་དང་ཀླུ་རྣམས་ཀྱིས་ནོར་བུ་རིན་པོ་ཆེ་ཕྱུང་སྟེ་སླར་ཕུལ་ཞིང་། རྒྱ་མཚོའི་ལྷ་དེས་ཀྱང་སངས་རྒྱས་པའི་ཚེ་ཉེ་གནས་ཀྱི་མཆོག་ཏུ་སྨོན་ལམ་བཏབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་ནོར་བུ་རིན་པོ་ཆེ་ཕྱིར་ཐོབ་ནས་སྟེང་གི་ནམ་མཁའ་ལ་འཕུར་ཏེ་གནས་སུ་འོངས་ནས་སྔར་གྱི་ཚོང་པ་གྲོགས་པོ་རྣམས་དྲིས་པ་དང་། དེ་དག་བདེ་བར་ཕྱིན་ཏེ་གཅིག་ལ་གཅིག་དྲི་ཞིང་ངོ་མཚར་དུ་བཟུང་ངོ་། །དེ་ནས་བྲམ་ཟེ་ཀ་བྱི་ལིའི་སྒོར་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ལས་ཕྱིར་ལོག་གོ་ཞེས་ཐོས་ནས་ཐམས་ཅད་ཀྱིས་སྒོར་བསུས་ཏེ་དགའ་ནས་ཚོང་པ་གྲོགས་པོ་རྣམས་དང་བཅས་པ་ལ་དགའ་སྟོན་ཆེན་པོ་བགྱིས་སོ། །དེ་ནས་བྱང་ཆུབ་སེམས་དཔས་རིན་པོ་ཆེ་ཐོགས་ནས་ཁྱིམ་དུ་ཕྱིན་པ་ན་བྲམ་ཟེ་དེའི་བང་མཛོད་ཐམས་ཅད་ཡོངས་སུ་གང་བར་གྱུར་ཏོ། །བྲམ་ཟེ་ཀ་བྱི་ལས་རིན་པོ་ཆེའི་ཆུ་སྣོད་བསྐུར་བས་བྱང་ཆུབ་སེམས་དཔའི་རྐང་པ་བཀྲུས་ཤིང་བུ་མོའི་ལག་པ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ལ་གཏད་དོ། །བྱང་ཆུབ་སེམས་དཔས་ཀྱང་བཞེས་ཏེ། བྲམ་ཟེ་རབ་ཏུ་དགའ་ནས་གཡོག་མོ་ལྔ་བརྒྱ་དང་། གླང་པོ་ཆེ་ལྔ་བརྒྱ་ཡང་རིན་པོ་ཆེས་བརྒྱན་ཏེ་རོལ་མོ་བྱས་ནས་བྱང་ཆུབ་སེམས་དཔའ་ལ་བརྫངས་སོ། །དེའི་ཚེ་སྦྱིན་པ་ཆེན་པོའི་ཕ་མ་གཉིས་བུ་དང་བྲལ་བའི་འོག་ཏུ་རྟག་ཏུ་ངུས་པས་གཉིས་ཀའི་མིག་ལོང་བར་གྱུར་ཏེ། དེར་བུ་དང་ཕྲད་པ་ན་བུས་ཕ་མ་ལ་ཕྱག་འཚལ་ཞིང་དེའི་ལག་པ་ནས་འཇུས་པས་བུ་ཡིན་པར་རྟོགས་ཏེ། ཁྱོད་ཀྱིས་ངེད་བོར་ནས་སོང་བའི་འོག་ཏུ་མིག་ཀྱང་མདོངས་སོ། །ཁྱོད་རྒྱ་མཚོར་སོང་བས་ཅི་རྙེད་ཅེས་དྲིས་པ་ལ་ནོར་བུ་རིན་པོ་ཆེ་ཕ་མའི་ལག་ཏུ་བཞག་ནས་བདག་གིས་འདི་རྙེད་དོ་སྨྲས་པ་དང་། ཕ་མས་ལག་ཏུ་བླངས་ནས། འདི་ལྟ་བུའི་རྡོ་བ་ནི་ངའི་མཛོད་ན་སྔར་ཡང་མང་དུ་ཡོད་ན་ཁྱོད་སྲོག་དང་བསྡོ་ཅི་དགོས་ཞེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ནོར་བུ་ཕྱིར་བླངས་ཏེ་ཕ་མའི་མིག་ཕྱིས་པས་སྔར་བས་ཀྱང་གསལ་བར་གྱུར་པས་ཕ་མ་གཉིས་དགའ་སྟེ་ནོར་བུ་རིན་པོ་ཆེ་ཡང་དག་པ་ལྟ་སྟེ་ཉོན་མོངས་པ་སེལ་བར་གྱུར་ཏོ་ཞེས་སྨྲས་སོ། །སྦྱིན་པ་ཆེན་པོས་རིན་པོ་ཆེ་ཐོགས་ཏེ་ཕ་མའི་འོག་ཏུ་རིན་པོ་ཆེའི་གདན་དང་། སྟེང་དུ་བླ་རེ་འབྱུང་བར་སྨོན་ལམ་བཏབ་མ་ཐག་ཏུ་དེ་བཞིན་དུ་གྱུར་ཏེ་བང་མཛོད་ཐམས་ཅད་ཀྱང་གང་བར་གྱུར་ཏོ། །དེ་ནས་ཕོ་ཉ་གཅིག་དཔག་ཚད་བརྒྱ་སྟོང་དུ་འགྲོ་བའི་གླང་པོ་ཆེ་ལ་བསྐྱོན་ཏེ། འཛམ་གླིང་གི་མི་ཐམས་ཅད་ལ་སྦྱིན་པ་ཆེན་པོས་རྒྱ་མཚོ་ནས་ཡིད་བཞིན་གྱི་ནོར་བུ་རྙེད་དེ། ད་སྟེ་ཞག་བདུན་ན་ཡོ་བྱད་ཐམས་ཅད་ཆར་བཞིན་དུ་འབེབས་ཀྱི་སོ་སོ་ནས་ཅི་བདེ་བར་ལོང ས་ཤིག་ཅེས་བསྒྲགས་སོ། །དེར་སྦྱིན་པ་ཆེན་པོས་ཁྲུས་བྱས་གོས་གསར་པ་གྱོན་ནས། ཐང་ཡངས་པར་རྒྱལ་མཚན་བཙུགས་པའི་རྩེར་ཡིད་བཞིན་གྱི་ནོར་བུ་བཏགས། སྤོས་ཕོར་ལག་ཏུ་ཐོགས་ཏེ་སྨོན་ལམ་བཏབ་པ། འཛམ་བུ་གླིང་གི་མི་འདི་རྣམས་ནི་དབུལ་ཕོངས་ཤ་སྟག་སྟེ། དེ་ལ་ཕན་གདགས་དགོས་ཀྱི། ཡིད་བཞིན་གྱི་ནོར་བུ་ཡང་དག་མི་བརྫུན་པ་ཡིན་ན་སོ་སོ་ནས་ཅི་དགོས་པ་ཐམས་ཅད་ཡིད་བཞིན་དུ་ཆར་ཕོབ་ཅིག ཅེས་སྨྲས་མ་ཐག་ཏུ་ཕྱོགས་བཞི་ནས་རླུང་གཡོས་པས་མི་གཙང་བའི་ཉལ་ཉིལ་ཐམས་ཅད་ཕྱགས་ཏེ། ཆར་ཟིལ་བུས་རྡུལ་མི་འཐུལ་བར་བྱས་པའི་འོག་ཏུ། ཐོག་མར་བཟའ་བཏུང་སྣ་ཚོགས་རོ་བརྒྱ་དང་ལྡན་པ་དང་། དེ་ནས་འབྲུ་དང་། དེའི་འོག་ཏུ་གོས་དང་། རིན་པོ་ཆེ་ཆར་བཞིན་དུ་བབས་ཏེ། འཛམ་བུའི་གླིང་ཐམས་ཅད་ནོར་བུ་རིན་པོ་ཆེའི་ཕུང་པོས་གང་ནས་ཐམས་ཅད་ཚིམས་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔས་འཛམ་བུའི་གླིང་གི་མི་རྣམས་ལ། ཁྱེད་ཅག་ཟས་གོས་ནོར་གྱི་ཕྱིར་སྲོག་གཅོད་པ་སོགས་མི་དགེ་བའི་ལས་སྣ་ཚོགས་པར་སྤྱོད་པས་རྣམ་སྨིན་ངན་སོང་དུ་འགྲོ་བ་ལ། བདག་ནི་སྙིང་བརྩེ་བས་འཇིགས་པ་དང་སྡུག་བསྔལ་ཁྱད་དུ་གསོད་དེ་རྒྱ་མཚོ་ནས་ནོར་བུ་རིན་པོ་ཆེ་དག་བླངས་པས། ད་ནི་ཁྱེད་ཀུན་ཅིས་ཀྱང་མི་བྲེལ་བར་བདེ་བར་གྱུར་གྱིས། ཁྱེད་རྣམས་ཀྱིས་སྒོ་གསུམ་གྱི་མི་དགེ་བ་སྡོམས་ལ། དགེ་བ་བཅུའི་ལས་ཀྱི་ལམ་ལ་བརྩོན་པར་གྱིས་ཤིག ཅེས་ཐབས་སྣ་ཚོགས་པའི་སྒོ་ནས་བསྟན་ཞིང་དེ་དག་ལ་ནན་ཏན་བྱེད་དུ་བཅུག་པས་འཛམ་གླིང་གི་མི་རྣམས་ཚེ་འཕོས་ནས་མཐོ་རིས་ཀྱི་ལྷར་སྐྱེས་སོ། །དེའི་དུས་ཀྱི་སྦྱིན་པ་ཆེན་པོའི་ཕ་མ་གཉིས་ནི་ད་ལྟར་ཟས་གཙང་མ་དང་ལྷ་མཛེས་གཉིས་ཡིན་ལ་སྦྱིན་པ་ཆེན་པོ་ནི་ང་ཡིན་ནོ། །དེ་བཞིན་དུ་དངུལ་མཁར་གྱི་ཀླུ་ཤཱ་རིའི་བུ། བཻཌཱུཪྱའི་མཁར་གྱི་ཀླུ་མོའུ་འ་གལ་གྱི་བུ། གསེར་གྱི་མཁར་ན་འདུག་པའི་ཀླུ་ནི་ཀུན་དགའ་བོ་དང་། རྒྱ་མཚོའི་ལྷ་དེ་ནི་མ་འགག་པའོ། །དེའི་ཚེ་ནའང་ཀུན་དགའ་བོས་ནི་ང་ལ་བསྙེན་བཀུར་བྱས་ཏེ། དུས་ལ་མཁས་པ་ད་ལྟར་གྱི་བར་དུ་དུས་ལ་མཁས་ཀྱིས། འདོད་པ་གསུམ་ཡང་ཡིད་བཞིན་དུ་གནང་ངོ་། །ཞེས་བཀའ་སྩལ་པས་ཀུན་དགའ་བོ་དགའ་མགུ་རངས་ནས་ནམ་འཚོའི་བར་དུ་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བགྱི་བར་ཁས་བླངས་སོ། །འདིས་ནི་བྱང་ཆུབ་སེམས་དཔའི་སྙིང་སྟོབས་ཀྱི་བརྩོན་པ་དང་བྱམས་པ་བསྒོམས་པའི་ཕན་ཡོན་སོགས་ཀྱང་བསྟན་པ་ཡིན་ནོ། །

སངས་རྒྱས་ཀྱི་བསོད་ནམས་ཀྱི་མཐུ་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནྱ་གྲོ་དྷའི་ཚལ་ན། ཚངས་པ་དང་བརྒྱ་བྱིན་དང་ཤཱཀྱའི་རིགས་ཀྱི་ཁྱེའུ་ལྔ་བརྒྱ་ལ་སོགས་པའི་འཁོར་གྱིས་བསྐོར་ཅིང་བཞུགས་པ་ལས། སྟོན་པའི་སྐུའི་མཚན་དཔེའི་ཡོན་ཏན་གྱིས་ཐམས་ཅད་ཟིལ་གྱིས་མནན་པས་འཁོར་རྣམས་ཡ་མཚན་དུ་གྱུར་ནས་མངོན་པར་བསྟོད་པ་ན། བཀའ་སྩལ་པ། ད་ལྟར་འབའ་ཞིག་ཏུ་འཁོར་ཀུན་ལས་འཕགས་ཏེ་གཙོ་བོར་གྱུར་པ་མ་ཡིན་གྱི། སྔོན་འདས་པའི་དུས་ན་ཡང་འདི་དག་ཀུན་ལས་འཕགས་ཏེ་གཙོ་བོར་གྱུར་པ་ནི། སྔོན་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ན། འཛམ་བུ་གླིང་འདིར་རྒྱལ་པོ་ཆེན་པོ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་པ་ཞིག་བྱུང་སྟེ། དེ་ལ་སྲས་ལྔ་བརྒྱ་ཡོད་དོ། །དུས་ཕྱིས་ཞིག་ན་བཙུན་མོ་རྒན་པ་ལ་བུ་གསེར་གྱི་མདོག་ཅན་སྐྲ་མཐོན་མཐིང་ལྟ་བུ་ལག་མཐིལ་དུ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་རྐང་མཐིལ་དུ་རྟ་དང་གླང་པོའི་རི་མོ་ཡོད་པ་བསོད་ནམས་དང་ལྡན་པ་ཞིག་བཙས་པས། མིང་ཡང་མེ་ལོང་གདོང་དུ་བཏགས་སོ། །དེར་ཡང་རྒྱལ་པོ་ནད་ཀྱིས་བཏབ་ནས་ཚེ་ཡི་དུས་བྱེད་དུ་ཉེ་བ་ན། བློན་པོ་རྣམས་ཀྱིས་སྲས་འདི་རྣམས་ཀྱི་ནང་ནས། རྒྱལ་སྲིད་དུ་གང་དབང་བསྐུར་ཞེས་དྲིས་པ་དང་། རྒྱལ་པོ་དེས་ལུས་ཀྱི་མདོག་གསེར་ལྟ་བུ་ལ་སྐྲ་མཐོན་མཐིང་དུ་འདུག་པ་དང་། ལག་པ་གཉིས་ཀྱི་མཐིལ་ན་འཁོར་ལོའི་མཚན་དང་ལྡན་པ་དང་། རྐང་པ་གཡས་པའི་མཐིལ་ན་གླང་པོ་ཆེའི་རི་མོ་ཡོད་པ་དང་། རྐང་པ་གཡོན་པའི་མཐིལ་དུ་རྟའི་རི་མོ་ཡོད་པ་དང་། རྒྱལ་པོའི་གོས་གྱོན་པ་ན་ལུས་ལ་འཚམ་པ་དང་། སྟན་ལ་འདུག་ན་གཟི་བརྗིད་དང་མཐུ་དང་ལྡན་པ་དང་། རྒྱལ་ཕྲན་རྣམས་ཀྱིས་བསྙེན་བཀུར་ཆེར་བྱེད་ཅིང་བཙུན་མོ་དང་ཕོ་བྲང་གི་འཁོར་གྱིས་ཀྱང་དེ་ལ་དགའ་ཞིང་ཕྱག་བྱེད་པ་དང་། ལྷ་རྟེན་གྱི་དྲུང་དུ་ཁྲིད་ན་ལྷ་རྣམས་ཀྱིས་ཕྱིར་ཕྱག་བྱེད་པ་དང་། ཡོན་ཏན་དང་བསོད་ནམས་ཀྱི་མཐུས་རིན་པོ་ཆེ་སྣ་བདུན་གྱི་ཆར་འབེབས་ཤིང་ཐམས་ཅད་ཀྱི་ཡིད་ཚིམ་པར་བྱེད་པ་དང་། བཙུན་མོ་ཆེན་མོ་ལས་སྐྱེས་པ་སྟེ། ཡོན་ཏན་དང་མཚན་རྣམ་པ་བཅུ་པོ་འདི་དག་དང་གང་ལྡན་དེ་རྒྱལ་པོར་ཆུག་ལ་དབང་སྐུར་ཅིག་ཅེས་བསྒོའོ། །དེ་ནས་ཡབ་རྒྱལ་པོ་གཤེགས་ཏེ་རྒྱལ་བུ་དང་བློན་པོ་རྣམས་འདུས་ནས་སྲས་ལྔ་བརྒྱ་པོ་རྣམས་ཀྱི་ཆེ་རིམ་ནས་བཟུང་ཐམས་ཅད་ལ་བརྟགས་པས་ཡོན་ཏན་གྱི་ཁྱད་པར་དེ་དག་གང་དང་ཡང་མི་ལྡན་ཞིང་། སྲས་ཐ་ཆུང་འབའ་ཞིག་ལ་ཡོན་ཏན་དེ་དག་ཐམས་ཅད་ཚང་བར་ཤེས་ནས་རྒྱལ་ཕྲན་དང་བློན་པོ་རྣམས་ཀྱིས་རྒྱལ་པོར་དབང་བསྐུར་ཏེ། ཚེས་བཅོ་ལྔའི་ཉིན་པར་ཉི་མ་ཐོག་མར་ཤར་བ་ན། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཆེ་ཁྱད་དཔག་ཚད་གཅིག་ཡོད་པ་ཤར་ཕྱོགས་ནས་འོངས་ཏེ། དེ་ལ་པུས་མོ་བཙུགས་ནས་བདག་ཡོན་ཏན་དང་ལྡན་ཏེ་རྒྱལ་པོར་འགྱུར་ན་འཁོར་ལོ་འདི་བདག་གི་དྲུང་དུ་ཉེ་བར་ཤོག་ཅིག་ཅེས་སྨྲས་པ་དང་ནམ་མཁའི་ཕྱོགས་ནས་ཉེ་བར་འོངས་སོ། །གླང་པོ་རིན་པོ་ཆེ་ནི་རི་སྤོས་ཀྱི་ངད་ཅན་ལས་འོངས་ཏེ་མཇུག་མ་ནོར་བུས་བརྒྱན་པ། རྒྱལ་པོ་དེ་ལ་ཞོན་ནས་ནམ་མཁའ་ལ་འཕུར་ཏེ་ཉི་མ་ཕྱེད་ཀྱིས་གླིང་བཞི་འཁོར་ནུས་ལ། གལ་ཏེ་རྐང་པས་སོང་ན་རྗེས་རྣམས་ཀྱང་གསེར་གྱི་བྱེ་མར་འགྱུར་རོ། །རྟ་རིན་པོ་ཆེ་ནི་ཁ་དོག་མཐིང་ག་ལ་རྔ་རྔོག་དམར་བ་དེ་ལས་རིན་པོ་ཆེ་སྣ་བདུན་འབབ་པ་རྒྱལ་པོས་ཞོན་ན་ཟན་གཅིག་ཟ་བའི་ཡུན་ཙམ་གྱིས་གླིང་བཞི་འཁོར་ཏེ་མི་ངལ་ཞིང་མི་དུབ་བོ། །ནོར་བུ་རིན་པོ་ཆེ་ནི་མཚན་མོ་རྒྱང་གྲགས་ཉི་ཤུ་ཚུན་ཆད་འོད་ཀྱིས་ཉིན་མོ་བཞིན་དུ་སྣང་བར་བྱེད་ཅིང་རིན་པོ་ཆེ་སྣ་བདུན་ཆར་བཞིན་དུ་འབེབས་ཤིང་ཐམས་ཅད་ལ་སྦྱིན་པར་བྱེད་དོ། །བུད་མེད་རིན་པོ་ཆེ་ནི་བཟང་བ་མཛེས་པ་རྒྱལ་པོའི་ཡིད་ཚིམ་པར་བྱེད་དོ། །ཁྱིམ་བདག་རིན་པོ་ཆེ་ནི་རྒྱལ་པོའི་རིན་པོ་ཆེ་སྣ་བདུན་ཅི་དགོས་པ་ཡིད་བཞིན་དུ་སྦྱར་ཏེ་ཟད་མི་ཤེས་པར་བྱེད་དོ། །བློན་པོ་རིན་པོ་ཆེ་ནི་རྒྱལ་པོས་དཔུང་རྣམ་བཞི་བགོས་ན་བལྟས་པ་ཙམ་གྱིས་དཔུང་གི་ཚོགས་འདུས་ཏེ་རྩལ་དང་མཐུར་ལྡན་ནོ། །དེ་ལྟར་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ན། ཐབས་འདི་ལྟ་བུ་ཡང་སྔོན་གྱི་བསོད་ནམས་ལས་སྐྱེས་ཀྱིས་རྒྱལ་པོའི་གདུང་རྒྱུད་མི་ཆད་པར་བྱའོ་སྙམ་དུ་བསམ་ནས། རྒྱལ་པོ་དེས་སྤོས་ཆུས་ཁྲུས་བྱས་ཏེ་གོས་གསར་པ་གཙང་མ་བགོས་ནས་ལག་ན་སྤོས་ཕོར་ཐོགས་ཏེ། ཤར་ཕྱོགས་ལོགས་སུ་པུས་མོ་བཙུགས་ནས། ཤར་ཕྱོགས་ན་སྐྱེས་བུ་འཕགས་པ་བཞུགས་པ་རྣམས་བདག་གིས་གསོལ་བ་བཞིན་དུ་གཤེགས་སུ་གསོལ་ཞེས་སྨྲས་པ་དང་། ཤར་ཕྱོགས་ནས་རང་སངས་རྒྱས་ཉི་ཁྲི་སྙེད་རྒྱལ་པོའི་ཕོ་བྲང་དུ་གཤེགས་སོ། །ལྷོ་དང་ནུབ་དང་བྱང་གི་ཕྱོགས་སུའང་དེ་བཞིན་དུ་གསོལ་པ་དང་། དེ་དག་སོ་སོ་ནས་ཀྱང་རང་སངས་རྒྱས་ཉི་ཁྲི་སྙེད་རྒྱལ་པོའི་ཕོ་བྲང་དུ་གཤེགས་སོ། །དེ་ནས་རྒྱལ་པོ་དང་བློན་པོ་ལ་སོགས་པའི་སྐྱེ་བོ་རྣམས་ཀྱིས་ཡོ་བྱད་རྣམ་པ་བཞི་སྦྱར་སྟེ་རང་སངས་རྒྱས་དེ་རྣམས་ལ་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་མཆོད་པར་བྱས་པས། ཐམས་ཅད་ཚེ་འཕོས་པ་ན་མཐོ་རིས་ཀྱི་ལྷར་སྐྱེས་སོ། །དེའི་དུས་ཀྱི་རྒྱལ་པོ་མེ་ལོང་གདོང་ཅན་ནི་ད་ལྟར་ང་ཡིན་ནོ། །རྒྱལ་པོ་དེའི་ཕ་ནི་ཡབ་ཟས་གཙང་མ་དང་། བཙུན་མོ་དེ་ནི་ཡུམ་ལྷ་མཛེས་མ་དང་། རྒྱལ་བུ་ལྔ་བརྒྱ་ནི་ཤཱཀྱའི་རིགས་ལྔ་བརྒྱ་འདི་ཡིན་ཏེ། དེའི་དུས་ནའང་ཐམས་ཅད་ཀྱི་གཙོ་བོར་གྱུར་ཏེ་ད་ལྟ་སངས་རྒྱས་ནས་ཀྱང་མཚན་དང་ལྡན་པའི་མཆོག་གཙོ་བོར་གྱུར་ཏོ་གསུངས། འདིས་ནི་སངས་རྒྱས་ཀྱི་བསོད་ནམས་ཀྱི་མཐུ་བསྟན་པའོ། །

འདོད་པས་ཆོག་མི་ཤེས་པ་དང་བྱས་པ་མིི་གཟོ་བའི་ཉེས་དམིགས་ཀྱང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ལྷས་བྱིན་རྙེད་པ་ལ་ཆགས་པས། སྟོན་པའི་སྐུ་མཚལ་ཕྱུང་བ་དང་། གླང་ཆེན་སྨྱོན་པ་བཏང་བ་དང་། དགེ་འདུན་གྱི་དབྱེན་དང་། དགྲ་བཅོམ་མ་བཀྲོངས་པ་སོགས་མཚམས་མེད་པའི་ལས་བགྱིས་པ། ཕྱི་མའི་རྣམ་སྨིན་ལ་འཇིགས་ཏེ། མུ་སྟེགས་སྟོན་པ་སྡེ་དྲུག་གི་ཐད་དུ་སོང་ནས་དྲིས་པ་ན། དེ་དག་གིས་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་པའི་ལྟ་བ་ངན་པ་བསྟན་པས། ལྷས་བྱིན་དེ་ལ་ཡིད་ཆེས་ཏེ་དགེ་བའི་རྩ་བ་བཅད་དོ། །དེར་ཀུན་དགའ་བོས་ནི་ལྷས་བྱིན་རང་གི་སྤུན་ཟླར་གྱུར་པས་སྙིང་བརྩེ་བའི་ཕྱིར་རབ་ཏུ་མི་དགའ་ཞིང་སྨྲེ་སྔགས་དང་བཅས་མཆི་མ་འབྱིན་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལྷས་བྱིན་འདི་ནི་ཚེ་འདི་འབའ་ཞིག་ལ་རྙེད་པ་དང་གྲགས་པའི་ཕྱིར་དགེ་བའི་རྩ་བ་བཅད་པར་མ་ཟད་ཀྱི། འདས་པའི་དུས་ནའང་རྙེད་པ་དང་གྲགས་པའི་ཕྱིར་ལུས་དང་སྲོག་ཀྱང་སྟོར་བའི་ལས་བྱས་ཏེ། སྔོན་བསྐལ་པ་གྲངས་མེད་པའི་ཕ་རོལ་ན་འཛམ་བུ་གླིང་འདིར་ཡུལ་ཝཱ་རཱ་ཎ་སཱི་ན་བྲམ་ཟེ་ཧ་ཡི་ཞེས་བྱ་བའི་ཆུང་མ་ལ་ཁྱེའུ་གཉིས་བྱུང་སྟེ་སྔ་མ་མངལ་ན་གནས་པའི་ཚེ་མ་ཡི་རྒྱུད་ཤིན་ཏུ་འཇམ་ཞིང་ངེས་པར་གྱུར་པས་མིང་ལེགས་ཚོལ་དང་། ཕྱི་མ་མངལ་ན་གནས་པའི་ཚེ་རྒྱུད་ཁྲོ་ཞིང་གཏུམ་པར་གྱུར་པས་མིང་ཉེས་ཚོལ་དུ་བཏགས། གཉིས་ཀ་ཆེར་སྐྱེས་པ་ན་རྒྱ་མཚོར་ནོར་བུ་ལེན་པའི་ཕྱིར་སོ་སོར་འཁོར་ལྔ་བརྒྱ་ལྔ་བརྒྱ་དང་བཅས་སོང་བ་ལས། ལམ་རིང་བས་ཞག་བདུན་གྱི་གནས་སུ་མ་ཕྱིན་པར་རྒྱགས་ཆད་ནས་ཤི་ལ་ཐུག་པ་དང་། ལེགས་ཚོལ་གྱིས་ལྷ་ལ་གསོལ་བ་བཏབ་པས་འབྲོག་སྟོང་པ་དེ་ན་རྒྱང་མ་ནས་སྐྱེ་ཤིང་བཟང་པོ་ཞིག་མཐོང་ནས་དེར་ཕྱིན་པ་དང་། ཤིང་དེའི་དྲུང་དུ་ཆུ་མིག་བཟང་པོ་ཞིག་ཀྱང་འདུག་པས་དེ་ལ་འཐུང་ཞིང་ཁྲུས་བྱས་པ་ན། ལྷས་མངོན་སུམ་དུ་ཤིང་འདིའི་ཡལ་ག་ཆོད་ཅིག་དང་འདོད་པ་ཐམས་ཅད་འབྱུང་ངོ་ཞེས་ལུང་བསྟན་པས། ཡལ་ག་གཅིག་བཅད་པས་བཏུང་བ་ཞིམ་པོ་བྱུང་། ཡང་གཅིག་བཅད་པས་ཁ་ཟས་རོ་བརྒྱ་དང་ལྡན་པ་བྱུང་ཞིང་། དེ་བཞིན་དུ་གོས་དང་། རིན་པོ་ཆེ་སྣ་ཚོགས་པའང་བྱུང་བས་ཐམས་ཅད་ཚིམས་ཤིང་། རྒྱབ་ཁལ་ལོངས་པ་ན་ཉེས་ཚོལ་ཡང་དེར་ཕྱིན་ཏེ། ཤིང་འདིའི་ཡལ་ག་བཅད་པ་ལས་ཕུ་བོས་འདི་ལྟ་བུ་ཞིག་རྙེད་ན། བདག་གིས་རྩ་བ་ནས་བཅད་ན་འདི་ལས་ལྷག་པ་ཞིག་རྙེད་པར་ངེས་སོ་སྙམ་ནས་གཅོད་པར་བརྩམས་པ་ན། ལེགས་ཚོལ་གྱི་བདག་ཅག་ནི་ཕོངས་ཏེ་སྲོག་དང་བྲལ་བ་ལས་མ་ཤི་བར་འཚོ་བ་འདི་ཤིང་འདི་ཡི་དྲིན་ཡིན་པས་མ་གཅོད་ཅེས་སྨྲས་ཀྱང་མ་ཉན་པས། དེ་ནི་བདག་གིས་མཐོང་བར་མི་འདོད་དོ་ཞེས་ལེགས་ཚོལ་ཚོང་པ་དང་བཅས་པ་སྔོན་དུ་སོང་བའི་འོག་ཏུ་ཉེས་ཚོལ་གྱིས་ཤིང་དེ་བཅད་པས་དེའི་རྩ་བ་ནས་སྲིན་པོ་ལྔ་བརྒྱ་བྱུང་སྟེ་ཉེས་ཚོལ་འཁོར་དང་བཅས་པ་ཟོས་སོ། །དེའི་དུས་ཀྱི་ལེགས་ཚོལ་ནི་ད་ལྟ་ང་ཡིན་ལ། དེའི་དུས་ཀྱི་ཕ་མ་ནི་ད་ལྟའི་ཡབ་ཡུམ་གཉིས་དང་། ཉེས་ཚོལ་ནི་ལྷས་བྱིན་ཡིན་ནོ་གསུངས། འདིས་ནི་འདོད་པས་ཆོག་མི་ཤེས་པ་དང་བྱས་པ་མིི་གཟོ་བའི་ཉེས་དམིགས་ཀྱང་བསྟན་པ་ཡིན་ནོ། །

བྱང་ཆུབ་སེམས་དཔའ་བཟོད་པའི་སྟོབས་སོགས་དང་དགེ་བཅུར་སྤྱོད་པའི་འབྲས་བུའང་བསྟན་པ།

༈ ཡང་སྟོན་པ་རྒྱལ་པོའི་ཁབ་བྱ་རྒོད་སྤུངས་པའི་རི་བོ་ལ་བཞུགས་པའི་ཚེ། ཀུན་དགའ་བོས། ལྷས་བྱིན་གྱིས་ཐབས་སྣ་ཚོགས་པས་དེ་བཞིན་གཤེགས་པ་ལ་གནོད་པའི་བྱ་བ་བརྩམས་ཀྱང་། དེ་བཞིན་གཤེགས་པས་ནི་ལྷས་བྱིན་དང་སྲས་སྒྲ་གཅན་ཟིན་གཉིས་ལ་ཁྱད་མེད་པར་རྟག་ཏུ་ཐུགས་བརྩེ་བར་མཐོང་ནས་དོན་དེ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷས་བྱིན་འདིས་དུས་འདི་ཉིད་ན་ང་ལ་གནོད་པར་བྱས་པར་མ་ཟད་དེ། སྐྱེ་བ་གཞན་དུ་ཡང་ང་ལ་གནོད་པའི་སེམས་བགྱིས་ཏེ། སྔོན་བསྐལ་པ་གྲངས་མེད་པའི་ཕ་རོལ་དུ། འཛམ་བུ་གླིང་འདིར་རྒྱལ་པོ་རིན་ཆེན་གོ་ཆ་ཞེས་བྱ་བ་རྒྱལ་ཕྲན་ལྔ་བརྒྱ་ལ་དབང་བྱེད་པ་ཞིག་བྱུང་སྟེ། དེ་ལ་སྲས་མེད་པས་མྱ་ངན་གྱིས་ནོན་པ་ན། རྨི་ལམ་དུ་ལྷ་ཞིག་གིས་ཕོ་བྲང་གི་ཕྱི་རོལ་གྱི་ཚལ་གྱི་ནང་ན་དྲང་སྲོང་གཉིས་ཤིག་ཡོད་དེ། དེའི་ནང་གི་ལུས་གསེར་གྱི་མདོག་ཏུ་འདུག་པ་དེ་ལ་གསོལ་བ་ཐོབ་དང་བུར་སྐྱེ་བར་འགྱུར་རོ། །ཞེས་ལུང་བསྟན་པས་གཉིད་སད་པ་དང་དྲང་སྲོང་གི་དྲུང་དུ་ཕྱིན་ཏེ། བདག་ལ་རྒྱལ་རྒྱུད་འཚོབ་པའི་བུ་མེད་པས། ཁྱོད་ཉིད་བདག་གི་རིགས་སུ་སྐྱེ་བར་མཛོད་ཅིག་ཅེས་གསོལ་བ་བཏབ་པས། དྲང་སྲོང་གིས་ཀྱང་དེ་བཞིན་དུ་བྱའོ། །ཞེས་སྨྲས་སོ། །དྲང་སྲོང་གཅིག་དེས་ཀྱང་བདག་ཀྱང་ཁྱོད་ཀྱི་རིགས་སུ་སྐྱེ་བར་བྱའོ་སྨྲས་པས། རྒྱལ་པོའང་དགའ་ནས་དེ་བཞིན་དུ་གྱུར་ཅིིག་བྱས་སོ། །དེ་ནས་ཕྱིས་ཤིག་ན་དྲང་སྲོང་གསེར་མདོག་དེ་ཚེ་འཕོས་ནས་བཙུན་མོའི་མངལ་དུ་ཞུགས་པ་ལས་ཁྱེའུ་གསེར་གྱི་མདོག་ཅན་མཚན་དང་ལྡན་པ་ཞིག་སྐྱེས་པ་མིང་དགེ་དོན་དུ་བཏགས། དྲང་སྲོང་གཅིག་པོ་དེ་ཡང་ཚེ་འཕོས་ཏེ་རྒྱལ་པོའི་སྲས་སུ་སྐྱེས་པ་ལ་མིང་སྡིག་དོན་དུ་བཏགས་སོ། །དེ་གཉིས་ཆེར་སྐྱེས་ནས་དགེ་དོན་གཙུག་ལག་ཐམས་ཅད་ལ་མཁས་པར་གྱུར་ཅིང་ཕྱིས་འབྱོར་པ་ཆེན་པོ་དང་བཅས་ཏེ་གྲོང་ཁྱེར་གྱི་ཕྱི་རོལ་དུ་སྐྱོ་སངས་ལ་ཕྱིན་པས། དབུལ་ཕོངས་དང་། ནད་པ་དང་། བཤན་པ་དང་། ཞིང་པ་དང་། བྱ་བཤོར་བ་དང་། ཉ་པ་དག་མཐོང་ནས་གཏམ་དྲིས་པས་རང་རང་གི་ལས་འདིས་འཚོ་བར་བྱེད་དོ། །ཞེས་ཟེར་བས་སེམས་ཤིན་ཏུ་སྐྱོ་བར་གྱུར་ནས། ཡབ་ལ་ཞུས་ཏེ་དཀོར་མཛོད་རྣམས་སྦྱིན་པར་གཏོང་བར་དྲིལ་བསྒྲགས་པས་རིམ་གྱིས་དཔག་ཚད་གཅིག་ནས་ཁྲིའི་བར་གྱི་སློང་བ་པོ་སྤྲིན་བཞིན་དུ་འདུས་པ་ལ། གང་ལ་གང་མཁོ་བའི་ཡོ་བྱད་རྣམས་སྦྱིན་པར་བྱས་པས། བང་མཛོད་སུམ་གཉིས་ཙམ་ཟད་པ་ན། མཛོད་སྲུང་བ་རྣམས་ཀྱིས་ཡབ་ལ་ཞུས་པས་ཐབས་ཀྱིས་མཛོད་ཀྱི་སྒོ་བཅད་པས་བསམ་པ་བཞིན་དུ་མ་གྱུར་ན། རྒྱ་མཚོར་ནོར་བུ་རིན་པོ་ཆེ་ལེན་དུ་འགྲོ་བའི་གནང་བ་ཞུས་ཀྱང་ཡབ་ཡུམ་གྱིས་མ་གནང་བར་ཞག་དྲུག་ཏུ་ཟ་མ་བཅད་ནས་ཁ་སྦུབ་ཏུ་ཉལ་བས་གདོད་གནང་བ་བྱིན་པ་དང་། ཡུལ་དེ་ན་སྔོན་ཆད་རྒྱ་མཚོར་ལན་མང་ཕྱིན་པའི་དེད་དཔོན་རྒན་པོ་ཞིག་ཡོད་པ་དེ་ཉིད་ཁྲིད་ནས་ཚོང་པ་ལྔ་བརྒྱ་དང་བཅས་འགྲོ་བར་ཆས་པ་ན། རྒྱལ་བུ་སྡིག་དོན་ཡང་བདག་ཕུ་བོའི་གཡོག་ཏུ་འགྲོ་བར་གསོལ་པ་ན། ཡབ་ཀྱིས་གཞན་སུ་སོང་བ་བས་ནུ་བོ་སོང་ན་ཕན་སྙམ་སྟེ་གནང་ངོ་། །དེ་ནས་རྒྱལ་བུས་གསེར་སྲང་སུམ་སྟོང་བླངས་ཏེ་སྲང་སྟོང་གྲུ་ཟོང་དུ་བྱས། ཉིས་སྟོང་འཕྲལ་གྱིས་དགོས་པའི་ཡོ་བྱད་དུ་བྱས་ཏེ་རྒྱལ་པོ་དང་བཙུན་མོ་སོགས་ཀྱིས་བསྐྱལ་ལོ། །དེ་ནས་རྒྱ་མཚོའི་ངོགས་སུ་ཕྱིན་ཏེ་གྲུར་ཞུགས་ཤིང་ཐག་པ་བདུན་གྱིས་བརྟོད་ནས་ཚོང་པ་རྣམས་ལ་སྨྲས་པ། རྒྱ་མཚོའི་ནང་ན་བགེགས་སྣ་ཚོགས་ཡོད་དེ། སྔ་ཕྱིར་འགྲོ་བ་ནི་རབ་ཏུ་མང་མོད་ཀྱི་ཕྱིར་འཁོར་བ་ནི་ཉུང་ངོ་། །དེ་ལ་ཐེ་ཚོམ་ཟ་བ་ཡོད་ན་ཕྱིར་དེངས་ཤིག གལ་ཏེ་ལུས་སྲོག་དང་ཕ་མ་སོགས་ལ་མ་ཆགས་པར་སོང་ནས་རིན་པོ་ཆེའི་གླིང་ནས་བདེ་བར་ཕྱིར་འཁོར་ན་བུ་ཚ་བདུན་བརྒྱུད་ཚུན་ཆོད་ནོར་གྱིས་མི་དབུལ་བར་འགྱུར་རོ། །ཞེས་བསྒོས་ནས་ཐག་པ་རེ་རེ་བཅད་དེ། དེ་ལྟར་ཞག་བདུན་གྱི་བར་དུ་བྱས་ནས་རླུང་ཕྱོགས་སུ་བབ་པ་ལ་གཡེར་ཤིང་བསྒྲེངས་ཏེ་མགྱོགས་ཁྱད་མདའ་བཞིན་དུ་སོང་ངོ་། །དེ་ནས་རིན་པོ་ཆེའི་གླིང་དུ་ཕྱིན་པས་རྒྱལ་བུ་རིན་པོ་ཆེ་བརྟག་ལ་མཁས་པ་དེས་རིན་པོ་ཆེའི་བཟང་ངན་དང་མང་ཉུང་གི་ཚོད་ཀྱང་བསྟན་ནས་སོ་སོ་ནས་རིན་པོ་ཆེ་འཚོལ་ལོ། །ཚོང་པ་ཕལ་པ་རྣམས་དེར་བཞག་ནས། དེད་དཔོན་དང་རྒྱལ་བུ་དགེ་དོན་གཉིས་གྲུ་ཆུང་ཞིག་ལ་ཞུགས་ནས་སོང་སོང་བ་ལས་རིམ་པར་དངུལ་དང་། བཻཌཱུཪྱ་དང་གསེར་གྱི་རི་རྣམས་ཀྱི་དྲུང་དུ་སོང་སྟེ་གསེར་གྱི་བྱེ་མའི་སྟེང་དུ་འདུག་ནས་དེད་དཔོན་གྱིས། བདག་ནི་རྒས་ཏེ་ད་ནི་འགྲོ་མི་ནུས་སོ། །ཁོ་བོ་འདི་ཉིད་དུ་ཚེ་ཡི་དུས་བྱེད་པར་འགྱུར་གྱི། ཁྱོད་འདི་ནས་སོང་ལ་རིན་པོ་ཆེ་སྣ་བདུན་གྱི་མཁར་ཞིག་ཡོད་ཀྱི་དེའི་མཁར་གྱི་སྒོ་བཅད་ཅིང་འདུག་ན། སྒོ་དྲུང་དུ་རྡོ་རྗེའི་གཏུན་བུ་ཞིག་ཡོད་པ་དེས་མཁར་སྒོ་བརྡུངས་ཤིག་དང་ནང་ནས་ལྷ་མོ་ལྔ་བརྒྱས་སོ་སོ་ནས་རིན་པོ་ཆེ་ཐོགས་ཏེ་འབུལ་དུ་འོང་ངོ་། །དེ་ནས་ལྷ་མོ་ཞིག་གིས་རིན་པོ་ཆེ་སྔོན་པོ་ཞིག་ཐོགས་ཤིང་མདུན་དུ་འོང་གིས་དེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ནོ། །ཐོབ་མ་ཐག་ཏུ་མ་ཤོར་བར་དམ་དུ་ཟུངས་ཤིག བུ་མོ་གཞན་དག་གི་ནོར་བུ་ཡང་ལོངས་ཤིག དབང་པོ་རབ་ཏུ་སྡོམས་ལ་དེ་དག་ལ་གཏམ་མ་སྨྲ་ཞིག བདག་ནི་འདིར་ཚེ་འཕོས་ན་དྲིན་དྲན་པར་གྱིས་ལ་འདི་ཉིད་དུ་རུས་པ་སྦས་ཏེ་སོངས་ཤིག ཅེས་བསྒོས་མ་ཐག་ཏུ་ཚེ་ཡི་དུས་བྱས་སོ། །དེ་ནས་རུས་བུ་གསེར་གྱི་བྱེ་མའི་ནང་དུ་སྦས་ནས་སངས་པས་དེད་དཔོན་གྱིས་ཇི་ལྟར་བསྒོས་པ་བཞིན་དུ་གྱུར་ཏེ། རིན་པོ་ཆེ་སྣ་བདུན་གྱི་མཁར་སྒོ་རྡོ་རྗེའི་གཏུན་བུས་བརྡུངས་པས་ལྷ་མོ་ལྔ་བརྒྱ་དང་ནང་གི་ལྷ་མོ་གཅིག་གིས་ནོར་བུ་བྱིན་པ་གོས་ཀྱི་ཐ་མར་ཕུལ་ཏེ་དེ་མ་ཐག་ཏུ་ཕྱིར་ལོག་གོ །དེ་ནས་ཚོང་པ་རྣམས་ལ་སྡིག་དོན་གྱིས་རིན་པོ་ཆེ་མང་དུ་ལོངས་ཤིག་ཅེས་སྨྲས་ཏེ་མང་དུ་བླངས་པས་གྲུ་ཆུར་ནུབ་ལ། དགེ་དོན་འབའ་ཞིག་ལ་ནོར་བུ་རིན་པོ་ཆེ་ཡོད་པས་མ་ནུབ་སྟེ། སྡིག་དོན་ཡང་དེ་ལ་འཇུས་པས་ཐར་རོ། །དེར་སྡིག་དོན་གྱིས་བདག་ཅག་སྤུན་གཉིས་རིན་པོ་ཆེ་ལེན་དུ་སོང་ནས་ལག་པ་སྟོང་པར་ཁྱིམ་དུ་འགྲོ་བ་ངོ་ཚའོ་སྨྲས་པ་དང་། དགེ་དོན་གྱིས་ལོ་རྒྱུས་དྲང་པོར་བཤད་དེ་རིན་པོ་ཆེ་རྣམས་བསྟན་པས། སྡིག་དོན་གྱིས་ཕྲག་དོག་སྐྱེས་ཏེ་འདི་གཉིད་ལོག་པའི་ཚེ་བསད་ནས་ནོར་བུ་ཁྱེར་དེ་སོང་ལ། ཕ་མ་གཉིས་ལ་ཕུ་བོ་རྒྱ་མཚོར་ནུབ་ཅེས་སྨྲའོ་སྙམ་ནས། ཕུ་བོ་ལ་བདག་ཅག་སྤུན་གཉིས་ཀྱིས་ནོར་བུ་རིན་པོ་ཆེ་འདི་ཐོགས་ཏེ་སྲུང་རེས་ཀྱིས་མེལ་ཚེ་བྱའོ་ཞེས་སྨྲས་ནས་ཕུ་བོ་གཉིད་ལོག་པའི་ཚེ་འོད་མའི་ཚལ་གྱི་ནང་ནས་ཚེར་མ་རིང་པོ་གཉིས་བླངས་ནས་ཕུ་བོའི་མིག་ལ་བཙུགས་ཏེ་རིན་པོ་ཆེ་ཁྱེར་ནས་བྲོས་སོ། །དགེ་དོན་སྔངས་ནས་ཆོམ་པོ་བྱུང་ངོ་ཞེས་བོས་ནའང་ཅང་མི་ཟེར་ཏེ། དེ་ནས་ཤིང་གི་ལྷ་མོ་ཞིག་གིས་ཆོམ་པོ་སྡིག་དོན་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་དགེ་དོན་མིག་ན་བ་མ་བཟོད་ནས་གོག་ཅིང་སོང་སོང་བ་ལས་ཡུལ་ལི་ཤི་བ་དེ་དང་ཉེ་བར་ཕྱིན་པ་ལས། བ་ལང་རྫི་བོ་བ་ལང་ལྔ་བརྒྱ་སྐྱོང་བ་ཞིག་དང་འཕྲད་ནས། བ་ལང་དེའི་ནང་གི་ཁྱུ་མཆོག་གཅིག་གིས་རྒྱལ་བུའི་མིག་མདོངས་པར་ཤེས་ནས་དེའི་མིག་ལ་ལྕེས་བལྡག་པས་བ་ལང་ཀུན་ཀྱང་དེར་འདུས་ཤིང་། གནག་རྫི་ཡང་དེར་འོང་བ་ན་མི་ཞིག་ས་ལ་འགྲེ་བ་མཐོང་ཞིང་དྲུང་དུ་འོངས་ཏེ་བརྟགས་པ་ན་མིག་ལ་ཚེར་མ་ཟུག་པ་མཐོང་ནས། ཚེར་མ་གཉིས་དལ་བུས་ཕྱུང་སྟེ་རང་གི་གནས་སུ་ཁྲིད་དེ། དེ་ནས་འོ་མ་དང་སྣུམ་གྱིས་རྨ་ཁ་བསྐུས་ནས་ཟས་ཀྱིས་བསྙོད་དེ་གསོས་སོ། །དེ་ནས་ཕྱི་ཞིག་ན་རྨ་ཡང་བགས་ཀྱིས་སོས་ནས་གྲོང་ཁྱེར་དང་ཉེ་བར་བསྐྱལ་ཏེ། བདག་ལ་རོལ་མོའི་ཆ་བྱད་ཉི་མ་ཞེས་བྱ་བ་བྱིན་ཅིག་ཅེས་བྱས་པ་དང་། རྫི་བུས་ཀྱང་བྱིན་ནོ། །རྒྱལ་བུས་རོལ་མོ་བྱེད་ཅིང་གླུ་ཚིག་སྙན་པར་བླངས་པས་ཐམས་ཅད་དེ་ལ་ཉན་ཏེ་ཀུན་གྱིས་ཟས་སྐོམ་བསྐྱལ་བས་སྤྲང་པོ་ལྔ་བརྒྱ་ཡང་རྒྱལ་བུ་ལ་བརྟེན་ཏེ་གསོས་སོ། །ཕྱིས་ཞིག་ན་རྒྱལ་པོ་དེའི་སྐྱེད་ཚལ་སྲུང་བ་ཞིག་དེར་འོངས་པས་རོལ་མོ་སྙན་པ་དེ་ཐོས་ནས་དགའ་སྟེ། ཁྱོད་ངའི་སྐྱེད་ཚལ་དུ་རོལ་མོ་བྱེད་ཅིང་སྐྱེད་ཚལ་ཡང་སྲུང་བར་ནུས་སམ་ཞེས་སྨྲས་པ་ལ། བདག་གིས་མིག་ལོང་བས་མི་ནུས་སོ། །དེས་སྨྲས་པ། ཁྱོད་མིག་གིས་མ་མཐོང་ཡང་སླའི། ཤིང་དག་གི་ཁ་ན་ཐེ་གུ་ལ་དྲིལ་བུ་བཏགས་ཏེ་བྱ་ཡི་སྐད་ནམ་གྲགས་ལ་ཐེ་གུ་འཐེན་པས་ཆོག་གི། ངའི་སྐྱེད་ཚལ་དུ་འདོང་ངོ་ཞེས་སྨྲས་པ་བཞིན་བྱས་སོ། །དེ་ཚེ་སྡིག་དོན་ཕྱིར་སླེབ་པ་ལ། རྒྱལ་པོས་ཁྱོད་ཀྱི་ཕུ་བོ་ག་རེ་ཞེས་དྲིས་པ་ན། ཕུ་བོ་དང་ཚོང་པ་རྣམས་རིན་པོ་ཆེ་མང་པོ་དང་བཅས་པ་ཆུར་ནུབ་བོ། །བདག་ནི་རྐྱལ་བས་ཐར་རོ་ཞེས་སྨྲས་པ་དང་། རྒྱལ་པོ་ཡབ་ཡུམ་ས་ལ་འགྱེལ་ཞིང་ཡུལ་མི་ཐམས་ཅད་ཀྱང་མྱ་ངན་གྱིས་ནོན་ཏེ། སྡིག་དོན་ཁྱོད་ཀྱང་ཕུ་བོ་དང་ལྷན་ཅིག་འགྲོ་ན་ཅི་ཉེས་ཞེས་བྱས་སོ། །དེ་ནས་སྔར་དགེ་དོན་གྱིས་གསོས་པའི་བྱ་ངང་པ་ཞིག་ཡོད་པ་དེའི་མགུལ་དུ་རྒྱལ་པོས་ཡི་གེ་བཏགས་ཏེ་དགེ་དོན་ཚོལ་དུ་བཏང་བ་དང་། ངང་པ་དེ་འཕུར་ཞིང་ཀུན་ཏུ་བཙལ་པ་དང་སྐྱེད་མོས་ཚལ་ན་རྒྱལ་བུའི་སྐད་གྲགས་པ་ཐོས་ནས་དེར་བབ་སྟེ་རྒྱལ་བུ་དང་འཕྲད་དོ། །རྒྱལ་བུས་ཀྱང་ངང་པའི་སྐད་ཤེས་པས་མགུལ་ནས་ཡི་གེ་བཀྲོལ་ཅིང་ཀློག་ཏུ་བཅུག་སྟེ། སྡིག་དོན་གྱིས་མིག་ཏུ་ཚེར་མ་བཙུགས་ནས་བྲོས་པ་སོགས་ཀྱི་ལོ་རྒྱུས་ཞིབ་ཏུ་སྤྲིང་ངོ་། །དེའི་ཚེ་རྒྱལ་པོ་ལི་ཤི་བར་དེ་ལ་བུ་མོ་འཇིག་རྟེན་ན་དཀོན་པ་ཞིག་ཡོད་པ་དེ་སྐྱེད་མོས་ཚལ་དེར་སོང་བ་དང་། དགེ་དོན་སྐྲ་འཛེངས་ཤིང་གདོང་མཆི་མས་གང་བ་དང་གོས་ངན་པ་གྱོན་ཏེ་ཤིང་དྲུང་ན་འདུག་པ་དེ་མཐོང་ནས། བུ་མོ་དེ་ལ་ཆགས་ཏེ་གར་ཡང་མ་སོང་བར་དེའི་དྲུང་ན་འདུག་ཅིང་གཏམ་བྱས་སོ། །དྲོ་ལ་བབ་སྟེ་རྒྱལ་པོས་བུ་མོ་བོས་པ་དང་། བདག་གི་ཁ་ཟས་འདིར་སྐྱོལ་ཅིག ཕར་མི་འོང་ཞེས་སྨྲས་ཏེ་ཟན་དེར་བསྐྱལ་བ་དང་། བུ་མོས་རྒྱལ་བུ་ལ་བདག་ཅག་གཉིས་ལྷན་ཅིག་ཏུ་ཟན་ཟའོ་ཞེས་བྱས་པ་དང་། རྒྱལ་བུས་བདག་ལོང་བ་སྤྲང་པོ་ལགས་པས་རྒྱལ་པོོའི་སྲས་མོ་དང་ལྷན་ཅིག་ཟས་ཟ་མི་རུང་ངོ་། །གལ་ཏེ་རྒྱལ་པོས་གསན་ནས་བདག་ལ་གྱོད་མཆིའོ་ཞེས་སྨྲས་ཀྱང་། བུ་མོས་ཁྱོད་བདག་དང་ལྷན་ཅིག་མི་ཟ་ན་བདག་ཀྱང་མི་ཟའོ། །ཞེས་ལན་དུ་མར་སྨྲས་པ། ལྷན་ཅིག་ཏུ་ཟོས་ཏེ། གཏམ་ལེགས་པར་བྱས་ནས་བུ་མོ་དེ་ལ་ཆགས་ཏེ་གཞན་དུ་འགྲོར་མ་བཏུབ་བོ། །དེ་ནས་ཉི་མ་ནུབ་ཏུ་ཉེ་བར་རྒྱལ་པོས་བུ་མོ་ཕྱིར་ཤོག་ཅེས་སྦྲན་པ་དང་། བུ་མོས་ཕྱིར་འདི་སྐད་ཅེས་གསོལ་ཏོ། །བདག་ནི་སྐྱེད་ཚལ་སྲུང་བ་འདིའི་ཆུང་མར་དགའ་བས་གཞན་དུ་ཡང་མི་འཚལ་ལོ། །ཡབ་རྒྱལ་པོ་བདག་གི་བསམ་པ་འདི་ལས་མི་བསྒྱུར་དུ་གསོལ་ཅེས་སྤྲིངས་པ་དང་། རྒྱལ་པོས་ཐོས་ནས་བུ་མོ་འདི་ནི་ངོ་མཚར་ཡ་མཚན་ཆེའོ། །བུ་མོ་འདི་རྒྱལ་པོ་རིན་ཆེན་གོ་ཆའི་བུའི་མནའ་མར་བསླངས་ཏེ། རྒྱལ་བུ་རྒྱ་མཚོ་ནས་མ་འཁོར་བར་སྤྲང་པོ་འདི་ལྟ་བུའི་ཆུང་མར་དགའ་བ་འདི་ནི་ངའི་རིགས་སུན་ཏེ། ངའི་མགོ་ཡང་འདེགས་སུ་མེད་པ་འདི་ངོ་མཚར་ཆེ་ཞེས་ཡང་ཡང་འབོད་དུ་བཏང་བ་ལས། བུ་མོ་ཚིག་སྔ་མ་ལས་མ་འགྱུར་འགྲོར་མ་བཏུབ་བོ། །དེ་ནས་རྒྱལ་པོ་བུ་མོ་ལ་བྱམས་པས་ངོ་མ་བཟློགས་པར་གཉིས་ཀ་བསུས་ཏེ་ནང་དུ་བསྡུས་ནས་ཁྱོ་ཤུག་ཏུ་བསྡུས་སོ། །དེ་ནས་དུས་གཞན་ཞིག་ན་བུ་མོ་དེ་ཉིན་པར་རྟག་ཏུ་སོང་ཞིང་ནུབ་མོ་ཕྱིར་འོངས་པས། རྒྱལ་བུ་དོགས་པ་སྐྱེས་ཏེ་ཆུང་མ་ལ་སྨྲས་པ། ཁྱོད་བདག་གི་ཆུང་མ་བྱ་ཞེས་ཁྱོ་ཤུག་ཏུ་འདུས་ན། ཉིན་པར་རྟག་ཏུ་འགྲོ་ཞིང་མཚན་མོ་འབའ་ཞིག་ཕྱིར་འོངས་པས་འདིར་མི་རྟོག་པ་ལ་བལྟས་ན། ཁྱོད་གཞན་དུ་སེམས་པ་ཡོད་པར་ངེས་སོ། །བུ་མོས་དམ་བཅས་པ་བདག་ནི་ཁྱོད་འབའ་ཞིག་སེམས་ཏེ། བསམ་པ་གཞན་སྤུ་ཙམ་ཡང་མེད་དོ། །བདེན་པར་སྨྲས་པ་འདིས་ཁྱོད་ཀྱི་མིག་ཡ་གཅིག་མཐོང་བར་གྱུར་ཅིག ཅེས་སྨྲས་མ་ཐག་ཏུ་མིག་ཡ་ག ཅིག་གིས་མཐོང་བར་གྱུར་ཏོ། །དེ་ནས་གཏམ་གླེང་བ་ན། རྒྱལ་བུ་ལ་ཁྱོད་ཀྱི་ཕ་མ་དང་ཡུལ་གང་ནས་ཡིན་དྲིས་པ་དང་། ཁྱོད་ཀྱིས་རྒྱལ་པོ་རིན་ཆེན་གོ་ཆ་ཞེས་པ་ཐོས་སམ་དེ་ནི་ངའི་ཕ་ཡིན་ཏེ། ཁྱོད་ཀྱིས་རྒྱལ་བུ་དགེ་དོན་བྱ་བ་ཐོས་སམ། དེ་ནི་བདག་ཡིན་ནོ། །ཞེས་སྨྲས་པ་དང་། འོ་ན་ཅིའི་ཕྱིར་འདི་ལྟར་གྱུར་དྲིས་པས། རྒྱལ་བུས་ལོ་རྒྱུས་ཞིབ་ཏུ་བཤད་པ་ན། ཆུང་མས་རྒྱལ་བུ་སྡིག་དོན་གྱིས་ཁྱེད་ཀྱི་མིག་ཕྱུང་བ་འདི་ནི་འཇིག་རྟེན་གང་ན་ཡང་མི་སྲིད་པ་ཡིན་ན། ཁྱོད་དང་དེ་ཕྲད་ན་ཇི་ལྟར་བྱ་སྙམ། རྒྱལ་བུས། སྡིག་དོན་གྱིས་ངའི་མིག་ཕྱུང་བ་ཉེས་མོད་ཀྱི། བདག་ནི་དེ་ལ་ཅུང་ཟད་ཀྱང་མི་དགའ་བའམ་འཁོན་དུ་འཛིན་པ་མེད་དོ། །ཆུང་མས་སྨྲས་པ། ཚིག་དེ་ལ་བདག་ཡིད་ཆེས་པར་ཤིན་ཏུ་དཀའ་འོ། །རྒྱལ་བུས། བདག་སྡིག་དོན་ལ་མི་དགའ་བ་སྤུའི་ཉག་མ་ཙམ་མེད་ན་བདེན་པའི་ཚིག་དེས་བདག་གི་མིག་ཡ་གཅིག་འདིས་ཀྱང་མཐོང་བར་གྱུར་ཅིག ཅེས་སྨྲས་མ་ཐག་ཏུ་མིག་ཡ་གཅིག་གིས་ཀྱང་གསལ་བར་མཐོང་བར་གྱུར་ཏོ། །དེར་བུ་མོ་ཤིན་ཏུ་དགའ་ནས། རང་གི་ཡབ་རྒྱལ་པོ་ལ། རྒྱལ་པོ་རིན་ཆེན་གོ་ཆའི་སྲས་དགེ་དོན་མཁྱེན་ནམ། རྒྱལ་པོས་ཤེས་སོ། །འོ་ན་རྒྱལ་པོ་གཟིགས་པར་བཞེད་དམ་བཞེད་ན་ད་ལྟར་བདག་གི་ཁྱིམ་ཐབ་བགྱི་བ་འདི་ལགས་སོ་སྨྲས་པས། རྒྱལ་པོ་བགད་དེ། བུ་མོ་འདི་མྱོས་སམ་ཅི་ཉེས། རྒྱལ་བུ་དེ་ནི་རྒྱ་མཚོ་ནས་ཕྱིར་མ་འཁོར་ན། སྤྲང་པོ་ལ་རྒྱལ་བུ་དགེ་དོན་ཡིན་ཞེས་སྨྲ། བུ་མོས་ཐུགས་མི་ཆེས་ན་གཟིགས་འཚལ། དེར་རྒྱལ་པོ་བལྟར་ཕྱིན་པ་དང་རྒྱལ་བུ་དངོས་སུ་འདུག་པས། ལྟོ་བ་ས་ལ་ཕབ་ནས་བདག་གི་ངོ་མ་ཤེས་པས་ནོངས་ཀྱིས་འགྱོད་དོ་ཞེས་སྨྲས་ནས། རྒྱལ་པོ་དེས་གསང་ནས་རྒྱལ་བུ་དགེ་དོན་ལམ་སྲང་ཞིག་ཏུ་བསྐྱལ་ཏེ། དགེ་དོན་རྒྱ་མཚོ་ནས་གདོད་འཁོར་བ་སྐད་བསྒྲགས་ཏེ། བློན་པོ་རྣམས་དང་བཅས་པས་དགེ་དོན་བསུས་ནས་ཕོ་བྲང་དུ་འོང་བ་དང་། གདོད་བུ་མོ་ཡང་ཆུང་མར་བྱིན་པ་སྐད་དུ་བསྒྲགས་སོ། །དེའི་ཚེ་བྱ་ངང་པ་ཡང་ཕྱིར་ཡུལ་དུ་ཕྱིན་ཏེ་ཡི་གེ་བཀླགས་པས་དགེ་དོན་ཡོད་པར་ཤེས་ནས་སྡིག་དོན་བཙོན་དུ་བཟུང་། རྒྱལ་པོ་ལི་ཤི་བར་གྱི་སྟེང་དུ་ཕོ་ཉ་བཏང་ནས། ངའི་བུ་དགེ་དོན་ཁྱོད་ཀྱི་ཡུལ་དུ་འོངས་ནས་ཉོན་མོངས་པར་ཐོས་ཀྱི་སྔར་མ་སྦྲན་པ་ཡང་ཉེས་སོ། །དེ་ཡང་གླང་ཆེན་དང་རྟ་ཡི་ཚོགས་མང་པོས་སྐྱོལ་ཅིག མ་བསྐྱལ་ན་ང་ཉིད་ཀྱང་འོང་ངོ་ཞེས་སྤྲིངས་སོ། །དེའི་ཚེ་དགེ་དོན་གྱིས་ཕྱུག་རྫིའི་དྲིན་དྲན་ནས་རྒྱལ་པོ་ལི་ཤི་བར་ལ་གསོལ་ཏེ། རྟ་དང་གླང་པོ་ཆེ་གོས་དང་ཁང་ཁྱིམ། ཞིང་དང་འབྲོག་དང་རིན་པོ་ཆེ་དང་བྲན་དང་ལས་བྱེད་སོགས་བྱ་དགའ་མང་དུ་བྱིན་ནས་ཚེ་གཅིག་ལ་བདེ་ཞིང་སྐྱིད་པར་བྱས་སོ། །དེ་ནས་རྒྱལ་པོ་རིན་པོ་ཆེ་གོ་ཆའི་ཕོ་ཉ་ཡང་དེར་ཕྱིན་ཅིང་། རྒྱལ་པོ་ལི་ཤི་བར་གྱིས་གླང་པོ་ཆེ་ལྔ་བརྒྱ་རིན་པོ་ཆེས་བརྒྱན་ཏེ་གཡོག་ལྔ་བརྒྱ་དང་། བུ་མོའི་གཡོག་གཞོན་ནུ་མ་ལྔ་བརྒྱ་དང་། ཤིང་རྟ་ལྔ་བརྒྱ་སྙེད་ཀྱང་བརྫངས། རྒྱལ་པོ་ཉིད་བློན་པོ་དང་བཅས་ཏེ་འཁོར་བརྒྱ་སྟོང་དུ་མས་རོལ་མོ་སྣ་ཚོགས་བྱས་ཏེ་བུ་མོ་བསྐྱལ་ལོ། །ཕོ་ཉ་སྔར་ཕྱིན་ནས་རྒྱལ་པོ་རིན་པོ་ཆེ་གོ་ཆའི་བཙུན་མོའི་འཁོར་དང་བཅས་ཏེ་རྒྱལ་བུ་བསུའོ། །དེར་རྒྱལ་བུ་ས་ལ་བབ་ནས་ཕ་མ་ལ་ཕྱག་བྱས་ཤིང་བསྙུན་གསོལ་ནས། རྒྱལ་བུས་སྡིག་དོན་ག་རེ་ཞེས་སྨྲས་པས། ད་ལྟར་བཙོན་དུ་བཟུང་ངོ་སྨྲས་པ་དང་། རྒྱལ་བུ་དེ་ཐོངས་ཤིག་གལ་ཏེ་མ་བཏང་ན་བདག་ཕོ་བྲང་དུ་མི་མཆིའོ། །ཞེས་གསོལ་པས། སྡིག་དོན་ཡང་བཏང་སྟེ་དེས་ཀྱང་བསུས་ཏེ་སྤུན་གཉིས་གཅིག་ལ་གཅིག་འཇུས་ཏེ་ནུ་བོ་ལ་སྔར་བས་ཀྱང་ལྷག་པར་བྱམས་པར་གྱུར་པས་ཐམས་ཅད་ངོ་མཚར་དུ་གྱུར་ཏོ། །དེ་ནས་ཕོ་བྲང་གི་ནང་དུ་འོངས་ནས་རིན་པོ་ཆེ་ག་རེ་ཞེས་དྲིས་པས། སྡིག་དོན་གྱིས་ལམ་དུ་ས་བསྐོས་ཏེ་སྦས་སོ། །དེར་ལེན་དུ་བཏང་བས་མ་རྙེད་པ་ལ། དགེ་དོན་དང་འགྲོགས་ནས་གནས་དེར་ཕྱིན་མ་ཐག་ཏུ་དགེ་དོན་གྱི་མཐོང་ནས་རྙེད་དོ། །དེ་ནས་ཕོ་བྲང་དུ་འོངས་ནས་རྒྱལ་ཕྲན་ལྔ་བརྒྱ་ཀུན་ལ་ནོར་བུ་རེ་རེ་བྱིན་ཞིང་། གཅིག་པུ་ཞིག་བཞག་པ་ལག་ཏུ་ཐོགས་ཏེ་སྨོན་ལམ་བཏབ་པ་བཞིན། ཕ་མ་གཉིས་འདུག་སའི་རིན་པོ་ཆེའི་ཁྲི་དང་གདུགས་ཀྱང་བྱུང་ཞིང་། བང་མཛོད་སྟོང་པ་རྣམས་ཀྱང་སྔར་བཞིན་དུ་གང་བར་གྱུར་ཏོ། །དེ་ནས་ཕྱོགས་ཐམས་ཅད་དྲིལ་བསྒྲགས་ཏེ་ད་སྟེ་ཞག་བདུན་ན་རྒྱལ་བུ་དགེ་དོན་གྱིས་རིན་པོ་ཆེ་སྣ་བདུན་གྱི་ཆར་འབེབས་ཀྱིས་ཐམས་ཅད་འདུས་ཤིག་ཅེས་བསྒོ་ནས། ནོར་བུ་རྒྱལ་མཚན་གྱི་རྩེར་བཏགས་ཏེ། ཕྱོགས་བཞིར་ཕྱག་འཚལ་ཞིང་ལག་པར་སྤོས་ཕོར་ཐོགས་ཏེ་ནོར་བུ་འདི་ཡིད་བཞིན་རིན་པོ་ཆེ་ཡང་དག་ཡིན་ན། ཐམས་ཅད་ཅི་འདོད་པའི་ཆར་ཡིད་བཞིན་དུ་ཕོབ་ཅིག ཅེས་སྨྲས་མ་ཐག་ཏུ་རླུང་ལངས་པས་མི་གཙང་བ་ཕྱགས་ཏེ་ཆར་ཟིམ་བུས་རྡུལ་མི་ལྡང་བར་བྱས་ནས། ཟས་གོས་དང་རིན་པོ་ཆེའི་ཆར་ཕབ་པས་ཡུལ་ཐམས་ཅད་གང་སྟེ་ཐམས་ཅད་ཚིམས་པར་བྱས་སོ། །རྒྱལ་བུས་མི་རྣམས་ལ་སྨྲས་པ། ད་ནི་ཕོངས་པའི་སེམས་མེད་པར་ཐམས་ཅད་ཀྱིས་སྒོ་གསུམ་དགེ་བ་བཅུའི་ལས་ལ་བརྩོན་པར་གྱིས་ཤིག་ཅེས་བསྐུལ་བ་བཞིན་ཐམས་ཅད་ཀྱིས་ནན་ཏན་དུ་བསྒྲུབས་པས་ཚེ་འཕོས་པའི་དུས་སུ་མཐོ་རིས་ཀྱི་ལྷར་སྐྱེས་སོ། །དེའི་དུས་ཀྱི་ཕ་མ་གཉིས་ནི་ད་ལྟའི་རྒྱལ་པོ་ཟས་གཙང་མ་དང་ཡུམ་ལྷ་མཛེས་མ་རྒྱལ་བུ་དགེ་དོན་ནི་ང་ཉིད་ཡིན་ལ་རྒྱལ་པོ་ལི་ཤི་བར་ནི་འོད་སྲུང་དང་། དེའི་ཚེ་རྒྱལ་བུའི་ཆུང་མར་གྱུར་པ་དེ་ནི་སྐྱེ་དགུའི་བདག་མོ་དང་། སྡིག་དོན་ནི་ལྷས་བྱིན་ཡིན་ཏེ། འཛམ་བུའི་གླིང་གི་མི་ལ་ངའི་དྲིན་གྱིས་ཁྱབ་པ་ནི་ང་ཐོག་མར་སངས་རྒྱས་པ་ན། ལྷའི་སྲས་པོ་བརྒྱད་ཁྲི་འོང་བ་དང་། ངའི་ཉེ་གནས་ལུང་བསྟན་པ་རྣམས་ཡིན་ནོ། །དེའི་ཚེ་དེའི་དུས་ན་དེ་ལྟར་ང་ལ་གནོད་པ་ཆེན་པོ་བྱས་ཀྱང་སྙིང་བརྩེ་བའི་སེམས་བསྐྱེད་ན། ད་མངོན་པར་སངས་རྒྱས་ནས་ཉོན་མོངས་པའི་སྒྲིབ་པ་ནི་ཟད། ཐུགས་རྗེ་ཆེན་པོས་རྒྱས་པར་ཁྱབ་པས་ན་གནོད་པ་ཅུང་ཟད་བྱས་པ་ལ་ཐུགས་བརྩེ་བ་ལྟ་ཅི་སྨོས་གསུངས། འདིས་ནི་བྱང་ཆུབ་སེམས་དཔའ་བཟོད་པའི་སྟོབས་སོགས་དང་དགེ་བཅུར་སྤྱོད་པའི་འབྲས་བུའང་བསྟན་པ་ཡིན་ནོ། །

སྦྱིན་པའི་ཕན་ཡོན་དང་ངག་གི་ཉེས་པར་སྤྱོད་པའི་འབྲས་བུ་སོགས་ཀྱང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་ཚེ། ཡུལ་དེའི་སྤྲང་པོ་ལྔ་བརྒྱ་ཞིག་རྟག་ཏུ་སངས་རྒྱས་དང་དགེ་འདུན་ལ་བརྟེན་ནས་འཚོ་བ་ལས། ཕྱིས་དེ་དག་སངས་རྒྱས་ཀྱི་བསྟན་པ་ལ་དད་ནས་རབ་ཏུ་བྱུང་བར་འདོད་ནས་བཅོམ་ལྡན་འདས་ལ་གསོལ་བ་དང་། ངས་བསྟན་པའི་ཆོས་ནི་རྣམ་པར་དག་པ་སྟེ། བཙན་ཞན་དང་ཕྱུག་དབུལ་མེད་དེ། ཆུ་དང་འདྲ་སྟེ་བཟང་ངན་ཀུན་འཁྲུད་ཅིང་། མེ་དང་འདྲ་སྟེ་ཆེ་ཆུང་ཀུན་འཚིག་པར་བྱེད་ལ། ནམ་མཁའ་དང་འདྲ་སྟེ་གང་ཡང་མི་ཆུད་པ་མེད་པས་ཡིད་བཞིན་དུ་གནང་ངོ་ཞེས་གསུངས་ཏེ། ཚུར་ཤོག་གིས་རབ་ཏུ་བྱུང་ཞིང་ཆོས་བསྟན་པས་ཐམས་ཅད་ཀྱིས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེར་ཡུལ་གྱི་སྐྱེ་བོ་རྣམས་ཀྱི་རིགས་ངན་སྤྲང་པོའང་རབ་ཏུ་བྱུང་ངོ་ཞེས་བརྙས་ཤིང་དཔྱས་པར་གྱུར་ཏེ་དེ་དག་བདག་གི་སྟན་ལ་བཞག་ཅིང་སྣོད་ལ་འབག་པར་ཇི་ལྟར་བྱ་ཞེས་སྨྲས་སོ། །དེའི་ཚེ་རྒྱལ་བུ་རྒྱལ་བྱེད་ཀྱིས་སངས་རྒྱས་འཁོར་དང་བཅས་པ་བཤོས་ལ་སྤྱན་དྲངས་པ་ན། སངས་རྒྱས་དང་དགེ་འདུན་སྤྱན་འདྲེན་གྱིས་མུ་ལྟོ་བ་གསར་དུ་ཞུགས་པ་རྣམས་ནི་མ་ལགས་སོ་ཞེས་གསོལ་བས། ཕྱི་ཉིན་གདུགས་ཚོད་ལ་བབ་པ་ན། དགེ་སློང་གསར་ཞུགས་དེ་རྣམས་ལ། ཁྱེད་ནི་ཡོན་བདག་གིས་མ་བོས་ཀྱིས་བྱང་སྒྲ་མི་སྙན་དུ་སོང་ལ་ས་བོན་མ་བཏབ་མ་རྨོས་པར་སྐྱེས་པའི་འབྲས་ལོངས་ལ་ཡོན་བདག་གི་ཁྱིམ་དུ་ཟར་ཤོག་ཅིག་ཅེས་བཀའ་སྩལ་ནས་གཤེགས་སོ། །དགེ་སློང་དེ་དག་ཀྱང་དགྲ་བཅོམ་པའི་རྫུ་འཕྲུལ་གྱིས་བྱང་གི་སྒྲ་མི་སྙན་དུ་སོང་ནས། འབྲས་ཀྱི་ལྷུང་བཟེད་བཀང་སྟེ། སྤྱོད་ལམ་མཛེས་པར་སྟེང་གི་ནམ་མཁའ་ལ་ངང་པའི་རྒྱལ་པོ་ལྟར་རྒྱལ་བུ་རྒྱལ་བྱེད་ཀྱི་ཁྱིམ་དུ་ལྷགས་ནས། རིམ་བཞིན་དུ་འཁོད་དེ་འབྲས་ལ་ཟའོ། །དེ་རྒྱལ་བུ་རྒྱལ་བྱེད་ཀྱིས་མཐོང་བས། ལྷག་པར་དགའ་ཞིང་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ལ་འདི་ལྟ་བུའི་འཕགས་པ་གཟི་བརྗིད་དང་ཡོན་ཏན་དང་ལྡན་པ་སྤྱོད་ལམ་མཛེས་པར་ལྷགས་པ་ཕྱོགས་གང་ནས་མཆི་ཞེས་གསོལ་པ་དང་། བཀའ་སྩལ་པ། འདི་དག་ནི་རྒྱལ་བུས་མ་བོས་བའི་དགེ་སློང་རྣམས་ཏེ། བྱང་གི་སྒྲ་མི་སྙན་དུ་ཕྱིན་ཏེ་འབྲས་བླངས་ནས་ཟ་བ་ཡིན་ནོ་གསུངས་པས། རྒྱལ་བུ་རྒྱལ་བྱེད་ཤིན་ཏུ་ངོ་ཚ་ཞིང་འགྱོད་དེ་བཟོད་གསོལ་ཕུལ་ཞིང་། བཅོམ་ལྡན་འདས་ཀྱི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་སྟེ། རིགས་ངན་གྱི་སྤྲང་པོ་འདི་ལྟ་བུ་ཡང་ཚེ་འདིའི་བདེ་བ་ཐོབ་ཅིང་ཡུན་གྱི་དོན་ཆེན་པོའང་རྙེད་པར་གྱུར་ཏོ་སྙམ་དུ་སྤྲོ་བ་སྐྱེས་ནས་དེ་དག་གི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་བསྐལ་པ་གྲངས་མེད་པའི་ཕ་རོལ་དུ། འཛམ་བུ་གླིང་འདིར་གྲོང་ཁྱེར་ཝཱ་རཱ་ཎ་སཱི་ཞེས་བྱ་བ་ན་རི་དྲང་སྲོང་ལྷགས་ཞེས་པར་དྲང་སྲོང་ཉིས་སྟོང་ཞིག་གནས་ཏེ། དེའི་ཚེ་ལོ་བཅུ་གཉིས་སུ་ཆར་མི་འབེབས་པའི་ལྟས་མཐོང་བས། ཡུལ་དེ་ན་ཁྱིམ་བདག་སྡུམ་བྱེད་ཅེས་བྱ་བ་ཕྱུག་ཅིང་ལོངས་སྤྱོད་དང་ལྡན་པ་ཞིག་ཡོད་པ་དེའི་དྲུང་དུ་དྲང་སྲོང་ཉིས་སྟོང་པོ་སྔ་རྗེས་སུ་ལྷགས་ཏེ་བདག་ཅག་ལ་ལོ་བཅུ་གཉིས་ཀྱི་བར་དུ་ཟས་དང་སྐོམ་ཡོད་དམ་དྲིས་པས་ཁྱིམ་བདག་གིས་ཀྱང་བང་མཛོད་སྲུང་བ་ལ་དྲིས་ནས་ཡོད་པར་ཁས་བླངས་ཏེ། དྲང་སྲོང་ཉིས་སྟོང་པོ་ལ་འཚོ་བ་སྦྱར་བའི་ལས་མི་ལྔ་བརྒྱ་བསྐོས་ནས་བསོད་སྙོམས་སྦྱོར་དུ་བཅུག་གོ །དེའི་ཚེ་ལས་མི་དག་བསོད་སྙོམས་ཀྱི་གཡོས་བྱེད་པ་ལ་ཡུན་རིང་བར་གྱུར་ཏེ་སྐྱོ་ནས། བདག་ཅག་འདི་ལྟར་རྟག་ཏུ་ཉོན་མོངས་པར་གྱུར་པ་ནི་སྤྲང་པོ་འདི་དག་གི་ཕྱིར་རོ་ཞེས་སྨྲས་སོ། །དེའི་ཚེ་རྟག་ཏུ་གདུགས་ཚོད་ལ་བབ་པ་ན་སྤྱན་འདྲེན་པའི་ལས་མི་གཅིག་བསྐོས་ཡོད་པ་དེ་ལ་ཁྱི་ཞིག་ཀྱང་ཡོད་དེ། ཁྱི་དེ་རྟག་ཏུ་སྤྱན་འདྲེན་གྱི་ཕྱི་བཞིན་དུ་སོང་བ་ལས། ཉིན་གཅིག་མི་དེས་སྤྱན་འདྲེན་བརྗེད་པ་དང་། ཁྱི་དེ་གདུགས་ཚོད་ཀྱི་དུས་སུ་དྲང་སྲོང་དེ་དག་གི་དྲུང་དུ་སོང་ནས་སྐད་ཆེན་པོས་ཟུག་པ་དང་། དྲང་སྲོང་དེ་དག་གིས་ཀྱང་གདུགས་ཚོད་ལ་བབ་པར་ཤེས་ཏེ་བསོད་སྙོམས་ལ་གཤེགས་སོ། །ཕྱི་ཞིག་ན་དྲང་སྲོང་དེ་དག་གིས། ཁྱིམ་བདག་ལ། ད་ནི་ཆར་འོང་གིས་ཞིང་ལས་བྱེད་དུ་ཆུག་ཅིག་ཅེས་བསྒོ་བ་དང་། དེས་ཀྱང་ཞིང་ལས་བྱེད་བཅུག་སྟེ་ནས་དང་གྲོ་ལ་སོགས་བའི་འབྲུ་མང་པོ་ས་བོན་དུ་བཏབ་པ་ལས། རིང་པོར་མ་ལོན་པར་ཐམས་ཅད་ལ་ཀུ་བ་ཆེན་པོ་རེ་སྐྱེས་ཏེ། དེ་ཉིད་བཀས་པ་ན། ནང་དུ་ཅི་དང་ཅི་བཏབ་པའི་འབྲས་བུས་གང་བར་གྱུར་ནས་ཁྱིམ་བདག་གི་བང་བ་ཀུན་གང་བར་གྱུར་ཏེ་ཀུན་ངོ་མཚར་དུ་གྱུར་པ་ན། ལས་བྱེད་ཀྱི་མི་ལྔ་བརྒྱ་པོ་ཡང་འགྱོད་པ་སྐྱེས་ནས་སྔར་ཚིག་ངན་སྨྲས་པ་ལ་འགྱོད་ཚངས་བྱས་ཏེ་སོ་སོ་ནས་བདག་ཀྱང་མ་འོངས་པའི་དུས་ན་འཕགས་པ་དང་ཕྲད་ནས། རྣམ་པར་གྲོལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །སྤྲང་པོ་ལྔ་བརྒྱ་པོ་འདིས་ཚིག་ངན་སྨྲས་པས་སྐྱེ་བ་ལྔ་བརྒྱའི་བར་དུ་རྟག་ཏུ་སྤྲང་པོར་གྱུར་ཏེ་འགྱོད་ཚངས་བྱས་ཏེ་སྨོན་ལམ་བཏབ་པས་ད་ལྟ་ང་དང་ཕྲད་དེ་འཁོར་བའི་མཐར་ཕྱིན་ཏོ། །དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་ཕྱུག་པོ་སྡུམ་བྱེད་དེ་ནི་ང་ཡིན་ལ། བང་མཛོད་སྲུང་བ་དེ་ནི་རྒྱལ་བུ་རྒྱལ་བྱེད་དང་། ཉིན་རེ་བཞིན་སྤྱན་འདྲེན་པའི་མི་དེ་ནི་རྒྱལ་པོ་ཨུ་དྲ་ཡ་ན་དང་ཁྱི་དེ་ནི་ཁྱིམ་བདག་སྐད་སྙན་ཡིན་ཏེ་དེའི་དབང་གིས་སྐྱེ་བ་ཐམས་ཅད་དུ་སྐད་སྙན་པར་གྱུར་ཏོ། །དེའི་ཚེ་ན་ལས་བྱེད་པའི་མི་ལྔ་བརྒྱ་པོ་ནི་དགྲ་བཅོམ་པ་ལྔ་བརྒྱ་པོ་འདི་དག་ཡིན་ནོ་གསུངས། འདིས་ནི་སྦྱིན་པའི་ཕན་ཡོན་དང་ངག་གི་ཉེས་པར་སྤྱོད་པའི་འབྲས་བུ་སོགས་ཀྱང་བསྟན་པ་ཡིན་ནོ། །

བྱང་ཆུབ་སེམས་དཔའ་དཀའ་སྤྱད་དང་བསོད་ནམས་ཀྱི་སྟོབས་རྣམས་དང་ལེགས་པར་བསླབ་པ་ལ་མི་ཉན་པའི་ཉེས་དམིགས་ཀྱང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། གྲོང་ཁྱེར་གྱི་མི་རྣམས་ཆོས་ཉན་དུ་ཆས་པ་དང་། གྲོང་དེ་ན་བྲམ་ཟེ་ལོང་བ་གཅིག་ལམ་ཀ་ན་འདུག་པ་ལས་མི་མང་པོ་སོང་བ་ལས་ཁྱེད་རྣམས་མྱུར་བར་གར་འདོང་ཞེས་དྲིས་པས། མི་རྣམས་ཀྱིས་ཁྱོད་ཀྱིས་མ་ཐོས་སམ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱོན་ཏེ། ད་ལྟར་ཡུལ་འདི་ན་བཞུགས་ཤིང་ཆོས་སྟོན་པས་བདག་ཅག་ཆོས་ཉན་དུ་འགྲོའོ་ཟེར། བྲམ་ཟེ་དེ་ནི་སྐད་བརྒྱད་ལ་ཤིན་ཏུ་མཁས་པ་ཞིག་སྟེ། སྐད་དུ་ཕྱུང་བ་ཙམ་གྱིས་དབང་ཐང་དང་ཚེ་རིང་ཐུང་སོགས་ཤེས་པར་ནུས་ཏེ། སྐད་བརྒྱད་ནི། བྱ་བང་གི་སྐད་དང་། ཁྭ་ལྟ་བུའི་སྐད་དང་། སྐད་འཛེར་འཛེར་པོ་དང་། གླང་པོ་ཆེའི་སྐད་དང་། རྔའི་སྐད་དང་། འབྲུག་གི་སྐད་དང་། དྲིལ་གྱི་སྐད་དང་། ཚངས་པའི་སྐད་དང་བརྒྱད་དོ། །དེའི་ཚེ་བྲམ་ཟེ་དེས་མི་རྣམས་ལ་བདག་ནི་སྐད་ལ་ཤིན་ཏུ་མཁས་ཏེ་ཡང་དག་པར་སངས་རྒྱས་ཡིན་ན་ཚངས་པའི་སྐད་དང་ལྡན་པར་རིགས་ཀྱི། ཁོ་བོ་ཡང་ཁྲིད་ལ་འགྲོགས་ཏེ་འདོང་ངོ་། །དེ་དག་གིས་ཀྱང་ཁྲིད་དེ་སོང་བ་ལས། ཕྱོགས་དེར་ཉེ་བར་གྱུར་ཏེ། སངས་རྒྱས་ཀྱི་གསུང་དབྱངས་དེ་ཐོས་ནས་ལོང་བ་དགའ་མགུ་རངས་ནས་དད་པ་སྐྱེས་ཏེ། མིག་གཉིས་ཀྱང་རང་བྱེར་གྱུར་ནས་སངས་རྒྱས་ཀྱི་མཚན་དཔེའི་སྐུ་མངོན་སུམ་དུ་མཐོང་ཞིང་། དེར་ཆོས་བསྟན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས་རབ་ཏུ་བྱུང་བར་གསོལ་པ་དང་། སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་རིམ་གྱིས་དགྲ་བཅོམ་པར་གྱུར་ཏོ། །དེར་ཐམས་ཅད་ངོ་མཚར་དུ་གྱུར་ནས་ཀུན་དགའ་བོས་དེའི་དོན་གསོལ་པ་ན། བཀའ་སྩལ་པ། བྲམ་ཟེ་ལོང་བ་འདི་ལ་དུས་འདི་འབའ་ཞིག་ཏུ་མིག་བྱིན་པར་མ་ཟད། འདས་པའི་དུས་ན་ཡང་མིག་བྱིན་ཏེ། སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཕ་རོལ་ན། འཛམ་བུ་གླིང་འདིར་ཡུལ་སུ་ཀ་ལ་ད་ཞེས་བྱ་བ་ན། རྒྱལ་པོ་མིག་འབྱེད་ཅེས་བྱ་བ་ཞིག་ཡོད་དེ། དེས་བྲག་དང་རྩིག་པ་ལ་ཡང་ཐོགས་པ་མེད་པར་དཔག་ཚད་བཞི་བཅུ་ཚུན་ཆད་མཐོང་བས་མཚན་དེ་སྐད་དུ་བཏགས་ཏེ། འཛམ་བུ་གླིང་གི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ཀུན་ལ་དབང་བྱེད་དོ། །རྒྱལ་པོ་དེ་ལ་བཙུན་མོ་དང་ཕོ་བྲང་གི་སླས་ཉི་ཁྲི་ཡོད་དེ། རྒྱལ་བུ་ལྔ་བརྒྱ་ཡོད་དོ། །རྒྱལ་ཚབ་ནི་ཚུལ་ཁྲིམས་བཟང་པོ་ཞེས་བྱ་སྟེ། རྒྱལ་པོ་དེ་ཚུལ་བཞིན་དུ་རྒྱལ་པོ་བྱེད་པས། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་སེམས་ཏེ། དེའི་མཐུས་དུས་སུ་ཆར་བབས་ཤིང་ལོ་ལེགས་ཏེ་ཡུལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་དོ། །དེར་རྒྱལ་པོ་དེས་འདི་སྙམ་དུ། བདག་ཚེ་སྔོན་མའི་བསོད་ནམས་ཀྱི་མིའི་རྒྱལ་པོར་གྱུར་ཏེ། ནོར་བུ་རིན་པོ་ཆེ་དང་ལོངས་སྤྱོད་ཆེན་པོ་དང་ལྡན་ཞིང་ཐམས་ཅད་ཀྱི་ངག་ཉན་མོད། ཚེ་འདི་ལ་ཕྱི་མའི་འབྲས་བུ་མ་བསྐྱེད་ན་སྡུག་བསྔལ་བར་འགྱུར་བས་བསོད་ནམས་བསགས་པར་རིགས་སོ་སྙམ་ནས་དཀོར་མཛོད་ཐམས་ཅད་སྦྱིན་པར་བཏང་ཞིང་། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལའང་དེ་བཞིན་དུ་བསྒོའོ། །དེའི་ཚེ་མཐའ་འཁོབ་ཀྱི་རྒྱལ་ཕྲན་ས་ལ་ད་བར་ནེ་ཞེས་བྱ་བ་ཞིག་རྒྱལ་པོ་དེའི་བཀའ་མི་ཉན་ཞིང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དོ། །རྒྱལ་ཕྲན་དེ་ལ་བློན་པོ་མཁས་པ་བློ་གྲོས་དང་ལྡན་པ་ལོ་ད་ར་བྱ་བ་ཞིག་ཡོད་དེ། དེས་རྒྱལ་པོའི་བཀའ་ནི་གཅོག་ཏུ་མི་རུང་ངོ་ཞེས་གྲོས་བྱས་ཀྱང་མི་ཉན་པར་བློན་པོ་དེ་ལ་ཕྱིར་ཞིང་ཁྲོའོ། །དེ་ནས་བློན་པོ་དེས་འདི་ཉིད་མེད་པར་བྱའོ་སྙམ་ནས་གྲོས་བྱས་པ་ལས་གསང་ཤོར་ནས་རྒྱལ་པོའི་དམག་གིས་བློན་པོ་དེ་ཉིད་འཛིན་དུ་བྱུང་བ་ན་བློན་པོ་དེ་རྟ་མགྱོགས་པ་ལ་ཞོན་ནས་བྲོས་ཏེ་དཔུང་གིས་རྗེས་སྙེགས་པ་ན་བློན་པོ་དེ་འཕོང་སྐྱེན་པ་ཞིག་པས་མི་བཅོ་ལྔ་མདའ་འཕངས་ཏེ་བསད་ནས། རྒྱལ་པོ་མིག་འབྱེད་ཀྱི་དྲུང་དུ་ཕྱིན་ཏེ་ཕྱག་འཚལ་ནས་གཏམ་བྱས་པས་རྒྱལ་པོ་ཡང་དགའ་ནས་བློན་པོར་བ ཅུག་གོ ། དེ་ནས་བློན་པོ་དེས་དཔུང་གི་ཚོགས་བསྡུས་ཏེ། རྒྱལ་ཕྲན་དེ་དབབ་པར་གསོལ་བ་དང་། རྒྱལ་པོས་ཀྱང་གནང་སྟེ་དེ་ཉིད་ཀྱིས་དཔུང་གིས་ཚོགས་བསྡུས་པ་ན། གཏམ་དེ་རྒྱལ་ཕྲན་དེས་ཐོས་ནས་སེམས་ཤིན་ཏུ་མི་དགའ་བར་གྱུར་པ་ལ། ཡུལ་དེ་ན་ཡོད་པའི་བྲམ་ཟེ་མ་རུངས་པ་ཞིག་ཡོད་པ་དེས་གྲོས་བྱས་ནས་རྒྱལ་པོ་མིག་འབྱེད་དེ་ཕ་མ་མ་གཏོགས་པ་གཞན་ཅི་ལ་ཡང་མི་ཆགས་ཏེ་སྦྱིན་པ་བྱེད་དོ་ཞེས་ཐོས་ནས། དེའི་མིག་སློང་སྟེ་བྱིན་ན་དམག་ཀྱང་མི་འདྲེན་པར་འགྱུར་རོ་སྨྲས་ནས། ཡུལ་དེ་ན་བྲམ་ཟེ་ལོང་བ་ཞིག་ཡོད་པ་དེ་རྒྱལ་པོའི་སྤྱན་སློང་དུ་བཏང་ངོ་། །དེའི་ཚེ་མིག་འབྱེད་ཀྱི་ཡུལ་དུ་ལྟས་ངན་པ་སྣ་ཚོགས་བྱུང་ཞིང་། བྲམ་ཟེ་ཡང་མཐར་གྱིས་ཡུལ་དེར་ཕྱིན་ནས་རྒྱལ་པོ་ལ་སྤྱན་སྩོལ་བར་གསོལ་བ་བཏབ་པས། རྒྱལ་པོ་རབ་ཏུ་དགའ་ནས་ཞག་བདུན་ནས་སྦྱིན་པར་ཁས་བླངས་ཏེ། དེའི་བར་ལ་དྲིལ་བསྒྲགས་ནས་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ལ་སྦྲན་ནོ། །དེར་ཐམས་ཅད་འདུས་ནས་བློན་པོ་དང་། བཙུན་མོ་དང་། ཕོ་བྲང་གི་སླས་དང་། རྒྱལ་བུ་ལྔ་བརྒྱ་སྙེད་བཅས་ཀྱིས་སྤྱན་མི་སྦྱིན་པར་གསོལ་བ་བཏབ་ཅིང་། རྒྱལ་ཚབ་ཚུལ་ཁྲིམས་བཟང་པོས་ཀྱང་། རྒྱལ་པོའི་སྤྱན་གྱི་ཚབ་ཏུ་བདག་གི་མིག་སྦྱིན་པར་གསོལ་བ་ན། རྒྱལ་པོས་རྒྱལ་ཕྲན་ལ་སོགས་པའི་འཁོར་གྱི་ཚོགས་དེ་དག་ལ། ཁམས་གསུམ་གྱི་རྒྱུད་དྲུག་ཏུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས་རྡུལ་ཕྲ་མོ་སྙེད་ཀྱི་ལུས་དང་མིག་ཆུད་ཟོས་ན་ལན་འགའ་ཡང་སྦྱིན་པར་མ་བྱས། སངས་རྒྱས་ཀྱི་བྱང་ཆུབ་བཙལ་མ་མྱོང་བར་དེ་དག་རུལ་ཞིང་འཇིག་པར་གྱུར་པས། ད་རེས་ཤ་ཡི་མིག་འདི་བྱིན་ལ་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྤྱན་ཐོབ་པར་བྱའོ། །ནམ་ངའི་སྨོན་ལམ་འདི་གྲུབ་ན་ཁྱོད་ལ་ཡང་རྣམ་པར་དག་པའི་ཆོས་ཀྱི་མིག་སྦྱིན་པར་བྱའོ། །ཁྱེད་ངའི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་བར་དུ་མ་གཅོད་ཅིག་ཅེས་བསྒོས་ནས་མི་ཞིག་བཙལ་ཏེ། དེའི་ལག་ཏུ་གྲི་བྱིན་ཏེ། ངའི་མིག་ཕྱུངས་ཤིག་ཅེས་བསྒོ་ནས། དེས་ཀྱང་ཕྱུང་སྟེ་རྒྱལ་པོའི་ལག་ཏུ་བཞག་པ་དང་། མིག་དེ་ཉིད་ཐོགས་ཏེ། བདག་གི་མིག་སྦྱིན་པ་བྱིན་པ་འདིས་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག་ཅིག གལ་ཏེ་མངོན་པར་རྫོགས་པར་འཚང་རྒྱ་ན་བྲམ་ཟེ་ལོང་བས་ངའི་མིག་ཐོབ་མ་ཐག་ཏུ་མཐོང་བར་གྱུར་ཅིག ཅེས་སྨོན་ལམ་བཏབ་སྟེ་བྲམ་ཟེའི་མིག་ཏུ་བཅུག་པས་དེའི་མོད་ལ་མཐོང་བར་གྱུར་ནས། བྲམ་ཟེས། རྒྱལ་པོའི་སྤྱན་འདིར་མཐོང་བར་གྱུར་ཏེ། མཐོང་བ་འདིས་འཚལ་གྱིས་ཡ་གཅིག་ནི་མི་འཚལ་ལོ་ཞེས་གསོལ་ཏོ། །རྒྱལ་པོས་ཁོ་བོའི་མིག་གཉིས་ཁྱོད་ལ་སྦྱིན་པར་བྱས་པས་ཡ་གཅིག་བཞག་ན་སྔར་སྨྲས་པ་དང་འགལ་ལོ་ཞེས་བསྒོ་ནས་མིག་ཡ་གཅིག་ཀྱང་སྔ་མ་བཞིན་དུ་སྨོན་ལམ་དང་བཅས་ཏེ་བཅུག་པས་བྲམ་ཟེའི་མིག་གཉིས་ཀས་མཐོང་བར་གྱུར་ཏོ། །དེའི་ཚེ་ས་གཡོས་པའི་རྐྱེན་གྱིས་བསྐུལ་ནས། ལྷ་རྣམས་སྟེང་གི་ནམ་མཁར་ལྷགས་ཏེ། ལྷ་རྫས་ཀྱི་མེ་ཏོག་དང་སྤོས་ཀྱིས་མཆོད་ནས་ལེགས་སོ་ལེགས་སོ་ཞེས་བསྟོད་དོ། །བརྒྱ་བྱིན་ཡང་དེར་འོངས་ནས་བྱང་ཆུབ་སེམས་དཔའ་ལ་ཤིན་ཏུ་སྤྱད་པར་དཀའ་བའི་ལས་འདིས་རྣམ་པར་སྨིན་པ་ཅི་ཞིག་འདོད། བྱང་ཆུབ་སེམས་དཔས། ཁམས་གསུམ་གྱི་བདེ་བ་འདོད་པ་མ་ཡིན་གྱིས། བསོད་ནམས་འདིས་མངོན་པར་བྱང་ཆུབ་ནས་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་བདེ་བ་ལ་འགོད་པའི་ཕྱིར་རོ། །བརྒྱ་བྱིན་གྱིས། འདི་ལྟར་མིག་ཕྱུང་བས་སྡུག་བསྔལ་བར་གྱུར་ན་འགྱོད་པའམ་ཁྲོ་བའི་སེམས་མ་བྱུང་ངམ། བྱང་ཆུབ་སེམས་དཔས། བདག་གི་མིག་སྦྱིན་པ་འདི་ལ་འགྱོད་པ་ཡང་མེད་ལ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་ཞེ་ན་བདེན་པར་སྨྲ་བ་འདིས་བདག་གིས་མིག་གཉིས་སྔོན་བཞིན་དུ་མཐོང་བར་གྱུར་ཅིག ཅེས་སྨྲས་མ་ཐག་ཏུ་སྔར་བས་ཀྱང་གསལ་བར་གྱུར་པས་ལྷ་མི་ཐམས་ཅད་རབ་ཏུ་དགའ་བར་གྱུར་ཏོ། །དེ་ནས་རྒྱལ་པོས་བྲམ་ཟེ་དེ་ལ། ངས་མིག་བྱིན་པས་ཁྱོད་ཀྱང་མཐོང་བར་གྱུར་གྱི། ནམ་སངས་རྒྱས་པ་ན་ཡང་ཁྱོད་ལ་ཆོས་ཀྱི་མིག་སྦྱིན་པར་བྱའོ། །རིན་པོ་ཆེ་འདི་དག་ཀྱང་ཁྱེར་ལ་ཕྱིར་སོང་ཤིག ཅེས་རིན་པོ་ཆེ་ཡང་མང་དུ་བྱིན་ཏེ། དེ་ཉིད་ཕྱིར་འཁོར་བ་ན། རྒྱལ་ཕྲན་དེས་ཀྱང་བསུས་ཏེ། ཇི་ལྟར་གྱུར་པའི་གཏམ་རྒྱས་པར་བཤད་པས། དེ་ཉིད་དུ་སྙིང་གས་ཏེ་ཚེ་འཕོས་སོ། །དེའི་དུས་ཀྱི་རྒྱལ་པོ་སྤྱན་འབྱེད་ནི་ང་ཡིན་ལ། ས་ལ་ད་བར་ནི་ལྷས་བྱིན་དང་། བྲམ་ཟེ་མིག་སློང་བ་དེ་ནི་ད་ལྟར་གྱི་བྲམ་ཟེ་འདི་ཡིན་ཏེ། སྔར་ཡང་མིག་བྱིན་ད་ལྟར་གྱི་བར་དུ་ཤེས་རབ་ཀྱི་མིག་བྱིན་ཏེ། ཁྱེད་ཀྱི་ཕྱིར་སྐྱེ་བ་ཐམས་ཅད་དུ་དཀའ་བ་སྤྱད་ནས་མངོན་པར་སངས་རྒྱས་སོ། །ཁྱོད་ཀྱང་འབྱུང་བའི་ལམ་ལ་རྩོམ་པར་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །འདིས་ནི་བྱང་ཆུབ་སེམས་དཔའ་དཀའ་སྤྱད་དང་བསོད་ནམས་ཀྱི་སྟོབས་རྣམས་དང་ལེགས་པར་བསླབ་པ་ལ་མི་ཉན་པའི་ཉེས་དམིགས་ཀྱང་བསྟན་པ་ཡིན་ནོ། །

དམ་ཆོས་ལེགས་པར་བཤད་པ་དང་དགེ་འདུན་གྱི་ལས་བགྱིས་པ་སོགས་ཀྱི་ཕན་ཡོན་དང་གྲོགས་བཟང་ངན་གྱི་ཁེ་ཉེན་ཀྱང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། རྒྱལ་པོ་གསལ་རྒྱལ་གྱི་བློན་པོ་ཞིག་གི་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས། ཁྱེའུ་མཚན་དང་ལྡན་པ་གཟུགས་བྱད་དཔེ་ཟླ་དང་བྲལ་བ་ཞིག་སྐྱེས་ཏེ་མིང་མི་གདུང་བ་ཞེས་བྱ་བར་བཏགས་སོ། །དེ་ཆེར་སྐྱེས་པ་ན་སྟོབས་ཀྱང་གྱད་སྟོབས་པོ་ཆེའི་ཚད་དུ་ཕྱིན་ཏེ། མི་སྟོང་ཕྲག་ཀྱང་ཐུབ་པར་ནུས་པ། ནམ་མཁའ་ལ་བྱ་འཕུར་བ་ཡང་འཕྱང་གི་ཟིན་ཅིང་། མགྱོགས་ཁྱད་ཀྱང་རྟ་དང་བང་མཉམ་པར་གྱུར་ཏོ། །དེའི་ཚེ་ཡུལ་དེ་ན་བྲམ་ཟེའི་སློབ་དཔོན་གཅིག་སློབ་མ་ལྔ་བརྒྱ་དང་བཅས་ཏེ་གནས་པ་ལས། ཁྱེའུ་དེ་ཡང་རིག་བྱེད་སློབ་ཏུ་ཕྱིན་པས་གཞན་གྱི་ལོར་བསླབ་པ་བས་དེས་ཞག་གཅིག་བསླབ་པས་བྱང་བར་གྱུར་པས། རིང་པོར་མ་ཐོགས་པར་ཐམས་ཅད་ཁོང་དུ་ཆུད་དོ། །དེ་ནས་སྐབས་དེར་བྲམ་ཟེའི་སློབ་དཔོན་དེ་འཁོར་དང་བཅས་པ་སྦྱིན་བདག་གཅིག་གི་རྩར་ཟླ་བ་གསུམ་དུ་མགྲོན་དུ་གཉེར་བ་ལས། ཁྱེའུ་མི་གདུང་བ་ཁྱིམ་གྱི་སོ་ཚིས་ལ་བཞག་གོ །དེར་སློབ་དཔོན་གྱི་ཆུང་མ་དེ་ཁྱེའུ་ལ་ཆགས་ནས་འདོད་པའི་དུས་བཏབ་པ་ན། བདག་ནི་བྲམ་ཟེ་ཡིན་པས་བྲམ་ཟེའི་ཆོས་ཀྱིས་སློབ་དཔོན་གྱི་ཆུང་མ་དང་ཉལ་དུ་མི་རུང་སྟེ་དེ་བས་བདག་ཤི་ཡང་བླ་སྟེ་མི་ཕོད་དོ་སྨྲས་ནས་དང་དུ་མ་བླངས་པས། བུད་མེད་དེས་འཁོན་དུ་བཟུང་ནས་བྲམ་ཟེའི་སློབ་དཔོན་དེ་འོང་བའི་སྔ་རོལ་དུ། གོས་ཀྱང་དྲལ་གདོང་ཡང་སྦར་མོས་བྲད་ནས། ས་རྡུལ་གྱིས་གོས་ཤིང་རྨ་བབ་པ་ལྟར་ཅང་མི་སྨྲ་བར་ས་ལ་ཉལ་ལོ། །དེར་བྲམ་ཟེ་འོང་སྟེ་དྲིས་པ་ན། ཁྱོད་ཀྱིས་རྟག་ཏུ་བསྟོད་པའི་མི་གདུང་བ་དེས་ནི་ཁྱོད་སོང་བའི་འོག་ཏུ་རྟག་པར་ཁོ་མོ་ལ་ཉལ་བར་བསྒྲུབས་ཏེ། ཁོ་མོས་མ་བཏུབ་པས་གོས་ཀྱང་འདྲལ་གདོང་ལ་རྨ་ཡང་བྱུང་བ་ཡིན་ཏེ། ཁྱོད་ལ་འདི་འདྲ་བའི་སློབ་མ་ཡོད་པ་ཞེས་རྫུན་དུ་སྨྲས་པས། བྲམ་ཟེའི་སློབ་དཔོན་དེ་ཤིན་ཏུ་ཁྲོས་ནས། འདི་ནི་བློན་པོའི་བུ་ཆེན་པོ་སྟོང་ཐུབ་ཡིན་པས་དངོས་སུ་རྒོལ་བར་མི་ནུས་ཀྱི་ཐབས་ཤིག་བྱའོ་སྙམས་ཏེ། བྲམ་ཟེ་དེས་མི་གདུང་བ་ལ་དགའ་བ་ལྟར་བྱས་ཏེ། ང་ལ་གསང་བའི་ཆོས་གཅིག་པུ་ཡོད་པ་སྔོན་ཆད་གཞན་ལ་མ་བསྟན་པ་དེ་ད་ཁྱོད་ལ་བསྟན་གྱི། ཁྱོད་ཀྱིས་ཉིན་ཞག་བདུན་དུ་མི་སྟོང་གི་མགོ་བོ་ཆོད་ལ་སོར་མོ་རེ་རེ་བླངས་ནས་ཕྲེང་བར་བྱས་ནས་ལུས་ལ་དཀྲིས་ན། ཚངས་པའི་ལྷ་མངོན་སུམ་དུ་མཐོང་སྟེ། ཚེ་འཕོས་མ་ཐག་པར་ཚངས་པའི་ལྷར་སྐྱེའོ་སྨྲས་པས། ཁྱེའུ་ཡིད་མ་ཆེས་ནས། སྲོག་བཅད་པས་ཚངས་པའི་ལྷར་སྐྱེས་པ་ནི་རིགས་པ་མ་ལགས་སོ་སྨྲས་པ་དང་། སློབ་དཔོན་དེས་ཁྱོད་ཁོ་བོའི་སློབ་མ་ཡིན་ན་ཁོ་བོས་བསྟན་པའི་མན་ངག་མི་ཉན་ཏམ་ཅི་སྟེ་ཡིད་མི་ཆེས་ན་འདིར་མ་འདུག་པར་གར་དགའ་བར་སོངས་ཤིག་ཅེས་སྤྱོས་ནས་སྨྱོ་བྱེད་ཀྱི་སྔགས་ཀྱི་བཏབ་པའི་རལ་གྲི་གཅིག་ས་ལ་བཙུགས་པ་ན། ཁྱེའུ་མི་གདུང་བ་ཁྲོ་བའི་སེམས་ཆེར་སྐྱེས་ནས། རལ་གྲི་དེ་ཐོགས་ཏེ་སྒོའི་ཕྱི་རོལ་དུ་རྒྱུགས་ནས། མི་འཕྲད་ཚད་བསད་པ་དང་། མི་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་བསད་ནས་གཅིག་གིས་མ་ལོང་བར་སོར་མོའི་ཕྲེང་བ་བྱས་ཏེ། གཅིག་བ ཙལ་བས་ཀུན་བྲོས་ཏེ་མ་རྙེད་དོ། །དེ་ལྟར་ཞག་བདུན་དུ་ཁ་ཟས་མེད་པར་འཁྱམས་པ་ཁྱེའུ་དེའི་མས་ཐོས་ཤིང་། གཞན་སུ་ཡང་དེའི་དྲུང་དུ་འགྲོ་བར་མི་ནུས་པས། མ་རང་ཉིད་ཀྱིས་ཁ་ཟས་ཐོགས་ཏེ་སོང་བ་དང་། མ་དེ་ཡང་གསོད་པར་བསམ་ནས་རལ་གྲི་ཐོགས་ནས་བརྒྱུགས་པ་ན། མ་དེས་ཁྱོད་མཚམས་མེད་པའི་ལས་མ་བྱེད་པར་ཅིས་ཀྱང་དགོས་ན་སོར་མོ་ཉིད་བཅད་ན་མི་རུང་ངམ་ཞེས་སྨྲས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འདུལ་བའི་དུས་ལ་བབས་པར་མཁྱེན་ནས་དགེ་སློང་ཕལ་པ་ཞིག་ཏུ་སྤྲུལ་ནས་དེའི་ཕྱོགས་སུ་གཤེགས་སོ། །དེ་མཐོང་བ་དང་མ་དེ་གསོད་པ་བཏང་ནས་དེ་ཉིད་ཀྱི་ཐོག་ཏུ་བརྒྱུགས་པ་ན། སངས་རྒྱས་ནི་དལ་བུས་གཤེགས་པ་ལ། དེས་བང་རྩལ་ཅི་ཡོད་ཀྱིས་བརྒྱུགས་ཀྱང་རྗེས་མ་ཟིན་ནས་དགེ་སློང་སྡོད་ཅིག་ཅེས་བོས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྒྱང་མ་ནས། ང་ནི་རྟག་ཏུ་སྡོད་ན་ཁྱོད་མི་སྡོད་དོ། །ཞེས་བཀའ་སྩལ་པ་དང་། སོར་ཕྲེང་ཅན་གྱིས་ཇི་ལྟར་ཁྱོད་ནི་སྡོད་ལ་ཁོ་བོ་མི་སྡོད་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱི་ངའི་དབང་པོ་རྣམས་ནི་རྟག་ཏུ་ཞི་ཞིང་ཏིང་ངེ་འཛིན་གྱི་དབང་ཐོབ་པས་སྡོད་དོ། །ཁྱོད་ནི་སློབ་དཔོན་གྱིས་ལོག་པར་བསྟན་ཏེ། སྡིག་པ་ལ་ཡང་ཡིད་ཆེས་པས། ཁྱེད་ཀྱིས་སེམས་ཀྱང་བསླུས་ཏེ་མི་སྡོད་པས། ཉིན་མཚན་དུ་གསོད་པའི་ལས་བྱེད་དེ་སྡིག་པ་མཐའ་མེད་པའི་ལས་བྱེད་དོ། །ཞེས་གསུངས་པ་སོར་ཕྲེང་ཅན་གྱིས་ཐོས་པ་ཙམ་གྱིས་དོན་ཁོང་དུ་ཆུད་པས། སྡིག་པའི་ལས་ལ་ཤིན་ཏུ་འགྱོད་ཅིང་རལ་གྲི་ས་ལ་བོར་ནས། རྒྱང་རིང་པོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་སོང་ངོ་། །དེར་སངས་རྒྱས་ཀྱི་སྐུ་དངོས་སུ་བསྟན་པས་ལུས་ས་ལ་བརྡབས་ནས་ཉེས་པ་མཐོལ་ཞིང་བཤགས། ཆོས་བསྟན་པས་སོར་ཕྲེང་ཅན་གྱིས་བདེན་པ་མཐོང་བར་གྱུར་པ་ལ་སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་པས་མི་རིང་བར་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ། བཅོམ་ལྡན་འདས་ཀྱིས་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་དོ། །དེའི་ཚེ་ཡུལ་དེ་ན་གནས་པའི་མི་ལ་སོགས་པའི་སྲོགས་ཆགས་ཐམས་ཅད་སོར་ཕྲེང་གི་མིང་ཐོས་པས་རབ་ཏུ་སྐྲག་ནས། སྦྲུམ་མ་རྣམས་ཀྱང་བུ་བཙའ་བར་མི་ནུས་པས། གླང་མོ་ཞིག་གི་བུ་མི་ཕྱིན་པ་ལ། སྟོན་པས་སོར་ཕྲེང་ཅན་ལ། ཁྱོད་དེའི་དྲུང་དུ་སོང་ལ། བདག་ཐོག་མ་སྐྱེས་ནས་ད་ཙམ་གྱི་བར་དུ་མི་གཅིག་ཀྱང་མ་བསད་དོ་ཞེས་བདེན་པའི་ཚིག་སྨྲོས་ཤིག་གསུངས། དེར་སོར་ཕྲེང་གིས་བདག་གི་མི་དེ་ཙམ་བཀུམ་ན་ཇི་ལྟར་སྨྲ་བཀའ་སྩལ་པ། ཁྱོད་ནི་འཕགས་པའི་ཆོས་ལས་སྐྱེས་མ་ཐག་པ་ཞེས་བྱའོ། །དེ་ནས་སོར་ཕྲེང་གིས་གོས་ཚགས་བཅོས་ཏེ་བན་གླང་མོའི་དྲུང་དུ་ཕྱིན་ཏེ་དེ་སྐད་སྨྲས་པས་བདེ་བར་བཙས་སོ། །དེར་རྒྱལ་པོ་གསལ་རྒྱལ་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་སོར་ཕྲེང་ཅན་འཛིན་དུ་ཆས་པ་ལས་རྒྱལ་བྱེད་ཀྱི་ཚལ་གྱི་ཐད་དུ་སླེབ་པ་ན། དེར་དགེ་སློང་ལུས་ཐུང་ལ་མི་སྡུག་པ་དབྱངས་རབ་ཏུ་སྙན་པ་ཞིག་ཡོད་པ་དེས། གཙུག་ལག་ཁང་ནས་དབྱངས་བྱེད་པ་ཐོས་ནས་གླང་པོ་ཆེ་དང་རྟ་རྣམས་ཀྱང་དེ་ལ་ཉན་ཅིང་མི་འགྲོའོ། །དེ་ནས་དེ་ལ་བལྟ་ཞིང་ཉན་པའི་ཕྱིར་གསལ་རྒྱལ་ཡང་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལ་ཕྱག་བྱས་ནས། དགེ་སློང་དབྱངས་སྙན་པ་དེ་སུ་ལགས། བལྟ་བར་འཚལ་ཏེ་ཀཱར་ཥཱ་པ་ཎཱ་སྟོང་ཕྲག་བཞི་བཅུ་འབུལ་ལོ་ཞེས་གསོལ་པ་དང་། སྟོན་པས་སྔོན་ལ་ཡོན་ཕུལ་ནས། དེའི་འོག་ཏུ་ཕྲད་པར་བྱའོ་གསུངས། དེ་ནས་རྒྱལ་པོ་དང་དགེ་སློང་ཕྲད་པ་ནས། ཧ་ཅང་མི་སྡུག་ཅིང་ཐུང་ཆེས་པས་པ་ཎ་གཅིག་ཙམ་ཡང་སྦྱིན་པའི་སེམས་མ་སྐྱེས་ཏེ། སྟོན་པའི་སྤྱན་སྔར་པུས་མོ་བཙུགས་ནས་དགེ་སློང་འདིའི་གཟུགས་མི་སྡུག་པ་དང་དབྱངས་སྙན་པའི་རྒྱུ་རྐྱེན་ཅི་ལགས་ཅེས་གསོལ་པ་དང་། བཀའ་སྩལ་པ། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་ནས་མྱ་ངན་འདས་པའི་འོག་ཏུ། རྒྱལ་པོ་ཀྲྀ་ཀྲྀ་{ཀྲི་ཀཱི་}བྱི་ཞེས་བྱ་བས་རིང་བསྲེལ་རྣམས་བསྡུས་ནས་མཆོད་རྟེན་བརྩེགས་པར་བྱས་པ་ལས། ཀླུའི་རྒྱལ་པོ་བཞིས་ཕྱོགས་བཞིར་ཆུ་མིག་བཞི་ཕྱུང་སྟེ། དེས་ཕ་གུ་བཅོས་ནས་ཤར་བཻ་ཌཱུཪྱ། ལྷོར་གསེར། ནུབ་དངུལ། བྱང་དུ་ཆུ་ཤེལ་དཀར་པོ་སྟེ་རིན་པོ་ཆེ་སྣ་བཞིར་གྱུར་པས། དེ་ལས་མཆོད་རྟེན་རྒྱར་གྲུ་བཞིའི་ངོས་རེ་རེ་ལ་དཔག་ཚད་ལྔ་ལྔ་དང་། འཕངས་སུ་དཔག་ཚད་ཉི་ཤུ་རྩ་ལྔ་ཡོད་པ་ཞིག་བརྩིགས་ཏེ་དེ་ལ་ལས་དཔོན་བཞི་བསྐོས་ཏེ། ངོས་རེ་རེ་བྱེད་དུ་བཅུག་པ་ལས། རྒྱལ་པོ་ཉིད་བལྟ་བར་འོང་བ་ན་གསུམ་གྱིས་ཟིན་ལ་གཅིག་གིས་མ་ཟིན་པས་དེ་ལ་རྒྱལ་པོས་བཀྱོན་པ་ན་དེ་ཁྲོས་ནས། འདི་ལྟ་བུའི་མཆོད་རྟེན་ཧ་ཅང་ཆེས་པ་འདི་ནམ་ཡང་མི་ཟིན་ཏོ་ཞེས་སྨྲས། དེ་ནས་རྒྱལ་པོས་ནན་ཏུར་བསྐྱེད་པས་ཀུན་གྱི་ཉིན་མཚན་དང་བརྩོན་པ་དུས་གཅིག་ཏུ་ཅིག་ཅར་ཟིན་ཏེ། དེར་སྔར་གྱི་ལས་དཔོན་དེའང་ཤིན་ཏུ་དགའ་ནས། སྔར་གྱི་ཉེས་པ་རྣམས་བཤགས་ཤིང་། གསེར་གྱི་དྲིལ་བུ་ཞིག་མཆོད་རྟེན་གྱི་རྩེར་བཏགས་ནས། བདག་གང་ནས་གང་དུ་སྐྱེས་ཀྱང་སྒྲ་སྐད་ཤིན་ཏུ་སྙན་པ་དང་། འགྲོ་བ་ཐམས་ཅད་ཀྱི་ཐོས་པ་དང་དགའ་བར་ཤོག་ཅིག མ་འོངས་པ་ན་སངས་རྒྱས་ཤཱཀྱ་ཐུབ་པ་དང་ཕྲད་ནས་འཁོར་བ་ལས་རྣམ་པར་གྲོལ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་ལས་དཔོན་དེ་ནི་དགེ་སློང་འདི་ཡིན་ཏེ། དེའི་ཚེ་ཁྲོས་བཞིན་དུ་ཧ་ཅང་ཆེས་སོ་ཞེས་སྨྲས་པ་ཙམ་གྱིས་རྟག་ཏུ་ལུས་ཐུང་ཞིང་མི་སྡུག་པར་གྱུར་ལ། ཕྱིས་དགའ་བའི་སེམས་ཀྱིས་དྲིལ་བུ་ཕུལ་བས་སྐད་སྙན་པ་དང་། སྨོན་ལམ་གྱི་དབང་གིས་ད་ལྟ་ང་དང་འཕྲད་ནས་རྣམ་པར་གྲོལ་བ་ཐོབ་པར་གྱུར་ཏོ་གསུངས། དེ་ནས་ཕྱིར་འགྲོ་བར་ཆས་པ་ན། བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཆེན་པོ་ཁྱོད་གར་འགྲོ་ཞེས་བཀའ་སྩལ་པར་ལོ་རྒྱུས་ཞུས་པས། སོར་ཕྲེང་ཅན་འདི་ད་ལྟར་ནི་གྲོག་སྦུར་ཡང་མི་གསོད་ན་གཞན་གསོད་པ་ལྟ་སྨོས་ཀྱང་ཅི་དགོས། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་སྟེ་ཉེས་པའི་སྐྱོན་ཐམས་ཅད་ཟད་ནས། ད་ལྟ་གནས་ཁང་ན་འདུག་གོ །རྒྱལ་པོ་དང་ཕྲད་པར་འདོད་ན་དེ་དང་སྤྲད་དོ་ཞེས་བཀའ་སྩལ་ཏེ། སོར་ཕྲེང་ཅན་གྱི་གནས་ཁང་དུ་བཏང་ངོ་། །དེར་སྒོ་དྲུང་དུ་ཕྱིན་པ་ན། ནང་ནས་ལུད་པའི་སྒྲ་ཐོས་པ་ཙམ་གྱིས་དངངས་ནས་ས་ལ་འགྱེལ་ཏོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་དུས་ན་འཛམ་བུ་གླིང་འདིར་ཡུལ་ཝཱ་རཱ་ཎ་སཱི་ཞེས་བྱ་བ་ན། བྱ་ཤིན་ཏུ་གདུག་པ་ཅན། ཟས་སུ་སྲིན་འབུ་གདུག་པ་འབའ་ཞིག་ཟ་ཞིང་། ལུས་ཀྱང་གདུག་པས་རེག་པར་ཉེ་ཡང་མི་བཟོད་པ། གང་དུ་འཕུར་བའི་འོག་གི་གྲིབ་མ་ཕོག་པ་ཙམ་གྱིས་ཐམས་ཅད་སྐྲག་ནས་འགྱེལ་བར་བྱེད་པ་ཞིག་ཡོད་པ་དེ་ཚལ་ཞིག་གི་ནང་ན་ཕྱིན་ནས་ཤིང་ཁར་འདུག་སྟེ་སྐད་བྱུང་བ་དང་། དེའི་ཚེ་ཤིང་གི་དྲུང་ན་གླང་བོ་ཆེའི་རྒྱལ་པོ་ཞིག་ཡོད་པ་དེས་ཐོས་མ་ཐག་པར་སྐྲག་སྟེ་ས་ལ་འགྱེལ་ལོ། །དེའི་དུས་ཀྱི་བྱ་གདུག་པ་ཅན་དེ་ནི་སོར་ཕྲེང་ཅན་དང་། གླང་པོའི་རྒྱལ་པོ་དེ་ནི་རྒྱལ་པོ་ཉིད་ཡིན་ནོ། །རྒྱལ་པོ་ཆེན་པོ་དགེ་སློང་སོར་ཕྲེང་ཅན་འདི་ད་ལྟར་གྱི་དུས་འབའ་ཞིག་ན་མི་མང་པོ་བསད་དེ། ངས་བཏུལ་བར་མ་ཟད་དེ་སྔོན་འདས་པའི་དུས་ནའང་སོར་ཕྲེང་ཅན་གྱིས་མི་འདི་དག་ཀུན་བསད་པ་ལས་ངས་བཏུལ་ཏེ། དགེ་བའི་སེམས་དང་ལྡན་པར་གྱུར་པ་ནི། སྔོན་གྱི་བསྐལ་པ་གྲངས་མེད་པའི་ཕ་རོལ་ན་འཛམ་བུ་གླིང་འདིར་ཡུལ་ཝཱ་རཱ་ཎ་སཱི་ཞེས་བྱ་བར། རྒྱལ་པོ་པ་ལ་མ་ད་ར་ཞེས་པ་དཔུང་བཞི་དང་བཅས། ཚལ་གྱི་ནང་དུ་རྩེར་སོང་བ་ལས། རི་དྭགས་དང་ཕྲད་དེ་དེའི་ཕྱི་བཞིན་བརྒྱུགས་པས། རྒྱལ་པོ་གཅིག་པུ་ནགས་ཚལ་འཐུག་པོར་ཕྱིན་ནས་རྟ་ལས་བབ་སྟེ་འདུག་པ་ན། སེང་གེ་མོ་ཞིག་འདོད་ཆགས་ཀྱིས་ཉེན་ནས། རྒྱལ་པོ་དང་ཕྲད་དེ་མཇུག་མ་བཏེག་ཅིང་བསྙེགས་སོ། །རྒྱལ་པོས་ཀྱང་འདོད་ཆགས་སྐྱེས་པར་རིག་ནས་འདི་གཅན་གཟན་ཁྲོ་བོ་ཡིན་ཏེ་བདག་གསད་པའི་མཐུ་ཡོད་པས་གལ་ཏེ་ཡིད་བཞིན་མ་བྱས་ན་སྲོག་ལ་བབ་བོ་སྙམ་དུ་སྐྲག་བཞིན་སེང་གེ་མོར་འཁྲིག་པ་སྤྱོད་དོ། །དེའི་འོག་ཏུ་གཡོག་རྣམས་ཀྱང་ལྷགས་པས་རྒྱལ་པོ་བསུས་ཏེ་ཕོ་བྲང་དུ་ཁྲིད་དོ། །སེང་གེ་མོ་དེ་ཡང་སྦྲུམ་མར་གྱུར་ནས་ཟླ་བ་ཚང་བ་ན། ལུས་ཐམས་ཅད་མི་དང་འདྲ་ལ་རྐང་པ་འབའ་ཞིག་ཁྲ་བོར་ཡོད་པ་ཞིག་བཙས་པས། སེང་གེ་མོས་རྒྱལ་པོའི་ཐད་དུ་བསྐྱལ་བ་ན། རྒྱལ་པོས་ཀྱང་རང་གི་བུ་ཡིན་པར་ཤེས་ནས་གསོས་ཏེ་མིང་རྐང་བཀྲར་བཏགས་ཏེ་ཆེར་སྐྱེས་པ་ན་དཔའ་ཞིང་རྟུལ་ཕོད་པར་གྱུར་ནས། རྒྱལ་པོ་འདས་པའི་འོག་ཏུ་རྒྱལ་སྲིད་ཐོབ་སྟེ། རྒྱལ་རིགས་དང་བྲམ་ཟེའི་རིགས་ཀྱི་བཙུན་མོ་གཉིས་བླངས་སོ། །དེར་རྒྱལ་པོ་སྐྱེད་ཚལ་དུ་འཆག་ཏུ་སོང་བའི་ཚེ་བཙུན་མོ་གཉིས་ལ་ཁྱེད་གཉིས་ངའི་ཕྱི་ལ་མགྱོགས་པར་འོང་སྟེ་གང་ཕྲད་སྔ་བ་དེ་ལ་ཉིན་བཞིན་དུ་རྩེ་བར་བྱེད་ལ། རྗེས་སུ་ལུས་པ་དེ་དང་ཕྲད་དུ་མི་གཏུབ་བོ་ཞེས་བྱས་ནས་སོང་བའི་འོག་ཏུ། བཙུན་མོ་གཉིས་རྒྱན་གྱིས་བརྒྱན་ཏེ་བཞོན་པ་ཞོན་ནས་སོང་བ་དང་། ལམ་དུ་ལྷ་རྟེན་ཞིག་ཡོད་པ་དེ་ལ་བཙུན་མོ་བྲམ་ཟེའི་རིགས་དེས་ཕྱག་བྱས་པས་རྗེས་སུ་ལུས་ཏེ། རྒྱལ་པོས་ཕྲད་དུ་མ་སྟེར་རོ། །བཙུན་མོ་དེས་བདག་ཁྱོད་ལ་ཕྱག་འཚལ་བས་ཕྱི་ནས་རྒྱལ་པོས་མ་འདོད་དོ། །གལ་ཏེ་ལྷ་ཁྱོད་ལ་མཐུ་ཞིག་ཡོད་ན་ཅིའི་ཕྱིར་ངའི་མགོན་སྐྱབས་མི་བྱེད་ཅེས་སྨྲས་ཏེ། ཡིད་ལ་རྒྱལ་པོ་ལ་གནོད་པར་བྱའོ་སྙམ་དུ་ཕྱིར་ཕོ་བྲང་དུ་སོང་ནས། རྒྱལ་པོ་ལ་བཙུན་མོ་དེས་བདག་ཉི་མ་གཅིག་ཅིག་ཅི་དགའ་བར་བགྱིད་དུ་དབང་བར་ཞུས་པས་རྒྱལ་པོས་གནང་ངོ་། །དེར་མི་མང་པོ་མངགས་ནས། ལྷའི་རྟེན་དེ་བཤིག་ནས་ས་ཡང་སྙོམས་པར་བྱས་སོ། །དེ་ནས་ལྷ་རྟེན་སྲུང་བའི་ལྷ་དེ་ཤིན་ཏུ་མི་དགའ་བར་གྱུར་ནས། རྒྱལ་པོ་ལ་གནོད་པ་བྱ་བར་བསམ་ཏེ་སོང་ཡང་ཕོ་བྲང་བསྲུང་བའི་ལྷས་ནང་དུ་མ་བཏང་ངོ་། །དེའི་ཚེ་དྲང་སྲོང་ཞིག་རི་ལ་གནས་པ་དེ་ལ་རྒྱལ་པོ་རྐང་བཀྲས་མཆོད་པ་བྱས་པས་ཉིན་གཅིིག་བཞིན་དུ་འཕུར་ཏེ་ཕོ་བྲང་དུ་འོངས་ནས་ཟས་བཟང་པོ་མི་འདོད་པར་ཐ་མལ་པ་ཙམ་ཟོས་ནས་ཕྱིར་འགྲོ་བ་ལས། ཉིན་གཅིག་དྲང་སྲོང་དེ་མི་འོང་བར་ཤེས་ནས་ལྷ་དེས་དྲང་སྲོང་གི་གཟུགས་སུ་སྤྲུལ་ཏེ་ཕོ་བྲང་དུ་འོངས་པ་ན་ཕོ་བྲང་སྲུང་བའི་ལྷས་བཀག་པ་དང་། སྒོ་ནས་བོས་ཏེ་ནང་འོང་མི་སྟེར་རོ་ཞེས་པ་རྒྱལ་པོས་ཐོས་ནས་ནང་དུ་ཐོངས་ཞེས་བཀའ་སྩལ་པས་ནང་དུ་བཏང་ངོ་། །དེས་རྒྱུན་དུ་ཟ་བའི་ཁ་ཟས་མ་ཟོས་ནས་ཁ་ཟས་འདི་ནི་ཆེས་ངན་གྱི་ད་ཕྱིན་ཤ་དང་ཉར་སྦྱོར་ཅིག་ཅེས་སྨྲས་ཏེ་སོང་ངོ་། །ཕྱི་ཉིན་སྔར་གྱི་དྲང་སྲོང་དེ་བྱུང་བ་ན་ཤ་དང་ཉར་སྦྱར་བའི་ཟས་ཕུལ་བས། དེ་ཁྲོས་ནས་ཁྱོད་ཀྱིས་ང་ལ་བརྙས་པ་འདི་ལྟ་བུ་བྱས་པས། ཁྱོད་ལོ་བཅུ་གཉིས་ཀྱི་བར་དུ་མི་ཤ་འབའ་ཞིག་ཟ་བར་གྱུར་ཅིག་ཅེས་སྨྲས་ནས་སོང་ངོ་། །དེ་ནས་ཉིན་གཅིག་རྒྱལ་པོའི་གཡོས་མཁན་གྱིས་ཤ་གཞན་མ་རྙེད་ནས་འཕྲལ་དུ་ཤི་བའི་བྱིས་པའི་རོ་ཞིག་དང་ཕྲད་པས། དེའི་རྐང་ལག་བཅད་དེ་གཡོས་སུ་བྱས་ལ་སྤོད་སྣ་ཚོགས་པ་བཏབ་ནས་རྒྱལ་པོ་ལ་བྱིན་ནོ། །རྒྱལ་པོས་དེ་ཟོས་པས་སྔར་གྱི་ཤ་རྣམས་ལས་ལྷག་པར་ཞིམ་པར་མཐོང་ནས་འདི་ཅིའི་ཤ་ཡིན་ཞེས་དྲིས་སོ། །གཡོས་མཁན་སྐྲག་ནས་གདོང་སྨད་དེ་གྱོད་མི་རྨོ་བར་གསོལ་ནས་དྲང་པོར་བཤད་པ་ན་རྒྱལ་པོས། ཤ་འདི་ལྷག་པར་ཞིམ་པས་ད་ཕྱིན་ཆད་ཤ་འདི་ལྟ་བུ་རྟག་ཏུ་སྦྱོར་ཅིག གཡོས་མཁན་གྱིས་སླན་ཆད་འདི་འདྲ་མི་རྙེད་དོ། །རྒྱལ་པོས་ཕྱིན་ཆད་ཀྱང་ཁྱོད་ཀྱིས་གསང་ཐུབ་པར་གྱིས་ལ། གཞན་གྱིས་མ་ཚོར་བར་ལོངས་དང་ང་ལ་དབང་ཡོད་དོ། །དེར་གཡོས་མཁན་གྱིས་བྱིས་པ་རྣམས་བརྐུས་ནས་བསད་ཅིང་དྲངས་སོ། །དེའི་ཚེ་གྲོང་ཁྱེར་གྱི་བུ་རྣམས་སྟོང་པར་གྱུར་པས། བློན་པོ་རྣམས་བགྲོས་ནས་མཚན་མོར་སྲང་མདོར་མེལ་ཚེ་བྱས་པས། གཡོས་མཁན་གྱི་བུ་ཆུང་རྐུ་བ་ཟིན་ནས་རྒྱལ་པོ་ལ་ཕུལ་ཏེ་ཆད་པ་གཅོད་པར་གསོལ་པ་ན། ལན་གཉིས་ཀྱི་བར་དུ་ཅང་མི་སྨྲ་ལ། ལན་གསུམ་པར། རྒྱལ་པོས་ངས་བསྒོ་བ་ཡིན་ནོ་ཞེས་སྨྲས་པས། བློན་པོ་རྣམས་དང་འཁོན་དུ་གྱུར་ནས། སྐྱེད་མོས་ཚལ་དུ་གསང་དམག་སྦས་ནས་རྒྱལ་པོ་ཁྲུས་བྱེད་དུ་འོང་བ་དང་བཟུང་ནས་ཉེས་པ་བསྒྲགས་ཏེ་གསོད་པར་རྩོམ་པ་ན། རྒྱལ་པོས་སྔར་ནི་ཉེས་ཀྱི་ད་ཕྱིན་དེ་ལྟར་མི་བྱེད་པས་གཏོང་དུ་རུང་ངམ། བློན་པོ་རྣམས་ཀྱིས། གལ་ཏེ་གནམ་ལ་ཁ་བ་ནག་པོ་བབ་པའམ། ཁྱེད་ཀྱི་མགོ་ལ་སྦྲུལ་ནག་པོ་སྐྱེས་ཀྱང་མི་བཏང་ངོ་། །དེ་ཐོས་ནས་རྒྱལ་པོས། སྐད་ཅིག་ཙམ་ཞིག་ཁོ་བོ་བདེ་བར་བསམ་དུ་ཆུག་ལ་གདོད་སོད་ཅིག དེ་དག་ཅུང་ཟད་བསྡད་པ་ནས། རྒྱལ་པོས་བདག་གི་སྔོན་ཆད་དགེ་བ་ཅི་བགྱིས་པ་དང་། རྒྱལ་སྲིད་ཆོས་བཞིན་བྱས་པ་དང་། དྲང་སྲོང་ལ་སྦྱིན་པ་བྱས་པའི་བསོད་ནམས་ཅི་ཡོད་པ་ཐམས་ཅད་ཀྱི་མཐུས་བདག་ནམ་མཁའ་འཕུར་བའི་སྲིན་པོར་གྱུར་ཅིག ཅེས་བསྔོས་ཤིང་སྨྲས་མ་ཐག་ཏུ་སྲིན་པོར་གྱུར་ཏེ། སྟེང་གི་ནམ་མཁའ་ལ་འཕགས་ནས། ཁྱེད་ཀྱིས་མཐུས་ང་གསོད་པར་བརྩམས་ཀྱང་ངའི་བསོད་ནམས་ཀྱིས་རང་སོས་པར་གྱུར་ཏེ། ད་ཕན་ཆད་ཁྱེད་ཀྱི་ཆུང་མ་དང་བུ་སྡུག་པ་ཅི་ཡོད་པ་ཐམས་ཅད་བཟའ་བར་བྱའོ་ཞེས་སྨྲས་ཏེ་འཕུར་ནས་རི་ལ་བབ་ནས། དེ་ཕྱིན་ཆད་མིའི་ནང་དུ་འོངས་ནས་མི་རྣམས་ཟ་བར་གྱུར་ཏེ་མི་རྣམས་ཀྱང་དེ་ལ་སྐྲག་ནས་རྟག་ཏུ་བྲོས་ཤིང་གབ་པར་བྱེད་དོ། །དེར་སྲིན་པོ་མི་ལ་ཟ་ཞིང་སྲིན་པོ་མང་པོ་དང་བསྡོངས་ཏེ་འཁོར་གཡོག་ཀྱང་མང་བར་གྱུར་ནས། སྲིན་པོའི་འཁོར་རྣམས་ཀྱི་རྐང་བཀྲ་ལ། བདག་ཅག་ཁྱོད་ཀྱི་འཁོར་དང་གཡོག་ཏུ་གྱུར་ན། བདག་ཅག་ལ་སྟོན་མོ་ཆེན་པོ་བྱིན་ཅིག་ཅེས་གསོལ་ནས། རྒྱལ་བུ་ལྔ་བརྒྱ་བསད་དེ་སྟོན་མོ་བྱ་བར་བགྲོས་ནས་བཙལ་བས། བཞི་བརྒྱ་དང་དགུ་བཅུ་རྩ་དགུ་རྙེད་དེ་གཅིག་མ་ཚང་བ་ན་དེ་དག་བྲག་ཕུག་གཅིག་ན་བཅུག་པས་ཕན་ཚུན་གཏམ་བྱས་ཏེ། གལ་ཏེ་སུ་ཏ་སོ་མ་སྟོབས་དང་ལྡན་པ་དེ་འདིར་འོང་ན་བདག་ཅག་ཐར་ཀྱང་སྲིད། དེ་ལས་ཐབས་གཞན་མེད་དོ་བྱས་ནས། སྲིན་པོའི་རྒྱལ་པོ་ལ། ཁྱོད་ཀྱི་སྟོན་མོ་བྱེད་ན་བདག་ཅག་མིའི་རྒྱལ་པོ་འབའ་ཞིག་པས་སྟོན་མོ་བཟང་བར་མི་འགྱུར་གྱི་སུ་ཏ་སོ་མ་ཞེས་བྱ་བ། ཡོན་ཏན་ཆེན་པོ་དང་ལྡན་པ་དེ་རྙེད་ན་གདོད་སྟོན་མོ་ཆེན་པོར་འགྱུར་རོ་ཞེས་སྨྲས་པས། སྲིན་པོའི་རྒྱལ་པོས་འདི་ནི་ཅི་དཀའ་ཞེས་སྨྲས་ནས་འཕུར་ཏེ་སོང་བ་ལས། དེའི་ཚེ་སུ་ཏ་སོ་མ་བུ་མོ་གཞོན་ནུ་དང་འགྲོགས་ནས་གྲོང་ཁྱེར་ཕྱི་རོལ་དུ་ཁྲུས་བྱེད་དུ་འགྲོ་བ་ལས། ལམ་དུ་བྲམ་ཟེ་སློང་བ་ཞིག་དང་ཕྲད་དེ། དེ་ལ་བདག་ཁྲུས་ཤིག་བྱེད་དུ་འགྲོ་ད་ཕྱིར་ལོག་ནས་སྦྱིན་པར་བྱའོ་ཞེས་སྨྲས་ནས། ཁྲུས་བྱེད་དུ་སོང་བ་ལས་ཁྲུས་བྱེད་པ་ན་སྲིན་པོའི་རྒྱལ་པོ་འོངས་ཏེ་བྲག་ཕུག་ཏུ་ཁྱེར་རོ། །དེའི་ཚེ་སུ་ཏ་སོ་མ་མི་དགའ་སྟེ་ངུས་པ་དང་། རྐང་བཀྲས། ཁྱོད་གཞན་པས་ལྷག་པར་ཡོན་ཏན་དང་ལྡན་པར་གྲགས་ན། སྐྱེས་བུ་ཆེན་པོ་ནི་ཅིས་ཀྱང་མི་སྐྲག་ན་བྱིས་པ་ཆུང་ངུ་ལྟར་ངུ། སུ་ཏ་སོ་མས། བདག་ནི་ལུས་སྲོག་ལ་ཆགས་པ་དང་ཁྱོད་ལ་འཇིགས་པས་མ་ཡིན་གྱིས། བདག་ཐོག་མ་ནས་བརྫུན་དུ་སྨྲ་མ་མྱོང་ན། ད་ཅི་ཁྲུས་ལ་འགྲོ་བའི་ལམ་དུ་བྲམ་ཟེ་སློང་བ་ཞིག་དང་ཕྲད་དེ་བདག་གིས་ཁྲུས་ནས་ཕྱིར་ལོག་སྟེ་སྦྱིན་ནོ་སྨྲས་པས། དེ་ཉིད་བརྫུན་དུ་གྱུར་ཏོ་སྙམ་དུ་མི་དགའ་སྟེ། རྒྱལ་པོ་ཁྱོད་ཀྱིས་ཞག་བདུན་ཕྱི་བཤོལ་གྱིས་བཏང་ན། བྲམ་ཟེ་དེ་ལ་སྦྱིན་པ་བྱིན་ནས་སླར་མཆིའོ། །སྲིན་པོས་ཁྱོད་བཏང་ན་ཕྱིར་མི་འོང་ངོ་། །སྨྲས་པ། གལ་ཏེ་མ་འོངས་ན་ཡང་ཁྱོད་ལ་བླང་བའི་མཐུ་ཡོད་དོ་སྨྲས་པས་བདེན་སྙམ་སྟེ་ཕྱིར་བཏང་ངོ་། །སུ་ཏ་སོ་མ་ཕྱིར་ཁྱིམ་དུ་ཕྱིན་ཙ་ན། བྲམ་ཟེ་དེ་ཡང་འདུག་པས་རབ་ཏུ་དགའ་ནས་སྦྱིན་པ་བྱིན་ནོ། །བྲམ་ཟེ་དེས་ཀྱང་སུ་ཏ་སོ་མ་རིང་པོར་མི་ཐོགས་པར་སྲོག་དང་བྲལ་བར་འགྲོ་བས་ཕྱིར་ཡུལ་ལ་ཆགས་ན་མི་དགའ་བར་ཤེས་ནས། དེ་ལ། བསྐལ་པའི་མཐའ་ལ་ཐུག་པ་ན། །གནམ་དང་ཀླུང་ཡང་རབ་འབར་ཏེ། །རི་དང་ལྷུན་པོ་རྒྱ་མཚོ་ཡང་། །ཐམས་ཅད་ཐལ་བ་རྡུལ་དུ་འགྱུར། །ལྷ་དང་ཀླུ་དང་ལྷ་མ་ཡིན། །ཐམས་ཅད་འཇིག་ཅིང་ཉམས་ཉེས་ཏེ། །གནམ་དང་ས་ཡང་མེད་འགྱུར་ན། །རྒྱལ་སྲིད་ལྟ་ཞིག་ག་ལ་རྟག ། སྐྱེ་རྒ་ན་དང་འཆི་བ་ཡི། །འཁོར་བའི་མཐའ་ནི་ཟད་མི་ཤེས། །རེ་ཞིག་འདོད་པ་མ་གྲུབ་ན། །མྱ་ངན་གྱིས་ནི་གནོད་པར་འགྱུར། །འདོད་པ་སྐྱོན་དུ་ར བ་ཆེ་སྟེ། །ཉེས་པ་གཞན་ནས་འོང་བ་མིན། །ཁམས་གསུམ་སྡུག་བསྔལ་བཅས་པ་ན། །ཡུལ་སྲིད་ཡིད་བརྟན་རུང་རེ་སྐན། །ཡོད་པ་ཡེ་ནས་མེད་པ་སྟེ། །རྒྱུ་དང་རྐྱེན་གྱིས་འགྲུབ་པར་འགྱུར། །དར་བ་ཡོད་ན་རྒུད་པ་ཡོད། །བདེན་པ་ངེས་པར་བརྫུན་འགྱུར་རོ། །སོ་སོའི་སྐྱེ་བོའི་མཐའ་ཐོག་དག ། སྒྱུ་མ་ལ་ནི་ཀུན་གནས་ཏེ། །ཁམས་གསུམ་ཅི་ལྟར་སྟོང་བཞིན་དུ། །ཡུལ་གྱི་སྲིད་ཀྱང་དེ་བཞིན་ནོ། །རྣམ་པར་ཤེས་པ་གཟུགས་མེད་དེ། །གདུག་པའི་སྦྲུལ་བཞི་ལ་གནས་ཏེ། །མ་རིག་པ་ལས་སྐྱེས་པ་ལ། །བདེ་བའི་གནས་སུ་ཀུན་འཛིན་ཏོ། །གཟུགས་ལ་རྟག་པའི་བདག་མེད་དེ། །སེམས་ལ་རྟག་པའི་ཁྱིམ་ཡོད་མིན། །ལུས་དང་སེམས་ཀྱང་བྲལ་གྱུར་ན། །ཡུལ་སྲིད་ལྟ་ཞིག་ཡོད་རེ་སྐན། །ཞེས་པའི་ཚིགས་སུ་བཅད་པ་རྣམས་སྨྲས་པས་སུ་ཏ་སོ་མས་དོན་ཡིད་ལ་བསམ་པས་ཤིན་ཏུ་དགའ་སྟེ། རྒྱལ་ཚབ་རྒྱལ་པོར་བཅུག་ནས་བློན་པོ་རྣམས་ལ་ཕྱི་ཕྱག་བྱས་ཏེ་འགྲོ་བར་ཆས་པ་ན། ཐམས་ཅད་ཀྱིས་རྒྱལ་པོ་བསྲུང་བར་ཞུས་པས། བརྫུན་ཏུ་སྨྲ་བ་དེ་གསོན་པ་བས་ཤི་བ་འདམ་མོ་གསུངས། དེར་ཀུན་གྱིས་བསྐྱལ་ནས། སུ་ཏ་སོ་མ་གཅིག་པུ་ལམ་དུ་ཞུགས་ཏེ་སོང་བའི་ཚེ་སྲིན་པོ་རྐང་བཀྲས་རྒྱང་རིང་མོ་ནས་བལྟས་པས་སྔོན་བས་ཀྱང་ལྷག་པར་དགའ་བའི་མདངས་བཅས་འོང་བར་མཐོང་ནས། ངོ་མཚར་དུ་གྱུར་ཏེ། ཁྱོད་ཅི་ལ་དགའ་ཞེས་དྲིས་པས། སུ་ཏ་སོ་མས། བདག་གི་སྦྱིན་པ་ཆེན་པོ་ཡང་བྱིན། དམ་པའི་ཆོས་ཀྱང་ཐོས་ནས་ཡིད་ལ་བཅགས་ཏེ་བསམ་པ་གྲུབ་པས་འདིར་སྲོག་བཏང་ཡང་གསོན་པ་བས་དགའ་འོ་ཞེས་སྨྲས་སོ། །དེར་རྐང་བཀྲས། ཁྱེད་ཀྱིས་ཆོས་ཅི་ཞིག་ཐོས་པ་ཁོ་བོ་ལ་ཡང་སྨྲོས་ཤིག སུ་ཏ་སོ་མས་ཚིགས་སུ་བཅད་པ་ཇི་སྐད་དུ་ཐོས་པ་ཡང་སྨྲས། གཞན་ཡང་ཐབས་མཁས་ཀྱིས་སྲོག་བཅད་ཀྱི་ཉེས་པ་དང་། སྡིག་པའི་རྣམ་སྨིན་སྲོག་གཅོད་སྤོང་བའི་ཕན་ཡོན་དང་བསོད་ནམས་ཀྱི་འབྲས་བུ། བྱམས་པའི་སེམས་རྣམས་རྒྱས་པར་བསྟན་པས། སྲིན་པོ་རྐང་བཀྲ་རབ་ཏུ་དགའ་ཞིང་མགུ་ནས། སྤྱི་བོས་ཕྱག་འཚལ་ཏེ་སྲོག་གཅོད་པ་སྤངས་ཤིང་། རྒྱལ་བུ་བྲག་ཕུག་ཏུ་བཅུག་པ་རྣམས་ཀྱང་སོ་སོའི་ཡུལ་དུ་བསྐྱལ་ལོ། །དེ་ནས་སུ་ཏ་སོ་མས་དཔུང་གི་ཚོགས་བཤམས་ཏེ་རྒྱལ་པོ་རྐང་བཀྲ་བསུས་ནས་ཕྱིར་ཡང་རྒྱལ་པོར་བཅུག་གོ །དེའི་བར་ལ་དྲང་སྲོང་གིས་དམོད་པ་བོར་བའི་ལོ་བཅུ་གཉིས་ཀྱང་ཚང་བས། དེ་ཕྱིན་ཆད་མིའི་ཤ་ཡང་མི་ཟ་སྟེ། སྔོན་བཞིན་དུ་རྒྱལ་པོ་བྱས་སོ། །དེའི་དུས་ཀྱི་སུ་ཏ་སོ་མ་ནི་ད་ལྟར་ང་ཡིན་ལ། རྒྱལ་པོ་རྐང་བཀྲ་དེ་ནི་སོར་ཕྲེང་ཅན་དང་། དེ་དུས་ཟོས་པའི་མི་རྣམས་ནི་ད་ལྟར་སོར་ཕྲེང་ཅན་གྱིས་བསད་པའི་མི་རྣམས་ཏེ། མི་འདི་དག་གང་དུ་སྐྱེས་ཀྱང་རྟག་པར་སོར་ཕྲེང་ཅན་གྱི་བསད་པར་གྱུར་ལ། ངས་ཀྱང་སྐྱེ་བ་ཐམས་ཅད་དུ་དགེ་བ་ལ་བཀོད་པར་གྱུར་ཏོ། །གསུངས་པ་དང་། གསལ་རྒྱལ་གྱིས་མི་འདི་དག་སྔོན་ཅི་ཞིག་བགྱིས་པས་སྐྱེ་བ་ཐམས་ཅད་དུ་སོར་ཕྲེང་ཅན་གྱིས་གསོད་པར་གྱུར། བཀའ་སྩལ་པ། སྔོན་བསྐལ་པ་གྲངས་མེད་པའི་ཕ་རོལ་ན། ཡུལ་ཝཱ་རཱ་ཎ་སཱིར་རྒྱལ་པོ་བ་ལ་དར་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ལ་སྲས་གཉིས་ཡོད་པའི་ཆུང་ཤོས་ཀྱིས། བདག་གི་ཕུ་བོ་ནི་རྒྱལ་པོར་འགྱུར་གྱི་བདག་གིས་སྲིད་མི་ཐོབ་པས་དབེན་པར་སོང་ནས་དྲང་སྲོང་གི་ལམ་བཙལ་བར་བྱའོ་སྙམ་ནས་ཡབ་ལ་ཞུས་པས་ཀྱང་གནང་སྟེ་དབེན་པར་སོང་ངོ་། །དེ་ནས་ལོ་མང་ཞིག་ལོན་པ་ན། ཡབ་རྒྱལ་པོ་ཚེ་འཕོས་ནས་ཕུ་བོ་རྒྱལ་སར་བསྐོས་ཀྱང་རིང་པོར་མི་ཐོགས་པར་དེ་ཡང་གཤེགས་ཏེ་རྒྱལ་པོ་བྱེད་པ་མེད་པར་གྱུར་ནས། བློན་པོ་རྣམས་གྲོས་བྱས་ཏེ་སྲས་ཆུང་བ་ཚོལ་དུ་ནགས་སུ་ཕྱིན་ནས་བཙལ་བས་རྙེད་དེ། དེ་ལ་ཁྱོད་ཀྱིས་རྒྱལ་པོ་བྱ་དགོས་སོ་སྨྲས་པ་དང་། དྲང་སྲོང་གིས་ཚིག་འདི་ནི་འཇིགས་སུ་རུང་སྟེ་ཁོ་བོ་དབེན་པ་འདི་ན་རབ་ཏུ་བདེ་སྟེ་མྱ་ངན་ཅི་ཡང་མེད་དོ། །འཇིག་རྟེན་པ་ནི་རང་བཞིན་གྱིས་མ་དུལ་བ་ཡིན་པས་རྒྱལ་པོ་ཡང་གསོད་དུ་འོངས་པས་བདག་གིས་མི་ནུས་སོ། །དེར་བློན་པོ་རྣམས་ཀྱིས་སྙིང་རྗེ་རྗེ་ལྟར་ནན་གྱིས་ཞུས་པས། དྲང་སྲོང་གིས་ཀྱང་མ་བཟོད་ནས་ཕྱིར་ཡུལ་དུ་འོངས་སྟེ། རྒྱལ་པོ་བྱས་སོ། །དྲང་སྲོང་དེ་ཆུང་ངུ་ནས་འདོད་ཆགས་ལ་མ་འབགས་པ་ལས། སྲིད་འཚོ་ཞིང་བགས་ཀྱིས་བུད་མེད་དང་འབགས་པས་ཕྱིར་འདོད་ཆགས་ཆེ་བར་གྱུར་ཏེ་ཉིན་མཚན་དུ་འདོད་ཆགས་བག་མེད་པར་སྤྱོད་ཅིང་། ངའི་ཡུལ་མི་ལ་བུ་མོ་ཡོད་པ་རྣམས་བག་མར་བཏང་ན། སྔར་ང་དང་ཕྲད་པའི་འོག་ཏུ་བག་མར་ཐོངས་ཤིག་ཅེས་ཁྲིམས་བཅས་ཏེ་ཡུལ་གྱི་བུད་མེད་གཞོན་ནུ་མ་ཐམས་ཅད་ལ་མི་རིགས་པར་སྤྱོད་དོ། །དེའི་ཚེ་བུད་མེད་གཅིག་མི་མང་པོ་ཚོགས་པའི་སྔོན་དུ་གཅེར་བུར་ཕྱུང་ནས་གཅིན་གཅི་བ་དང་། ཐམས་ཅད་ཀྱིས་བགད་དེ་ངོ་ཚ་མི་ཤེས་པ་འདིས་ཅི་བྱེད་ཅེས་སྤྱོས་པ་དང་། དེས་བུད་མེད་ཀྱིས་བུད་མེད་ཀྱི་མདུན་དུ་གཅིན་གཅིར་བ་ལ་ངོ་ཚ་ཅི་ཡོད། ཡུལ་འདི་ན་རྒྱལ་པོ་གཅིག་པུ་སྐྱེས་པ་ཡིན་གྱིས་གཞན་ཐམས་ཅད་བུད་མེད་དུ་ངེས་སོ། །ཁྱེད་ཀུན་སྐྱེས་པ་ཡིན་ན་རྒྱལ་པོས་མི་རིགས་པ་འདི་འདྲ་བ་བྱེད་མི་རིགས་སོ། །ཞེས་སྨྲས་པས། ཀུན་ངོ་ཚ་ནས་རྒྱལ་པོ་འདི་མེད་པར་བྱའོ་ཞེས་ཐམས་ཅད་གྲོས་བྱས་ནས་སྐྱེད་ཚལ་དུ་གསང་དམག་སྦས་ནས། རྒྱལ་པོ་ཁྲུས་རྫིང་དུ་འོང་བ་བཟུང་སྟེ། བློན་པོ་རྣམས་ཀྱིས། རྒྱལ་པོ་ཆོས་བཞིན་དུ་མ་བྱས་ནས་འདོད་ཆགས་ཀྱི་མྱོས་ཏེ་ཡུལ་མི་རྣམས་ཀྱི་རིགས་བསླད་པས་རྒྱལ་པོ་གཞན་བཙལ་ནས་ཁྱོད་ཉིད་གསོད་པར་བྱའོ་སྨྲས་པས། རྒྱལ་པོ་དེ་སྐྲག་ནས་ཕྱིན་ཆད་མི་བྱེད་པར་ཁས་བླངས་ཀྱང་མ་ཉན་པར་བསད་པར་བརྩམས་པ་ན། དེ་ཁྲོས་ནས། ང་སྔོན་རི་ལ་འདུག་སྟེ་འཇིག་རྟེན་ན་མི་དགའ་བ་ལས་ནན་གྱིས་རྒྱལ་པོར་བཅུག་སྟེ། ད་ནི་ང་གསོད་དོ་གར་སྐྱེས་ཀྱང་ཁྱོད་དང་ང་ཕྲད་དེ་ཁྱོད་ཀྱང་ངས་གསོད་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་སྟེ་བསད་དོ། །དེའི་དུས་ཀྱི་དྲང་སྲོང་དེ་ནི་ད་ལྟར་སོར་ཕྲེང་ཅན་ཡིན་ལ། དེ་དུས་གྲོས་མཐུན་པར་རྒྱལ་པོ་གསོད་པའི་མི་རྣམས་ནི་སོར་ཕྲེང་གིས་བསད་པའི་མི་རྣམས་ཡིན་ཏེ་རྒྱུ་དེས་རྟག་ཏུ་གསོད་པར་གྱུར་ཏོ་གསུངས། ཡང་རྒྱལ་པོས་དགེ་སློང་སོར་ཕྲེང་ཅན་འདིས་མི་འདི་སྙེད་ཅིག་བསད་ན་ད་ལྟར་འབྲས་བུ་ཐོབ་པའི་འོག་ཏུ་རྣམ་པར་སྨིན་པ་མྱོང་བར་འགྱུར་རམ་ཞེས་གསོལ་པ་ན། བཅོམ་ལྡན་འདས་ཀྱིས་སྡིག་པ་བྱས་ན་རྣམ་པར་སྨིན་པ་ངེས་པར་མྱོང་སྟེ། དགེ་སློང་འདི་ཡང་ད་ལྟར་གནས་ཁང་ན་སེམས་ཅན་དམྱལ་བའི་མེ་བ་སྤུའི་ཁུང་བུ་ཀུན་ནས་འབར་ཏེ་སྡུག་བསྔལ་མི་བཟད་པ་མྱོང་ཞིང་འདུག་གོ་ཞེས་བཀའ་སྩལ་ནས། འཁོར་རྣམས་ཡིད་ཆེས་པའི་ཕྱིར། དགེ་སློང་གཅིག་ལ་ལྡེ་མིག་བསྐུར་ནས། སྒོའི་བུ་གར་ཆུ་གཅིག་གསུངས་པས་དེས་ཀྱང་བཅུག་པ་ན་དེ་མ་ཐག་ཏུ་ཞུའོ། །དེར་བཅོམ་ལྡན་འདས་ཀྱི་སྡིག་པ་བྱས་པའི་རྣམ་པར་སྨིན་པ་ནི་འདི་ཡིན་ནོ་ཞེས་བཀའ་སྩལ་པས་རྒྱལ་པོ་དང་འཁོར་རྣམས་ཡིད་ཆེས་པར་གྱུར་ཏོ། །དེའི་ཚེ་ཀུན་དགའ་བོས། དགེ་སློང་སོར་ཕྲེང་ཅན་སྔོན་ལེགས་པ་ཅི་བགྱིས་པས་སྟོབས་རྩལ་ཆེ་ཞིང་བང་མགྱོགས་པར་གྱུར་ལ། བཅོམ་ལྡན་འདས་དང་ཕྲད་དེ་འཁོར་བ་ལས་གྲོལ་བར་གྱུར་ཞེས་གསོལ་བས། བཀའ་སྩལ་པ། སྔོན་སངས་རྒྱས་འོད་སྲུང་གི་ཚེ་དགེ་སློང་དུ་གྱུར་ནས་དགེ་འདུན་གྱི་ལས་བྱེད་པ་ལས། ནམ་ཞིག་ཁུར་ཐོགས་ཏེ་ལམ་དུ་འགྲོ་བ་ན་མཐུ་ཆུང་ཞིང་འགྲོས་བུལ་བས་མགྱོགས་པར་མ་ཕྱིན་ཏེ། ངལ་ཞིང་དུབ་པར་གྱུར་པ་ན། དགེ་སློང་དེས། བདག་མ་འོངས་པའི་དུས་སུ་མཐུ་མི་སྟོང་དང་མཉམ་ཞིང་མགྱོགས་ཁྱད་བྱ་འཕུར་བ་དང་འདྲ་བར་ཤོག་ཅིག མ་འོངས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་གཤེགས་པ་དང་ཕྲད་ནས་འཁོར་བ་ལས་གྲོལ་བར་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་དགེ་སློང་དེ་ནི་སོར་ཕྲེང་ཅན་ཡིན་ཏེ། དེའི་ཚེ་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་བསྲུང་ཏེ། དགེ་འདུན་གྱི་ལས་བྱས་པས་སྨོན་པ་བཞིན་དུ་གྲུབ་པ་ཡིན་ནོ། །ཞེས་གསུངས་པས་འཁོར་རྣམས་ཀྱི་རྣམ་སྨིན་གྱི་འབྲས་བུ་མངོན་དུ་མཐོང་བས་ཡིད་ཆེས་ཏེ། བརྩོན་པས་བྱང་ཆུབ་གསུམ་གྱིས་འབྲས་བུ་ཅི་རིགས་པ་ལ་ཞུགས་པར་གྱུར་ཏོ། །འདིས་ནི་སྲོག་གཅོད་པ་སོགས་ཀྱིས་རྣམ་སྨིན་དང་། དམ་ཆོས་ལེགས་པར་བཤད་པ་དང་དགེ་འདུན་གྱི་ལས་བགྱིས་པ་སོགས་ཀྱི་ཕན་ཡོན་དང་གྲོགས་བཟང་ངན་གྱི་ཁེ་ཉེན་ཀྱང་བསྟན་པ་ཡིན་ནོ། །

ཁེངས་དྲེགས་ཀྱི་ཉེས་པ་དང་། རྟེན་ལ་མར་མེ་ཕུལ་བ་དང་བསམ་པ་རྣམ་པར་དག་པའི་ཕན་ཡོན་ཁྱད་པར་དུ་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་དབུལ་མོ་བསྙེན་དགའ་མོ་ཞེས་པ་འཚོ་བ་སློང་མོ་ལ་ལྟོས་པ་ཞིག་ཡོད་པ་དེས། རྒྱལ་པོ་ལ་སོགས་པའི་སྐྱེ་བོ་དུ་མས་སངས་རྒྱས་འཁོར་དང་བཅས་པ་ལ་བསྙེན་བཀུར་བ་མཐོང་ནས་བདག་གིས་སྔོན་གྱི་ལས་ཅི་ཞིག་བགྱིས་ནས་འདི་ལྟར་དབུལ་བར་གྱུར་ཏེ་བསོད་ནམས་ཀྱི་ཞིང་དང་ཕྲད་ཀྱང་ས་བོན་མི་བདོག་སྙམ་དུ་སེམས་ཤིང་། ཉི་མ་གཅིག་གི་ཐོག་ཐག་ཏུ་བསླངས་ཀྱང་དོང་ཙེ་ག ཅིག་ལས་མ་རྙེད་པས། དེ་ཐོགས་ནས་མར་ཉོར་ཕྱིན་པ་ན་མར་ཚོང་པས། ཁྱོད་ཀྱིས་ཅི་ཞིག་བྱ་དྲིས་པ་དང་། དྲང་པོར་བཤད་པས། དེ་ཡང་དགའ་ནས་མར་ལྷག་པོར་བྱིན་ནོ། །དེར་བསྙེན་དགའ་མོ་རབ་ཏུ་དགའ་ནས། གཙུག་ལག་ཁང་དུ་ཕྱིན་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མར་མེ་བཙུགས་ཏེ། བདག་ད་ལྟར་དབུལ་ཕོངས་ཏེ་མར་མེ་ཆུང་ངུ་འདིས་སངས་རྒྱས་ལ་མཆོད་དོ། །བསོད་ནམས་འདིས་མ་འོངས་པའི་དུས་སུ་བདག་ཤེས་རབ་ཀྱི་མར་མེ་དང་ལྡན་ཏེ་སེམས་ཅན་ཐམས་ཅད་ཀྱི་མུན་པའི་དྲི་མ་བསལ་བར་ཤོག་ཅིག ཅེས་སྨོན་ལམ་བཏབ་བོ། །ཕྱིར་ནང་མར་མེ་གཞན་ཟད་ཀྱང་དབུལ་མོའི་མར་མེ་གཅིག་པུ་མ་ཟད་དེ་མར་དང་སྙིང་པོ་མ་ཉམས་པར་གསར་དུ་སྦར་བ་བཞིན་དུ་གྱུར་པ་ལ། དེའི་ཉིན་གྱི་དུས་འཛིན་པ་འཕགས་པ་མོའུ་འ གལ་གྱི་བུ་ཡིན་པས། མར་མེ་དེ་ཉིད་གསོད་པར་བརྩམས་པ་ན་མ་སོད་དེ། གོས་ཀྱིས་གཡབ་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱོད་ཀྱིས་དེ་བསད་པར་སེམས་ཀྱང་མི་སོད་དེ། ཁྱོད་ཉན་ཐོས་ཀྱིས་བསྒུལ་ཞིང་བསྐྱོད་ནུས་པའང་མ་ཡིན་ནོ། །གལ་ཏེ་ཁྱོད་ཀྱིས་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དྲངས་ཀྱང་སོད་པར་མི་འགྱུར་ཏེ། མར་མེ་འདི་སེམས་ཅན་ཀུན་གྱི་དོན་རྒྱ་ཆེན་པོ་བྱེད་པར་བསམ་པ་ཆེན་པོ་བསྐྱེད་ནས་ཕུལ་བ་ཡིན་ནོ་གསུངས་ནས། བསྙེན་དགའ་མོ་ལ། ཁྱོད་མ་འོངས་པའི་དུས་ན་བསྐལ་པ་གཉིས་འདས་ནས་མངོན་པར་སངས་རྒྱས་ཏེ་མཚན་ཡང་མར་མེ་འོད་ཅེས་བྱ་སྟེ། དབང་བཅུ་དང་ལྡན་པར་འགྱུར་རོ། །ཞེས་ལུང་བསྟན་པས་དེ་ཉིད་རབ་ཏུ་དགའ་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བར་གསོལ་བས། སྟོན་པས་ཀྱང་རྗེས་སུ་གནང་ངོ་། །དེར་ཀུན་དགའ་བོས་དེ་ཉིད་ཀྱི་ལས་ཀྱི་རྒྱུ་ཞུས་པས། བཀའ་སྩལ་པ། སྔོན་འདས་པའི་དུས་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ་བསྙེན་དགའ་མོ་འདི་ཁྱིམ་བདག་ཞིག་གི་ཆུང་མར་གྱུར་ཏེ། སངས་རྒྱས་འཁོར་བཅས་སྤྱན་དྲངས་པ་ན་སྔར་དབུལ་མོ་ཞིག་གི་དྲངས་ཟིན་པས་དེར་གཤེགས་ལ། དབུལ་མོ་དེ་ཡང་ལན་གཅིག་ཕྱིར་མི་ལྡོག་པ་ཞིག་སྟེ། དེའི་ཚེ་ཁྱིམ་བདག་གི་ཆུང་མ་ཁེངས་དྲེགས་ཀྱི་བསམ་པས་ཅིའི་སླད་དུ་བདག་གིས་སྤྱན་དྲངས་པར་མི་གཤེགས་པར་སྤྲང་མོས་སྤྱན་དྲངས་པར་གཤེགས་ཞེས་ཚིག་ངན་སྨྲས་ཏེ། འཕགས་པ་ལ་བརྙས་སྨད་པས་སྐྱེ་བ་ལྔ་བརྒྱའི་བར་དུ་སྤྲང་པོར་གྱུར་ལ། དེའི་ཕྱིར་ཉིན་དུ་སངས་རྒྱས་འཁོར་བཅས་བྱོན་པས་རབ་ཏུ་དགའ་ཞིང་མཆོད་པས། ད་ལྟར་སངས་རྒྱས་དང་ཕྲད་ནས་རབ་ཏུ་བྱུང་ཞིང་ལུང་བསྟན་པ་ཡིན་ནོ་གསུངས། དེའི་ཚེ་རྒྱལ་པོ་དང་། བློན་པོ་དང་། ཡུལ་གྱི་སྐྱེ་བོ་དག་གིས་དབུལ་མོ་སངས་རྒྱས་སུ་ལུང་བསྟན་པ་ཐོས་པས་ལྷག་པར་ཡང་དད་ཅིང་སྤྲོ་བར་འགྱུར་ནས་ཀུན་གྱིས་མར་མེ་སྦྱར་ཏེ་ཕུལ་བས་རྒྱལ་བྱེད་ཀྱི་ཚལ་ཀུན་ཡོངས་སུ་གང་སྟེ། དེ་ལྟར་ཞག་བདུན་གྱི་བར་དུ་རྒྱུན་མ་ཆད་པར་ཕུལ་ལོ། །དེར་ཀུན་དགའ་བོ་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ཀྱི་སྔོན་ཕྲིན་ལས་ཅི་ཞིག་བགྱིས་ན། འདི་ལྟ་བུའི་མར་མེ་ཚད་མེད་པ་དང་ལྡན་པར་གྱུར་ཅེས་གསོལ་པ་ན། བཅོམ་ལྡན་འདས་ཀྱིས་སྔོན་འདས་པའི་དུས་ན་འཛམ་བུ་གླིང་འདིར། རྒྱལ་པོ་པ་སི་ལ་ཞེས་བྱ་བའི་སྲས། དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཕུད་ཅེས་བྱ་བ་འཇིག་རྟེན་དུ་བྱོན་ནས་མངོན་པར་སངས་རྒྱས་པ་ན་ཡབ་རྒྱལ་པོས་སངས་རྒྱས་དགེ་འདུན་དང་བཅས་པ་སྤྱན་དྲངས་ནས་ཟླ་བ་གསུམ་གྱི་བར་དུ་ཆོས་སྟོན་གསོལ་ལོ། །དེའི་ནང་ན་དགེ་སློང་འཕགས་པའི་བཤེས་གཉེན་ཞེས་བྱ་བ་ཞིག་ཟླ་བ་གསུམ་དུ་མར་མེ་སྦྱར་བའི་ཡོན་བདག་ཏུ་ཁས་བླངས་ནས། ཉིན་རེ་བཞིན་ཏུ་གྲོང་དུ་རྒྱུ་ཞིང་། སྐྱེ་བོ་མང་པོ་ལས་མར་དང་འབྲུ་མར་དང་། མེ་མར་དང་སྙིང་པོ་བསླངས་སོ། །དེར་རྒྱལ་པོའི་བུ་མོ་ཐུབ་པ་ཞེས་པས་མཐོང་ནས་དགེ་སློང་ལ་རྒྱུ་མཚན་དྲིས་པ་དང་། དགེ་སློང་གི་ལོ་རྒྱུས་ཞིབ་པར་བསྙད་པས། བུ་མོ་དེ་རབ་ཏུ་དགའ་ནས་དགེ་སློང་དེ་ལ། ད་ཕྱིན་ཆད་དེ་ལྟར་འགྲོ་མི་དགོས་ཀྱི་མེ་མར་གྱི་ཡོ་བྱད་ཁོ་མོས་སྦྱར་གྱིས་ལོངས་ཤིག་སྨྲས་པས། དགེ་སློང་གིས་ཀྱང་དེ་བཞིན་དུ་བྱའོ་ཞེས་སྨྲས་ནས། དེ་ཕྱིན་གྱི་ཡོ་བྱད་གང་དགོས་དེ་ནས་བླངས་ཏེ་ཉིན་རེ་བཞིན་དུ་མར་མེ་ཕུལ་ནས། ཀུན་ལ་ཕན་པའི་དོན་རྒྱ་ཆེན་པོའི་སེམས་བསྐྱེད་པས། བཅོམ་ལྡན་འདས་ཀྱི་དགེ་སློང་དེ་ལ། མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་འདས་ནས་མངོན་པར་འཚང་རྒྱ་སྟེ་མཚན་ཡང་མར་མེ་མཛད་ཅེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། དེར་རྒྱལ་པོའི་བུ་མོས་ཐོས་པ་ན། སངས་རྒྱས་ལ་ཕུལ་བའི་མར་མེ་ནི་བདག་གིས་སྦྱར་ཏེ། དགེ་སློང་དེས་བསྐུལ་བ་ཙམ་བྱས་ཀྱང་ལུང་བསྟན་ན་བདག་ལ་ནི་ལུང་མ་བསྟན་ནོ། །སྙམ་དུ་བསམ་ནས། བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་སྟེ་དོན་དེ་དྲང་པོར་གསོལ་པ་དང་བཅོམ་ལྡན་འདས་ཀྱིས། བུ་མོ་ཐུབ་པ་ཁྱོད་མ་འོངས་པའི་དུས་ན་བསྐལ་པ་གྲང་མེད་པ་དགུ་བཅུ་རྩ་གཅིག་འདས་ནས་མངོན་པར་འཚང་རྒྱ་སྟེ། མཚན་ཡང་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེར་བུ་མོའང་རབ་ཏུ་དགའ་ནས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ཞིང་བརྩོན་འགྲུས་རྩོམ་མོ། །དེའི་དུས་ཀྱི་དགེ་སློང་འཕགས་པའི་བཤེས་གཉེན་ནི་སྔོན་འདས་པའི་སངས་རྒྱས་མར་མེ་མཛད་ཡིན་ལ། རྒྱལ་པོའི་བུ་མོ་ཐུབ་པ་ནི་ད་ལྟར་ང་ཡིན་ཏེ། སྔོན་མར་མེ་ཕུལ་བས་བསྐལ་པ་གྲངས་མེད་པའི་བར་དུ་ལྷ་དང་མི་ཡི་གནས་ན་བསོད་ནམས་མྱོང་སྟེ་གཟུགས་ཀྱང་གཞན་ལས་འཕགས་པར་བཟང་ཞིང་། ད་ལྟར་མངོན་པར་སངས་རྒྱས་ནས་ཀྱང་མར་མེ་མང་པོ་དང་ལྡན་པར་གྱུར་ཏོ་གསུངས། འདིས་ནི་ཁེངས་དྲེགས་ཀྱི་ཉེས་པ་དང་། རྟེན་ལ་མར་མེ་ཕུལ་བ་དང་བསམ་པ་རྣམ་པར་དག་པའི་ཕན་ཡོན་ཁྱད་པར་དུ་བསྟན་པ་ཡིན་ནོ། །

སྦྱིན་པའི་འབྲས་བུ་དང་སྨོན་ལམ་གྱིས་ཁྱད་པ།

༈ ཡང་སྟོན་པ་རྒྱལ་པོའི་ཁབ་བྱ་རྒོད་སྤུངས་པའི་རི་ལ་བཞུགས་པའི་ཚེ། ཡུལ་དེ་ན་ཁྱིམ་བདག་པི་ཤི་རི་ཙི་ཞེས་བྱ་བ་ཤིན་ཏུ་ཕྱུག་ཅིང་ལོངས་སྤྱོད་དང་ལྡན་པ་ཞིག་ལ། བུ་བ་ཤིཾ་ཙ་ར་ཞེས་བྱ་བ་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་པ་དེ་གྲོང་ཁྱེར་དུ་རྩེ་ཞིང་སོང་བ་ལས། རིགས་ངན་གྱི་བུ་མོ་མཛེས་མ་ཞིག་མཐོང་ནས་དེ་ལ་ཆགས་ཏེ་ཕ་མ་ལ་དེ་ཉིད་ཆུང་མར་ལེན་པར་གསོལ་པ་ན་ཕ་མས་བདག་ཅག་ཆོ་རིགས་བཙུན་པ་ཡིན་པས་མི་རུང་ངོ་ཞེས་བཟློག་ཀྱང་མ་ཉན་ནས་བུ་མོ་དེ་སློང་དུ་བཏང་བ་ན་དེའི་ཕ་མས། གལ་ཏེ་བདག་གི་དམག་པར་བྱ་ན་གླུ་གར་དང་རྩེད་མོའི་རིགས་ཐམས་ཅད་ལ་མཁས་པར་གྱིས་ཤིག་སྨྲས་པས། དེས་ཀྱང་སྦྱངས་ནས་མཁས་པར་གྱུར་ཏེ་རྒྱལ་པོའི་རོལ་མོ་པ་བྱས་པས། ཐག་འཛེགས་ལས་ལྷུང་ནས་སྨྲེ་སྔགས་འབྱིན་པ་ལ་འཕགས་པ་མོའུ་འགལ་གྱི་བུས་བར་སྣང་ནས་ཕྱག་གིས་བཟུང་ནས་ཁྱོད་ལུས་སྲོག་མ་ཡལ་བར་རབ་ཏུ་བྱུང་ངམ། འོན་ཏེ་ས་ལ་ལྷུང་ཏེ་བུ་མོ་ཆུང་མར་བླང་བར་བྱ་ཞེས་གསུངས་པས། དེས་སྲོག་མ་ཡལ་ན་ཆུང་མ་མི་འདོད་དོ་ཞེས་སྨྲས་པ་དང་བདེ་བར་ས་ལ་བཞག་པས། ཁྱེའུ་དེ་དགའ་ནས་མོའུ་འགལ་གྱི་ཕྱི་བཞིན་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ནས་ཞབས་ལ་ཕྱག་བྱས་ཤིང་མཆོད་པ་བྱས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་གཏམ་རྒྱས་པར་བསྟན་པས་རྒྱུན་དུ་ཞུགས་པ་ཐོབ་ཅིང་དེར་རབ་ཏུ་བྱུང་བར་གསོལ་བས་སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་ན་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེར་བཅོམ་ལྡན་འདས་ཀྱིས། དགེ་སློང་དེ་ཡུལ་ཝཱ་རཱ་ཎ་སཱིར་ཁྱིམ་བདག་ཞིག་གི་བུར་གྱུར་པའི་ཚེ། རྒྱལ་པོའི་བུ་མོ་ལ་ཆགས་ཏེ་འཁྲིག་པ་སྤྱད་པའི་རྐྱེན་གྱིས་རྒྱལ་པོས་གསོད་དུ་བཅུག་པ་ནའང་མོང་འགལ་གྱི་བུ་རྒྱ་མཚོའི་བྱར་གྱུར་པས་སྲོག་བཏོན་པའི་ལོ་རྒྱུས་ཀྱང་གསུངས་ཤིང་། ཁྱད་པར་དགེ་སློང་འདི་ཡིད་གཞུངས་ཤིང་ཟག་པ་མེད་པའི་འབྲས་བུ་ཐོབ་པ་ནི་སྔོན་འདས་པའི་དུས་ཡུལ་ཝཱ་རཱ་ཎ་སཱི་འདིར་ཁྱིམ་བདག་གཅིག་ལ་རང་སངས་རྒྱས་ཞིག་གིས་བསོད་སྙོམས་སློང་བ་ལས། ཁྱིམ་བདག་དེས་བསོད་སྙོམས་ཕུལ་ཏེ། ཆོས་སྟོན་པར་གསོལ་པ་དང་། དེའི་ཚེ་རང་སངས་རྒྱས་དེས་ཆོས་བསྟན་མི་ནུས་སོ་ཞེས་སྨྲས་ནས་ལྷུང་བཟེད་ནམ་མཁའ་ལ་བསྐྱུར་ནས་འཕུར་ཏེ་སོང་ངོ་། །དེ་ནས་ཁྱིམ་བདག་དེས། སྐྱེས་བུ་དེའི་རྫུ་འཕྲུལ་གྱི་མཐུ་ནི་ཆེ་ན། དམ་པའི་ཆོས་བསྟན་མི་ནུས་པ་ལྟ་བ་དག་མ་འོངས་པའི་དུས་སུ་འཕགས་པ་དང་ཕྲད་དེ། སྐྱེས་བུ་འདི་བས་ལྷག་པར་དམ་པའི་ཆོས་བསྟན་པ་ལ་ཟད་མི་ཤེས་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་རྐྱེན་གྱིས་ཡིད་གཞུངས་ཤིང་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ཡིན་ནོ་གསུངས། འདིས་ཀྱང་སྦྱིན་པའི་འབྲས་བུ་དང་སྨོན་ལམ་གྱིས་ཁྱད་པར་སོགས་བསྟན་ཏོ། །

བྱང་ཆུབ་སེམས་དཔའི་ཤེས་རབ་དང་ཐབས་མཁས་ཀྱི་ཁྱད་པར་དང་། རྩོད་པའི་ཞལ་ལྕེ་ཆོས་ཕྱོགས་སུ་ཞི་བར་བྱེད་དགོས་པར་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་བྲམ་ཟེ་ཕྱིན་ཏེ་ལོ་ཤུ་ཤ་ཞེས་པ་བུ་ནི་མེད་ཅིང་། བུ་མོ་བདུན་ཡོད་པ། རབ་ཏུ་དབུལ་ཞིང་ཆུང་མ་དང་། བུ་མོ་དང་། མག་པ་དག་གིས་ཀྱང་གཤེ་བར་བྱེད་པ་ལས། ནམ་ཞིག་ཞིང་བརྔ་རན་ནས་ཁྱིམ་མཚེས་ཤིག་ལས་བ་ལང་ཞིག་གཡར་བ་ཡང་བོར་ནས་སྡུག་བསྔལ་བར་གྱུར་པ་ལ། རྒྱང་མ་ནས་དེ་བཞིན་གཤེགས་པ་ཤིང་དྲུང་ན་དབང་པོ་ཀུན་ཞི་ཞིང་བདེ་བར་བཞུགས་པ་མཐོང་ནས་བྲམ་ཟེས་བསམ་པ། དགེ་སྦྱོང་ག་ཏ་མ་ནི་རབ་ཏུ་བདེ་བ་བསྐྱེད་དོ། །དེ་ལ་ཆུང་མས་སྤྱོ་བ་ཡང་མེད། བུ་མོ་ངན་པ་དང་མག་པས་གཙེས་པ་ཡང་མེད། ཞིང་བརྔ་རན་ཏེ་གླང་གཡར་ཀྱང་མི་དགོས་ཏེ། མྱ་ངན་མེད་དོ་སྙམ་མོ། །དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ཏེ། ཁྱོད་རབ་ཏུ་བྱུང་བར་དགའ་འམ་ཞེས་བཀའ་སྩལ་པ་དང་། བྲམ་ཟེས། བཅོམ་ལྡན་འདས་ཀྱིས་གནང་ན་བདག་རབ་ཏུ་བྱུང་ངོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ་ཞེས་བཀའ་སྩལ་པ་དང་། སྐྲ་དང་ཁ་སྤུ་རང་བྱི་སྟེ་དགེ་སློང་དུ་གྱུར་ནས་ཆོས་བསྟན་པས་དགྲ་བཅོམ་པར་གྱུར་ཏོ། །དེར་ཀུན་དགའ་བོ་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་འདི་ད་ལྟར་འབའ་ཞིག་ཏུ་མ་ཟད་ཀྱི་སྔོན་གྱི་དུས་ཀྱང་ཉེས་པ་ཀུན་ལས་ཐར་ཞིང་བདེ་བར་བྱས་པ་ཡིན་ཏེ། སྔོན་བསྐལ་པ་གྲངས་མེད་པའི་ཕ་རོལ་ཏུ་རྒྱལ་པོ་མཛེས་པ་ཞེས་བྱ་བ་ཞིག་བྱུང་སྟེ་རྒྱལ་སྲིད་ཆོས་བཞིན་དུ་འཚོའོ། །དེའི་ཚེ་ཡུལ་དེ་ན་བྲམ་ཟེ་དབྱུག་པ་ཅན་ཞེས་དབུལ་ཞིང་ཕོངས་པ་ཞིག་ཡོད་པ་དེས་ཁྱིམ་བདག་གཞན་ཞིག་ལས་གླང་ཞིག་གཡར་ཏེ་ཉིན་པར་སྤྱད་ནས་ནུབ་མོ་དེའི་ཁྱིམ་དུ་བཏང་བས་སྟོར་ནས་དེ་གཉིས་རྩོད་པར་གྱུར་ཏེ་རྒྱལ་པོའི་དྲུང་དུ་འོང་བ་ན། ལམ་དུ་མི་གཞན་ཞིག་གིས་རྟ་རྒོད་མ་ཞིག་བྲོས་པ་ལ། དེ་མ་བཏང་ཞེས་སྨྲས་པས་དབྱུག་པ་ཅན་གྱི་རྡོ་འཕངས་པས་རྒོད་མའི་རྐང་པ་བཅག་པས། དེས་ཀྱང་ཚུར་ཤོག་རྒྱལ་པོའི་དྲུང་དུ་འདོང་ཞེས་སྨྲས་སོ། །དེ་དག་དེར་སོང་བ་དང་དབྱུག་པ་ཅན་བྲོས་པར་བརྩམ་སྟེ། རྩིག་པ་ཞིག་གི་སྟེང་ན་མཆོངས་པས་ཐགས་འཐག་པའི་ཐགས་པ་ཞིག་གི་སྟེང་དུ་ལྷུང་ནས་དེ་ཚེ་འཕོས་པ་དང་། དེའི་ཆུང་མས་དབྱུག་པ་ཅན་བཟུང་ནས་རྒྱལ་པོའི་དྲུང་དུ་ཁྲིད་དོ། །ལམ་དུ་ཆུ་གཏིང་ཟབ་ཅིག་གི་ནང་ནས་ཤིང་མཁན་ཞིག་སྟེའུ་ཁ་ནས་བཟུང་སྟེ་འོངས་པ་ལ། དབྱུག་པ་ཅན་གྱིས་ཆུའི་གཏིང་ཇི་ཙམ་ཟབ་དྲིས་པ་དང་ཆུའི་གཏིང་ཟབ་བོ་ཞེས་སྨྲས་པས་སྟེའུ་ཆུར་ལྷུང་སྟེ་མ་རྙེད་པས་དེ་ཡང་རྒྱལ་པོའི་དྲུང་དུ་འོང་ངོ་། །དེ་ནས་དབྱུག་པ་ཅན་ལུས་ངལ་ཏེ་ཆང་འཚོང་གི་ཁྱིམ་དུ་སོང་སྟེ་ཆང་བླངས་པ་དང་ཆང་འཚོང་བ་དེ་ལ་བུ་ཕོ་བཙས་པ་གོས་ཀྱིས་གཡོགས་ཏེ་བསྙལ་བའི་སྟེང་དུ་བསྡད་པས་དེ་སྲོག་དང་བྲལ་བ་ན། དེས་བུ་བསད་དོ་ཞེས་རྒྱལ་པོའི་དྲུང་དུ་འོང་ངོ་། །དེ་དག་སོང་བའི་ལམ་དུ་ཤིང་ཤ་ཀོ་ཏ་ཀ་དེ་ལ་བྱ་རོག་ཞིག་འདུག་པ་དེས། དབྱུག་པ་ཅན་ལ་ཁྱོད་རྒྱལ་བུའི་དྲུང་དུ་འགྲོ་ན། བདག་ཤིང་གཞན་གྱི་སྟེང་ན་འདུག་ཚེ་སྐད་མི་སྙན་ལ། འདིའི་ཁར་འོངས་པ་ན་སྐད་སྙན་ཞིང་ངོ་མཚར་ན་དེའི་རྒྱུ་ཞུས་ཤིག ཡང་སྦྲུལ་ཞིག་གིས་བདག་ཁུང་ནས་ཕྱིར་འབྱུང་བའི་ཚེ་ན་བདེ། སླར་འཇུག་པའི་ཚེ་ན་སྡུག་བསྔལ་ན་དེའི་རྒྱུ་དྲིས་ཤིག ཡང་བག་མ་གསར་པ་ཞིག་གིས། ནམ་ཁོ་མོ་ཕ་མའི་ཁྱིམ་ན་འདུག་པའི་ཚེ་གྱོས་པོའི་ཁྱིམ་འདོད་ལ། གྱོས་པོའི་ཁྱིམ་ན་འདུག་པའི་ཚེ་ཕ་མའི་ཁྱིམ་འདོད་ན་དེ་ཅིའི་ཕྱིར་ཞུས་ཤིག་ཅེས་སྨྲས་སོ། །དེ་དག་རྒྱལ་པོའི་དྲུང་དུ་ཕྱིན་ནས་ཕྱག་འཚལ་ཏེ། དེ་དག་གིས་རྩོད་པའི་དོན་རྣམས་སྨྲས་པ་ན། རྒྱལ་པོས་དབྱུག་པ་ཅན་ལ་ཁྱོད་ཀྱིས་གླང་གཡར་རམ། གཡར་རོ། །འོ་ན་ཕྱིར་བྱིན་ནམ། གླང་བདག་གིས་མཐོང་བར་བྱིན་ཏོ། །ཁས་ཚིག་གིས་ནི་མ་གཏོད། རྒྱལ་པོས་སྨྲས་པ་དབྱུག་པ་ཅན་གྱིས་གླང་བྱིན་ཏེ་མ་སྨྲས་པ་ལྕེ་ཆོད་ཅིག གླང་བདག་གིས་གླང་འོང་བར་མཐོང་ནས་མ་བཏགས་པས་མིག་ཕྱུངས་ཤིག གླང་བདག་གིས། དབྱུག་པ་ཅན་གྱིས་གཅིག་ཏུ་བདག་གི་གླང་ཕྲོགས། གཉིས་སུ་བདག་གི་མིག་ཕྱུང་བ་བས་དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་སླའོ། །མི་གཅིག་གིས། ལྷ་དབྱུག་པ་ཅན་གྱིས་བདག་གི་རྟ་རྒོད་མ་བཀུམ་མོ། །རྒྱལ་པོས་དབྱུག་པ་ཅན་ལ་ཇི་ལྟར་བསད་དྲིས་པས། བདག་ལམ་དུ་ཞུགས་པའི་ཚེ་མི་འདིས་རྟ་མ་གཏོང་ཞིག་ཟེར་བས་བདག་གིས་རྡོ་ཞིག་འཕངས་པས་རྟ་གུམ་མོ། །རྒྱལ་པོས། རྟ་བདག་གི་རྟ་མ་གཏོང་སྨྲས་པས་ལྕེ་ཆོད། དབྱུག་པ་ཅན་གྱིས་ཐབས་གཞན་གྱིས་མི་བཀག་པར་རྡོ་འཕངས་པས་ལག་པ་ཆོད་ཅིག རྟ་བདག་གིས། གཅིག་ཏུ་བདག་གི་རྟ་བསད། གཉིས་སུ་བདག་གི་ལྕེ་བཅད་པ་བས་དབྱུག་པ་ཅན་རྒྱལ་ཡང་སླའོ། །ཤིང་མཁན་གྱིས། འདིས་བདག་ལ་ཆུའི་གཏིང་ཇི་ཙམ་ཟབ་དྲིས་པས་སྟེའུ་ཆུར་ཤོར་རོ། །རྒྱལ་པོས། རྫས་ཅི་ཁྱེར་ཀྱང་ཕྲག་པར་ཐོག་རིགས་པ་ལ། ཁ་ནས་ཁྱེར་བཞིན་གཏམ་སྨྲས་པས་ཤིང་མཁན་གྱི་མདུན་སོ་གཉིས་ཕྱུངས་ཤིག དབྱུག་པ་ཅན་གྱིས་དྲིས་པས་ལྕེ་ཆོད་ཅིག ཤིང་མཁན་གྱིས། གཅིག་ཏུ་བདག་གི་སྟེའུ་སྟོར་གཉིས་སུ་སོ་བཅག་པ་བས་དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་སླའོ། །ཆང་འཚོང་མས་འདིས་བདག་གི་བུ་བསད་དོ། །དབྱུག་པ་ཅན་གྱིས་བདག་ངལ་བས་ཆང་སློང་དུ་སོང་ནས་སྟན་ལ་མ་བལྟས་པར་འདུག་པས་འོག་ན་བུ་ཡོད་པར་མ་ཚོར་བར་གུམ་མོ། །རྒྱལ་པོས་སྨྲས་པ། ཆང་འཚོང་མ་ཁྱོད་བུ་སྒོར་བསྙལ་ལ་གོས་ཀྱིས་མི་མཐོང་བར་གཡོགས་པས་ཉེས་སོ། །དབྱུག་པ་ཅན་སྟན་ལ་མ་བརྟགས་པར་འདུག་པས་ཉེས་ཀྱི་དབྱུག་པ་ཅན་ཁྱོད་འདིའི་ཁྱོ་བྱོས་ལ་བུ་ཡོད་པར་གྱིས་ཤིག ཆང་འཚོང་མས་གཅིག་ཏུ་བདག་གི་བུ་བསད། གཉིས་སུ་ན་བདག་གི་ཁྱོ་བྱེད་པ་བས་དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་སླའོ། །ཐགས་པའི་ཆུང་མས། འདིས་བདག་གི་ཁྱོ་བཀུམ་མོ་དབྱུག་པ་ཅན་གྱི་བདག་དགྲ་མང་བས་འཇིགས་ཏེ་རྩིག་པ་ལས་བརྒལ་ནས་བྲོས་སྙམ་པས་ཕག་ན་མི་ཡོད་པ་མ་མཐོང་སྟེ་གུམ་མོ། །རྒྱལ་པོས་སྨྲས་པ། སོང་ལ་འདི་ཉིད་ཀྱི་ཁྱོ་བྱོས་ཤིག དེས་སྨྲས་པ། གཅིག་ཏུ་བདག་གི་ཁྱོ་བསད། གཉིས་སུ་འདིས་ཁྱོ་བྱེད་པ་བས་དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་སླའོ། །དེ་དག་སོ་སོར་ཞལ་ལྕེ་དེ་ལྟར་བཅད་དེ་དབྱུག་པ་ཅན་ཉེས་པ་ཀུན་ལས་ཐར་རོ། །རྒྱལ་པོ་དེའི་དྲུང་ན་བུད་མེད་གཉིས་ཤིག་བུ་གཅིག་ལ་རྩོད་པ་ན། རྒྱལ་པོ་བློ་མཁས་པས་བརྟགས་ནས་བུད་མེད་གཉིས་ལ་འདི་སྐད་བསྒོའོ། །ཁྱོད་གཉིས་ཀྱི་བུའི་ལག་པ་རེ་རེ་ནས་བཟུང་སྟེ་དྲོངས་ལ་གང་གིས་ཐོབ་པ་དེས་བུ་ཁྱེར་ཅིག བུའི་མ་མ་ཡིན་པ་དེས་བུ་ལ་སྙིང་རྗེ་མེད་པས་སྣད་ཀྱིས་མ་དོགས་ཏེ་མཐུ་ཅི་ཡོད་པས་དྲངས་སོ། །མ་གང་ཡིན་པ་དེས་དལ་གྱིས་འདྲེན་པས་དེའི་བུ་ཡིན་པར་བྱས་ཏེ་བུ་ཁྱེར་རོ། །དེ་ནས་ཡང་མི་གཉིས་ཀྱིས་རས་ཡུག་གཅིག་ལ་རྩོད་ནས་རྒྱལ་པོའི་དྲུང་དུ་ལྷགས་པ་ན། ཞལ་ལྕེ་གོང་བཞིན་དུ་བཅད་དོ། །དེ་ནས་དབྱུག་པ་ཅན་གྱིས་རྒྱལ་པོ་ལ་སྔར་གྱི་ཕྲིན་རྣམས་ཞུས་པ་དང་། རྒྱལ་པོས། སྦྲུལ་དེ་ལ་ཁྱོད་མི་ཁྲོ་ཞིང་བཀྲེས་པས་ཁུང་ནས་ཕྱིར་འབྱུང་བའི་ཚེ་བདེ་ལ། ཕྱིར་བྱུང་ནས་ཁ་ཟས་མང་དུ་ཟོས་པ་དང་བྱ་རྣམས་ཀྱིས་གཙེས་པས་ཁྱོད་ཁྲོས་ནས་སྦོམ་པར་གྱུར་པས་སླར་འཇུག་པའི་ཚེ་ཁུང་བུར་ཐོགས་ནས་སྡུག་བསྔལ་ལོ། །ཁྱོད་ད་སྟེ་ཟས་ཀྱི་ཚོད་ཤེས་ལ་མི་ཁྲོ་ན་ཇི་ལྟར་ཕྱིར་འབྱུང་བ་དང་འདྲ་བར་བདེ་བར་འཇུག་གོ་ཞེས་སྨྲོས་ཤིག ན་ཆུང་གཞོན་ནུ་མ་དེ། ཁྱོད་ཕ་མའི་ཁྱིམ་ན་མཛའ་བོ་ཞིག་འདུག་སྟེ། གྱོས་པོའི་ཁྱིམ་ན་འདུག་པའི་ཚེ་དེ་ལ་ཆགས་ནས་ཕ་མའི་ཁྱིམ་དུ་འགྲོ་འདོད་ལ་ཕ་མའི་ཁྱིམ་དུ་འདུག་ཚེ་མཛའ་བོས་སྐྱོ་སྟེ་ཁྱོ་ལ་ཆགས་པས་གྱོས་པོའི་ཁྱིམ་དུ་འགྲོ་འདོད་པ་ཡིན་པས། གནས་གཅིག་སྤོངས་ལ་གཅིག་ལེགས་པར་ཟུངས་ཤིག་དང་། དེ་ལྟ་བུའི་གནོད་པ་མེད་པར་འགྱུར་རོ་ཞེས་སྨྲོས་ཤིག བྱ་རོག་གི་ཕྲིན་དེ་ལ་ཤིང་དེའི་དྲུང་ན་གསེར་ཡོད་པས་ཁྱོད་ཀྱི་སྐད་སྙན་ལ། ཤིང་གཞན་གྱི་དྲུང་ན་མེད་པ་དེ་ལྟར་སྐད་མི་སྙན་ནོ་ཞེས་གྱིས་ཤིག རྒྱལ་པོས་དབྱུག་པ་ཅན་ལ་སྨྲས་པ། ཁྱོད་ལ་ཉེས་པ་མང་དུ་བྱུང་ཡང་ངས་བཏང་ངོ་། །ཁྱོད་ནི་དབུལ་གྱི་ཤིང་གི་འོག་ན་གསེར་གྱི་གཏེར་ཡོད་པ་བརྐོས་ལ་ཁྱེར་ཅིག དེར་དབྱུག་པ་ཅན་གྱིས་ཕྲིན་རྣམས་བསྐྱལ་ཞིང་ཤིང་དྲུང་གི་གཏེར་ཡང་བླངས་པས་བདེ་བར་གྱུར་ཏོ། །དེའི་དུས་གྱི་རྒྱལ་པོ་མཛེས་པ་ནི་ང་ཡིན་པ། བྲམ་ཟེ་དབྱུག་པ་ཅན་ནི་བྲམ་ཟེ་ཕྱིན་ཏེ་ལོ་ཤུ་ཤ་ཡིན་ནོ། །ངས་སྔོན་ཡང་སྡུག་བསྔལ་བ་ལས་ཐར་པར་བྱས་ཏེ། རིན་པོ་ཆེ་བྱིན་ནས་བདེ་ཞིང་སྐྱིད་པར་བྱས་ལ། ད་མངོན་པར་སངས་རྒྱས་ནས་ཀྱང་སྡུག་བསྔལ་བ་ལས་ཐར་པར་བྱས་ཏེ། ཟད་མི་ཤེས་པའི་ཆོས་རིན་པོ་ཆེའི་གཏེར་བྱིན་ནོ་གསུངས། འདིས་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་དང་ཐབས་མཁས་ཀྱི་ཁྱད་པར་དང་། རྩོད་པའི་ཞལ་ལྕེ་ཆོས་ཕྱོགས་སུ་ཞི་བར་བྱེད་དགོས་པར་བསྟན་པའང་ཡིན་ནོ། །

རྟག་ཏུ་སྒོ་གསུམ་རབ་ཏུ་བསྡམས་ཏེ་བག་ཡོད་པ་ལ་གནས་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ་ཡུལ་དེ་ན་བྲམ་ཟེ་ཤིན་ཙིར་ཞེས་བྱ་བ་ཆོ་རིགས་བཙུན་ཞིང་ཕྱུག་པ་ཞིག་ཡོད་པ་ལ་བུ་མེད་ནས། སྟོན་པ་དྲུག་ལ་དྲིས་ཀྱང་བུ་མེད་པར་ལུང་བསྟན་པས་ཤིན་ཏུ་མྱ་ངན་གྱིས་ནོན་པ་ན་བྲམ་ཟེ་དེའི་ཆུང་མ་དགེ་སློང་མ་ཞིག་དང་བཤེས་པས། དེས་སངས་རྒྱས་ལ་ཞུས་ཤིག་དང་ལུང་སྟོན་པར་འགྱུར་རོ་སྨྲས་པས། བྲམ་ཟེ་དགའ་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཁྱོད་ལ་བུ་ཡོད་པར་འགྱུར་ཏེ་བསོད་ནམས་དང་ཡང་ལྡན་ལ། ཆེར་སྐྱེས་ནས་རབ་ཏུ་བྱུང་བ་ལ་དགའ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །དེར་བྲམ་ཟེ་དེ་རབ་ཏུ་དགའ་ནས། བུ་ཡོད་པར་གྱུར་ན་ལྟ། རབ་ཏུ་བྱུང་ཡང་སླ་སྟེ་སྡུག་བསྔལ་མེད་དོ་ཞེས་སྨྲས་ནས། སྟོན་པ་འཁོར་དང་བཅས་པ་སང་གི་གདུགས་ཚོད་ལ་སྤྱན་དྲངས་སོ། །ཕྱི་ཉིན་གདུགས་ཚོད་ལ་བབས་ནས་བྲམ་ཟེའི་ཁྱིམ་དུ་གཤེགས་ནས་བསོད་སྙོམས་གསོལ་ལོ། །དེ་ནས་སྟོན་པ་འཁོར་བཅས་སླར་གཤེགས་པ་ན། ཆུ་མིག་གཙང་མ་ཞིག་གི་དྲུང་དུ་བཞུགས་ནས་ཁྲུས་ཀྱི་བྱ་བ་མཛད་པ་ན། སྤྲེའུ་ཞིག་དེར་འོངས་ནས། ཀུན་དགའ་བོ་ལས་ལྷུང་བཟེད་བླང་པ་དང་། བཅག་གིས་དོགས་ནས་མ་བྱིན་པས། སྟོན་པས་ལྷུང་བཟེད་སྤྲེའུ་ལ་བྱིན་ཅིག་གསུངས། དེར་བྱིན་པ་ན། སྤྲེའུ་དེས་ཤིང་གི་ཁ་ནས་སྦྲང་རྩི་བླངས་ཏེ། ལྷུང་བཟེད་བཀང་ནས་བཅོམ་ལྡན་འདས་ལ་ཕུལ་ལོ། །དེར་བཅོམ་ལྡན་འདས་ཀྱིས་སྲིན་བུའི་རོ་ལ་སོགས་པའི་སྦྲང་རྩིའི་ནང་གི་མི་གཙང་བ་སོལ་ལ་ཆུ་གྲང་མོ་དང་སྦྱོར་ལ་དྲོངས་ཤིག་གསུངས་པས། དེས་དེ་ལྟ ར་སྦྱར་ནས་ཕུལ་བ་ན། སྟོན་པས་བཞེས་ཤིང་། དགེ་འདུན་རྣམས་ལ་ཡང་བགོས་ཏེ་བྱིན་པས་ཐམས་ཅད་ངོམས་པར་གྱུར་ཏོ། །སྤྲེའུ་དེས་དེ་ལྟར་མཐོང་ནས་རབ་ཏུ་དགའ་སྟེ། མཆོངས་པ་དང་གར་བྱེད་པས། གཡངས་སུ་ལྷུང་སྟེ་ཚེའི་དུས་བྱས་ནས། དེ་མ་ཐག་པར་བྲམ་ཟེ་དེའི་བུར་སྐྱེས་ཏེ། ནམ་བཙས་པ་ན་ཁྱིམ་གྱི་ནང་ན་སྣོད་ཅི་ཡོད་པ་དེ་ཐམས་ཅད་སྦྲང་རྩིས་ཡོངས་སུ་གང་བར་གྱུར་པས། མིང་སྦྲང་རྩི་མཆོག་ཅེས་བཏགས། དེར་ཆེར་སྐྱེས་པ་དང་ཕ་མ་ལ་རབ་ཏུ་བྱུང་བར་གསོལ་ཀྱང་ཐོག་མར་མ་གནང་བ་ལ་སླར་ནན་གྱིས་ཞུས་པས་སྔར་སྟོན་པས་གསུངས་པ་དྲན་ནས་གནང་ངོ་། །དེར་ཁྱེའུ་དེ་རབ་ཏུ་དགའ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས། རབ་ཏུ་བྱུང་བར་གསོལ་པ་དང་། སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་ཆོས་བསྟན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ་དགེ་སློང་དག་དང་ཕན་ཚུན་གྲོང་སོགས་སུ་རྒྱུ་བའི་ཚེ་གལ་ཏེ་སྐོམ་མམ་ངལ་ན་ནམ་མཁར་ལྷུང་བཟེད་བོར་བ་སྦྲང་རྩིས་རང་གང་སྟེ་ཀུན་དང་ཐུན་མོང་དུ་འཐུང་བར་བྱེད་དོ། །དེར་ཀུན་དགའ་བོ་ངོ་མཚར་དུ་གྱུར་ཏེ་ལས་ཀྱི་རྒྱུ་ཞུས་པ་ན། སྔར་ཆུ་འགྲམ་དུ་སྦྲང་རྩི་ཕུལ་ཏེ་ཤི་བའི་སྤྲེའུ་དེ་ནི་སྦྲང་རྩི་མཆོག་འདི་ཡིན་ཏེ། བཅོམ་ལྡན་འདས་ལ་དགའ་བའི་སེམས་ཀྱིས་སྦྲང་རྩི་ཕུལ་བས་བྲམ་ཟེའི་བུར་སྐྱེས། གཟུགས་བྱད་བཟང་བ་དང་། རབ་ཏུ་བྱུང་ནས་ཟག་པ་ཟད་པར་གྱུར་ཏོ། །གཞན་ཡང་དགེ་སློང་འདི་ཉིད་སྔོན་གྱི་དུས་སུ་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ་དགེ་སློང་གསར་ཞུགས་གཞོན་ནུ་ཞིག་གྱུར་ཏེ། དེའི་ཚེ་དགེ་སློང་ཞིག་ཡུར་བ་ལ་མཆོང་བར་མཐོང་ནས། ཁྱེད་ནི་རབ་ཏུ་མྱུར་ཏེ་སྤྲེའུ་དང་འདྲའོ། །ཞེས་སྨྲས་པ་ན། དགེ་སློང་དེས། ཁྱོད་ང་མ་འཕྱ་ཞིག ང་ནི་མིང་ཙམ་གྱི་དགེ་སློང་མ་ཡིན་ཏེ། དགེ་སློང་གི་འབྲས་བུ་བཞི་ཡང་ངས་ཐོབ་བོ། །ཞེས་གསུངས་པས་གཞོན་ནུ་དེ་སྔངས་ནས་ཞབས་ལ་ཕྱག་བྱས་ནས་འགྱོད་ཚངས་བྱས་སོ། །དེར་འགྱོད་ཚངས་བྱས་པས་སེམས་ཅན་དམྱལ་བར་མ་སྐྱེས་ཀྱང་དགྲ་བཅོམ་པ་ལ་འཕྱས་པས་སྐྱེ་བ་ལྔ་བརྒྱའི་བར་དུ་རྟག་ཏུ་སྤྲེའུར་སྐྱེས་ཤིང་། དེའི་ཚེ་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་བསྲུངས་པས་ང་དང་ཕྲད་ནས་བཀྲུས་པ་བཞིན་དུ་སྡུག་བསྔལ་ཀུན་ཟད་དོ་གསུངས། འདིས་ནི་སྦྱིན་པའི་ཕན་ཡོན་དང་། ངག་གི་ཉེས་པར་སྤྱོད་པའི་འབྲས་བུ་བསྟན་པ་སྟེ། རྟག་ཏུ་སྒོ་གསུམ་རབ་ཏུ་བསྡམས་ཏེ་བག་ཡོད་པ་ལ་གནས་པར་བྱའོ། །

གཞན་གྱི་ཆོས་བྱེད་པ་ལ་མཐུན་རྐྱེན་སྦྱར་བའི་ཕན་ཡོན་དང་སྨོན་ལམ་གྱི་ཁྱད་པར་ཡང་བསྟན་པ།

༈ ཡང་སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། ཡུལ་ཀོ་ས་ལ་ན། ཁྱིམ་བདག་དམ་ཤིང་ཙིར་ཞེས་པ་ཆེ་ཞིང་བཙན་ལ་ཕྱུག་ཅིང་ནོར་མང་བ་ཞིག་གི་ཆུང་མ་ལ། ཁྱེའུ་བལྟ་ན་སྡུག་པ་ཞིག་བཙས་ཏེ། མིང་དན་བྱི་ལ་ཞེས་པར་བཏགས། དེ་ཉིད་ཆེར་སྐྱེས་ཏེ་ཕ་ཤི་བའི་འོག་ཏུ་ཁྱིམ་གྱི་བདག་པོར་གྱུར་པ་ན། ཁང་ཁྱིམ་ཀུན་རིན་པོ་ཆེ་སྣ་བདུན་དུ་གྱུར་ཅིང་ཡོད་བྱད་ཀྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པར་གྱུར་ཏེ། དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱི་བུ་བཻཌཱུཪྱ་བྱ་བ་ཚད་ནད་ཀྱིས་ཐེབ་པ་ལ་སྨན་པ་རྣམས་ཀྱིས་ཙནྡན་གོར་ཤི་ཤའི་ལྡེ་གུས་ལུས་བཀྲུས་ན་ཕན་ཞེས་སྨྲས་པས། རྒྱལ་པོས་ཀུན་ཏུ་བཙལ་ཏེ་གསེར་སྲང་སྟོང་སྦྱིན་པར་སྨྲས་ཀྱང་སྟེར་མཁན་མ་བྱུང་ནས་ཁྱིམ་བདག་དན་བྱི་ལའི་ཁྱིམ་ན་མང་དུ་ཡོད་པར་ཐོས་ནས་རྒྱལ་པོ་རང་ཉིད་སློང་དུ་ཕྱིན་པ་ན། ཁྱིམ་བདག་གི་ནང་དུ་བསུ་བའི་ཚེ། སྒོ་དང་པོ་དངུལ་ལས་བྱས་པའི་ན ང་དུ་དངུལ་གྱི་ཁྲི་ལ་བུད་མེད་ལྟ་ན་སྡུག་པ་ཞིག་གིས་དངུལ་གྱི་སྐུད་པ་འཁལ་ཞིང་ན་ཆུང་བཟང་མོ་བཅུས་གཡོག་བྱེད་པར་མཐོང་ནས། རྒྱལ་པོས་ཁྱིམ་བདག་ལ་འདི་ཁྱོད་ཀྱི་ཆུང་མ་ཡིན་ནམ་དྲིས་པས་མ་ཡིན་ཏེ་སྒོ་སྲུང་གི་བྲན་མོའོ་སྨྲས་སོ། །ཡང་ཕྱིན་པས་སྒོ་བར་མ་བཻཌཱུཪྱའི་སྒོའི་ནང་དུ་ན་ཆུང་བཟང་མོ་སྔ་མ་བས་ཀྱང་ལྷག་པ་གཡོག་ན་ཆུང་སྔ་མ་བས་ཕྱེད་ཀྱིས་མང་བ་མཐོང་ངོ་། །ཡང་ཕྱིན་པའི་སྒོ་ནང་མ་གསེར་གྱི་སྒོའི་ནང་དུ་སྔ་མ་བས་ཀྱང་བཟང་བའི་བུད་མེད་གཅིག་གསེར་གྱི་ཁྲི་ལ་འདུག་ནས་གསེར་གྱི་ཐགས་འཐག་པ་ལ་གཡོག་སྔ་མ་ལས་ཀྱང་ཤིན་ཏུ་མང་བར་མཐོང་ནས། སྔར་ལྟར་དྲིས་ཀྱང་མ་ཡིན་ནོ། །ཞེས་ཟེར། དེ་ནས་ཁྱིམ་གྱི་ནང་དུ་ཕྱིན་པ་ན། འོག་གཞི་ཀུན་བཻཌཱུཪྱ་ལས་བྱས་པ། ཤིན་ཏུ་གསལ་བ་ཆུའི་མདོག་ལྟ་བུ་ལ་སྟེང་གི་གཟུགས་བརྙན་རྣམས་འཆར་ཞིང་གཡོ་བ་མཐོང་ནས་ཆུ་ཡིན་ནམ་སྙམ་སྟེ་རྒྱལ་པོ་འགྲོ་མ་ནུས་པ་ལ། ཁྱིམ་བདག་གི་སོར་གདུབ་འཕང་བས་གདོད་ཆུ་མ་ཡིན་པར་ཤེས་ནས་ནང་དུ་ཕྱིན་ཏེ་རིན་པོ་ཆེ་སྣ་བདུན་གྱི་ཁང་པའི་ནང་དུ་བཻཌཱུཪྱ་མཐོན་མཐིང་གི་ཁྲི་ལ་རྒྱལ་པོ་བཞུགས་སུ་གསོལ་ལོ། །ཁྱིམ་བདག་གི་ཆུང་མ་ཡང་དེ་ན་འདུག་པ་ལས་མིག་ནས་མཆི་མ་བྱུང་བ་དང་། རྒྱལ་པོས་ཅིའི་ཕྱིར་མིག་ནས་མཆི་མ་བྱུང་། ང་འོང་བ་ལ་མི་དགའ་འམ་ཅི་ཉེས་དྲིས་པས་རྒྱལ་པོ་འདིར་གཤེགས་པ་ནི་ལེགས་ཏེ་དགའ་ན། རྒྱལ་པོའི་ན་བཟའ་ལ་དུད་པའི་དྲི་མ་འདུག་པས་དེས་མཆི་མ་ཤོར་རོ་ཟེར། རྒྱལ་པོས་ཁྱེད་ཀྱི་ཁྱིམ་ན་མེ་མི་འབུད་དམ། མེ་མ་མཆིས་སོ། །འོ་ན་ཁ་ཟས་ཇི་ལྟར་གཡོ་བསམ་པ་ཙམ་གྱིས་ཁ་ཟས་རོ་བརྒྱ་དང་ལྡན་པ་འབྱུང་ངོ་། །མཚན་མོའི་མུན་པ་གང་གི་སེལ། ནོར་བུ་རིན་པོ་ཆེས་སྣང་བར་འགྱུར་ཏེ། སྒོ་བཅད་ཀྱང་སྐར་ཁུང་ནས་ནོར་བུ་རིན་པོ་ཆེའི་འོད་ཀྱིས་ཉིན་པར་དང་འདྲ་བར་སྣང་ངོ་ཟེར། དེར་རྒྱལ་པོས་ཙན་དན་བསྐུར་དགོས་གསུངས་པས་ཁྱིམ་བདག་དགའ་ནས། རྒྱལ་པོ་ཉིད་བང་མཛོད་དུ་གཤེགས་པར་གསོལ་ནས། རིན་ཆེན་སྣ་བདུན་ལ་སོགས་པ་ནོར་གྱི་ཁྱད་པར་ཐམས་ཅད་བསྟན་ནས། ཙནྡན་གྱི་ཕུང་པོའང་ཚད་མེད་པ་བསྟན་ནས་ཅི་འདོད་པ་བཞེས་ཤིག དེར་རྒྱལ་པོས་ཙནྡན་སྲང་གཉིས་བསླངས་ནས། སླར་གཤེགས་པ་དང་། ཁྱིམ་བདག་དེ་ལ་ཁྱོད་སངས་རྒྱས་མཇལ་དུ་སོངས་ཤིག་ཅེས་བསྒོས་པས། ཁྱིམ་བདག་གི་སྔར་སངས་རྒྱས་མ་ཐོས་ནས། སངས་རྒྱས་ཞེས་པ་ཅི་ལྟ་བུ་ཞེས་དྲིས་པས། རྒྱལ་པོས་སངས་རྒྱས་ཀྱི་ཡོན་ཏན་ཞིབ་པར་བཤད་པས། ཁྱིམ་བདག་དེ་ཤིན་ཏུ་དད་པའི་སེམས་སྐྱེས་ནས་སངས་རྒྱས་ཀྱི་སྤྱན་སྔར་ཕྱིན་པ་དང་། ཆོས་བསྟན་པས་རྒྱུན་དུ་ཞུགས་པ་ཐོབ་པར་གྱུར་ཏེ། རབ་ཏུ་བྱུང་བར་གསོལ་པས། སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་ཏེ་འཕགས་པའི་བདེན་པ་བཞིའི་ཆོས་བསྟན་པས། སེམས་རྣམ་པར་གྲོལ་ཏེ་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེའི་ཚེ་ཀུན་དགའ་བོས་ལས་ཀྱི་རྒྱུ་ཞུས་པ་ན། བཀའ་སྩལ་པ། སྔོན་བསྐལ་པ་དགུ་བཅུ་རྩ་གཅིག་འདས་པའི་ཕ་རོལ་ན་སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་བྱོན་ནས་སྐུ་མྱ་ངན་ལས་འདས་ནས་ཀྱང་བསྟན་པ་གཟུགས་བརྙན་ཙམ་དུ་གྱུར་པའི་ཚེ། དགེ་སློང་ལྔ་བརྒྱ་ཙམ་དབེན་པར་གནས་བཅས་ཏེ། ཡིད་མཐུན་པའི་དགེ་སློང་གཅིག་ལ་བསོད་སྙོམས་སློང་བར་གསོལ་པས། དེས་ཀྱང་ཁས་བླངས་ནས། རྟག་ཏུ་གྲོང་དུ་སོང་སྟེ་སྦྱིན་བདག་མང་པོ་ལ་ཆོས་བསྟན་ནས་བསོད་སྙོམས་བསླངས་སོ། །དེའི་ནང་ནས་དགེ་སློང་བཞིས་ཞག་དགུ་བཅུ་ལོན་པ་འབྲས་བུ་ཐོབ་པར་གྱུར་ཏེ། དགེ་སློང་བསོད་སྙོམས་ཀྱིས་འཚོ་བ་སྦྱོར་པ་པོ་དེ་ལ། ཁྱོད་ཀྱི་དྲིན་གྱིས་བདག་ཅག་རབ་ཏུ་བདེ་ཞིང་ཏིང་ངེ་འཛིན་ཀྱང་ཐོབ་པས་ཅི་འདོད་པའི་སྨོན་ལམ་ཐོབ་ཅིག་དང་རེ་བ་བསྐང་ངོ་ཞེས་སྨྲས་པས། དེ་ཡང་རབ་ཏུ་དགའ་སྟེ། བདག་ནི་མ་འོངས་པའི་དུས་སུ་ལྷའམ་མིར་སྐྱེས་ཀྱང་ཕྱུག་ཅིང་ལོངས་སྤྱོད་དང་ལྡན་ཏེ་ཅི་དགོས་པ་ཐམས་ཅད་ཆེད་དུ་མ་བྱས་པར་ཐམས་ཅད་རང་སྐྱེས་པར་གྱུར་ཅིག སློབ་དཔོན་འཕགས་པ་དང་ཕྲད་ནས་ཁྱོད་པས་ཀྱང་བརྒྱ་འགྱུར་སྟོང་འགྱུར་དུ་ཆོས་ཐོས་ནས། སེམས་ཡོངས་སུ་དག་ཅིང་འབྲས་བུ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །རྒྱུ་དེས་བསྐལ་པ་དགུ་བཅུ་རྩ་གཅིག་གིས་བར་དུ་ལྷ་དང་མིའི་ནང་ནས་ཆོ་རིགས་བཙུན་པར་སྐྱེས་ཏེ། དབུལ་ཞིང་ཕོངས་པའི་རིགས་སུ་མ་སྐྱེས་སོ། །ད་ལྟ་ཡང་ང་མཐོང་བ་ཙམ་གྱིས་དད་པ་ཐོབ་པར་གྱུར་ཏོ་གསུངས། འདིས་ནི་གཞན་གྱི་ཆོས་བྱེད་པ་ལ་མཐུན་རྐྱེན་སྦྱར་བའི་ཕན་ཡོན་དང་སྨོན་ལམ་གྱི་ཁྱད་པར་ཡང་བསྟན་པ་ཡིན་ནོ། །

མཆོད་རྟེན་སོགས་རྟེན་རྙིང་པ་ལ་ཞིག་གསོས་བགྱིས་པའི་ཕན་ཡོན་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། ཡུལ་མ་ག་དྷཱ་ན་ཁྱིམ་བདག་གཅིག་ལ་ཁྱེའུ་ལྟ་ན་སྡུག་པ་ཞིག་བཙས་ཏེ། དེ་ཉིད་བཙས་མ་ཐག་པར་བང་མཛོད་དུ་གསེར་གྱི་གླང་པོ་ཆེའི་ཕྲུ་གུ་ཞིག་ཀྱང་བྱུང་བས་ཁྱེའུའི་མིང་ལ་གླང་པོ་སྐྱོང་དུ་བཏགས། ཁྱེའུ་དེ་ཇི་ཙམ་ཆེར་སྐྱེས་པ་བཞིན་དུ་གསེར་གྱི་གླང་པོ་ཆེ་ཡང་ཆེར་སྐྱེས་ཤིང་འགྲོ་སྡོད་ཀྱང་ལྷན་ཅིག་ཏུ་བྱེད་ལ་གླང་པོ་ཆེའི་གཅིན་དང་གཅི་བ་ཐམས་ཅད་གསེར་དུ་བྱུང་ཞིང་། དེའི་གཏམ་རྒྱལ་བུ་མ་སྐྱེས་དགྲས་ཐོས་ནས་བདག་རྒྱལ་པོར་ནམ་གྱུར་པ་ན་འདིའི་གླང་པོ་ཆེ་དེ་འཕྲོག་པར་བྱའོ་སྙམ་དུ་བསམ་པ་ལས། ཕྱིས་རྒྱལ་པོར་གྱུར་པ་དང་། གླང་པོ་སྐྱོང་བོས་ནས་ཁྱོད་ཀྱི་གླང་པོ་ཆེ་འདིར་ཞོག་ལ་སོངས་ཤིག་ཅེས་བསྒོའོ། །དེར་གླང་པོ་སྐྱོང་གིས་རྒྱལ་པོའི་བཀའ་བཞིན་གླང་པོ་ཆེ་ཕོ་བྲང་གི་ནང་དུ་བཞག་ནས་ཕྱིར་སོང་བ་དང་། རིང་པོར་མ་ལོན་པར་གླང་པོ་ཆེ་དེ་ཡང་དེ་ཉིད་དུ་སའི་འོག་ཏུ་ནུབ་ནས་སྒོའི་ཕྱི་རོལ་དུ་གླང་པོ་སྐྱོང་གི་ཐད་ནས་སྟེང་དུ་དོན་ནས་བྱུང་བས། ཁྱིམ་དུ་ཕྱིན་པ་ན། རྒྱལ་པོ་མ་སྐྱེས་དགྲ་ནི་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བ་མ་ཡིིན་གྱི་རང་གི་ཕ་ཡང་གསོད་པར་བྱེད་ན་གཞན་ལ་ལྟ་ཅི་སྨོས་ཀྱི་དེས་ན་གླང་པོ་འདིའི་ཕྱིར་སྲོག་ལ་རྒོལ་བའི་ཉེན་ཡོད་པས་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བར་བྱའོ་སྙམ་དུ་སེམས་ནས་ཁྱེའུས་ཕ་མ་ལ་གསོལ་ནས། གླང་པོ་ཆེ་དེ་ཉིད་ལ་ཞོན་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་བཅོམ་ལྡན་འདས་ལ་རབ་ཏུ་བྱུང་བར་གསོལ་པས། སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་ཏེ་ཆོས་བསྟན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་ཅིང་། གསེར་གྱི་གླང་པོ་ཆེ་དེ་ཡང་རྟག་ཏུ་དྲུང་ན་འདུག་གོ །དེའི་ཚེ་མཉན་ཡོད་པ་ཐམས་ཅད་གསེར་གྱི་གླང་པོ་དེ་ལ་བལྟ་བའི་ཕྱིར་འདུས་ཏེ་འདུ་འཛི་མང་བར་གྱུར་པ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་གླང་པོ་སྐྱོང་ལ་ཁྱོད་ཀྱིས་གླང་པོ་ཆེ་མྱུར་དུ་སྤོངས་ཤིག་ཅེས་བཀའ་སྩལ་པས། བདག་གིས་ཀྱང་སྔ་མོ་ནས་སྤང་བར་བསམས་ཀྱང་འགྲོར་མ་ཉན་ནོ་ཞུས་པས། ཁྱོད་ཀྱིས་གླང་པོ་ཆེ་ལ། ང་ནི་སྐྱེ་བའི་ཕྱོགས་ཟད་དེ་ད་ཕྱིན་ཆད་མི་དགོས་སོ་ཞེས་ལན་གསུམ་དུ་སྨྲོས་ཤིག་དང་མེད་པར་འགྱུར་རོ་ཞེས་གསུངས་པས། དགེ་སློང་གིས་ཀྱང་དེ་ལྟར་སྨྲས་པས་གླང་པོ་ཆེ་དེ་ཡང་སའི་ནང་དུ་ནུབ་བོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས་ལས་ཀྱི་རྒྱུ་ཞུས་པས། སྔོན་ཚེ་ལོ་ཉི་ཁྲི་བའི་དུས་སུ་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་ནས་མྱ་ངན་ལས་འདས་པའི་འོག་ཏུ་རིང་བསྲེལ་མཆོད་རྟེན་མང་དུ་བྱས་པ་ལས། མཆོད་རྟེན་གཅིག་གི་ནང་དུ་བྱང་ཆུབ་སེམས་དཔའ་ཐོག་མར་དགའ་ལྡན་གྱི་གནས་ནས་ཡུམ་གྱི་ལྷུམས་སུ་གཤེགས་དུས་ཀྱི་གླང་པོ་ཆེའི་གཟུགས་ཤིག་ཡོད་པ་དེ་ཕྱིས་ཅུང་ཟད་ཞིག་པར་གྱུར་པ་དང་། སྐྱེ་བོ་དད་པ་ཅན་ཞིག་གིས་མཐོང་ནས་འཇིམ་པས་སླར་གསོས་ཏེ་ལྡོང་རོས་ཀྱིས་བྱུགས་ནས་བདག་མ་འོངས་པའི་དུས་སུ་རྟག་ཏུ་ཆོ་རིགས་བཙུན་ཞིང་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །མི་དེ་ཚེ་འཕོས་ནས་མཐོ་རིས་ཀྱི་ལྷར་སྐྱེས་ཤིང་། དེ་ནས་མིའི་འཇིག་རྟེན་དུ་སྐྱེས་ཏེ། རྟག་ཏུ་ཆོ་རིགས་བཙུན་པ་དང་ལོངས་སྤྱོད་དང་ལྡན་ཞིང་། གཟུགས་བྱད་ཁྱད་པར་དུ་འཕགས་ཤིང་གསེར་གྱི་གླང་པོ་ཆེས་རྟག་ཏུ་སྲུང་བར་གྱུར་ཏོ། །དེའི་དུས་ཀྱི་མི་དེ་ནི་གླང་པོ་སྐྱོང་ཡིན་ཏེ། དེ་ཚུན་ཆད་དུ་ལྷ་དང་མིའི་ནང་ན་ལོངས་སྤྱོད་ཆེན་པོ་དང་ལྡན་པར་གྱུར་ཅིང་། དཀོན་མཆོག་གསུམ་ལ་གུས་ཤིང་བསྟི་སྟང་བྱས་པས་ད་ལྟ་ང་དང་འཕྲད་ནས་བསྟན་པ་ལ་རབ་ཏུ་བྱུང་སྟེ་དགྲ་བཅོམ་པར་གྱུར་ཏོ་གསུངས། འདིས་ནི་མཆོད་རྟེན་སོགས་རྟེན་རྙིང་པ་ལ་ཞིག་གསོས་བགྱིས་པའི་ཕན་ཡོན་བསྟན་པ་ཡིན་ནོ། །

རྟེན་ཁྱད་འཕགས་ལ་སྙན་ཤལ་སོགས་དང་དགེ་འདུན་ལ་ན་བཟའ་ཕུལ་བའི་བསོད་ནམས་ཀྱང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་དུ་བཞུགས་ཏེ། གྲོང་ཁྱེར་ལ་བསོད་སྙོམས་སུ་གཤེགས་པ་ན། དགོས་པའི་དབང་གི་ན་བཟའ་ཅུང་ཟད་རྡོལ་བ་ཞིག་བཞེས་ཏེ་ཕྱིར་ཕེབས་པ་ན། དེ་བྲམ་ཟེ་ཞིག་གིས་མཐོང་ནས་དད་པའི་སེམས་ཀྱིས་རང་གི་ཁྱིམ་ནས་རས་དཀར་པོ་ཞིག་ཡོད་པ་ལ་དུམ་བུ་གཅིག་བཅད་ནས། རས་ཀྱི་དུམ་བུ་འདི་ན་བཟའ་ལ་ལྷན་པར་མཛོད་ཅིག་ཅེས་ཕུལ་བ་བཅོམ་ལྡན་འདས་ཀྱིས་དགྱེས་བཞིན་དུ་བཞེས་ཏེ། བྲམ་ཟེ་ཁྱོད་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་བརྒྱ་འདས་ནས་མངོན་པར་འཚང་རྒྱ་སྟེ། མཚན་ཡང་མངོན་པར་ཤེས་པ་བཟང་པོ་ཞེས་བྱ་བ་སྟེ་སྟོབས་བཅུ་རྫོགས་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེའི་ཚེ་ཡུལ་གྱི་སྐྱེ་བོ་རྣམས་ངོ་མཚར་དུ་གྱུར་ཏེ་སོ་སོ་ནས་རས་དཀར་པོ་བཤམ་ནས། དེ་བཞིན་གཤེགས་པའི་ན་བཟའ་རྣམ་པ་སྣ་ཚོགས་པ་བྱས་ཏེ་སངས་རྒྱས་ལ་ཕུལ་ལོ། །དེའི་ཚེ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་སྔོན་དགེ་བའི་རྩ་བ་ཅི་ཞིག་མཛད་ན་ཐམས་ཅད་ཀྱིས་ན་བཟའ་མང་པོ་ཕུལ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཕ་རོལ་ན་སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་ཏུ་བྱོན་ཏེ་དེའི་ཚེ་རྒྱལ་པོ་བན་དུ་ཞེས་བྱ་བའི་བློན་པོ་གཅིག་གིས་སངས་རྒྱས་དགེ་འདུན་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་སྤྱན་དྲངས་ནས་ཞལ་གྱིས་བཞེས་པ་དང་། དེའི་འོག་ཏུ་རྒྱལ་པོས་ཀྱང་སངས་རྒྱས་འཁོར་བཅས་ཟླ་བ་གསུམ་དུ་སྤྱན་དྲངས་པས་སྔར་བློན་པོ་ལ་ཞལ་བཞེས་ཟིན་པས་མ་གནང་བས། རྒྱལ་པོས་བློན་པོ་དེ་ལ་ཁྱོད་རེ་ཞིག་སྡོད་ཅིག ངས་སྔོན་ལ་སྤྱན་དྲང་བར་བྱའོ། །ཞེས་བསྒོ་བ་དང་། བློན་པོས་ཀྱང་། དེའི་བར་ལ་བདག་གི་ལུས་སྲོག་ཀྱང་མི་ཉེས་ཤིང་དེ་བཞིན་གཤེགས་པའང་བཞུགས་པ་དང་རྒྱལ་པོའི་ཡུལ་ཡང་བདེ་ཞིང་ཡེ་འགྲོག་མི་འབྱུང་བར་ཞལ་གྱིས་བཞེས་ཤིང་དམ་བཅའ་བར་སྤྱོད་ན་རེ་ཞིག་བསྡད་དོ་ཞུས་པས། རྒྱལ་པོས་དེ་ལྟར་མ་ནུས་ནས་ཉིན་རེས་མོས་ཀྱིས་སྤྱན་དྲངས་ཏེ་གཉིས་ཀའི་རེ་བ་བསྐངས་སོ། །དེའི་ཚེ་བློན་པོ་དེས་དེ་བཞིན་གཤེགས་པ་ལ་ཆོས་གོས་སྨད་གསུམ་ཕུལ་ནས་དགེ་སློང་གི་དགེ་འདུན་སྟོང་ཕྲག་དགུ་བཅུ་རྣམས་ལ་ཡང་ཆོས་གོས་བདུན་པ་རེ་སྦྱར་ཏེ་ཕུལ་ལོ། །དེའི་དུས་ཀྱི་བློན་པོ་དེ་ནི་ད་ལྟའི་ང་ཡིན་ཏེ། ང་ནི་སྐྱེ་བ་ཐམས་ཅད་དུ་བསོད་ནམས་བྱེད་པ་ལ་སྐྱོ་བ་མེད་པས་དེ་དག་ཐམས་ཅད་ཀྱི་རྣམ་པར་སྨིན་པ་ཡང་མྱོང་ནས་ཆུད་མ་ཟོས་སོ། །ཞེས་གསུངས། འདིས་ནི་རྟེན་ཁྱད་འཕགས་ལ་སྙན་ཤལ་སོགས་དང་དགེ་འདུན་ལ་ན་བཟའ་ཕུལ་བའི་བསོད་ནམས་ཀྱང་བསྟན་པ་ཡིན་ནོ། །

སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་དང་བདག་གཞན་བརྗེ་བ་བསྒོམ་པའི་ཕན་ཡོན་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། དགེ་སློང་རྣམས་དབྱར་གྲོལ་ནས་བཅོམ་ལྡན་འདས་ལ་བསྙུན་གསོལ་པའི་ཚེ། བཅོམ་ལྡན་འདས་ཀྱིས་ཀྱང་བྱམས་པའི་ཐུགས་ཀྱིས་སྤྲོ་བ་བསྐྱེད་ནས་དགེ་སློང་རྣམས་ལ་ཁམས་དྲི་སྩལ་པ་ན། ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་ཐུགས་བརྩེ་ཞིང་བྱམས་པའི་ཐུགས་བསྐྱེད་ནས་ཡུན་ཇི་སྲིད་ཅིག་ལགས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་བརྗོད་དུ་མེད་པའི་ཕ་རོལ་ན། སྡིག་པ་བྱས་པས་མི་གཉིས་དམྱལ་བར་ལྷུང་སྟེ། དམྱལ་བའི་སྲུང་མས་ཤིང་རྟ་འདྲེན་དུ་བཅུག་ནས། ལྕགས་ཀྱི་ཐོ་བས་བརྡེགས་ཏེ་ཕན་ཚུན་མི་དལ་བར་རྒྱུག་ཏུ་བཅུག་གོ །དེ་ལ་མི་གཅིག་དེ་སྟོབས་ཆུང་སྟེ། འདྲེན་མ་ནུས་པར་འདུག་པ་ན། ལྕགས་ཀྱི་ཐོ་བས་བརྡེགས་ཏེ་ཚེ་བརྗེས་ནས་ཕྱིར་སོས་ཏེ་སྔ་མ་བཞིན་སྡུག་བསྔལ་བ་ལ། གྲོགས་པོ་གཅིག་དེས་དེ་ལྟ་བུའི་སྡུག་བསྔལ་མཐོང་ནས། བྱམས་ཤིང་སྙིང་རྗེ་བའི་སེམས་སྐྱེས་ཏེ། དམྱལ་སྲུང་དེ་ལ་བདག་འབའ་ཞིག་གིས་ཤིང་རྟ་འདི་དྲང་གིས་མི་འདི་ཐོངས་ཤིག་སྨྲས་པ་དང་། དམྱལ་སྲུང་ཁྲོས་ནས་ལྕགས་ཀྱི་ཐོ་བས་བརྡེགས་ཏེ་དེར་ཚེ་འཕོས་པ་དང་། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །དེའི་དུས་བྱམས་ཤིང་སྙིང་བརྩེ་བའི་སེམས་བསྐྱེད་པ་དེ་ནི་ད་ལྟར་ང་ཡིན་ནོ། །ངས་དེའི་ཚེ་སེམས་ཅན་དམྱལ་བ་པ་དེ་ལ་ཐོག་མར་སྙིང་བརྩེ་བའི་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ལ་ཡང་ད་ཙམ་གྱིས་བར་དུ་ཐུགས་བརྩེ་ཞིང་བྱམས་པའི་སེམས་བསྐྱེད་དོ། །ཞེས་གསུངས། འདིས་ནི་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་དང་བདག་གཞན་བརྗེ་བ་བསྒོམ་པའི་ཕན་ཡོན་བསྟན་པ་ཡིན་ནོ། །

འདོད་པ་ལ་ཆོག་མི་ཤེས་པའི་ཉེས་པ་དང་ངན་སེམས་ཀྱིས་འབྲས་བུ་དང་སྦྱིན་པའི་བསོད་ནམས་ཀྱི་མཐུ་རྣམས་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། དགེ་སློང་རྣམས་རྙེད་བཀུར་ལ་ཆགས་ཤིང་བྱ་བ་མང་ཞིང་ཆོག་མི་ཤེས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྙེད་པ་ལ་ཆགས་པའི་སྐྱོན་འདི་གསུངས་ཏེ། གང་རྙེད་པ་ལ་ཆགས་པ་ནི་ལུས་ཞིག་ནས། ཚེ་འཕོས་མ་ཐག་པར་ངན་སོང་གསུམ་དུ་ལྷུང་སྟེ་སྡུག་བསྔལ་ཚད་མེད་པར་མྱོང་བར་འགྱུར་རོ། །དེ་བས་ན་ངས་མངོན་དུ་དྲན་པ་སྔོན་འདས་པའི་དུས་ན་འདོད་པའི་དབང་གིས་ལྷུང་ཞིང་སྡུག་བསྔལ་བར་གྱུར་ཏེ། བསྐལ་པ་གྲངས་མེད་དཔག་ཏུ་མེད་པའི་ཕ་རོལ་ན། འཛམ་བུ་གླིང་འདིར་རྒྱལ་པོ་གུ་ས་པ་དེ་ཞེས་བྱ་བ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་པ་ཞིག་ཡོད་དེ། དུས་ནམ་ཞིག་རྒྱལ་པོ་དེའི་སྤྱི་བོ་ན་ཆུ་བུར་ཆེན་པོ་ཞིག་བྱུང་བ་ཇེ་ཆེར་སོང་ནས། མཐར་ཀུ་བ་ཙམ་དུ་གྱུར་པ་དང་དེ་བཀས་པ་ན། ཁྱེའུ་ལྟ་ན་སྡུག་པ་སྐྲ་མཐོན་མཐིང་ལུས་གསེར་མདོག་ཏུ་ཡོད་པ་ཞིག་བྱུང་ནས། མཚན་མཁན་རྣམས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་བསྟན་ནས་མིང་སྤྱི་བོ་སྐྱེས་སུ་བཏགས། དེ་ཉིད་ཆེར་སྐྱེས་ཏེ་ནམ་ཡབ་རྒྱལ་པོ་གཤེགས་པ་ན། རྒྱལ་ཕྲན་རྣམས་ཀྱིས་རྒྱལ་པོ་བྱེད་པར་གསོལ་པ་ན། སྤྱི་བོ་སྐྱེས་ཀྱིས། གལ་ཏེ་ང་རྒྱལ་པོར་འགྱུར་བའི་བསོད་ནམས་དང་དབང་ཐང་ཞིག་ཡོད་ན། རྒྱལ་ཆེན་བཞི་དང་བརྒྱ་བྱིན་སོགས་འོངས་ནས་དབང་བསྐུར་བར་གྱུར་ཅིག ། ཅེས་སྨྲས་མ་ཐག་ཏུ་རྒྱལ་ཆེན་བཞིས་རིན་པོ་ཆེའི་བུམ་པ་སྤོས་ཆུས་བཀང་བ་ཐོགས་ནས་ཁྲུས་བྱས་ཤིང་། བརྒྱ་བྱིན་གྱིས་རིན་པོ་ཆེའི་ཅོད་པཎ་བཅིངས་ནས་ཡོན་ཏན་ལ་བསྔགས་སོ། །དེར་ཡུལ་དུ་གཤེགས་པར་ཞུས་པ་ན། བདག་ལ་རྒྱལ་པོར་འགྱུར་བའི་དབང་ཐང་ཡོད་ན། ཡུལ་ས་ངའི་ཐད་དུ་འོང་རིགས་ཀྱིས། ང་ཡུལ་ས་སྙིགས་སུ་མི་འགྲོའོ་ཞེས་སྨྲས་པས། དེ་མ་ཐག་ཏུ་ཡུལ་ཆེན་པོ་རྒྱལ་པོའི་ཕོ་བྲང་དང་སྐྱེད་ཚལ་ཁྲུས་རྫིང་སོགས་དགོས་པ་ཐམས་ཅད་དེར་བྱུང་ཞིང་། འཁོར་ལོ་རིན་པོ་ཆེ་ལ་སོགས་པའི་རྒྱལ་སྲིད་སྣ་བདུན་པོ་ཡང་བྱུང་སྟེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱང་ངོ་། །དེར་མི་མང་པོས་ཞིང་རྨོ་བ་མཐོང་ནས་བློན་པོ་རྣམས་ལ་དྲིས་པ་དང་། ཐམས་ཅད་ཟས་ཀྱིས་འཚོ་བས་དེའི་ཕྱིར་ཞིང་ལས་བྱེད་དོ་སྨྲས་པ་དང་། རྒྱལ་པོས་གལ་ཏེ་ང་ལ་རྒྱལ་པོར་འགྱུར་བའི་བསོད་ནམས་ཀྱི་དབང་ཐང་ཞིག་ཡོད་ན་ལས་བྱ་མི་དགོས་པར་རོ་བརྒྱ་དང་ལྡན་པའི་ཁ་ཟས་ཡོད་པར་གྱུར་ཏེ། ཐམས་ཅད་ཚིམས་པར་གྱུར་ཅིག་ཅེས་སྨོས་མ་ཐག་ཏུ་བཟའ་བཏུང་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་བཞིན་དུ་གོས་ཀྱི་ཕྱིར་ཐགས་འཐག་པ་མཐོང་ནས། རྒྱལ་པོས་སྔར་བཞིན་བདེན་ཚིག་བརྗོད་པས། ཤིང་ཐམས་ཅད་ལས་ཁ་དོག་སྣ་ཚོགས་པའི་གོས་འབད་མེད་དུ་བྱུང་སྟེ་ཐམས་ཅད་ཚིམས་པར་བྱས་སོ། །དེ་ནས་ཡང་བརྩེ་བའི་ཕྱིར་རོལ་མོའི་ཆ་བྱད་ཐོགས་པ་མཐོང་ནས། བདེན་ཚིག་བརྗོད་པས་ཤིང་ཐམས་ཅད་ཀྱི་ཡལ་ག་ལས་རོལ་མོའི་ཆ་བྱད་མང་པོ་འཕྱང་སྟེ། ནམ་འདོད་པ་ན་རང་འཁྲོལ་ཞིང་ཐོས་པ་ཙམ་གྱིས་དགའ་བ་བསྐྱེད་པར་བྱེད་དོ། །དེ་ནས་ནམ་མཁའ་ལས་རིན་པོ་ཆེ་སྣ་བདུན་གྱིས་ཆར་བབས་ནས་ཡུལ་ཀུན་གང་བ་ན། རྒྱལ་པོས་བློན་པོ་རྣམས་ལ་འདི་སུ་ཡི་མཐུ། ཞེས་དྲིས་པས། འདི་ནི་རྒྱལ་པོའི་ཡོན་ཏན་དང་སེམས་ཅན་གྱི་བསོད་ནམས་ཀྱིས་འདི་ལྟར་གྱུར་ཏོ་སྨྲས་པ་དང་། རྒྱལ་པོས་གལ་ཏེ་སེམས་ཅན་གྱི་བསོད་ནམས་ཀྱི་མཐུས་ཡིན་ན། རིན་པོ་ཆེ་འདི་དག་ཀུན་ཏུ་འབབ་པར་གྱུར་ཅིག གལ་ཏེ་ང་འབའ་ཞིག་གི་དབང་ཐང་ཡིན་ན་ཕོ་བྲང་གི་ནང་དུ་འབབ་པར་ཤོག་ཅིག་ཅེས་སྨྲས་པ་དང་། གཞན་ལ་མ་འབབ་པར་ཕོ་བྲང་གི་ནང་འབའ་ཞིག་ཏུ་ཉིན་ཞག་བདུན་གྱི་བར་དུ་བབ་བོ། །དེ་ལྟར་འཛམ་བུ་གླིང་དུ་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་འདོད་ཡོན་ལྔ་ལ་ལོངས་སྤྱོད་ནས། ཕོ་བྲང་གི་སྒོར་གནོད་སྦྱིན་ཞིག་བྱུང་སྟེ་སྐད་ཆེན་པོས། ཤར་ཕྱོགས་ན་ཤར་གྱི་ལུས་འཕག་གླིང་ཞེས་བྱ་བ་ཡོད་དོ། །དེ་ན་ཡང་བདེ་ཞིང་སྐྱིད་ལ་དཔེ་མེད་པར་བཟང་གིས་རྒྱལ་པོ་ཆེན་པོ་དེར་ཡང་རོལ་ཞིང་གཤེགས་པར་རིགས་སོ་ཞེས་སྨྲས་པ་དང་། རྒྱལ་པོ་ཡང་དེར་འགྲོ་བར་དགའ་ནས། གསེར་གྱི་འཁོར་ལོ་ནམ་མཁའ་ལ་འཕགས་པ་དང་། དེའི་རྗེས་སུ་རིན་པོ་ཆེ་སྣ་བདུན་དང་བཅས་ཏེ་ནམ་མཁར་འཕགས་ནས་ཤར་གྱི་ལུས་འཕགས་གླིང་དུ་ཕྱིན་ཏེ་ཡུལ་དེ་ན་གནས་པའི་རྒྱལ་ཕྲན་གྱི་ཚོགས་ཐམས་ཅད་ཀྱིས་ཕྱག་བྱས་ཤིང་གནས་དེར་འདོད་པ་ལྔ་ལ་ལོ་སྟོང་ཕྲག་བརྒྱད་ཅུའི་བར་དུ་ལོངས་སྤྱོད་ནས། དེ་ནས་སྔ་མའི་ཚུལ་གྱིས་ནུབ་བ་ལང་སྤྱོད་དུ་གཤེགས་ནས་ལོ་སྟོང་ཕྲག་བཅུའི་བར་དུ་བདེ་བར་ལོངས་སྤྱོད་དོ། །དེ་ནས་བྱང་སྒྲ་མི་སྙན་དུ་གཤེགས་ནས་དེར་ཡང་ལོ་སྟོང་ཕྲག་བརྒྱད་ཀྱི་བར་དུ་ལོངས་སྤྱད་ནས། ཡང་གནོད་སྦྱིན་གྱིས་བསྐུལ་བ་སོགས་སྔར་ལྟར་གྱི་ནམ་མཁའ་ལ་འཕགས་ཏེ་རྒྱལ་ཆེན་རིགས་བཞིའི་གནས་སུ་སོང་སྟེ། དེ་དག་གིས་ཐོག་མར་གཡུལ་གྱི་དཔུང་བཤམས་ཀྱང་སྟོབས་ཀྱིས་མ་བཟོད་ནས་ཕྱིར་རང་གནས་སུ་སོང་བ་དང་། དེར་ཡང་ལོ་སྟོང་ཕྲག་བཅུའི་བར་དུ་འདོད་པ་ལ་ལོངས་སྤྱོད་ནས་ཡང་འདི་སྙམ་དུ་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་འགྲོ་བར་བསམ་ནས། འཁོར་དང་བཅས་པ་སྟེང་གི་ནམ་མཁའ་ལ་འཕགས་སྟེ་སོང་བ་ན་དྲང་སྲོང་ལྔ་བརྒྱ་ཙམ་ཞིག་རི་རབ་ལྷུན་པོའི་སུལ་ན་གནས་པ་ལས་རྒྱལ་པོའི་གླང་པོ་ཆེ་དང་། རྟའི་གཅིན་རྟུག་ལྷུང་བས། དེ་དག་ཁྲོས་ནས་གསང་སྔགས་དང་ཕྱག་རྒྱས་བཅིངས་པས་རེ་ཞིག་འགྲོ་བར་མ་ནུས་པ་དང་། རྒྱལ་པོས་ཀྱང་དེ་ལྟར་ཤེས་ཏེ་གལ་ཏེ་ང་ལ་བསོད་ནམས་དང་དབང་ཐང་ཞིག་ཡོད་ན། དྲང་སྲོང་དེ་དག་ངའི་ཐད་དུ་ལྷགས་ཏེ། ང་ལ་མཆོད་པར་ཤོག་ཅིག་ཅེས་སྨྲས་པས། དྲང་སྲོང་ལྔ་བརྒྱ་པོ་རིམ་གྱིས་དེར་ལྷགས་ནས་གཡོག་བྱས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་དོང་ངོ་། །དེར་ལྷ་རྣམས་སྐྲག་ནས་ལྷའི་ཕོ་བྲང་གི་སྒོ་བརྒྱ་ཕྲག་ཕྱེད་དང་བཅུ་གཉིས་ཡོད་པ་བཅད་ནས་ལྕགས་ཀྱི་གཏན་པ་སུམ་རིམ་བཅུག་པ་ལ། རྒྱལ་པོས་དུང་བུས་ཏེ་གཞུ་བདུང་བས་སྒོ་རྣམས་རང་བྱེར་སོང་སྟེ། ལྷའི་དབང་པོས་བསུས་ནས་བརྒྱ་བྱིན་རང་གི་སྟན་ཕྱེད་ལ་བཞག་གོ །ལྷའི་དབང་པོ་དང་མིའི་དབང་པོ་གཉིས་བྱད་གཟུགས་འདྲ་སྟེེ་བྱེ་བྲག་མི་ཕྱེད་ལ། འོན་ཀྱང་ལྷའི་མགྱོགས་བུལ་ཙམ་གྱིས་རྟོགས་སོ། །དེར་ལྷའི་དབང་པོས་སུམ་ཅུ་རྩ་དྲུག་བརྗེས་ཀྱི་བར་དུ་འདོད་པ་ལྔའི་དམ་པ་ལ་ལོངས་སྤྱོད་དོ། །ལྷའི་དབང་པོའི་ནང་གི་ཐ་མ་དེ་བྱང་ཆུབ་སེམས་དཔའ་འོད་སྲུང་ཞེས་བྱ་སྟེ། དེའི་ཚེ་ལྷ་མ་ཡིན་གྱི་རྒྱལ་པོས་ལྷ་རྣམས་ལ་དམག་དྲངས་ནས། བརྒྱ་བྱིན་དང་འཐབས་པ་ལས། བརྒྱ་བྱིན་གྱིས་མ་ཐུབ་ནས་དཔུང་གི་ཚོགས་དང་བཅས་ཕྱིར་གནས་སུ་བྲོས་པ་ན་སྤྱི་བོ་སྐྱེས་ཕྱིར་བྱུང་སྟེ་དུང་བུས་གཞུ་རྒྱུད་སྦྲེངས་པས། ལྷ་མ་ཡིན་གྱི་དམག་རྣམས་དེ་མ་ཐག་ཏུ་ཕྱིར་བྱེར་རོ། །དེར་སྤྱི་བོ་སྐྱེས་ཀྱིས། བདག་གི་མཐུའི་སྟོབས་ནི་གང་དང་ཡང་མི་མཉམ་སྟེ། བརྒྱ་བྱིན་དང་ཐུན་མོང་དུ་འདུག་པ་འདི་རིགས་པ་མ་ཡིན་པས། འདི་བསད་ནས་བདག་འབའ་ཞིག་གིས་རྒྱལ་སྲིད་བྱའོ་སྙམ་དུ་བསམ་པ་ན། སྡིག་པའི་སེམས་དེ་སྐྱེས་མ་ཐག་ཏུ་ནམ་མཁའ་ལས་ལྷུང་ནས་སྔོན་གྱི་ཕོ་བྲང་རྙིང་པའི་སྒོ་དྲུང་དུ་ལྷུང་སྟེ། སྲོག་དང་བྲལ་ལ་ཁད་ཙམ་དུ་ཉམ་ཐག་པར་གྱུར་ཏོ། །དེ་ནས་མི་རྣམས་ལྷགས་ནས། གལ་ཏེ་འཇིག་རྟེན་གྱི་ཁྱིམ་པ་དག་རྒྱལ་པོ་སྤྱི་བོ་སྐྱེས་ཇི་ལྟར་ཚེའི་དུས་བྱས་ཞེས་འདྲི་ན། དེ་ལ་བདག་ཅག་གིས་ཅི་སྐད་བྱ་ཞེས་དྲིས་པ་ན། རྒྱལ་པོས་དེ་ལ་འདི་སྐད་ཅེས་སྨྲོས་ཤིག རྒྱལ་པོ་སྤྱི་བོ་སྐྱེས་ནི་འདོད་པའི་དབང་གི་ཚེ་འཕོས་སོ། །དེས་གླིང་བཞི་ལ་ལོ་བྱེ་བ་ཕྲག་བཞི་བཅུའི་བར་དུ་དབང་བྱས་ཏེ། ཉིན་ཞག་བཞིའི་བར་དུ་རིན་པོ་ཆེ་ཡང་ཆར་བཞིན་དུ་བབས། ལྷའི་རིས་གཉིས་སུ་བྱོན་ཀྱང་ཆོག་མ་ཤེས་པས། ནམ་མཁའ་ལས་ལྷུང་སྟེ་ཚེ་འཕོས་སོ་ཞེས་བྱོས་ཤིག ཅེས་སྨྲས་ཏེ་ཚེའི་དུས་བྱས་སོ། །དེ་བས་ན་དགེ་སློང་དག་རྙེད་པ་དང་གྲགས་པ་ནི་ཡང་དག་པའི་ཉེས་པའི་སྐྱོན་ཆེན་པོ་སྟེ་ཅི་ནས་ཀྱང་རིང་དུ་སྤང་བར་སེམས་ལ་ཡང་དག་པར་བྱང་ཆུབ་ལ་ནན་ཏན་གྱིས་ཤིགདེར་ཀུན་དགའ་བོས་སྤྱི་བོ་སྐྱེས་ཀྱི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་འདས་པའི་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ན་སངས་རྒྱས་པུར་ཤ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པའི་ཚེ། བྲམ་ཟེའི་བུ་མོ་ཞིག་ཆུང་མ་ལེན་པ་ལ། ཡུལ་ཆོས་ཀྱིས་སྲན་མ་སྤར་གང་གཏོར་དགོས་པ་ལས། དེ་སྲན་མ་ཐོགས་ཏེ་འཐོར་དུ་ཕྱིན་པ་ལས་ལམ་དུ་སངས་རྒྱས་བྱོན་པ་དང་ཕྲད་པས་སེམས་དགའ་སྟེ། སྲན་མ་སྤར་གང་པོ་བཅོམ་ལྡན་འདས་ཀྱི་སྐུ་ལ་གཏོར་བས་བཞི་ལྷུང་བཟེད་དུ་སོང་། གཅིག་དབུའི་གཙུག་ཏོར་ལ་ཆགས་པས་རྒྱུ་རྐྱེན་དེ་ཙམ་གྱིས་བསོད་ནམས་ཆེན་པོ་ཐོབ་སྟེ། སྲན་འབྲུ་བཞི་ལྷུང་བཟེད་དུ་སོང་བས་གླིང་བཞི་ལ་དབང་བྱེད་པ་དང་། འབྲུ་གཅིག་སྤྱི་བོར་ཆགས་པས། ལྷའི་རིས་གཉིས་ཀྱི་ལོངས་སྤྱོད་མྱོང་བར་གྱུར་ཏོ། །ཞེས་གསུངས། འདིས་ནི་འདོད་པ་ལ་ཆོག་མི་ཤེས་པའི་ཉེས་པ་དང་ངན་སེམས་ཀྱིས་འབྲས་བུ་དང་སྦྱིན་པའི་བསོད་ནམས་ཀྱི་མཐུ་རྣམས་བསྟན་པ་ཡིན་ནོ། །

དགེ་བའི་གྲོགས་བགྱིས་པ་དང་། སྨོན་ལམ་བཏབ་པའི་འབྲས་བུ་མི་བསླུ་བར་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་མོ་ཐ་ཆུང་སུ་མ་ན་ཞེས་བྱ་བ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་པ་དེ། ནམ་ཞིག་ཁྱིམ་བདག་སངས་རྒྱས་ལ་ཕྱག་འཚལ་དུ་འགྲོ་བའི་ཕྱི་བཞིན་དུ་སོང་བས། བུ་མོ་དེ་སངས་རྒྱས་མཐོང་བ་དང་ལྷག་པར་དགའ་བ་སྐྱེས་ཏེ། སྤོས་ཀྱི་སངས་རྒྱས་ཀྱི་བཞུགས་གནས་ཀུན་ཏུ་བྱུག་པར་བསམ་པ་དང་། དེའི་ཚེ་བུ་མོའི་ལག་ཏུ་ཨ་མྲའི་འབྲས་བུ་ཞིག་ཡོད་པ་བཅོམ་ལྡན་འདས་ཀྱིས་འདིར་བྱིན་ཅིག་གསུངས། དེ་ཕུལ་བ་དང་བཞེས་ནས་སྤོས་གྱི་མིང་མང་པོ་བྲིས་ནས་བུ་མོ་ལ་གནང་ངོ་། །དེར་བུ་མོས་སྤོས་དེ་རྣམས་རྩེས་ནས་རྒྱལ་བྱེད་ཀྱི་ཚལ་དུ་འོངས་ནས། ཉིན་རེ་བཞིན་བདར་ཏེ་བྱུག་པ་འབུལ་བ་ལས། སྐབས་ཤིག་ན་ཡུལ་ཏིག་ཅ་ཤི་རིའི་རྒྱལ་པོའི་བུ་ཞིག་རྒྱལ་པོའི་ཁབ་ཏུ་མངགས་ནས་ཉུལ་ཞིང་སོང་བ་ལས། མཐར་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་ནས་བུ་མོས་སྤོས་བདར་ཞིང་འདུག་པ་མཐོང་ནས་དེ་ལ་ཆགས་ཏེ། དུས་གཞན་ཞིག་ན་རྒྱལ་བུས་གླང་པོ་ཆེ་ལ་བསྐྱོན་ནས་བྲོས་ཏེ་ཡུལ་དུ་ཕྱིན་ཏེ་ཕན་ཚུན་འདུས་པར་གྱུར་པ་ལས། བུ་མོ་དེ་སེམས་ཅན་དང་ལྡན་པར་གྱུར་ནས་ནམ་དུས་ལ་བབས་པ་ན་མངལ་ནས་སྒོ་ང་བཅུ་བཙས་ཏེ་དེ་བཅག་པ་ལས་ཁྱེའུ་ལྟ་ན་སྡུག་པ་རེ་རེ་བྱུང་སྟེ། དེ་དག་ཆེར་སྐྱེས་པ་དང་དཔའ་ཞིང་རྩལ་དང་ལྡན་པས་རི་དྭགས་གསོད་པ་ལ་དགའ་བར་གྱུར་ནས། མས་བཟློགས་ཀྱང་མ་ཉན་པ་ལས་ངན་སོང་དམྱལ་བའི་སྡུག་བསྔལ་དང་སྲོག་གཅོད་ཀྱི་རྣམ་སྨིན་རྒྱས་པར་བཤད་པས། དེ་གང་ལས་ཐོས་ཞེས་དྲིས་པ་ན། སངས་རྒྱས་ཀྱི་ཞལ་ལས་ཐོས་སོ་སྨྲས་པས། དེ་དག་གིས་སངས་རྒྱས་ཞེས་པ་ཅི་ལྟ་བུ་ཞེས་དྲིས་པས། མས་སངས་རྒྱས་ཀྱི་བསྔགས་པ་རྒྱ་ཆེར་བརྗོད་པས་དེ་དག་དགའ་ཞིང་དད་པར་གྱུར་ནས་མཉན་ཡོད་དུ་ཕྱིན་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མེས་པོ་མགོན་མེད་ཟས་སྦྱིན་གྱིས་ཁྲིད་ནས་རབ་ཏུ་བྱུང་བར་གསོལ་པས། ཚུར་ཤོག་གིས་བསྙེན་པར་རྫོགས་ནས་བཅུ་ཀས་རིང་པོར་མ་ལོན་པ་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ། དེ་དག་གཅིག་ལ་གཅིག་དགའ་བས་འགྲོ་ན་ཡང་ལྷན་ཅིག་ཏུ་འགྲོ་འདུག་ན་ཡང་ལྷན་ཅིག་ཏུ་འདུག་སྟེ་ཡུལ་མི་རྣམས་ཀྱང་དགའ་ནས་རྗེས་སུ་ཡི་རང་ངོ་། །དེའི་ཚེ་ཀུན་དགའ་བོས་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་འདས་པའི་དུས་བསྐལ་པ་དགུ་བཅུ་རྩ་གཅིག་གི་ཕ་རོལ་ན། སངས་རྒྱས་ཐམས་ཅད་སྐྱོབ་ཅེས་བྱ་བ་འཇིག་རྟེན་དུ་བྱོན་ནས་མྱ་ངན་ལས་འདས་པའི་རིང་བསྲེལ་རྒྱས་པར་སྤེལ་ནས་མཆོད་རྟེན་ཚད་མེད་པར་བྱུང་བ་ལས། མཆོད་རྟེན་གཅིག་ཞིག་རལ་དུ་གྱུར་ནས་རྒན་མོ་གཅིག་གིས་ཞིག་གསོ་བྱེད་པ་ལ། མགྲོན་པོ་བཅུ་དེར་སོང་བས་མཐོང་ནས་ལྷག་པར་དགའ་ཞིང་གྲོགས་བྱས་པའི་འོག་ཏུ། གཞོན་ནུ་བཅུ་ཆར་རྒན་མོ་དེའི་བུར་སྐྱེས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། དེ་ཚུན་ཆད་ངན་སོང་གི་གནས་སུ་མ་ལྷུང་ཞིང་ལྷ་དང་མི་ཡི་གནས་སུ་ལྷན་ཅིག་ཏུ་སྐྱེས་ཤིང་། གཟུགས་བཟང་བ་དང་། ཀུན་གྱིས་བཀུར་བ་དང་། རྟག་ཏུ་ཚེ་རིང་བ་སྟེ་ཡོན་ཏན་གྱི་དངོས་པོ་འདི་གསུམ་གྱིས་མི་གཞན་ལས་ཁྱད་པར་དུ་འཕགས་པར་གྱུར་ཅིང་། ད་ལྟ་ང་དང་ཕྲད་ནས་རྡུལ་དང་དྲི་མ་ཀུན་བྲལ་ནས་དགྲ་བཅོམ་པར་གྱུར་ཏོ། །དེའི་དུས་ཀྱི་རྒན་མོ་དེ་ནི་སུ་མ་ན་དང་། མི་གཞོན་ནུ་བཅུ་པོ་ནི་དགྲ་བཅོམ་པ་འདི་བཅུ་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །འདིས་ཀྱང་དགེ་བའི་གྲོགས་བགྱིས་པ་དང་། སྨོན་ལམ་བཏབ་པའི་འབྲས་བུ་མི་བསླུ་བར་བསྟན་པ་ཡིན་ནོ། །

ལུས་གནད་བགྱིས་པ་དང་། གཞན་དགེ་བ་ལ་བསྐུལ་བ་སོགས་ཀྱི་ཕན་ཡོན་དང་། ངག་གི་ཉེས་པར་སྤྱོད་པའི་འབྲས་བུ་སོགས་ཀྱང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་ཀུན་ཏུ་རྒྱུ་ཨུ་པ་གུབ་ཏ་ཞེས་བྱ་བ་ཤེས་རབ་ཆེ་བ་དུས་གསུམ་གྱི་གནས་རྟོག་པ་ལ་མཁས་པ་ཞིག་ཡོད་པ་དེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས། བདག་རབ་ཏུ་བྱུང་ན་ཤེས་རབ་དང་སྤོབས་པ་ཤཱ་རིའི་བུ་དང་མཉམ་པར་འགྱུར་རམ་དེ་ལྟར་མ་གྱུར་ན་ཕྱིར་ཁྱིམ་དུ་མཆིའོ། །ཞེས་ཞུས་པས། སྟོན་པས་དེ་ཙམ་མི་འབྱུང་བར་ལུང་བསྟན་པས་ཕྱིར་ཁྱིམ་དུ་སོང་ངོ་། །དེར་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ། ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན། བྲམ་ཟེ་འདི་རབ་ཏུ་བྱུང་ནས་མངོན་པར་ཤེས་པ་དྲུག་དང་ཤེས་རབ་ཏུ་ལྡན་ཏེ་སེམས་ཅན་རྡུལ་སྙེད་གཅིག་གི་དོན་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །ཕྱིས་སྟོན་པ་མྱ་ངན་ལས་འདས་ཁར་ཀུན་དགའ་བོ་ལ་བསྟན་པ་གཏད་ཅིང་། ཀུན་དགའ་བོ་མྱ་ངན་ལས་འདས་ཁར་ཉེ་གནས་ཡ་ཤེའི་ཀེ་ལ་བསྟན་པ་གཏད་ནས། ཡུལ་ཝཱ་རཱ་ཱཎ་སཱིར་ཁྱིམ་བདག་གུབ་ཏ་ཞེས་བྱ་བ་ལ་བུ་ཨུ་པ་གུསྟ་ཞེས་བྱ་བ་ཞིག་ཡོད་གྱིས་ཁྱོད་ཀྱིས་སློང་ལ་རབ་ཏུ་ཕྱུངས་ཤིག ཁྱོད་འདས་པའི་འོག་ཏུ་ཆོས་ཀྱང་དེ་ལ་གཏོད་ཅིག་ཅེས་ཞལ་ཐེམས་སུ་བཞག་གོ །དེ་ནས་ཡ་ཤེའི་ཀེས་ཁྱིམ་བདག་དེ་དང་འདྲིས་པར་བྱས་ནས། ཕྱིས་བུ་ཨུ་པ་གུབ་ཏ་བྱུང་བ་དང་ལན་གསུམ་གྱི་བར་དུ་བསླང་བའི་ཐ་མར་ཆེར་སྐྱེས་པ་ན་འབུལ་བར་ཁས་བླངས་སོ། །དེ་ཆེར་སྐྱེས་པ་ན་ཕས་ཚོང་བྱེད་དུ་བཅུག་པའི་སར་ཡ་ཤེའི་ཀེ་ཉིད་བྱོན་ཏེ་ཆོས་བསྟན་ནས་ཉིན་རེ་བཞིན་དུ་དགེ་སེམས་སྐྱེས་ན་རྡེའུ་དཀར་པོ་དང་སྡིག་སེམས་སྐྱེས་ན་ནག་པོ་རེ་བཞག་ནས་བརྩིར་བཅུག་པས། དང་པོ་དཀར་པོ་ཉུང་། བར་དུ་མཉམ། ཐ་མར་དཀར་པོ་འབའ་ཞིག་ཏུ་གྱུར་ཏེ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ། དེའི་ཚེ་སྨད་འཚོང་མ་ཞིག་གིས་བྲན་མོ་མངགས་ཏེ་ནང་མ་རེ་བཞིན་ཨུ་པ་གུབ་ཏ་ལས་མེ་ཏོག་ཉོ་བ་ལས། དེ་ཕྱིན་སྔར་བས་མང་བར་བྱུང་བས་སྨད་འཚོང་མས་དེའི་དོན་དྲིས་པ་ན། བྲན་མོས་ཨུ་པ་གུབ་ཏའི་ཡོན་ཏན་བརྗོད་དེ་གཡོ་སྒྱུ་མེད་ཚུལ་དང་གཟུགས་བྱད་བཟང་བའི་ལོ་རྒྱུས་བཤད་པས། སྨད་འཚོང་མ་དེ་དེ་ལ་ཆགས་ནས་ཡང་ཡང་འབོད་དུ་བཏང་ཡང་མ་འོངས་སོ། །ནམ་ཞིག་སྨད་འཚོང་མ་དེ་རྒྱལ་པོའི་བུ་ཞིག་དང་འདུས་པ་ལས་དེའི་གོས་ལ་ཆགས་ནས་རྒྱལ་བུ་བསད་པ་རྒྱལ་པོས་ཤེས་ནས། དེའི་རྐང་ལག་གཏུབ་ཅིང་རྣ་བ་དང་སྣ་ཡང་བཅད་ནས་དུར་ཁྲོད་དུ་བོར་བ་དང་། ཨུ་པ་གུབ་ཏ་དེར་བྱོན་པ་ན། སྨད་འཚོང་མ་དེས། སྔོན་སྡུག་པའི་ཚེ་འོང་དུ་མ་བཏུབ་ན། ད་མ་རུངས་པར་གྱུར་པའི་འོག་ཏུ་གར་འགྲོ་ཞེས་སྨྲས་པ་དང་། ཨུ་པ་གུབ་ཏས། ཁྱོད་ཀྱི་གཟུགས་འདོད་པས་མ་ཡིན་གྱི། སྙིང་བརྩེ་བའི་ཕྱིར་འོངས་སོ་གསུངས་ནས། མི་གཙང་བ་དང་། སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་ཆོས་བསྟན་པས། སྨད་འཚོང་མས་ཆོས་མིག་རྣམ་པར་དག་པ་ཐོབ་ཅིང་། ཨུ་པ་གུབ་ཏ་རང་ཉིད་ཀྱིས་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་བོ། །དེར་ཡ་ཤེའི་ཀེས་ཁྱིམ་བདག་ལས་བསླངས་ནས་གཞོན་ནུ་ཨུ་པ་གུབ་ཏ་རབ་ཏུ་བྱུང་ཞིང་ལོ་དུས་སོན་པ་ན་གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པས་དགྲ་བཅོམ་པ་རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་ལྡན་ཏེ་སྨྲ་བ་དང་སྤོབས་པ་ཟད་མི་ཤེས་པར་གྱུར་ནས་འཁོར་མང་པོ་ལ་ཆོས་བསྟན་པས། བདུད་སྡིག་ཅན་གྱིས་བར་ཆད་རྩོམ་སྟེ་འཁོར་གྱི་ནང་དུ་གསེར་གྱི་དོང་རྩེའི་ཆར་དང་། དེའི་ཕྱི་ཉིན་མེ་ཏོག་གི་ཕྲེང་བའི་ཆར་དང་། དེའི་ཕྱི་ཉིན་གླང་པོ་ཆེ་མཆེ་བ་དྲུག་ལྡན། མཆེ་བ་རེ་ལ་རྫིང་བུ་རེ་རེ། དེ་རེ་རེ་ལ་མེ་ཏོག་བདུན་བདུན་མེ་ཏོག་རེ་རེ་ལ་ཤེལ་གྱི་བུ་མོ་རོལ་མོ་དཀྲོལ་བ་བདུན་བདུན་སོགས་སྤྲུལ་ནས་མི་རྣམས་བསླུས་པས་ཆོས་ཉན་དུ་མ་འདོད་ལ། དེའི་ཕྱི་ཉིན་བུད་མེད་བཟང་མོ་ལྟ་བས་ཆོག་མི་ཤེས་པ་ཤིག་ཏུ་སྤྲུལ་ནས་འཁོར་གྱི་ནང་དུ་འོང་ནས་བསླུ་བར་བྱེད་པ་ལ། ཡ་ཤེའི་ཀེས་སྤྲུལ་པའི་བུད་མེད་དེ་ཀེང་རུས་དཀར་པོར་བསྒྱུར་ཏེ་བསྟན་པས། མི་ཀུན་གྱིས་གདོད་ཆོས་ཉན་ནས་འབྲས་བུ་ཐོབ་པ་ཡང་རབ་ཏུ་མང་ངོ་། །བཙུན་པ་དེ་དག་ལ་ཐོག་མ་ནས་ཁྱི་ཞིག་ཡོད་པ་དེས། ཉིན་བཞིན་ཆོས་ལ་རྣ་བ་གཏད་ནས་ཉན་པ་ལས་ཚེ་འཕོས་ནས། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེས་ནས་བདུད་སྡིག་ཅན་དང་སྟན་ཐོག་གཅིག་ཏུ་འདུག་པ་ན། བདུད་ཀྱིས་བརྟགས་ཏེ་དེའི་རྒྱུ་ཤེས་ནས་དགེ་སློང་གིས་བདག་སྨ་ཕབ་བོ་སྙམ་ནས། ཉེར་སྦས་མཆན། བཙུན་པ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་དབུའི་སྟེང་དུ་རིན་པོ་ཆེའི་ཅོད་པཎ་ཞིག་བཞག་ནས་ཕྱིར་ལྷ་གནས་སུ་སོང་ངོ་། །དེ་ཏིང་ངེ་འཛིན་ལས་ལངས་ནས་བདུད་ཀྱིས་བཞག་པར་ཤེས་ནས། རྫུ་འཕྲུལ་གྱི་མཐུས་བདུད་སྡིག་ཅན་བཀུག་སྟེ། ཁྱི་རོ་གཅིག་ཕྲེང་བར་སྤྲུལ་ནས། ཁྱོད་ཀྱིས་ང་ལ་ཅོད་པཎ་བྱིན་པའི་ལན་དུ་ཁྱོད་ལ་ཕྲེང་བ་གཅིག་སྦྱིན་གྱི་བཞེས་ཤིག་སྨྲས་པས་དེས་ཀྱང་མགོ་ལ་གྱོན་ཏེ་སོང་བ་ན། རང་གནས་སུ་ཕྱིན་ནས་ཁྱི་རོ་ཡིན་པར་ཤེས་ནས་རང་གི་མཐུ་ཅི་ཡོད་ཀྱིས་འདོར་བར་བརྩམས་ཀྱང་འདོར་མ་ནུས་ནས། བརྒྱ་བྱིན་ནས་ཚངས་པའི་བར་གྱི་ལྷ་ཐམས་ཅད་ཀྱི་ཐད་དུ་སོང་སྟེ། མི་གཙང་བ་འདི་དོར་ཅིག་ཅེས་སྨྲས་པ་དང་། དེ་ཐམས་ཅད་ཀྱིས་འདི་ལྟར་སུས་བྱས་པ་དེ་ཉིད་ཀྱིས་འདོར་ནུས་ཀྱི། ངེད་ལ་འདི་འདོར་བའི་མཐུ་མེད་དོ་ཞེས་སྨྲས་པས། ཅི་བྱར་མེད་ནས་བཙུན་པའི་དྲུང་དུ་འོངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་བྱམས་པའི་ཐུགས་དང་ལྡན་པས་བདག་ལ་དགྲར་མི་དགོངས་ཀྱི་ཁྱོད་ཉན་ཐོས་རྣམས་ནི་འཇིགས་སུ་རུང་སྟེ་བདག་གིས་རྩེད་མོ་བྱས་པ་ཙམ་ལའང་ལན་འདི་འདྲ་ཞེས་སྨྲས་སོ། །དེར་ཨུ་པ་གུབ་ཏས་ཁྱོད་ཟེར་བ་བདེན་ཏེ། སངས་རྒྱས་དང་བསྒྲུན་ན་བརྒྱ་འགྱུར་སྟོང་འགྱུར་དུ་དཔེར་བྱར་མི་རུང་སྟེ། རི་རབ་དང་ཡུངས་ཀར་རམ་རྒྱ་མཚོ་དང་རྨིག་རྗེས་ཀྱི་ཆུའམ་སེང་གེ་དང་ཝ་སྐྱེས་འགྲན་པ་འདྲ་སྟེ་ཆེ་ཆུང་གི་ཁྱད་དཔག་ཏུ་མེད་དོ། །ཁོ་བོས་དེ་བཞིན་གཤེགས་པའི་གཟུགས་སྐུ་མ་མཐོང་ན། ཁྱོད་ཀྱི་རྫུ་འཕྲུལ་གྱིས་སྤྲུལ་ནུས་ཞེས་ཐོས་པས། དེ་ཁོ་བོ་ལ་སྟོན་ཅིག བདུད་ཀྱི་ངས་དེ་འདྲ་བ་ཞིག་སྤྲུལ་གྱིས། ཁྱོད་ཀྱིས་ཁོ་བོ་ལ་ཕྱག་མ་བྱེད་ཅིག་ཅེས་སྨྲས་ནས། སངས་རྒྱས་ཇི་འདྲ་བར་སྤྲུལ་པ་ན། ཨུ་པ་གུབ་ཏ་རབ་ཏུ་དགའ་ནས་ཕྱག་བྱེད་པར་བརྩམས་པ་ན་ཕྱིར་ཡང་། བདུད་ཀྱི་གཟུགས་སུ་བསྒྱུར་ནས་ཅིའི་ཕྱིར་ཕྱག་བྱེད་སྨྲས་པས། འཕགས་པས་ཁོ་བོས་སངས་རྒྱས་ལ་ཕྱག་བྱེད་ཀྱི་ཁྱོད་ཕྱག་མི་བྱེད་དོ། །བདུད་ཀྱིས། བཙུན་པ་བདག་ལ་ཐུགས་བརྩེ་བའི་སླད་དུ་ཁྱི་རོ་འདི་མེད་པར་མཛོད་ཅིག་ཨུ་པ་གུབ་ཏས། ཁྱོད་སྙིང་རྗེའི་སེམས་བསྐྱེད་དེ་སེམས་ཅན་ཀུན་གྱི་སྐྱབས་བྱོས་ཤིག་དང་། ཁྱི་རོ་འདི་རིན་པོ་ཆེའི་ཕྲེང་བར་འགྱུར་རོ། །གལ་ཏེ་མི་དགེ་བའི་སྡིག་པའི་སེམས་སྐྱེ་ན་ཁྱི་རོ་ཉིད་ལས་མི་འགྱུར་རོ། །དེར་བདུད་ཤིན་ཏུ་སྐྲག་ནས་རྟག་ཏུ་དགེ་བའི་སེམས་བསྐྱེད་དོ། །དེའི་ཚེ་བཙུན་པ་ཨུ་པ་གུབ་ཏ་སྟེ་ཉེར་སྦས་ཀྱིས་འབྲས་བུ་ཐོབ་པའི་འོག་ཏུ་སེམས་ཅན་བཏུལ་ཏེ་འབྲས་བུ་ཐོབ་པར་བྱས་པའི་གྲངས་ནི། འབྲས་བུ་ཐོབ་པའི་མི་རེ་རེས་ཚུལ་ཤིང་སོར་བཞི་པ་རེ་རེ་བྱས་པའི་ཚུལ་ཤིང་དེ་ལྟ་བུས་ཁང་པ་མཐོ་ཚད་ཆག་དྲུག་ཅུ་པ་ཆུ་ཞེང་གབ་པར་ཆག་དྲུག་ཅུ་པའི་ནང་ཡོངས་སུ་གང་ངོ་། །དེ་ནས་མི་རྣམས་ཀྱིས་བསྔགས་ཏེ། ཁྱོད་ཀྱི་ཡོན་ཏན་ནི་རྒྱ་ཆེ་བས་སེམས་ཅན་བརྟུལ་བའི་གྲངས་ཀྱང་དཔག་ཏུ་མེད་དོ་ཞེས་སྨྲས་པ་དང་། ཨུ་པ་གུབ་ཏས། ཁོ་བོ་དུད་འགྲོ་བྱེད་པའི་ཚེ་ན་ཡང་སེམས་ཅན་དག་བཏུལ་ཏེ། འཕགས་པའི་འབྲས་བུ་ཐོབ་པར་བྱས་ན། ད་ལྟར་གྱི་དུས་ན་བཏུལ་བ་ལྟ་ཅི་སྨོས་ཏེ། སྔོན་ཝཱ་རཱ་ཎ་སཱིར་རང་སངས་རྒྱས་ལྔ་བརྒྱ་བཞུགས་པ་ལ་སྤྲེའུ་ཞིག་གིས་ཉིན་གཅིག་བ ཞིན་ཏུ་མཆོད་པ་འབུལ་ཞིང་ལྟ་བར་བྱེད་པ་ལས། ཕྱིས་ཞིག་ན་གནས་དེར་ཀུན་ཏུ་རྒྱུ་ལྔ་བརྒྱ་བྱུང་སྟེ། རྐང་པ་ཡ་ཅིག་འགྲེང་བ་སོགས་ཀུན་ཏུ་རྒྱུའི་སྤྱོད་པ་སྣ་ཚོགས་བྱེད་པ་ལ། སྤྲེའུ་དེ་འོངས་ནས་དེ་དག་ལས་ལྡོག་པར་བགྱིས་ཏེ་ལུས་དྲང་པོར་སྲོང་བའི་མཉམ་བཞག་གི་སྤྱོད་ལམ་ལ་བཀོད་པས། དེ་ཐམས་ཅད་རང་སངས་རྒྱས་སུ་གྱུར་ཏོ། །དེའི་དུས་ཀྱི་སྤྲེའུ་ནི་ང་ཡིན་ནོ་གསུངས། དེར་སྤྲེའུར་གྱུར་པའི་རྒྱུ་ཞུས་པས། སྔོན་འདས་པའི་དུས་བསྐལ་པ་དགུ་བཅུའི་ཕ་རོལ་ཏུ་སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་བྱོན་ཏེ། དགེ་སློང་རྣམས་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷགས་པའི་གནས་སུ་བཞུགས་སོ། །དེའི་ཚེ་འབྲས་བུ་ཐོབ་པའི་དགེ་སློང་ཞིག་རིའི་རྩེ་མོར་མགྱོགས་པར་སོང་བ་ན། དགེ་སློང་གཞོན་ནུ་ཞིག་གིས་མགྱོགས་ཚད་སྤྲེའུ་དང་འདྲའོ། །ཞེས་སྨྲས་པས། རྒྱུ་དེས་སྐྱེ་བ་ལྔ་བརྒྱའི་བར་དུ་སྤྲེའུར་གྱུར་ཏོ། །དེ་བས་ན་འཁོར་བཞི་པོ་དག་ངག་གི་ལས་ཡོངས་སུ་བསྡམས་ཏེ་མི་དགོས་པ་མི་སྨྲའོ་གསུངས། འདིས་ནི་ལུས་གནད་བགྱིས་པ་དང་། གཞན་དགེ་བ་ལ་བསྐུལ་བ་སོགས་ཀྱི་ཕན་ཡོན་དང་། ངག་གི་ཉེས་པར་སྤྱོད་པའི་འབྲས་བུ་སོགས་ཀྱང་བསྟན་ཏོ། །

སངས་རྒྱས་ལ་དད་པ་དང་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་ཕན་ཡོན་བསྟན་པ།

༈ ཡང་བཅོམ་ལྡན་འདས་ཡུལ་ཝཱ་རཱ་ཎ་སཱི་ན། ཚལ་ཞིག་གི་ནང་དུ་བཞུགས་ཏེ་འཁོར་མང་པོ་ལ་ཆོས་གསུངས་པའི་ཚེ། སྟེང་གི་ནམ་མཁའ་ནས་བྱ་ངང་པ་ལྔ་བརྒྱ་ཙམ་ཞིག་འཕུར་བ་ལས། སངས་རྒྱས་ཀྱི་གསུང་དབྱངས་ཐོས་ནས་རབ་ཏུ་དགའ་ཞིང་མོས་ཏེ་ནམ་མཁའ་ལ་ལྡིང་བ་ལས། སྤྱན་སྔར་འབབ་པར་བརྩམས་པ་ན། ལམ་དུ་རྔོན་པས་བྱ་རྒྱ་བྲེས་པ་དང་ཐུག་ནས་ཐམས་ཅད་བྱ་རྒྱས་བཟུང་སྟེ་ཚེ་ཡི་དུས་བྱས་པ་ལས། སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་ཕ་མའི་པུས་མོའི་སྟེང་དུ་ཐམས་ཅད་ཁྱེའུ་ལོ་བརྒྱད་ལོན་པ་ཙམ་དུ་སྐྱེས་ནས། སྔོན་གྱི་གནས་རྗེས་སུ་དྲན་ཏེ་ཆོས་གསུང་བའི་སྒྲ་ཐོས་ནས་ལྷར་སྐྱེས་པར་ཤེས་ཏེ། ནམ་མཁའ་ལས་བབས་ཏེ་ལྷ་རྫས་ཀྱི་མཆོད་པ་དུ་མ་ཐོགས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་པ་དང་། ལྷའི་འོད་ཀྱི་གནས་ཀུན་རིན་པོ་ཆེ་ལྟར་སྣང་བར་བྱས་ཤིང་། དེར་སྟོན་པས་ཆོས་བསྟན་པས་ལྷ་དེ་དག་གི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། ཕྱིན་ཆད་ངན་སོང་གསུམ་དུ་མི་ལྟུང་བར་གྱུར་ཏེ་ཕྱིར་ལྷའི་རིས་སུ་སོང་ནས། སྐྱེ་བ་བདུན་གྱིས་ཟག་པ་ཀུན་ཟད་དོ། །དེར་ཀུན་དགའ་བོས་ལས་ཀྱི་རྒྱུ་ཞུས་པས། སྔར་གྱི་ལོ་རྒྱུས་གསུངས་པ་ན། ཀུན་དགའ་བོ་ངོ་མཚར་དུ་གྱུར་ནས་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་པ་ནི་ངོ་མཚར་རྨད་དེ་ཆོས་ཀྱི་ཆར་གྱིས་མ་ངོམས་པ་མ་མཆིས་སོ། །ཆུང་ངུ་ན་དུད་འགྲོའི་སྐྱེ་གནས་ལྟ་བུ་ཡང་ཆོས་ཐོས་ནས་བསོད་ནམས་ཐོབ་ན་མི་ལྟ་ཞིག་ཅི་སྨོས་ཏེ། དད་པའི་སེམས་ཀྱིས་གཟུངས་སུ་བཟུང་བའི་བསོད་ནམས་ཀྱི་འབྲས་བུ་ནི་དཔེར་མ་མཆིས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ལེགས་སོ་ལེགས་སོ། །ཁྱེད་ཀྱིས་སྨྲས་པ་བཞིན་དུ་བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་པ་ནི་ཀུན་ལ་ཕན་པ་དང་བདེ་བའི་དོན་དུ་འགྱུར་ཏེ་ཀུན་ཏུ་བདུད་རྩིའི་ཆར་ཕབ་ནས་འགྲོ་བ་མང་པོ་ངོམས་པར་བྱེད་དོ། །དེ་བས་ན་ཁྱོད་ཀྱིས་སེམས་རྩེ་གཅིག་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་ནན་ཏན་གྱིས་ཤིག ཅེས་གསུངས་པས། འཁོར་རྣམས་ཡི་རངས་ནས་མངོན་པར་བསྟོད་དོ། །འདིས་ནི་སངས་རྒྱས་ལ་དད་པ་དང་དམ་པའི་ཆོས་ཀྱི་སྒྲ་ཐོས་པའི་ཕན་ཡོན་བསྟན་པ་ཡིན་ནོ། །

རབ་ཏུ་བྱུང་བ་རྣམས་ལ་ངན་སེམས་བསྐྱེད་པའི་རྣམ་སྨིན་དང་གུས་པར་བྱས་པའི་ཕན་ཡོན་རྣམས་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་སོ། །དེའི་ཚེ་ལྷས་བྱིན་གྱིས་བཅོམ་ལྡན་འདས་ལ་རྟག་ཏུ་ངན་སེམས་བསྐྱེད་ནས་དེ་བཞིན་གཤེགས་པ་མེད་པར་བྱས་ལ་ལྷ་བྱིན་ཉིད་སངས་རྒྱས་ཡིན་ནོ་ཞེས་བསྒྲགས་པའི་ཕྱིར། རྒྱལ་བུ་མ་སྐྱེས་དགྲ་ལ་ཕ་གསོད་དུ་བཅུག་ནས། སངས་རྒྱས་གསར་པ་དང་། རྒྱལ་པོ་གསར་པས་ཡུལ་སྲིད་བཅས་ན་ལེགས་སོ་ཞེས་སྨྲས་པ་དང་། རྒྱལ་བུ་མ་སྐྱེས་དགྲས་ཉན་ཏེ་ཕ་བསད་ནས་བདག་ཉིད་རྒྱལ་པོར་ཞུགས་པའི་ཚེ། ཡུལ་མི་རྣམས་དགེ་སློང་ཀུན་ལ་ངན་སེམས་བསྐྱེད་ནས་མཐོང་ཡང་མི་འདོད་པར་གྱུར་སྟེ། བསོད་སྙོམས་སློང་དུ་སོང་བ་རྣམས་ལྷུང་བཟེད་སྟོང་པར་ཕྱིར་ལོག་དགོས་པར་གྱུར་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སེམས་ཅན་གང་ཞིག་དགེ་སློང་ངུར་སྨྲིག་གྱོན་པ་ལ་ངན་སེམས་བསྐྱེད་ན། མི་དེ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་དང་། རང་སངས་རྒྱས་དང་། དགྲ་བཅོམ་པ་ལ་ངན་སེམས་བསྐྱེད་པ་ཡིན་པར་རིགས་པར་བྱའོ། །དེ་ལྟར་དུས་གསུམ་གྱི་འཕགས་པ་ལ་ངན་སེམས་བསྐྱེད་པས། སྡིག་པའི་ལས་ཁ་ན་མ་ཐོ་བའི་འབྲས་བུ་ཚད་མེད་པ་སྨིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་གོས་ངུར་སྨྲིག་ནི་དུས་གསུམ་གྱི་འཕགས་པའི་རྒྱལ་མཚན་ཡིན་ཏེ་སེམས་ཅན་གང་ཞིག་སྐྲ་དང་ཁ་སྤུ་བྲེགས་ཏེ། ཁ་དོག་བསྒྱུར་བའི་གོས་གྱོན་ན། བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་འགྱུར་རོ། །ཀུན་དགའ་བོ། །ང་ཡང་སྔོན་རབ་ཏུ་བྱུང་བའི་ཆོས་གོས་ཁ་དོག་བསྒྱུར་པ་གྱོན་པ་ལ་དད་པའི་སེམས་སྐྱེས་ཏེ། བསྟི་སྟང་བྱས་པས་མངོན་པར་སངས་རྒྱས་སོ། །སྔོན་འདས་པའི་དུས་བསྐལ་པ་ཚད་མེད་པ་གྲངས་མེད་པའི་ཕ་རོལ་ན། འཛམ་བུ་གླིང་འདིར་རྒྱལ་པོ་ཆེན་པོ་དེ་བྱི་ཞེས་པ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་པ་ཞིག་བྱུང་སྟེ། དེའི་ཚེ་འཇིག་རྟེན་ན་སངས་རྒྱས་ཀྱི་ཆོས་ནི་མེད། རང་སངས་རྒྱས་དག་གིས་སེམས་ཅན་གྱི་དོན་མཛད་དོ། །དེར་སེང་གེ་ཡི་དམ་བརྟན་པ་ཞེས་བྱ་བ་ལུས་ཀྱི་སྤུ་གསེར་གྱི་མདོག་ལྟར་འཚེར་བ། ཟས་སུ་འབྲས་བུ་དང་རྩ་བ་ཟ་ཞིང་སེམས་ཅན་ལ་མི་འཚེ་བ་ཞིག་ཡོད་པ་ལས། དེ་རྔོན་པ་ཞིག་གིས་མཐོང་ནས། འདི་བསད་ནས་པགས་པ་རྒྱལ་པོ་ལ་ཕུལ་ན་བྱ་དགའ་ཆེན་པོ་ཐོབ་པར་འགྱུར་རོ་སྙམ་དུ་བསམ་སྟེ། དུས་གཞན་ཞིག་ན་སྐྲ་བྲེགས་ཆོས་གོས་གྱོན་མདའ་གཞུ་མཆན་དུ་བཅུག་སྟེ་སོང་ནས། སེང་གེ་དེ་ཉིད་གཉིད་དུ་སོང་བ་ལ་དུག་མདས་བསྣུན་ནོ། །དེར་གཉིད་སད་ནས་རྔོན་པ་བསྙེགས་པ་དང་། ཆོས་གོས་གྱོན་པར་མཐོང་ནས། འདི་ལ་གནོད་པ་བྱས་ན་དུས་གསུམ་གྱི་འཕགས་པ་ལ་ངན་སེམས་བསྐྱེད་པ་ཡིན་ནོ་བསམ་སྟེ་གསོད་པའི་སེམས་བཏང་སྟེ་ཡ་ལ་ལ་བ་ཤ་ས་སྭཱ་ཧཱ། ཞེས་སྨྲས་ཏེ་ཚེ་ཡི་དུས་བྱས་སོ། །དེའི་ཚེ་གནམ་ས་ཀུན་གཡོས་ནས་སྤྲིན་མེད་པར་ཆར་བབ་སྟེ་ལྷ་རྣམས་ཀྱང་སྟེང་གི་ནམ་མཁའ་ལ་འོངས་ནས་མེ་ཏོག་གི་ཆར་ཕབ་ནས་སེང་གེའི་རོ་ལ་མཆོད་པ་བྱས་སོ། །དེ་ནས་རྔོན་པས་པགས་པ་བཤུས་ཏེ་རྒྱལ་པོ་ལ་ཕུལ་ནས་བྱ་དགའ་གསོལ་པ་དང་། རྒྱལ་པོས་བསམ་པ། ཡི་གེ་དང་གཙུག་ལག་ལས། དུད་འགྲོ་གང་གི་སྤུ་མདོག་གསེར་ལྟར་འདུག་ན། ངེས་པར་བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོ་ཡིན་ནོ་འབྱུང་བས། བདག་གིས་འདི་ལ་བྱ་དགའ་སྦྱིན་ན་བདག་ཀྱང་གསོད་པ་དང་ཐ་མི་དད་དོ་སྙམ་མོ། །དེར་རྔོན་པས་ཡང་ཡང་བསྐུལ་བས། རྒྱལ་པོས་ཀྱང་ཉུང་ཟད་ཅིག་བྱིན་ནས། འདི་གསོད་པའི་ཚེ་ངོ་མཚར་བའི་ལྟས་ཅི་བྱུང་དྲིས་པས། སྔར་གྱི་ཡིག་འབྲུ་བརྒྱད་པོ་དང་ལྟས་རྣམས་བཤད་པས། རྒྱལ་པོ་ཤིན་ཏུ་མི་དགའ་སྟེ་དད་པའི་སེམས་བསྐྱེད་ནས་ཡིག་འབྲུ་བརྒྱད་པོའི་དོན་ཀུན་ལ་དྲིས་ཀྱང་ཤེས་པ་མ་བྱུང་ནས། གནས་དབེན་པ་ཞིག་ན་དྲང་སྲོང་ཤ་མ་ཞེས་བྱ་བ་མཁས་པ་རིག་པ་དང་ལྡན་པ་ཞིག་ཡོད་པ་དེ། རྒྱལ་པོས་སྤྱན་དྲང་ནས་དྲིས་པས་དྲང་སྲོང་དེས། ཡ་ལ་ལ་ཞེས་པའི་དོན་ནི་སྐྲ་བྲེགས་ལ་ཆོས་གོས་ཁ་དོག་བསྒྱུར་བ་གྱོན་པ་འབའ་ཞིག་སྐྱེ་ཤི་ལས་མྱུར་དུ་ཐར་རོ་ཞེས་སོ། །བ་ཤ་ས་ཟེར་བ་ནི་སྐྲ་བྲེགས་ཏེ་ཆོས་གོས་ཁ་དོག་བསྒྱུར་བ་གྱོན་པ་ཐམས་ཅད་འཕགས་པའི་མཚན་མ་ཡིན་ཏེ། མྱ་ངན་ལས་འདས་པ་དང་ཉེའོ། །ཞེས་ཟེར་རོ། །སྭཱ་ཧཱ་ཞེས་བྱ་བའི་དོན་ནི་སྐྲ་བྲེགས་ཏེ་ཆོས་གོས་ཁ་དོག་བསྒྱུར་པ་གྱོན་ན་ལྷ་དང་མི་དང་། འཇིག་རྟེན་དང་བཅས་པ་ཐམས་ཅད་ཀྱིས་བཀུར་སྟི་བྱའོ། །ཞེས་པའི་དོན་ཏོ། །ཞེས་སྨྲས་པས། རྒྱལ་པོ་རབ་ཏུ་དགའ་བས། རྒྱལ་ཕྲན་བརྒྱད་ཁྲིི་བཞི་སྟོོང་ཀུན་བསྡུས་ནས། རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟའི་ཁྲི་ལ་སེང་གེའི་པགས་པ་བཞག་སྟེ་ཐམས་ཅད་ཀྱིས་མཆོད་པར་བྱས་ཤིང་སླར་གསེར་གྱི་སྒྲོམ་དུ་བཅུག་ནས་མཆོད་རྟེན་ཡང་བྱས་སོ། །དེའི་ཚེ་མི་མང་པོ་དགེ་བར་སེམས་པ་ཐམས་ཅད་ཚེ་འཕོས་ནས་མཐོ་རིས་ཀྱི་ལྷར་སྐྱེས་སོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་སེང་གེ་དེས་ཆོས་གོས་ཁ་དོག་བསྒྱུར་བ་གྱོན་པའི་མི་ལ་དགེ་བའི་སེམས་བསྐྱེད་པས། བསྐལ་པ་ཁྲི་ཕྲག་བཅུའི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱས་ནས། སེམས་ཅན་ཀུན་ལ་བདེ་བ་བྱིན་ཏེ་བསོད་ནམས་ཀྱི་ལས་རྒྱས་པར་བྱས་ནས་མངོན་པར་སངས་རྒྱས་སོ། །དེའི་དུས་ཀྱི་སེང་གེ་ཡི་དམ་བརྟན་པ་ནི་ད་ལྟར་ང་ཡིན་ནོ། །དེའི་དུས་ན་རྒྱལ་པོ་དེ་བྱིས་སེང་ལྤགས་ལ་མཆོད་པ་བྱས་པས་བསྐལ་པ་ཁྲི་ཕྲག་བཅུའི་བར་དུ་ལྷ་དང་མིའི་མཆོག་ཏུ་གྱུར་ནས། དགེ་བ་ཀུན་བྱས་པ་དེ་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ཡིན་ནོ། །དེའི་དུས་ཀྱི་དྲང་སྲོང་ནི་ཤཱ་རིའི་བུ་དང་། རྔོན་པ་དེ་ནི་ལྷས་བྱིན་ཡིན་ནོ། །ཞེས་གསུངས་པས་འཁོར་རྣམས་རབ་ཏུ་དགའ་ནས་འགྱོད་ཚངས་ཀྱང་ཕུལ་ལོ། །འདིས་ནི་རབ་ཏུ་བྱུང་བ་རྣམས་ལ་ངན་སེམས་བསྐྱེད་པའི་རྣམ་སྨིན་དང་གུས་པར་བྱས་པའི་ཕན་ཡོན་རྣམས་བསྟན་པ་ཡིན་ནོ། །

འཕགས་པ་ལ་ངན་སེམས་ཀྱིས་མི་སྙན་པ་བརྗོད་པ་དང་། དགེ་འདུན་གྱི་སྤྱི་རྫས་མ་བྱིན་པར་ལེན་པ་སོགས་ཀྱི་ཉེས་དམིགས་བསྟན་པ།

༈ ཡང་སྟོན་པ་བྱ་རྒོད་ཕུང་པོའི་རི་བོ་ན་བཞུགས་པའི་ཚེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དང་མི་རིང་བ་ཞིག་ན་ཆུའི་ལྡེང་ཀ་མི་གཙང་བས་གང་བ་ཞིག་ཏུ་སྲིན་བུ་ཆེན་པོ་སྦྲུལ་དང་འདྲ་བ་རྐང་པ་བཞི་ཡོད་པ་ཆུའི་ནང་ན་རྒྱུག་ཅིང་བར་འགའ་ཕྱིར་འབྱུང་ཞིང་བར་འགའ་ཆུའི་སྟེང་དུ་འཕྱོ་ཞིང་སྡུག་བསྔལ་ཚད་མེད་པ་མྱོང་བ་ཞིག་ཡོད་དོ། །དེར་སྟོན་པ་འཁོར་དགྲ་བཅོམ་པའི་ཚོགས་དང་བཅས་པ་གཤེགས་ནས། སྲིན་བུ་དེའི་སྔོན་གྱི་རྒྱུ་ཁྱེད་ཅག་སུས་ཤེས། ཞེས་བཀའ་སྩལ་པ་དགེ་སློང་རྣམས་ཀྱིས་མངོན་ཤེས་ཀྱིས་བསམས་ཀྱང་དེས་སྔོན་ཅི་བྱས་པ་མ་རྟོགས་ནས་དོན་དེ་གསོལ་པ་དང་། བཀའ་སྩལ་པ། སྔོན་སངས་རྒྱས་རྣམ་གཟིགས་འཇིག་རྟེན་དུ་བྱོན་ནས་མྱ་ངན་ལས་འདས་པའི་འོག་ཏུ་དགེ་སློང་སྟོང་ཕྲག་བཅུ་གནས་དབེན་པ་ཞིག་ཏུ་བཞུགས་ཏེ་ཏིང་ངེ་འཛིན་གྱི་དོན་ཚོལ་བས་ཐམས་ཅད་ཀྱིས་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་གྱི་འབྲས་བུ་ཐོབ་སྟེ་སོ་སོའི་སྐྱེ་བོ་ནི་མེད་དོ། །དེའི་ཚེ་ཚོང་པ་ལྔ་བརྒྱ་རྒྱ་མཚོར་འགྲོ་བ་ལས། ལམ་དུ་མཆོད་པར་འདོད་ཀྱང་ཡོན་བདག་མང་བས་སྐབས་མ་རྙེད་ནས། རྒྱ་མཚོ་ནས་ཕྱིར་འཁོར་བ་ན་མཆོད་པར་བགྱིའོ། །ཞེས་སོང་བ་ལས། རྒྱ་མཚོ་ལས་བདེ་བར་འཁོར་ཞིང་རིན་པོ་ཆེ་མང་དུ་རྙེད་པའི་ནང་དུ། རིན་པོ་ཆེ་མཆོག་གཅིག་དགེ་འདུན་རྣམས་ལ་བསོད་སྙོམས་ཀྱི་ཟོང་དུ་ཕུལ་ཞིང་། དགེ་འདུན་རྣམས་ཀྱིས་ཀྱང་བཞེས་ཏེ་ལས་བྱེད་ཀྱི་དགེ་སློང་ཞིག་ལ་གཏད་དོ། །ཕྱིས་དགེ་འདུན་དག་བསོད་སྙོམས་ཀྱིས་བྲེལ་བར་གྱུར་ནས་རིན་པོ་ཆེ་དེ་བསོད་སྙོམས་དུ་བསྒྱུར་སྙམ་སྟེེ། ལས་བྱེད་པའི་དགེ་སློང་དེ་ལ་སྔར་ཚོང་པས་ཕུལ་བའི་རིན་པོ་ཆེ་དེ་བྱིན་ཅིག་གསུངས་པ་ན། དེས་ཚོང་པས་རིན་པོ་ཆེ་ང་ལ་བྱིན་གྱིས། ཁྱེད་རྣམས་ལ་མ་བྱིན་ནོ། །དེར་དགེ་སློང་རྣམས་ཀྱིས་ཡང་བསྒྱུར་གྱིས་གནད་བཀྲོལ་བ་ན། དེ་ཁྲོས་ནས་ཁྱེད་རྣམས་སྐྱག་པ་ཟའམ། རིན་པོ་ཆེ་ནི་ངའི་ཡིན་ནོ་ཞེས་སྨྲས་པ་དང་། དགེ་འདུན་རྣམས་ཀྱང་སོ་སོར་གྱེས་སོ། །དེ་ལྟར་ལས་བྱེད་པ་དེ་དགེ་འདུན་ལ་ངན་སེམས་ཀྱིས་ཚིག་ངན་སྨྲས་པས། ཚེ་འཕོས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་སྟེ་ངན་སྐྱུགས་ཀྱི་ནང་ན་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་འདྲེའོ། །དེ་ལས་ཐར་ནས་གནས་འདིར་ངན་སྐྱུགས་ཀྱི་ཁུང་བར་སྐྱེས་ནས། སྔོན་འདས་པའི་སངས་རྒྱས་གཙུག་ཏོར་ཅན་གྱིས་ཀྱང་དགེ་སློང་གི་དགེ་འདུན་དང་བཅས་པ་འདིར་གཤེགས་ནས་ཉེ་གནས་རྣམས་ལ་སྔོན་གྱི་ལས་གྱུར་པ་བསྟན་ཏེ། དེ་ནས། སངས་རྒྱས་ཐམས་ཅད་སྐྱོབ་ཀྱང་དགེ་སློང་གི་དགེ་འདུན་དང་བཅས་ཏེ་འདིར་གཤེགས་ནས་སྔོན་གྱི་ལས་གྱུར་པ་བསྟན་ཏོ། །དེ་ནས་ཚེ་འཕོས་ཏེ་ཕྱིར་ཡང་སེམས་ཅན་དམྱལ་བར་སྐྱེས་ཏེ། ལོ་ཁྲི་ཕྲག་གྲངས་མེད་པ་ཞིག་ཏུ་སྡུག་བསྔལ་མྱོང་ནས་ཕྱིར་ཡང་ཁུང་འདིར་སྐྱེས་སོ། །དེའི་འོག་ཏུ་སངས་རྒྱས་ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུང་གིས་ཀྱང་ཉེ་གནས་རྣམས་དང་བཅས་འདིར་གཤེགས་ཏེ་སྔོན་གྱི་ལོ་རྒྱུས་བསྟན་ཏོ། །ད་སངས་རྒྱས་བདུན་པོའི་ཐ་མ་སངས་རྒྱས་ཤཱཀྱ་ཐུབ་པ་ངས་ཀྱང་ཁྱེད་ལ་འདིར་སྲིན་བུ་བསྟན་ཏེ། དེ་བཞིན་དུ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་པོ་ཉེ་གནས་དང་བཅས་ཏེ། འདིར་གཤེགས་ནས་སྲིན་བུ་འདིས་སྔོན་ཅི་ལྟར་བྱས་པའི་ལོ་རྒྱུས་སྟོན་པར་འགྱུར་རོ། །ཞེས་གསུང་པས་འཁོར་རྣམས་ཀྱིས་ཐོས་ནས་ལུས་ཀྱི་བ་སྤུ་ཀུན་ལངས་ནས། སོ་སོ་ནས་ལུས་དང་ངག་དང་ཡིད་ཀྱི་ལས་ཤིན་ཏུ་སྲུང་བར་གྱུར་ཏོ། །འདིས་ནི་འཕགས་པ་ལ་ངན་སེམས་ཀྱིས་མི་སྙན་པ་བརྗོད་པ་དང་། དགེ་འདུན་གྱི་སྤྱི་རྫས་མ་བྱིན་པར་ལེན་པ་སོགས་ཀྱི་ཉེས་དམིགས་བསྟན་པ་ཡིན་ནོ། །

ངག་བག་མེད་པའི་རྣམ་སྨིན་དང་། རབ་ཏུ་བྱུང་བ་དང་ཆོས་ཐོས་པའི་ཕན་ཡོན་སོགས་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། འཕགས་པ་ཤཱ་རིའི་བུའི་ཉིན་མཚན་དུས་གསུམ་དུ་ལྷ་ཡི་མིག་གིས་གཟིགས་ནས། གང་འདུལ་བའི་བསྐལ་པ་ཡོད་པ་དེར་གཤེགས་པར་མཛད་པ་ལས། ཚོང་པ་ཞིག་ཡུལ་གཞན་དུ་འགྲོ་བའི་ཕྱིི་ལ་ཁྱི་ཞིག་ཁྲིད་ཡོད་བ་དེས་ཤ་བརྐུས་པས། ཚོང་པ་དེ་ཁྲོས་ཏེ་ཁྱི་དེའི་རྐང་པ་བཅག་ནས་ས་སྟོང་ཞིག་ཏུ་བོར་ཏེ་སོང་བས་ཤིན་ཏུ་ཉམ་ཐག་པར་མཐོང་ནས། གྲོང་དུ་བསོད་སྙོམས་བསླངས་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་ཏེ། ཁྱིའི་གམ་དུ་བྱོན་ནས་དེ་ལ་ཁ་ཟས་བྱིན་ཅིང་ཆོས་བསྟན་པས་ཁྱི་དེ་ལྷག་པར་དགའ་བཞིན་ཚེ་འཕོས་པས། མཉན་ཡོད་དུ་བྲམ་ཟེ་ཞིག་གི་བུར་སྐྱེས་ཏེ་མིང་ཀྱུན་ཏེ་ཞེས་པར་བཏགས་སོ། །དུས་གཞན་ཞིག་ན་བྲམ་ཟེ་དེའི་སྒོར་འཕགས་པ་ཤཱ་རིའི་བུ་གཅིག་པུར་བསོད་སྙོམས་ལ་བྱོན་པས། བྲམ་ཟེ་དེས་ཅིའི་ཕྱིར་གཅིག་པུར་འགྲོ་བར་བྱེད་དགེ་ཚུལ་ཡང་མེད་དམ་ཞེས་དྲིས་པར་ཤཱ་རིའི་བུས་བདག་ལ་དགེ་ཚུལ་མེད་པས་གཅིག་པུར་འགྲོ་བ་ཡིན་ནོ། །ཁྱོད་ལ་བུ་ཞིག་ཡོད་ཟེར་ན་བདག་ལ་སྦྱིན་དུ་རུང་ངམ་མི་རུང་གསུངས་པས། བྲམ་ཟེས་བདག་ལ་བུ་ཀྱུན་ཏེ་བྱ་བ་ཞིག་ཡོད་དེ། ད་དུང་ཆུང་བས་ཅི་ཡང་མི་ནུས་པས། ནམ་སྐྱེས་པ་ན་སྦྱིན་ནོ། །ཞེས་སྨྲས་ཏེ། དེ་ནས་ལོ་བདུན་སོང་བ་ན་ཕུལ་ལོ། །ཤཱ་རིའི་བུས་ཁྱེའུ་ཀྱུན་ཏེ་ཁྲིད་ནས་དགེ་ཚུལ་དུ་བཅུག་སྟེ་ཆོས་བསྟན་པས་དགྲ་བཅོམ་པར་གྱུར་ཏེ། དེས་མངོན་ཤེས་ཀྱིས་བརྟགས་པས་ཚེ་སྔ་མ་ཁྱིར་གྱུར་ནས་འཕགས་པའི་དྲིན་གྱིས་མིའི་ལུས་དང་འབྲས་བུ་ཐོབ་པར་མཐོང་ནས། བདག་ནི་སློབ་དཔོན་འདིའི་དྲིན་གྱིས་སྡུག་བསྔལ་ལས་ཐར་བར་གྱུར་པས། ནམ་འཚོའི་བར་དུ་སློབ་དཔོན་གྱི་བསྙེན་བཀུར་བྱ་བའི་ཕྱིར་དགེ་ཚུལ་བྱའི་བསྙེན་པར་རྫོགས་པར་མི་བྱའོ་སྙམ་དུ་དམ་བཅས་སོ། །དེའི་ཚེ་ཀུན་དགའ་བོས་དགེ་ཚུལ་དེའི་སྔོན་གྱི་ལས་ཀྱི་རྒྱུ་ཞུས་པས། སྟོན་པས་བཀའ་སྩལ་པ། སྔོན་འདས་པའི་དུས་ན་སངས་རྒྱས་འོད་སྲུང་གི་ཚེ། དགེ་སློང་དག་ཅིག་མཉམ་དུ་འཁོད་པ་ལས། དགེ་སློང་གཞོན་ནུ་སྐད་སྙན་པ་ཞིག་ཡོད་པ་དེས་བསྟོད་པར་དང་དབྱངས་བྱས་པས་ཐམས་ཅད་མགུ་བར་གྱུར་པ་ན། དགེ་སློང་རྒན་པོ་སྐད་མི་སྙན་པ་ཞིག་གིས་ཀྱང་དབྱངས་བྱས་པས། དེ་ལ་དགེ་སློང་གཞོན་ནུ་དབྱངས་སྙན་དེས་ཁྱོད་ཀྱི་དབྱངས་ནི་ཁྱི་ཟུག་པ་དང་འདྲའོ་ཞེས་སྨྲས་པ་དང་། དགེ་སློང་རྒན་པོ་དེས་ཁྱོད་ཀྱིས་ང་ཤེས་སམ། བདག་ནི་དགྲ་བཅོམ་པ་སྟེ། དགེ་སྦྱོང་གི་ཡོན་ཏན་དང་ལྡན་ནོ་ཞེས་སྨྲས་པས། དགེ་སློང་གཞོན་ནུ་དེ་འཇིགས་ཤིང་སྐྲག་ནས་འགྱོད་ཚངས་བྱས་སོ། །ལས་དེས་སྐྱེ་བ་ལྔ་བརྒྱའི་བར་དུ་ཁྱིར་སྐྱེས་ཤིང་། རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་བསྲུངས་པས། འདིར་ང་དང་ཕྲད་ནས་རྣམ་པར་གྲོལ་བར་གྱུར་ཏོ། །སྟོན་པས་དེ་སྐད་ཅེས་གསུངས་པས། ཀུན་དགའ་བོ་ལ་སོགས་པ་འཁོར་མང་པོ་རྣམས་རྗེས་སུ་ཡི་རངས་ནས་མངོན་པར་བསྟོད་དོ། །འདིས་ནི་ངག་བག་མེད་པའི་རྣམ་སྨིན་དང་། རབ་ཏུ་བྱུང་བ་དང་ཆོས་ཐོས་པའི་ཕན་ཡོན་སོགས་བསྟན་པ་ཡིན་ནོ། །དེས་མདོ་སྡེ་མཛངས་བླུན་ནས་བྱུང་བའི་གཏམ་རྒྱུད་རྣམས་མདོར་བསྡུས་པའི་ཚུལ་གྱིས་མ་ཚང་བ་མེད་པར་བསྟན་ཟིན་ཏེ་མདོ་གཞན་ན་ལོ་རྒྱུས་འདི་དག་ལ་འདྲ་མིན་དང་རྒྱས་བསྡུས་ཅི་རིགས་འབྱུང་བ་ནི་མདོ་སྡེ་སོ་སོའི་དགོངས་པར་ཤེས་པར་བྱའོ།། །།

མདོ་སྡེ་ལས་བརྒྱ་པ་ལས་གསུངས་པའི་གཏམ་བརྒྱུད་འགའ་ཞིག་བརྗོད་པ།

༈ ད་ནི་མདོ་སྡེ་ལས་བརྒྱ་པ་ལས་གསུངས་པའི་གཏམ་བརྒྱུད་འགའ་ཞིག་བརྗོད་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱིས་ཤེས་བྱ་དང་། ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིའི་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ་ཞིང་ངན་སོང་དུ་འབབ། སུ་ནི་ངན་སོང་ལས་ཕྱུང་སྟེ་མཐོ་རིས་དང་ཐར་པའི་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་པ་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་མ་སྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་ཀྱི་གཟིགས་པ་འཇུག་གོ །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་པ་དེ་བཞིན་དུ་ཉན་ཐོས་ཆེན་པོ་རྣམས་ཀྱང་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་ཉན་ཐོས་ཀྱི་མིག་གིས་འཇིག་རྟེན་དུ་ལྟ་བར་བྱེད་དོ། །

སྔར་གྱི་སྨོན་ལམ་བཏབ་པས་འབྲས་བུ་ཐོབ་པ།

༈ དེ་ལ་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། ཡུལ་དེ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་བ་རྣམ་ཐོས་བུ་ཡི་ལོངས་སྤྱོད་ལ་འགྲན་པ་མུ་སྟེགས་ཅན་ལ་དགའ་བ་ཞིག་ཡོད་པ་དེ་ལ། ཁྱེའུ་ཞིག་ཡོད་པ་ལ་རྩེར་གཞུག་པའི་ཕྱིར་ཕ་དེས་ཁྱི་གུ་མོ་ཞིག་བྱིན་པ་དེ་ཆེར་སྐྱེས་པ་ན་མུ་སྟེགས་བྱེད་རྣམས་མཐོང་བ་ན་རྒྱུག་ཅིང་རྨུག་པར་བྱེད་ལ། དགེ་སློང་དག་མཐོང་ན་དྲུང་དུ་འགྲོ་ཞིང་ལྕེས་བལྡགས་ཏེ་མཇུག་མ་དྲིལ་ཞིང་གཡས་ཕྱོགས་སུ་བསྐོར་བ་བྱེད་དོ། །དེ་ཤཱ་རིའི་བུས་ཉན་ཐོས་ཀྱི་སྤྱན་གྱིས་གཟིགས་ནས་འདུལ་བའི་དུས་ལ་བབ་པར་རིགས་ནས་ཁྱིམ་བདག་དེའི་ཁྱིམ་དུ་བྱོན་པ་ན། ཁྱི་མོ་དེས་རྒྱང་རིང་བ་ནས་བསུས་ཏེ་གུས་པར་ལྕེས་བལྡགས་ཏེ་བསྐོར་བ་བྱེད་པ་ན། ཁྱིམ་བདག་དེས། ཁྱི་མོ་ལོག་པར་ལྷུང་བའི་ལུས་ཅན་འདིིས་ཀྱང་འདི་ལྟ་བུའི་བཀུར་སྟི་བྱེད་ན། དགེ་སློང་འདི་ནི་བདག་ཉིད་ཆེན་པོ་ཞིག་གོ་སྙམ་སྟེ་ནང་དུ་སྤྱན་དྲངས་པ་ནས་བསོད་སྙོམས་ཕུལ་ཞིང་། འཕགས་པས་ཆོས་བསྟན་པས་ཁྱིམ་གང་གི་མི་རྣམས་ཀྱིས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཅིང་སྐྱབས་འགྲོ་དང་བསླབ་པའི་གཞི་རྣམས་བླངས་ཏེ་སྦྱིན་པ་དག་སྦྱིན་ཅིང་བསོད་ནམས་དག་བྱེད་དེ། དུས་སུ་འཕགས་པ་ཤཱ་རིའི་བུ་ཡང་བྱོན་ཏེ་ཆོས་གསུངས་པ་ལས་ཁྱི་མོ་དེས་ཀྱང་དད་པས་ཉན་པར་བྱེད་ཅིང་། ཁྱིམ་བདག་དེས་ཀྱང་བདག་འཕགས་པ་དང་ཕྲད་ཅིང་ཆོས་ཐོས་ནས་འབྲས་བུ་ཐོབ་པ་འདི་ཁྱི་མོ་འདིའི་དྲིན་ཡིན་ནོ་སྙམ་ནས་ཁྱི་མོ་དེ་ཤིན་ཏུ་སྐྱོང་བར་བྱེད་པ་ལས། ནམ་ཁྱི་མོ་དེ་ནད་ཀྱིས་ཟིན་པ་ན། ཤཱ་རིའི་བུས། བུ་འདི་ལྟར་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །འདུས་བྱས་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ང་ལ་སེམས་དགའ་བར་གྱིས་ཤིག་དང་། དུད་འགྲོའི་སྐྱེ་གནས་དང་འབྲལ་བར་འགྱུར་ཡང་སྲིད་དོ། །ཞེས་གསུངས་ཤིང་ཁྱི་མོ་དེ་ཡང་སེམས་དགའ་བཞིན་དུ་ཤི་བར་གྱུར་པ་ན་ཁྱིམ་བདག་དེའི་ཆུང་མ་ཆེན་མོའི་མངལ་དུ་སྐྱེས་སོ། །ཤཱ་རིའི་བུས་ཁྱི་མོའི་རོ་དེ་ཕྱོགས་དབེན་པ་ཞིག་ཏུ་ཞོག་ཅིག་དང་རུས་པ་དེས་ཕྱིས་དེ་ཉིད་ལ་ཕན་པར་འགྱུར་རོ་གསུངས་པས་ཁྱིམ་བདག་དེས་ཀྱང་སུས་མི་མཐོང་བའི་ཕྱོགས་ཤིག་ཏུ་བཞག་གོ །དེར་ཟླ་དུས་ཚང་བ་ན་བུ་མོ་ལྟ་ན་སྡུག་པ་ཞིག་སྐྱེས་ཏེ། དེ་ཉིད་ཆེར་གྱུར་པ་ན་བྱད་གཟུགས་དང་ལང་ཚོས་དྲེགས་ནས་ཕན་ཚུན་དུ་གཡེངས་ཏེ་ཆོས་ཉན་དུ་མི་བཏུབ་པར་གྱུར་པ་ན། ཤཱ་རིའི་བུས་སྔར་གྱི་ཁྱི་མོའི་རུས་པ་དེ་མདུན་དུ་བཞག་ནས། དེ་ཉིད་ཀྱི་ཚེ་རབས་དྲན་པར་བྱིན་གྱིས་བརླབས་པས། བུ་མོ་དེ་རབ་ཏུ་སྐྱོ་བ་སྐྱེས་ཤིང་འཕགས་པའི་དྲིན་དྲན་ནས། དགའ་བས་ཆོས་ཉན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཅིང་རབ་ཏུ་བྱུང་བར་གསོལ་པས། ཕ་མས་ཀྱང་གནང་ཞིང་འཕགས་པས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་དེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པས་རིང་པོར་མ་ལོན་པར་དགྲ་བཅོམ་མའི་གོ་འཕང་ཐོབ་ཅིང་འཕགས་པ་ཤཱ་རིའི་བུ་ལ་དྲིན་བཟོ་བའི་ཚིག་བརྗོད་ཅིང་བཀུར་སྟི་བྱེད་དོ། །དེར་ཐམས་ཅད་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་ལ་ལས་ཀྱི་རྒྱུ་ཞུས་པས། སྔོན་བསྐལ་པ་བཟང་པོ་འདི་ཉིད་ཀྱི་སྐྱེ་དགུ་རྣམས་ཚེ་ལོ་ཉི་ཁྲི་ཐུབ་པའི་དུས་སུ་སངས་རྒྱས་འོད་སྲུང་བྱོན་ཅིང་། དེའི་བསྟན་པ་ལ་འདི་ཉིད་དགེ་སློང་མ་ཞིག་ཏུ་གྱུར་ཏེ། སྡེ་སྣོད་གསུམ་ལ་བསླབས་པས་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ཏེ། རྙེད་པ་མང་པོ་བྱུང་བ་དང་། བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཕན་གདགས་པར་བྱའོ་སྙམ་དུ་བསམས་ནས་ཆོས་བཞིན་དུ་དགེ་འདུན་སྡེ་གཉིས་ཀྱི་ཞལ་ཏ་བ་བྱས་སོ། །དེ་ནས་ཕྱིས་བྲེལ་བ་ཞིག་བྱུང་སྟེ། སློབ་པ་དང་མི་སློབ་པའི་དགེ་སློང་མ་མང་པོ་ཞིག་ལ་ལས་བཅོལ་པས། དེ་དག་གིས་བདག་ཅག་གི་དགེ་བའི་ཕྱོགས་བཏང་སྟེ་ཁྱེད་ཀྱི་དོན་མི་གྲུབ་བོ་ཞེས་སྨྲས་པས། དེ་ཁྲོས་ནས། ངས་ནི་ཁྱི་མོ་དང་འདྲ་བ་ཁྱེད་རྣམས་རྟག་ཏུ་གསོ་བར་བྱེད་ན་ཁྱེད་ནི་སྐད་ཅིག་ཙམ་ཡང་བདག་གི་དོན་མི་བྱེད་དམ་ཞེས་སྨྲས་སོ། །དེ་ནས་དེ་རྣམས་ཀྱིས་དེ་ལ་ཐུགས་བརྩེ་བའི་དབང་གིས། ཁྱེད་ཀྱིས་ངེད་སུ་ཡིན་པ་དང་། ཁྱོད་བདག་སུ་ཡིན་པ་ཤེས་སམ། དེས་སྨྲས་པ། ངས་ཤེས་ཏེ་ཁྱོད་ཀྱང་རབ་ཏུ་བྱུང་བ་ཡིན་ལ་ང་ཡང་རབ་ཏུ་བྱུང་བ་ཡིན་ནོ། །དེ་དག་གིས་སྨྲས་པ། ཆེ་ཞེའུ་ཅག་རབ་ཏུ་བྱུང་བར་འདྲ་མོད་ཀྱི། ཁྱོད་ནི་བཅིང་བ་ཐམས་ཅད་ཀྱིས་བཅིངས་པའི་སོ་སོའི་སྐྱེ་བོ་ཡིན་ལ་ངེད་ཀྱི་བྱ་བ་བྱས་པ་ཡིན་གྱིས་ཉེས་པ་ལ་ཉེས་སོ་ཞེས་བཤགས་པར་གྱིས་ཤིག ཁྱེད་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་ཆེན་པོ་རྙེད་ཏ་རེ། དེ་ཐོས་པ་དང་འགྱོད་པ་ཆེན་པོ་སྐྱེས་ནས་བཤགས་པ་བྱས་ཤིང་། ལྷག་པར་ཡང་ཆོས་བཞིན་དུ་གཉིས་གའི་དགེ་འདུན་གྱི་ཞལ་ཏ་བྱས་ཏེ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། འཆི་ཀར། བདག་འོད་སྲུང་གི་བསྟན་པ་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་དེ་ཆོས་བཞིན་དུ་ཞལ་ཏ་བགྱིས་པའི་དགེ་བས་གང་དུ་སྐྱེས་པ་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བ་དང་། གཟུགས་བཟང་ཞིང་ལྟ་ན་སྡུག་པར་གྱུར་ཅིག ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པར་བྱེད་པར་མ་གྱུར་ཅིག དེའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་གྱུར་ཅིག བདག་ཁྲོས་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཚིག་རྩུབ་སྨྲ་བའི་རྣམ་པར་སྨིན་པ་མྱོང་བར་མ་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་དགེ་སློང་མ་དེ་ནི་འདི་ཡིན་ཏེ། ཚིག་རྩུབ་སྨྲས་པའི་རྒྱུ་དེས་སྐྱེ་བ་ལྔ་བརྒྱར་ཁྱིར་སྐྱེས་ཤིང་། འཕགས་པ་ཤཱ་རིའི་བུ་ལ་སེམས་དགའ་བར་གྱུར་པས་མིར་སྐྱེས་པ་དང་། སྔར་གྱི་སྨོན་ལམ་བཏབ་པས་འབྲས་བུ་ཐོབ་པར་གསུངས་སོ། །

དགེ་འདུན་གྱི་ཞལ་ཏ་བགྱིས་པའི་ཕན་ཡོན་སོགས་ཀྱང་བསྟན་པ།

༈ ཡང་མཉན་ཡོད་དུ། སྨོས་མ་ཐག་པ་དང་ཚུལ་མཐུན་པར་ཁྱིིམ་བདག་ཕྱུག་པོ་ཞིག་གི་ཁྱེའུ་ཞིག་ལ་ཁྱི་གུ་ཞིག་ཡོད་པ་དེ་ཆེར་སྐྱེས་པ་ན་ཐམས་ཅད་རྨུག་པར་བྱེད་པ་ལས། འཕགས་པ་ཤཱ་རིའི་བུ་དེར་བྱོན་པ་ན་ཞབས་ལ་རྨུགས་ཏེ་རྨ་བྱས་སོ། །དེ་མཐོང་ནས་ཁྱིམ་བདག་གིས་ནང་དུ་སྤྱན་དྲངས་ཏེ་ཆོས་བསྟན་པས་ཁྱིམ་བདག་འཁོར་བཅས་བདེན་མཐོང་ལ་བཀོད་ནས། ཕྱིས་ཡང་ཡང་བྱོན་པས། ཁྱི་དེ་ཡང་རབ་ཏུ་དགའ་བར་གྱུར་ནས་ཚེ་འཕོས་པ། ཁྱིམ་བདག་དེའི་ཁྱིམ་དུ་སྐྱེས་ཏེ་ཁྱེའུ་གཟུགས་བྱད་བཞིན་བཟང་ཞིང་དཔེ་མེད་པ་ལ་མིག་ཆུང་ངུ་ཅན་ཞིག་དུ་གྱུར་པས་མིང་མིག་ཆུང་དུ་བཏགས། དེ་ཉིད་ཆེར་སྐྱེས་པ་ན་འཕགས་པ་ཤཱ་རིའི་བུས་ཉེ་གནས་སུ་བསླང་ཞིང་ཕ་མས་ཀྱང་ཕུལ་ནས་དགེ་ཚུལ་དུ་བྱས་ཏེ་ཆོས་བསྟན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེས་ཤཱ་རིའི་བུས་ཞབས་ལ་སྣུམ་སྐུས་པ་ན། སྔར་གྱི་རྨ་སྒྲོས་དེ་མཐོང་ནས་འདི་ཅི་ལས་བྱུང་ཞུས་པས། འདི་ཅི་ལས་བྱུང་བ་ཁྱོད་ཀྱིས་སོམས་ཤིག་གསུངས། དེར་མངོན་ཤེས་ཀྱིས་བརྟགས་པས་རང་ཉིད་ཚེ་སྔ་མར་ཁྱིར་གྱུར་ནས་རྨུགས་པ་དང་། དེའི་སྔོན་དུ་རང་གར་སྐྱེ་བརྟགས་པས་སྐྱེ་བ་ལྔ་བརྒྱར་ཁྱི་འབའ་ཞིག་ཏུ་སྐྱེས་པ་དང་། གལ་ཏེ་མཁན་པོས་མ་ཟིན་ཅིང་འབྲས་བུ་མ་ཐོབ་ན་གར་སྐྱེ་བརྟགས་པས་ཀྱང་ཁྱིའི་སྐྱེ་བ་ལྔ་བརྒྱ་ལེན་པར་ཤེས་ནས། མཁན་པོའི་བཀའ་དྲིན་རྗེས་སུ་འཚོབ་བའི་ཆེད་དུ་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་གྱིས་བསྙེན་བཀུར་བགྱིད་པར་དམ་བཅས་སོ། །དེའི་ཚེ་བཅོམ་ལྡན་འདས་ལ་ལས་ཀྱི་རྒྱུ་ཞུས་པས། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་རྣམས་ལ་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་མིན་པར་འགྱུར་རོ། །ལུས་ཅན་དག་གིས་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་འདས་པའི་དུས་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ། དགེ་སློང་འ དིར་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་པར་གྱུར་ཏེ་རྙེད་པ་ཆེན་པོ་བྱུང་བ་ན། འདིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཕན་གདགས་པར་བྱའོ་སྙམ་སྟེ་ཆོས་བཞིན་དུ་དགེ་འདུན་གྱི་ཞལ་ཏ་བྱས་པ་ལས། ཉིན་གཅིག་དགྲ་བཅོམ་པ་ཞིག་ཕྱི་དྲོའི་གུང་སྐྱེམས་ཀྱི་ཞལ་ཏ་བའི་རེས་ལ་བབ་ནས། དེས་དགེ་འདུན་པ་རྣམས་ལ་གུང་སྐྱེམས་བྲིམ་པའི་འོག་ཏུ་ལུས་ངལ་ཏེ་གནས་ཁང་དུ་སོང་ནས་སྐྱིལ་ཀྲུང་གིས་འདུག་པ་ལ། ཞལ་ཏ་བྱེད་པ་དེའི་སྦྱིན་བདག་རྣམས་ལ་གུང་སྐྱེམས་དགོས་པ་བྱུང་ནས་དེང་གི་གུང་སྐྱེམས་ཀྱི་ཞལ་ཏ་བྱེད་པའི་རེས་སུ་ཡིན་དྲིས་པས། གཞན་དག་གིས་བཤད་པ་ན་དེ་ཁྲོས་ཏེ་མིག་བཙུམས་ཏེ་འདི་འདྲ་བ་དེ་ཡིན་ནམ་སྨྲས་ཏེ། དེའི་གམ་དུ་སོང་སྟེ། བདག་ནི་ཁྱེད་ཀྱི་ཕྱིར་སྦྱིན་བདག་རྣམས་དགའ་བར་བྱས་ནས་ཡོ་བྱད་ཀྱིས་བསྙེན་བཀུར་བྱེད་ན། ཁྱེད་ནི་བདག་གིས་བྱིན་པ་ལ་ལོངས་སྤྱོད་ནས་ཁྱི་བཞིན་དུ་ཚང་དུ་ཞུགས་ནས་ཉལ་འདུག་གམ་ཞེས་བྱས་སོ། །དེ་ནས་དགྲ་བཅོམ་པ་དེས་དེ་ལ་ཐུགས་བརྩེ་བའི་སླད་དུ་ང་ནི་དགྲ་བཅོམ་པ་ཡིན་ན་ཁྱོད་ཀྱིས་ཉེས་པ་དེ་བཤོགས་ཤིག་གསུངས་པས། དེ་འགྱོད་པ་ཆེར་སྐྱེས་ནས་བཟོད་གསོལ་བྱས་ཤིང་། ལྷག་པར་ཡང་དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱས་ཏེ་འཆི་ཀར་སྨོན་ལམ་བཏབ་པ་ལས། ངག་གི་ཉེས་པར་སྤྱོད་པའི་འབྲས་བུས་ཚེ་རབས་ལྔ་བརྒྱར་ཁྱིར་སྐྱེས་ཏེ། གལ་ཏེ་ཤཱ་རིའི་བུས་མ་བསམས་སུ་ཟིན་ན་ཕྱིན་ཆད་ཡང་ཚེ་རབས་ལྔ་བརྒྱར་ཁྱིར་སྐྱེས་པར་འགྱུར་ལ་དེའི་ཚེ་ཁྲོས་ནས་མིག་བཙུམས་ཏེ་དགྲ་བཅོམ་པ་དེའི་མིག་ལྟར་བཅོས་པས། ད་ལྟར་མིར་སྐྱེས་ན་ཡང་མིག་གཉིས་དེ་དང་འདྲ་བར་གྱུར་ཏོ། །དེའི་ཚེ་སྦྱིན་པ་དང་སྨོན་ལམ་གྱི་མཐུས་ད་ལྟར་ཕྱུག་པོར་སྐྱེས་པ་དང་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གསུངས་སོ། །འདི་གཉིས་ཀྱིས་ལུས་ངག་གིས་ཉེས་པར་སྤྱོད་པའི་རྣམ་སྨིན་དང་། ཆོས་བཞིན་དུ་དགེ་འདུན་གྱི་ཞལ་ཏ་བགྱིས་པའི་ཕན་ཡོན་སོགས་ཀྱང་བསྟན་པ་ཡིན་ནོ། །

བསླབ་གཞི་བསྲུང་ཞིང་གཙུག་ལག་ཁང་བཞེངས་པ་སོགས་ཀྱི་ཕན་ཡོན་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཁྱིམ་བདག་རྣམ་ཐོས་བུའི་ནོར་དང་ལྡན་པ་ཞིག་གི་ཆུང་མ་དེ་སེམས་ཅན་དང་ལྡན་པར་གྱུར་པ་ན། འཕགས་པ་མ་འགགས་པས་དེ་ཉིད་རང་གི་འདུལ་སྐལ་དུ་གཟིགས་ནས་ཁྱིམ་བདག་དེ་དད་པར་བྱས་ཤིང་སྐབས་ཤིག་དེའི་གམ་དུ་གཡོག་མེད་པར་གཅིག་པུར་བྱོན་པ་ན། དེས་འཕགས་པ་ལ་ཞབས་འབྲིང་མ་མཆིས་སམ་གལ་ཏེ་བདག་གི་ཆུང་མ་འདི་ལ་བུ་ཞིག་སྐྱེ་བར་གྱུར་ན་འཕགས་པ་ལ་འབུལ་བར་བགྱིའོ་ཞུས། དེ་ནས་ཟླ་དུས་ཚང་བ་དང་ཁྱེའུ་གསེར་གྱི་མདོག་ཅན་ལྟ་བས་ཆོག་མི་ཤེས་པ་ཞིག་བྱུང་སྟེ། མིང་རྫོགས་བྱེད་དུ་བཏགས་སོ། །དེ་ཆེར་སྐྱེས་པ་ན། འཕགས་པ་མ་འགགས་པས་ཕ་མ་གཉིས་ལ་སྔར་གྱི་དམ་བཅའ་དེ་དྲན་པར་བསྐུལ་ནས་བུ་བསླངས་ཏེ། གཙུག་ལག་ཁང་དུ་ཁྲིད་ནས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་སུ་བཅུག་སྟེ་ཆོས་བསྟན་ཅིང་། དེས་ཀྱང་བརྩོན་འགྲུས་བརྩམས་ཏེ་གནས་པ་ན་ནད་དྲག་པོས་ཐེབས་ཏེ། དེ་ཕ་མས་ཐོས་ཏེ་ནད་གཡོག་བྱ་བའི་ཕྱིར་ཁྱིམ་དུ་ཁྲིད་ཆོག་པར་ཞུས་པས། མ་འགགས་པས་མངོན་ཤེས་ཀྱིས་གཟིགས་པས། ཁྱིམ་དེ་ཉིད་དུ་དགྲ་བཅོམ་པ་ཐོབ་ཅིང་ཕ་མ་སོགས་ཁྱིམ་གྱི་མི་རྣམས་བདེན་པ་ལ་འགོད་པར་མཐོང་སྟེ་ཇི་དགའ་བར་གནང་ངོ་། །དེར་ཁྱིམ་དུ་ཁྲིད་དེ། དགེ་སློང་དེས་ཀྱང་ཁྱིམ་དེ་ན་ནད་ཀྱིས་སྐྱོ་བར་གྱུར་ནས་བརྩོན་འགྲུས་བརྩམས་པས་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ་ཕ་མ་ལ་སོགས་པའི་ཁྱིམ་གྱི་མི་རྣམས་ལ་ཆོས་བསྟན་པས་ཐམས་ཅད་ཀྱིས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ། དགེ་སློང་རང་ཉིད་ཀྱི་སྔོན་གྱི་གནས་རྗེས་སུ་རྟོགས་པར་བྱས་པས། ཚེ་རབས་ཐམས་ཅད་དུ་མི་ནས་མིར་སྐྱེས་ཀྱང་ཐམས་ཅད་དུ་ནད་མང་བ་དང་ཚེ་ཐུང་བ་འབའ་ཞིག་ཏུ་མཐོང་ནས་ད་ནི་ཞི་བའི་དབྱིངས་སུ་འཇུག་པར་བྱའོ་སྙམ་དུ་བསམ་ནས། འབར་བ་དང་ཆར་འབབ་པ་དང་གློག་འབྱིན་པ་སོགས་ཆོ་འཕྲུལ་སྣ་ཚོགས་པ་བསྟན་ནས། ཕུང་པོ་ལྷག་མེད་ཀྱི་དབྱིངས་སུ་མྱ་ངན་ལས་འདས་སོ། །དེར་པུར་ཁྱོགས་ལ་བཞག་སྟེ་བཏེགས་ཀྱང་འདེགས་པར་མ་ནུས་ནས་འཕགས་པ་མ་འགགས་པ་ལ་ཞུས་ཤིང་དེས་མངོན་ཤེས་ཀྱིས་བརྟགས་པས་སྔོན་གྱི་སྨོན་ལམ་ལས་བྱུང་བར་རིགས་ནས། བཅོམ་ལྡན་འདས་ལ་གསོལ་པ་ན་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ། དགེ་སློང་དེའི་མཆོད་པའི་ལས་བྱེད་དུ་འདོང་ངོ་ཞེས་བཀའ་སྩལ་ཏེ་ཁྱིམ་བདག་དེའི་ཁྱིམ་དུ་གཤེགས་པ་ན་སྐྱེ་བོ་ཐམས་ཅད་ངོ་མཚར་དུ་གྱུར་ནས་ཕྱི་བཞིན་དུ་འབྲངས་ནས་དགེ་སློང་འདིའི་སྐུ་གདུང་གི་མཆོད་པ་བདག་ཅག་གི་བགྱིད་ཀྱིས་བཅོམ་ལྡན་འདས་འོ་བརྒྱལ་མི་འཚལ་ལོ་ཞེས་ཞུས་པ་ན། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་གནང་ནས། དེ་ཉིད་དང་དགེ་བསྙེན་གཞན་དག་གིས་ཀྱང་བཏེགས་ཏེ་དུར་ཁྲོད་དུ་ཁྱེར་ནས་སངས་རྒྱས་འཁོར་དང་བཅས་པའང་ཕྱི་བཞིན་དུ་ཕེབས་ཏེ་བཞུས་ནས། གནས་དེར་མཆོད་རྟེན་ཀྱང་བྱས་སོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྟོན་པས་སྔོན་བསྐལ་པ་བཟང་པོ་འདིའི་ཚེ་ལོ་བཞི་ཁྲི་པའི་དུས་སུ་སངས་རྒྱས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། དེའི་ཚེ་དགེ་སློང་འདི་དེའི་གཅུང་དུ་གྱུར་ཅིང་བག་མེད་པས་འདོད་པ་ལ་ལོག་པར་གཡེམ་པ་དང་། སྲོག་གཅོད་པ་ལ་དགའ་བར་གྱུར་ཏེ་རི་དྭགས་མང་པོ་ཁ་འདོགས་པར་བྱེད་པ་ལ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ནས་སྡིག་པའི་ལས་དེ་ལས་བཟློགས་ཏེ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ལ་འགོད་པར་མཛད་དོ། །དེས་ཀྱང་དགེ་འདུན་གྱི་གཙུག་ལག་ཁང་བྱས་ནས་སངས་རྒྱས་འཁོར་དང་བཅས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བར་བྱས་ཏེ། འཆི་ཁར་སྨོན་ལམ་བཏབ་བོ། །དེས་སྔར་སྲོག་བཅད་པས་གང་དང་གང་དུ་སྐྱེས་པ་དེར། ཚེ་ཐུང་ཞིང་ནད་མང་བར་གྱུར་ལ་གཙུག་ལག་ཁང་བཞེངས་ཤིང་མཆོད་པ་དང་སྨོན་ལམ་གྱི་དབང་གིས་གང་དུ་སྐྱེས་ཀྱང་ཕྱུག་ཅིང་ནོར་མང་བ་དང་གཟུགས་བཟང་ཞིང་ལྟ་ན་སྡུག་པར་གྱུར་ལ། ད་ལྟར་ངའི་བསྟན་པ་ལ་འབྲས་བུ་ཐོབ་པ་ཡིན་ཞིང་། མྱ་ངན་ལས་འདས་ཀྱང་འཁོར་རྣམ་བཞིས་མཆོད་པར་འགྱུར་བ་ནི། དགེ་སློང་འདི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་ཞིག་ཏུ་གྱུར་ཏེ། དེ་ལས་ཁྱིམ་བདག་ཅིག་གི་ཁྱེའུ་རབ་ཏུ་བྱུང་སྟེ་དེས་བརྩོན་པ་བསྐྱེད་པས་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ་ཆོ་འཕྲུལ་མངོན་པར་བསྟན་ཏེ་སྐུ་གཤེགས་པ་ན། མཁན་པོ་དེས་ཕ་མ་ལ་སྦྲན་ཏེ་ཐམས་ཅད་ཀྱིས་སྐུ་གདུང་ལ་མཆོད་པ་བྱས་ཤིང་། མཁན་པོ་དེས། བདག་མ་འོངས་པ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཡོན་ཏན་འདི་ལྟ་བུ་ཐོབ་སྟེ། མྱ་ངན་ལས་འདས་པ་ནའང་སངས་རྒྱས་འཁོར་རྣམ་བཞི་དང་བཅས་བྱོན་ཏེ་མཆོད་པའི་ལས་མཛད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་དབང་གིས་གྱུར་ཏོ་གསུངས། འདིས་ནི་སྲོག་བཅད་པའི་ཉེས་དམིགས་དང་། བསླབ་གཞི་བསྲུང་ཞིང་གཙུག་ལག་ཁང་བཞེངས་པ་སོགས་ཀྱི་ཕན་ཡོན་བསྟན་པ་ཡིན་ནོ། །

ཡུལ་དམ་པ་ལ་ངན་སེམས་བྱས་པ་དང་། སྐྱེ་བོ་ཕལ་པས་ཡུལ་དམ་པ་དགེ་འདུན་སོགས་ལས་བསུ་བ་སོགས་ཀྱི་བཀོད་པ་དང་དུ་བླངས་པའི་ཉེས་པ་བསྟན་པ།

༈ ཡང་མཉན་ཡོད་ན་ཁྱིམ་བདག་ཕྱུག་པོ་རྣམ་ཐོས་བུའི་ནོར་ལ་འགྲན་པ་ཞིག་ལ་བུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ། ཡི་གེ་དང་ཁོང་རྩིས་དང་ཤོད་དགོད་པ་དང་། ལག་རྩིས་དང་དབྱུང་བ་དང་སྦ་བ་དང་དགྲམ་པ་དང་། གོས་དང་ནོར་བུ་དང་རིན་པོ་ཆེ་དང་སྤོས་དང་སྨན་དང་གླང་པོ་ཆེ་དང་རྟ་བརྟག་པ་སྟེ་བརྟག་པ་བརྒྱད་ལ་མཁས་པར་གྱུར་པ་ཞིག་ཡོད་པ་དེ། ཕྱིས་རླུང་ནད་ཀྱིས་ཐེབས་ནས་རྒྱབ་སྒུར་པོ་གྱུར་པ་ན། ཕ་མ་གཉིས་མྱ་ངན་གྱིས་ནོན་ཏེ་སྨན་པ་རྣམས་ལ་བསྟན་ཀྱང་གསོ་མ་ནུས། མུ་སྟེགས་ཀྱི་སྟོན་པ་དྲུག་པོ་ཐམས་ཅད་ལ་ཞུས་ཀྱང་མ་སོས་ནས། ཕྱིས་སྟོན་པ་འཁོར་དང་བཅས་པ་ཁྱིམ་དུ་སྤྱན་དྲངས་པ་ན། ཁྱེའུ་དེས་རྒྱང་རིང་མོ་ནས་སངས་རྒྱས་ཀྱི་སྐུ་མཚན་དཔེས་བརྒྱན་པ་མཐོང་བ་དང་། དགེ་སློང་བསམ་གཏན་ལ་ལོ་བཅུ་གཉིས་སུ་གོམས་པར་བྱས་པ་ལས་ཀྱང་ཁྱད་པར་དུ་གྱུར་པའི་དགའ་བདེ་ཚད་མེད་པ་སྐྱེས་ནས། དད་པས་ཁྲི་ལས་ལྡང་བར་བརྩམས་པ་དང་སྒུར་བ་དེ་ཡང་རང་སངས་ཏེ་ལུས་སྔ་མ་ཁོ་ན་བཞིན་དུ་གྱུར་ནས་སྟོན་པའི་སྤྱན་སྔར་འདུག་པ་དང་། ཆོས་བསྟན་པས་ཁྱིམ་གང་གི་མི་རྣམས་ཀྱིས་བདེན་པ་མཐོང་ཞིང་། ཁྱེའུ་དེས་སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་བར་གསོལ་པ་དང་། སྟོན་པས་དགེ་སློང་ཚུར་ཤོག ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་པས། དེའི་མོད་ལ་སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར། སྤྱོད་ལམ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུ། ལག་ན་ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏེ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། དེ་ནི་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །སངས་རྒྱས་ཀྱིས་ནི་དགོངས་པས་གོ་བགོས་པས། །མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །དེ་ནས་དགེ་སློང་དེ་ལ་བཅོམ་ལྡན་འདས་ཀྱིས་ལུང་ཕོག་ནས། དེས་ཀྱང་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར་ཏོ། །དེ་ནས་དགེ་སློང་གཞན་དག་གིས་བཅོམ་ལྡན་འདས་ལ་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ། ཁྱིམ་བདག་ཅིག་གི་ཆུང་མ་ལ་ཁྱེའུ་མཚེ་མ་ཞིག་བྱུང་སྟེ། དེ་གཉིས་ཆེར་སྐྱེས་ནས་མཁན་པོ་ལས་རབ་ཏུ་བྱུང་སྟེ། ཁ་ཏོན་ལ་བརྩོན་པ་ན། དེ་གཉིས་ཀྱི་གཅིག་ནི་རྒོད་བག་ཅན་ཞིག་གོ །གཅིག་ནི་བརྟན་པོ་ཞིག་སྟེ་དེ་ནི་ཁ་ཏོན་བྱས་ཟིན་ནས་ཉལ་བར་བྱེད་དོ། །དེའི་ཚེ་རྒོད་བག་ཅན་དེ་ཅིག་ཤོས་ཉལ་བའི་སྟེང་དུ་ཡང་ལྗིད་ཀྱིས་འབེབ་པར་བྱེད་པ་ན། དེ་ཁྲོས་ནས་དེ་ཉིད་སྣད་པའི་ཕྱིར་དྲུང་དུ་སོ་ཕག་གཅིག་བསྒྲེངས་ཏེ་བཞག་པར་ཡང་རྩེ་བའི་ཕྱིར་འོངས་ཏེ་ལྗིད་ཀྱིས་ཕབ་པ་ན། སོ་ཕག་གིས་དེའི་སྐེད་པ་ཆག་ནས་གཞི་དེ་ལས་སྡུག་བསྔལ་ཆེན་པོ་སྐྱེས་སོ། །དེར་ནུ་བོ་དེས་ཀྱང་འགྱོད་དེ་སྡུག་བསྔལ་ཆེན་པོ་སྐྱེས་ཏེ་སྨན་དང་ཡོ་བྱད་རྣམས་སྦྱར་ཏེ་གཡོག་བྱས་པས་རིང་པོར་མ་ཐོགས་པར་སོས་པར་གྱུར་ཏོ། །དེ་སོས་པ་དང་སྐྱོ་ཤས་ཆེར་སྐྱེས་ཏེ་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ན། ནུ་བོ་དེ་ཡང་ཤིན་ཏུ་དགའ་ནས་དེའི་བཀུར་སྟི་དང་གཡོག་བྱས་ཤིང་། དེ་བཞིན་དུ། དཀོན་མཆོག་གསུམ་ལའང་བཀུར་སྟི་བྱས་ནས། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་བོ། །དེའི་ཚེ་ཕུ་བོ་ལ་ཁྲོས་ནས་རྐེད་པ་བཅག་པའི་རྣམ་སྨིན་གྱིས་གང་དུ་སྐྱེས་ཀྱང་རྐེད་པ་ཆག་པར་གྱུར་ལ། སྨོན་ལམ་གྱི་འབྲས་བུས་ཚེ་རབས་ཀུན་ཏུ་ཕྱུག་ཅིང་ནོར་མང་བར་གྱུར་ལ། ད་ལྟར་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ་གསུངས། འདིས་ནི་ངན་སེམས་ཀྱི་རྣམ་སྨིན་དང་ནད་གཡོག་སོགས་བགྱིས་པའི་ཕན་ཡོན་ཡང་བསྟན་ཏོ། །སྐབས་འདིར་དྲུག་སྡེས་ཚོན་དགའ་མོ་གཡོ་སྒྱུས་བྲིད་ནས་མགོ་བསྐོར་བྱས་པའི་ལོ་རྒྱུས་ཀྱང་ཡོད་དོ། །ཡང་སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷཱ་ཛས་དགྲ་བཅོམ་པའི་གོ་འཕང་ཐོབ་ནས་མངོན་ཤེས་ཀྱིས་རང་གིས་གདུལ་བར་བྱ་བ་གར་ཡོད་བརྟགས་ནས། ཡུལ་ཀ་ཤམྦྷི་ན་ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ར་བ་ན་བཞུགས་ཏེ་ཆོས་བསྟན་པས། དེར་གནས་པའི་སྐྱེ་བོ་ཕལ་མོ་ཆེ་འབྲས་བུ་བཞི་གང་རུང་ལ་བཀོད་ཅིང་། གཞན་དག་ལའང་དགེ་བའི་རྩ་བ་རྒྱ་ཆེན་པོ་དག་བསྐྱེད་པར་གྱུར་ཏོ། །དེའི་ཚེ་པད་སའི་རྒྱལ་པོ་འཆར་ཀ་དཔུང་གི་ཚོགས་དང་བཅས། རི་དྭགས་བཤོར་དུ་འགྲོ་བའི་ལམ་ཞོར་དུ་དེར་ཕྱིན་ཏེ་གཏམ་ཐོས་པ་ན། དེར་བལྟ་བ་དང་བསྙེན་བཀུར་གྱི་ཕྱིར་སོང་བ་ན། གནས་བརྟན་དེས་རྒྱལ་པོ་བསུ་ཡང་མ་བསུས་ལངས་ཀྱང་མ་ལངས་སོ། །དེར་རྒྱལ་པོའི་སེམས་ལ་ཁྲོ་བ་སྐྱེས་ཏེ་ཕྱིར་སོང་བ་དང་བློན་པོ་སྡང་བ་དག་གིས་ཀྱང་ངན་དུ་སྨྲས་པའི་རྐྱེན་གྱིས་ཆེར་ཁྲོས་ཏེ། རི་དྭགས་བཤོར་བ་ལས་ཕྱིར་འཁོར་བའི་ཚེ་ཡང་སོང་སྟེ། ད་རེས་བསུ་བ་དང་ལྡང་བར་མི་བྱེད་ན་དེའི་མགོ་གཅོད་པར་བྱའོ་སྙམ་པ་དང་། པིཎྜོ་ལ་བ་ར་དྷྭ་ཛས་ཚུལ་དེ་རྟོགས་ནས། ཏིང་ངེ་འཛིན་ལས་ལངས་ཏེ་གོམ་པ་དྲུག་བོར་ནས་བསུ་བ་དང་། རྒྱལ་པོ་དེའི་ལུས་ལ་འོད་འབྱུང་བ་དེ་ཡང་མེད་པར་གྱུར་ཏེ་མདུན་གྱི་ས་ཡང་གས་སོ། །དེ་མཐོང་བ་དང་རྒྱལ་པོ་ཡང་རབ་ཏུ་སྐྲག་ནས་ཞབས་ལ་ཕྱག་འཚལ་ཞིང་བཟོད་པར་གསོལ་ཏེ། བདག་རྒྱལ་སྲིད་དང་སྲོག་གི་བར་ཆད་དུ་མི་འགྱུར་རམ་ཞུས་པས། ཁྱོད་རྒྱལ་སྲིད་ལས་ཉམས་པར་མི་འགྱུར་ལ་སྲོག་གི་བར་ཆད་དུ་ཡང་མི་འགྱུར་མོད། བདག་གིས་ཁྱོད་ལ་གོམ་པ་དྲུག་བསུ་བ་དེས་ཁྱོད་ཟླ་བ་དྲུག་གི་བར་དུ་རྒྱལ་སྲིད་སྟོང་པར་འགྱུར་ཏེ། ཟླ་བ་དྲུག་ལོན་ནས་ཕྱིར་ཡང་རྒྱལ་སྲིད་ཐོབ་པར་འགྱུར་རོ། །ཁྱོད་བདག་ལ་སེམས་དགའ་བར་གྱིས་དང་ས་འོག་ཏུ་ནུབ་པར་མི་འགྱུར་ལ་ལུས་ཀྱི་འོད་ཀྱང་ཡོད་པར་འགྱུར་རོ། །ཞེས་གསུངས་པས་རྒྱལ་པོས་ཀྱང་གནས་བརྟན་ལ་སེམས་དགའ་ཞིང་དད་པར་བྱས་པས་དེ་དག་སོར་ཆུད་ནས་རབ་ཏུ་མགུ་ཞིང་ཞབས་ལ་ཕྱག་བྱས་ཏེ་སོང་ངོ་། །དེ་ནས་ཕྱིས་ཤིག་ན་རྒྱལ་པོ་དེ་དཔུང་གི་ཚོགས་དང་བཅས་རི་དྭགས་བཤོར་དུ་སོང་བ་ན། རྒྱལ་པོ་རི་དྭགས་ལ་ཡེངས་ནས་འབྲོག་འཚོལ་ཏེ། དཔུང་གི་ཚོགས་དང་བྲལ་ཏེ། སུས་ཀྱང་མ་ཤེས་པར་ཟླ་བ་དྲུག་གི་བར་དུ་བ་ལང་གི་ལྷས་ཤིག་ན་འདུག་གོ །དེར་ཟླ་བ་དྲུག་སོང་བ་ན་སླར་ངོ་ཤེས་ཤིང་བློན་པོའི་ཚོགས་ཀྱིས་བསུས་ནས་སྔར་ལུང་བསྟན་པའང་དྲན་དུ་བཅུག་པས་རྒྱལ་པོ་དེ་རབ་ཏུ་དགའ་བར་གྱུར་ནས་པིཎྜོ་ལ་བ་ར་དྷྭ་ཛའི་སྤྱན་སྔར་ཕྱིན་ཏེ། འཕགས་པ་འཁོར་དང་བཅས་པ་དགུང་བདུན་གྱི་བར་དུ་ཁྱིམ་དུ་སྤྱན་དྲངས་ཤིང་མཆོད་པར་བྱས་ནས། ཉིན་ཐ་མར་ཐམས་ཅད་ལ་རས་ཡུག་ཟུང་རེ་ཕུལ་ཞིང་ཆོས་ཀྱང་ཉན། ཕྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཀ་ཤམྦྷིར་བྱོན་པའི་ཚེ། རྒྱལ་པོ་འཆར་ཀས་ཀྱང་ཟླ་བ་གསུམ་གྱི་བར་དུ་བསྙེན་བཀུར་བྱས་ནས། ཐ་མའི་ཉིན་བཅོམ་ལྡན་འདས་ལ་ན་བཟའ་རས་ཡུག་འབུམ་རི་བ་དང་། དགེ་སློང་གཞན་ལའང་རས་ཡུག་ཟུང་རེ་ཕུལ་ཞིང་ཆོས་ཀྱང་ཉན་པར་བྱེད་དོ། །དེ་ལྟར་བཅོམ་ལྡན་འདས་ལས་ཆོས་ཉན་ནས་ཀྱང་ལྷག་པར་ཡང་ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛ་འབའ་ཞིག་ལ་བསྙེན་བཀུར་བྱེད་པ་མཐོང་ནས་དེའི་རྒྱུ་དྲིས་པ་ན་སྔར་གྱི་གཏམ་ཐོས་པས་ངོ་མཚར་དུ་གྱུར་པ་ན་བཅོམ་ལྡན་འདས་ཀྱིས། ད་ལྟར་འབའ་ཞིག་ཏུ་མ་ཟད་ཀྱིས། སྔོན་འདས་པའི་དུས་ནའང་རྒྱལ་པོ་འཆར་ཀ་འདི་རྒྱལ་པོ་ལྷུན་པོ་ཞེས་བྱ་བར་གྱུར་པའི་ཚེ་དེའི་མདུན་ན་འདོན་གྱི་བུར་པིཎྜོ་ལ་བ་ར་དྷྭ་ཛ་འདི་གྱུར་ཏེ་དཀའ་ཐུབ་ཀྱི་གནས་སུ་སོང་བས་མངོན་ཤེས་ལྔ་དང་ལྡན་པའི་དྲང་སྲོང་དུ་གྱུར་པ་ན། རྒྱ་བོ་དེ་རི་དྭགས་བཤོར་བའི་ལམ་དུ་དེང་སོང་བ་ན། བསུ་བ་སོགས་མ་བྱས་པས། སྔར་ལྟར་རྒྱལ་པོ་དེས་ངན་སེམས་སྐྱེས་པ་ན། མདུན་གྱི་ས་གས་ཤིང་ལུས་ཀྱི་འོད་ཀྱང་མེད་པར་གྱུར་པས། ཤིན་ཏུ་འཇིགས་ཤིང་བཟོད་གསོལ་ཕུལ་བས་སླར་སོར་ཆུད་པར་གསུངས་སོ། །འདིས་ནི་ཡུལ་དམ་པ་ལ་ངན་སེམས་བྱས་པ་དང་། སྐྱེ་བོ་ཕལ་པས་ཡུལ་དམ་པ་དགེ་འདུན་སོགས་ལས་བསུ་བ་སོགས་ཀྱི་བཀོད་པ་དང་དུ་བླངས་པའི་ཉེས་པ་བསྟན་པ་ཡིན་ནོ། །

བུ་མོ་ཀཱ་ཤི་མཛེས་ལྡན་མ་ཞེས་བྱ་བ་སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་ཚུལ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ་གྲོང་ཁྱེར་ཝཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་ལ། བུ་མོ་ཀཱ་ཤི་མཛེས་ལྡན་མ་ཞེས་བྱ་བ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཞིག་ཡོད་པ་དེའི་གྲགས་པས་ཀུན་ཏུ་ཁྱབ་པར་གྱུར་ཏེ། ཉི་འོག་གི་རྒྱལ་པོ་དྲུག་གིས་བསླངས་ཤིང་སོ་སོ་ནས་དཔུང་དང་བཅས་ཏེ་གྲོང་ཁྱེར་གྱི་མཐའ་བསྐོར་བ་ན། རྒྱལ་པོ་ཚངས་བྱིན་གྱིས་གཅིག་ལ་བྱིན་ན་གཞན་ཀུན་དང་དགྲ་ཟླར་གྱུར་པས་ཅི་བྱ་མ་འཚལ་ཏེ་སེམས་ཁོང་དུ་ཆུད་པ་ན། བུ་མོ་རང་ཉིད་ཀྱིས་ཁྱིམ་ཐབ་འདོམ་པར་བྱས་ཏེ། དེ་དག་ཐམས་ཅད་སོ་སོའི་དཔུང་བཅས་རྒྱན་གྱིས་བརྒྱན་པར་བྱས་ཏེ་འཁོད་པ་ན་བུ་མོ་དེ་ཤིང་རྟ་བཟང་པོ་ལ་ཞོན་ནས། བདག་ནི་སངས་རྒྱས་བཅོམ་ལྡན་འདས་དེ་ལ་སྐྱབས་སུ་མཆིའོ། །ཞེས་སྨྲས་ནས། ཤིང་རྟའི་ཁ་དྲང་སྲོང་སྨྲ་བའི་ལོགས་སུ་གཏད་ནས་སོང་སྟེ་སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་བར་གསོལ་བས། སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་དེ་བསྙེན་པར་རྫོགས་ནས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་སོ། །དེར་རྒྱལ་པོ་དྲུག་སོགས་སྐྱེ་བོ་ཐམས་ཅད་ངོ་མཚར་དུ་གྱུར་ནས་སྟོན་པའི་སྤྱན་སྔར་ཆོས་ཉན་ནས་རང་ཡུལ་དུ་སོང་ངོ་། །དེར་དགེ་སློང་རྣམས་ཀྱིས་ལས་ཀྱི་རྒྱུ་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ། ཀཱ་ཤི་མཛེས་ལྡན་མ་འདི་ཁྱིམ་བདག་ཕྱུག་པོ་རྣམ་ཐོས་སྲས་ཀྱི་ནོར་ལ་འགྲན་པ་ཞིག་གི་བུ་མོར་སྐྱེས་ཏེ། དེས་ཕ་མ་ལ་གསོལ་ཏེ་གཙུག་ལག་ཁང་ཆེན་པོ་བརྩིགས་ནས། སངས་རྒྱས་འཁོར་དང་བཅས་པ་ལ་ཕུལ་ཞིང་བསྙེན་བཀུར་བྱས་ཏེ། རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་བསླབ་ཅིང་ཏིང་ངེ་འཛིན་བསྒོམས་པར་བྱས་ནས་འཆི་ཁར་སྨོན་ལམ་བཏབ་པས། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་དཔེ་ཟླ་མེད་པར་གྱུར་ཏེ། བསྟན་པ་འདི་ལ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པར་གསུངས་སོ། །

བུ་མོ་བདེ་བྱེད་མ་ཞེས་བྱ་བ་སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་ཚུལ།

༈ ཡང་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། མཉན་ཡོད་ཀྱི་རྒྱལ་པོ་གསལ་རྒྱལ་དང་། ཝཱ་རཱ་ཎ་སཱིའི་རྒྱལ་པོ་ཚངས་པས་བྱིན་གཉིས་མི་མཐུན་པར་གྱུར་ནས། ཕན་ཚུན་གཡུལ་འཐབ་སྟེ་སྐྱེ་བོ་མང་པོ་ཁ་འདོགས་རེས་བྱེད་པ་ལས། ཕྱིས་ཞིག་ན་རྒྱལ་པོ་གསལ་རྒྱལ་ལ་བུ་མོ་བལྟ་བས་ཆོག་མི་ཤེས་པ་ཞིག་བྱུང་སྟེ་མིང་བདེ་བྱེད་མར་བཏགས་སོ། །དེ་དང་མཉམ་དུ་རྒྱལ་པོ་ཚངས་བྱིན་ལའང་བུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཞིག་བཙས་ཏེ་སོ་སོ་ནས་བཙས་སྟོན་རྒྱ་ཆེན་པོ་བྱས་པ་ན། གཏམ་དེ་ཕན་ཚུན་གཉིས་ཀས་གོ་ནས་ད་ནི་ཐབས་འདི་ལ་བརྟེན་ནས་ཕན་ཚུན་ཇི་སྲིད་འཚོ་བའི་བར་དུ་མཛའ་བར་འགྱུར་རོ་སྙམ་སྟེ་ཕོ་ཉ་བ་བཏང་སོ་སོའི་ཉེས་པ་བཤགས་ནས་དེ་གཉིས་ཆེར་སྐྱེས་པ་ན་གཉེན་བྱེད་པར་གཏམ་སྟེ་དེ་ཕྱིན་འཁྲུགས་རྩོད་ཞི་ནས་ཐམས་ཅད་བདེ་བར་གྱུར་ཏོ། །དེར་བདེ་བྱེད་མ་ཆེར་སྐྱེས་ནས་སངས་རྒྱས་ལ་དད་པ་རྙེད་དེ་བསླབ་གཞི་བླངས་ཤིང་། སྦྱིན་པ་དག་སྦྱིན་བསོད་ནམས་དག་བྱེད་དེ། རྒྱུན་མི་ཆད་པར་ཆོས་ཉན་ལ་ཕྱིན་པས་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱས་ཤིང་རྫུ་འཕྲུལ་ཡང་གྲུབ་བོ། །དེ་ནས་ཕ་མ་གཉིས་ཀྱི་མདུན་དུ་རྫུ་འཕྲུལ་གྱི་བཀོད་པ་བསྟན་ནས། བདག་གིས་ཆོས་འདི་ལྟ་བུ་ཐོབ་པས་ཁྱིམ་དུ་གནས་པའི་སྐབས་མེད་ཀྱིས་རབ་ཏུ་བྱུང་བར་གསོལ་པ་ན། ཕ་མས་བདག་ཅག་གིས་སྔར་བཙས་མ་ཐག་པ་ནས་གཞན་ལ་བྱིན་ཟིན་པས་དབང་མེད་ཀྱི། དེ་དག་དང་ཕྱིས་འཁོན་པར་མི་འགྱུར་བར་བྱས་ལ་བག་མ་ལེན་སར་འོངས་ནས་ཁྱོད་ཉིད་ཀྱི་ཁྱིམ་ཐབ་ལ་གསོལ་བ་ཐོབ་ལ་རབ་ཏུ་འབྱུང་བར་གྱིས་ཤིག་ཅེས་སྨྲས་ནས། རྒྱལ་པོ་གསལ་རྒྱལ་གྱི་ཚངས་བྱིན་ལ་ཕོ་ཉ་བཏང་ནས། རྒྱལ་པོ་ཚངས་བྱིན་གྱི་བུ་འབྱོར་པ་ཆེན་པོ་དང་རྒྱལ་པོ་ཆེའི་མཐུ་དཔུང་དང་བཅས་ཏེ་ཕྱིན་པ་ན། བུ་མོ་དེ་སྟེང་གི་བར་སྣང་ལ་འཕགས་ཏེ་འབར་བ་དང་ལྷམ་མེར་འདུག་པ་སོགས་ཀྱི་ཆོ་འཕྲུལ་བསྟན་པ་དང་། ཁྱེའུ་དེས་བསམ་པ། འདི་ལྟ་བུའི་ཡོན་ཏན་དག་ཐོབ་པ་ཡིན་ན་འདོད་པ་ལས་ལོངས་སྤྱོད་པར་ག་ལ་འགྱུར་སྙམ་དུ་བསམ་ནས་ཅི་དགའ་བར་གནང་བས། བདེ་བྱེད་མ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་བར་གསོལ་བས། སྐྱེ་དགུའི་བདག་མོ་ལ་གཏད་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་སོ། །དེའི་ཚེ་རྒྱལ་བུ་དེས་ཀྱང་། བུད་མེད་ཀྱི་འདི་ལྟ་བུའི་ཆོས་རྟོགས་པར་གྱུར་ན་བདག་ཀྱང་ཅིའི་ཕྱིར་རབ་ཏུ་མི་འབྱུང་སྙམ་དུ་བསམ་ནས་ཕ་མ་ལ་གནང་བ་ཞུས་ནས་སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་བས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེའི་ཚེ་དགེ་སློང་དག་གིས་དེ་གཉིས་ཀྱི་ལས་ཀྱི་རྒྱུ་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་ན་བྱོན་པའི་ཚེ་འདི་གཉིས་ཡུལ་ཝཱ་རཱ་ཎ་སཱི་ན་ཁྱིམ་བདག་ཕྱུག་པོ་བཟའ་མི་གཉིས་སུ་གྱུར་ཏེ། དེ་གཉིས་ལ་བུ་ཚ་མེད་པས་ཤི་ནས་ནོར་རྣམས་རྒྱལ་པོ་ལ་དབང་བར་འགྱུར་བས། ད་ལྟ་ནས་འཇིག་རྟེན་ཕ་རོལ་དུ་བསྐྱལ་བར་བྱའོ་ཞེས་སྨྲས་ཏེ། གཙུག་ལག་ཁང་བརྩིགས་ནས་སངས་རྒྱས་འཁོར་དང་བཅས་པ་ལ་ཕུལ་ཏེ་ཡོ་བྱད་ཐམས་ཅད་ཀྱི་བསྙེན་བཀུར་བྱས་ཤིང་ཕྱིས་གཉིས་ཀ་རབ་ཏུ་བྱུང་ནས་ཚེ་གཅིག་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཁྱད་པར་གང་ཡང་མ་ཐོབ་ནས། དེ་གཉིས་ཀྱིིས་འཆི་ཁར་སྨོན་ལམ་ཡང་དག་པར་བཏབ་པས། ཚེ་རབས་ཐམས་ཅད་དུ་གཟུགས་བཟང་ཞིང་འབྱོར་པ་དང་ལྡན་པར་སྐྱེས་ལ། ད་རེས་ཀྱི་བསྟན་པ་འདི་ལ་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ་གསུངས།

མཆོད་རྟེན་དང་། དགེ་འདུན་གྱི་གཙུག་ལག་ཁང་བཞེངས་པའི་ཕན་ཡོན་སོགས་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ལྷའི་བུ་ནོར་བུའི་འོད་ཅེས་བྱ་བ་ལྷའི་ནོར་བུ་རིན་པོ་ཆེའི་གཞལ་མེད་ཁང་འོད་འབར་བ་དང་བཅས་ཏེ། ནམ་སྲོས་སུ་འོངས་ནས། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་སྣ་ཚོགས་པས་མཆོད་ཅིང་ཞབས་ལ་ཕྱག་བྱས་ཏེ་ཆོས་ཉན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས་ཕྱིར་ལྷའི་ཡུལ་དུ་སོང་ངོ་། །དེའི་ཚེ་དེའི་འོད་ཀྱིས་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བར་བྱས་པས། ཕྱི་ནང་དགེ་སློང་རྣམས་ཀྱིས་དེའི་དོན་ཞུས་པ་ན་སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ། ཝཱ་རཱ་ཎ་སཱིའི་ཁྱིམ་བདག་ཕྱུག་པོ་རྣམ་སྲས་ཀྱི་ནོར་བུ་དང་འགྲན་པ་ཞིག་གིས། སངས་རྒྱས་འོད་སྲུང་གི་དབུ་སྐྲ་དང་སེན་མོ་བླངས་ནས་མཆོད་རྟེན་དང་གཙུག་ལག་ཁང་བརྩིགས་ཤིང་། མཆོད་རྟེན་དེའི་ཆར་ཁེབ་ལ་ནོར་བུ་རིན་པོ་ཆེ་བཏགས་པས་མཆོད་རྟེན་དང་བཅས་པའི་གཙུག་ལག་ཁང་དེ་མཚན་མོ་ཡང་ཉིན་མོ་བཞིན་དུ་སྣང་བར་གྱུར་ཏོ། །དེ་ནས་གཙུག་ལག་ཁང་དེ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཕུལ་ཞིང་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཤིང་། ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བསྲུངས་ཏེ་ཚེ་འཕོས་ནས་ལྷའི་ནང་དུ་སྐྱེས་ཏེ་དེའི་ནོར་བུ་རིན་པོ་ཆེའི་གཞལ་མེད་ཁང་ཡང་རང་གྲུབ་ཏུ་བྱུང་ངོ་། །དེ་མདང་སུམ་འདིར་འོངས་ནས་ཆོས་ཉན་ཏེ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ནས་ཕྱིར་ལྷ་ཡུལ་དུ་སོང་སྟེ་དེའི་གཞལ་མེད་ཁང་གི་འོད་ཀྱི་སྣང་བ་ཡིན་ནོ་གསུངས། འདི་རྣམས་ཀྱིས་མཆོད་རྟེན་དང་། དགེ་འདུན་གྱི་གཙུག་ལག་ཁང་བཞེངས་པའི་ཕན་ཡོན་སོགས་བསྟན་པ་ཡིན་ནོ། །

ཆོས་བཞིན་དུ་ཞལ་ཏ་བགྱིས་པ་དང་དཀོན་མཆོག་མཆོད་པའི་ཕན་ཡོན་སོགས་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་ཁྱིམ་བདག་ཕྱུག་པོ་རྣམ་སྲས་ཀྱི་ནོར་ལ་འགྲན་པ་ཞིག་གི་ཆུང་མ་དེ་སེམས་ཅན་དང་ལྡན་པར་གྱུར་པ་ན། འཕགས་པ་མ་འགགས་པས་དེ་ཉིད་རང་གི་འདུལ་སྐལ་དུ་གཟིགས་ནས། གཡོག་མེད་པར་ཁྱིམ་བདག་དེའི་ཁྱིམ་དུ་བྱོན་པས། ཁྱིམ་བདག་དེས་བདག་གི་མཆིས་འབྲང་འདི་ལ། གལ་ཏེ་ཁྱེའུ་ཞིག་བཙས་ན་འཕགས་པའི་ཞབས་འབྲིང་དུ་འབུལ་ལོ་ཞུས། དེ་ནས་ཟླ་དུས་ཚང་བ་ན། ཁྱེའུ་གཟུགས་བྱད་ལྟ་ན་སྡུག་པ་ལུས་ལ་སྣ་མའི་མེ་ཏོག་གི་དྲི་ཞིམ་བྲོ་བ་ཞིག་བཙས་ཏེ། དེ་ཉིད་སྔར་མངལ་དུ་ཞུགས་པ་དང་ཕྱིས་བཙས་པའི་དུས་གཉིས་ཀར་དེའི་ཁྱིམ་དུ་སྣ་མའི་མེ་ཏོག་གི་ཆར་ཡང་འབབ་པར་གྱུར་པས་མིང་སྣ་མའི་མེ་ཏོག་ཏུ་བཏགས། དེ་ཆེར་སྐྱེས་པ་ན་ཡིག་རྩིས་དང་བརྟག་པ་བརྒྱད་སོགས་ལ་ཤིན་ཏུ་བྱང་བར་གྱུར་ཅིང་། དེར་འཕགས་པ་མ་འགགས་པས་སྔར་གྱི་དམ་བཅའ་དྲན་པར་བསྐུལ་ཏེ། ཕ་མ་གཉིས་ལ་བསླངས་ནས་གཙུང་ལག་ཁང་དུ་ཁྲིད་དེ། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་བྱས་ནས་ལུང་ཕོག་ཅིང་། དེས་ཀྱང་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ། དེ་ཡང་རྫུ་འཕྲུལ་དང་མཐུ་ཆེ་ཞིང་། བསམ་གཏན་དང་རྣམ་ཐར་སོགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་ལྡང་བ་ལ་མྱུར་ཏེ། ཁབ་ལན་རེ་འཛུགས་པའི་ཡུན་ཙམ་ལ་ཡང་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་འཇུག་ཅིང་ལྡང་བར་བྱེད་དོ། །དེ་ནས་ཕྱིས་ཞིག་ན་སྣ་མའི་མེ་ཏོག་དེས་བསམ་པ། བདག་གིས་བཅོམ་ལྡན་འདས་ཀྱི་བཀའ་དྲིན་བསབ་པར་བྱས་ཏེ། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི་སེམས་ཅན་ལ་ཕན་པའི་དོན་དུ་ཟད་ཀྱི། བདག་གིས་ཀྱང་སེམས་ཅན་ལ་ཕན་པར་བྱའོ་སྙམ་སྟེ། མངོན་ཤེས་ཀྱིས་བརྟགས་པས་ཐོག་མར་རང་གི་ཕ་མ་གཉིས་གདུལ་བར་མཐོང་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ། རང་གི་ཁྱིམ་དུ་ཕ་མ་གཉིས་ཀྱི་མདུན་ལོགས་ལས་ས་བརྟོལ་ཏེ་བྱང་ནས་སྟེང་གི་ནམ་མཁའ་ལ་འདུག་སྟེ། འབར་བ་ལ་སོགས་པའི་ཆོ་འཕྲུལ་སྣ་ཚོགས་པ་བསྟན་ནས་སྟན་ལ་བབས་ཏེ། ཆོས་བསྟན་པས་ཕ་མ་འཁོར་དང་བཅས་པ་སྟན་དེ་ཉིད་དུ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ནས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ལ་གནས་པར་བྱས་ཏེ། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པར་གྱུར་ཏོ། །དེར་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་དེའི་ལས་ཀྱི་རྒྱུ་ཞུས་པས། དེ་ནི་སྨོན་ལམ་གྱི་དབང་གིས་ཏེ། སྔོན་སངས་རྒྱས་འོང་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ། ཡུལ་ཝཱ་རཱ་ཎ་སཱིའི་ཁྱིམ་བདག་ཕྱུག་པོ་ཞིག་གི་ཁྱེའུ་གྱུར་ཏེ་དེ་ཆེར་སྐྱེས་པ་ན་སངས་རྒྱས་ཀྱི་བསྟན་པ་ལ་དད་པས་རབ་ཏུ་བྱུང་ཞིང་། སྡེ་སྣོད་གསུམ་ལ་བསླབས་པས་རིགས་པ་དང་གྲོལ་བའི་སྤོབས་པ་ཅན་དུ་གྱུར་ནས། ཕ་མ་གཉིས་ཀྱང་དད་པ་ཕུན་སུམ་ཚོགས་པ་ལ་བཀོད་དེ་སྐྱབས་འགྲོ་དང་བསླབ་པའི་གཞི་རྣམས་ཀྱང་བྱིན་ནས། བསོད་ནམས་ཀྱི་ལས་ལ་བསྐུལ་ལོ། །ཕྱིས་ཞིག་ན་དེས་བསམ་པ་བདག་གི་ཐོས་པའི་སྒོ་ནས་བྱ་བ་གང་ཡིན་པ་དེ་ནི་བྱས་ཟིན་གྱིས། ད་ནི་བདག་གིས་དགེ་འདུན་གྱི་ཞལ་ཏ་བྱའོ་སྙམ་ནས། ཕ་མ་གཉིས་དང་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་གཞན་དག་ལ་བསྐུལ་ཏེ། དགེ་འདུན་རྣམས་ལ་ཁ་ཟས་རྣམ་པ་སྣ་ཚོགས་པ་དང་གོས་དང་མལ་སྟན་ན་བའི་གསོས་སྨན་གྱི་རིགས་དང་ཁབ་ཀྱང་ཕུལ་ལོ། །དེ་བཞིན་དུ་ད བུ་སྐྲ་དང་སེན་མོའི་མཆོད་རྟེན་རྣམས་ལ་ཏིལ་མར་དང་སྤོས་ཀྱིས་བྱུག་པ་དང་། མར་མེ་དང་སྣ་མའི་མེ་ཏོག་ཕྲེང་བ་སོགས་ཀྱིས་མཆོད་ཅིང་། དགེ་བའི་རྩ་བ་དེས། གང་དུ་སྐྱེས་ཀྱང་རིགས་མཐོ་བར་སྐྱེས་ཏེ་ཕྱུག་ཅིང་ལོངས་སྤྱོད་དང་ལྡན་པ་དང་། ལུས་ལ་སྣ་མའི་དྲི་བྲོ་ཞིང་ཁྱིམ་དུ་སྣ་མའི་མེ་ཏོག་གིི་ཆར་འབབ་པ་དང་། སངས་རྒྱས་ཤཱཀྱ་ཐུབ་པ་མཉེས་པར་བྱས་ནས། བསྟན་པ་ལ་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་ཐོབ་སྟེ་ཤེས་རབ་རྣོ་བ་དང་སྙོམས་འཇུག་གྲུབ་སྟེ་ཁབ་ལན་རེ་འཛུགས་པའི་ཡུན་ཙམ་ལའང་ཏིང་ངེ་འཛིན་གཞན་དང་གཞན་ལ་འཇུག་ཅིང་ལྡང་བར་གྱུར་ཅིག་ཅེས་སྨོན་ལམ་དུ་གདབ་ཅིང་། ཕ་མ་གཉིས་ཀྱིས་ཀྱང་། ཁྱོད་ཁོ་ན་བདག་གཉིས་ཀྱིས་བུར་གྱུར་ཅིང་ཁྱོད་ལ་བརྟེན་ཏེ་སངས་རྒྱས་བཅོམ་ལྡན་འདས་མཉེས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་སྟེ། དེའི་དུས་ཀྱི་དགེ་སློང་དེ་ནི་སྣ་མའི་མེ་ཏོག་དང་། དེ་དུས་ཀྱི་ཕ་མ་གཉིས་པོའང་ད་ལྟའི་ཕ་མ་གཉིས་ཏེ་ཇི་ལྟར་སྨོན་པ་བཞིན་གྲུབ་བོ་གསུངས། འདིས་ཀྱང་ཆོས་བཞིན་དུ་ཞལ་ཏ་བགྱིས་པ་དང་དཀོན་མཆོག་མཆོད་པའི་ཕན་ཡོན་སོགས་བསྟན་པ་ཡིན་ནོ། །

འདོད་པའི་ཉེས་དམིགས་དང་ཆོག་ཤེས་པའི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱིས་ཚེ་གྲོོང་ཁྱེར་མཉན་ཡོད་དུ་བསོད་སྙོམ་ལ་ཕེབས་པའི་ཚེ། ཁྱིམ་བདག་གཅིག་གིས་རོ་བརྒྱ་དང་ལྡན་པའི་ལ་དུ་འགྲང་ཚད་གཅིག་ཕུལ་བ་ལ་བྲམ་ཟེའི་ཁྱེའུ་གཅིག་ཆགས་ནས། ཀྱེ་ག་ཏ་མ་བདག་ལ་ལ་དུ་དེ་བྱིན་ཅིག ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱེའུ་གལ་ཏེ་ཁྱོད་ཀྱིས་འདི་སྐད་དུ་ལ་དུ་འདི་བདག་ལ་མི་དགོས་སོ་ཞེས་བྱས་ན་དེའི་འོག་ཏུ་ངས་སྦྱིན་ནོ་ཞེས་གསུངས་པས། ཁྱེའུས་ཀྱང་དེ་ལྟར་སྨྲས་ཏེ་ལ་དུ་སྩལ་ལོ། །དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མཐོང་ནས། བཅོམ་ལྡན་འདས་ནི་བསོད་སྙོམས་གཞན་བཞེས་མི་སྲིད་དེ་དེ་ནི་གནས་མེད་ཅིང་སྐབས་མ་ཡིན་ནོ་སྙམ་དུ་རིག་ནས། བྲམ་ཟེའི་ཁྱེའུ་དེ་ལོགས་སུ་བཀར་ནས་དེ་ལ་ཀཱར་ཥ་པ་ཎ་ལྔ་བརྒྱ་བྱིན་ཏེ། ལ་དུ་དེ་བཅོམ་ལྡན་འདས་ལ་སླར་འབུལ་དུ་བཅུག་གོ །དེར་དགེ་སློང་རྣམས་ཐེ་ཚོམ་དུ་གྱུར་ནས་བཅོམ་ལྡན་འདས་ལ་གསོལ་པ་ན་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དེས་ཚེ་རབས་སྟོང་ཕྲག་དུ་མར་བླངས་པའི་འདུ་ཤེས་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་ནས་འདི་རྟག་ཏུ་གཞན་འབའ་ཞིག་ལ་རེ་བར་གྱུར་པས་ན། ངས་འདི་ད་ལྟར་ལ་དུས་བྲིད་ནས་བླངས་པའི་འདུ་ཤེས་བཟློག་སྟེ། འདི་ཉིད་འདིའི་རབ་ཏུ་འབྱུང་བ་དང་། ཕུང་པོ་ཡོངས་སུ་སྤོང་བའི་རྒྱུར་འགྱུར་ཏེ་མ་འོངས་པའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རི་བོ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། དེའི་དུས་སུ་བྲམ་ཟེ་འདིས་མིའི་ལུས་ཐོབ་ནས། རྒྱུ་འདི་ཁོ་ནས་རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་འགྱུར་རོ་གསུངས། འདིས་ནི་འདོད་པའི་ཉེས་དམིགས་དང་ཆོག་ཤེས་པའི་ཕན་ཡོན་ཀྱང་བསྟན་པ་ཡིན་ནོ། །

བུ་མོ་འདུས་མོ་དང་གཞུང་སྨྲ་བ་རེའུ་ཁྱེའུ་ཀཱ་ཏྱ་ན་གསུམ་ཆར་གྱི་སྨོན་ལམ་བཞིན་དུ་འབྲས་བུ་མངོན་དུ་བྱས་ཚུལ།

༈ ཡང་སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། ཡུལ་ཏཀྵཱ་ཤཱི་ལ་ན། རྒྱལ་པོ་པདྨའི་སྙིང་པོ་ཅན་གྱི་བུ་མོ་འདུས་མོ་ཞེས་བྱ་བ་གཟུགས་བཟང་ཞིང་ལྟ་ན་སྡུག་པ། ཤེས་རབ་ཕུལ་དུ་གྱུར་པས་གཞུང་སྨྲ་བ་ཐམས་ཅད་ཚར་གཅོད་པ་ལ་ཐོགས་པ་མེད་པ་ཞིག་ཡོད་པ་དེས། རང་གི་ཕ་ལ་སུས་གཞུང་བརྩད་པས་བདག་ཐུབ་པར་ནུས་པ་དེ་ལ་བདག་སྩོལ་ཅིག་ཅེས་གསོལ་ཞིང་། ཡབ་རྒྱལ་པོས་ཀྱང་དེ་ལྟར་བསྒྲགས་པས། ཕྱོགས་ཐ་དག་ནས་གཞུང་སྨྲ་བ་རྣམས་འདུས་ཏེ་བརྩད་ཀྱང་ཐམས་ཅད་བུ་མོ་དེས་ཚར་བཅད་པར་བྱས་སོ། །དེའི་ཚེ་ལྷོོ་ཕྱོགས་ན་གཞུང་སྨྲ་བ་རེའུ་ཞེས་བྱ་བ་བསྟན་བཅོས་ཐམས་ཅད་ཁོང་དུ་ཆུད་ཅིང་གཟུགས་བྱད་བཟང་ལ་ལྟ་བས་ཆོག་མི་ཤེས་པ་ཞིག་ཡོད་པ་དེ་དེར་ཕྱིན་པ་ན། བུ་མོ་དེས་མཐོང་མ་ཐག་ཏུ་ཡིད་དབང་མེད་དུ་ཕྲོགས་ཏེ་བདག་གི་ཁྱིམ་ཐབ་འདི་འདྲ་བ་གཞན་གང་ནས་ཀྱང་མི་རྙེད་པས་འདི་འབའ་ཞིག་ཁྱིམ་ཐབ་ཏུ་དགུག་པར་བྱའོ་སྙམ་ནས། བརྩད་པ་ན་བདག་ཉིད་ཐུབ་པར་བྱས་སོ། །དེ་ནས་རྒྱལ་པོ་ཡང་མགུ་ནས་དེ་ལ་བྱིན་ཏེ་འབྱོར་པ་ཆེན་པོ་དང་ལྡན་པར་བྱས་སོ། །དེ་ནས་དེ་གཉིས་འདུས་པར་གྱུར་པ་ལས། ནམ་ཞིག་ན་ཁྱེའུ་ལྟ་ན་སྡུག་པ་ཞིག་བཙས་ཏེ་མིང་འདུས་པའི་ཀཱཏྱ་ན་ཞེས་བྱ་བར་བཏགས་སོ། །དེ་ཆེར་སྐྱེས་ནས་རིགས་པའི་གནས་བཅོ་བརྒྱད་ལ་བྱང་བར་བྱས་ཤིང་ལོ་བཅུ་དྲུག་ལོན་པ་ན་བསྟན་བཅོས་ཐམས་ཅད་རྟོགས་ཏེ། གཞུང་སྨྲ་བ་ཐམས་ཅད་ཚར་བཅད་ནས་འཛམ་བུའི་གླིང་ན་བདག་དང་མཉམ་པ་ཡང་མེད་ན་ལྷག་པ་ལྟ་ཅི་སྨོས་སྙམ་དུ་སྙེམས་པས་སྐྱེ་བོ་ཕལ་མོ་ཆེ་ཁྱད་དུ་གསོད་པར་བྱེད་པ་ན། དགེ་བསྙེན་ཞིག་གིས་དེའི་དྲེགས་པ་གཞོམ་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྔགས་པ་བརྗོད་པ་ན། དེ་སངས་རྒྱས་ཀྱི་མཚན་ཐོས་པ་ཙམ་གྱིས་དགའ་བ་ཆེར་སྐྱེས་ཏེ་ཕ་མ་ལ་གསོལ་ཞིང་། ཕ་མས་ཀྱང་ཁྱིམ་གྱི་ལོངས་སྤྱོད་མཐའ་དག་སྦྱིན་པ་དང་བསོད་ནམས་ཀྱི་ཞིང་དུ་བཏང་ནས། གསུམ་ཀ་ཡུལ་དབུས་སུ་དོང་སྟེ། རྒྱལ་བྱེད་ཀྱི་ཚལ་དུ་ཞུགས་པ་དང་། རྒྱང་མ་ནས་བཅོམ་ལྡན་འདས་ཀྱི་མཚན་དཔེའི་སྐུ་མཆོག་མཐོང་བ་ན། དགེ་སློང་བསམ་གཏན་ལ་ལོ་བཅུ་གཉིས་སུ་གོམས་པར་བྱས་པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་དགའ་བ་དང་བདེ་བ་སྐྱེས་དེ་དྲུང་དུ་ཕྱིན་ནས་ཞབས་ལ་ཕྱག་བྱས་ཏེ་འཁོད་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་དེ་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས་དེ་དག་དང་མཐུན་པར་ཆོས་བསྟན་པས། དེ་རྣམས་སྟན་དེ་ཉིད་ལ་འཁོད་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཅིང་། ཀུན་གྱིས་རབ་ཏུ་བྱུང་བར་གསོལ་པ་དང་སྟོན་པས་ཚུར་ཤོག་གིས་གཉིས་པོ་བསྙེན་པ་རྫོགས་ཤིང་འདུས་མོ་ཡང་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་དེ་བསྙེན་པར་རྫོགས་ནས། གསུམ་ཆར་གྱིས་བརྩོན་འགྲུས་བརྩམས་པས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེའི་ཚེ་དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ། བྲམ་ཟེའི་ཁྱེའུ་ཞིག་བསྟན་པ་ལ་དད་པ་རྙེད་ནས་རབ་ཏུ་བྱུང་ཞིང་དགེ་སློང་སྡེ་སྣོད་གསུམ་པ་ཆོས་སྨྲ་བ་པོར་གྱུར་ཏེ། དེས་རང་གི་ཕ་མ་གཉིས་དད་པ་ཕུན་སུམ་ཚོགས་པ་ལ་བཀོད་དེ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ལ་གནས་པར་བྱས་ནས། ཕྱིས་ཞིག་ན་དགེ་སློང་དེས་དགེ་འདུན་གྱི་ཞལ་ཏ་བ་བགྱིས་ཏེ། རང་གི་ཕ་མ་དང་སྦྱིན་བདག་གཞན་དག་ལ་ཡང་བསྐུལ་ནས། སངས་རྒྱས་འཁོར་དང་བཅས་པ་ལ་བསྙེན་བཀུར་ཞིང་། དབུ་སྐྲ་དང་སེན་མོའི་མཆོད་རྟེན་རྣམས་ལའང་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་སྟེ། དེ་གང་ལས་རབ་ཏུ་བྱུང་བའི་མཁན་པོ་དེས་ནི་ལོ་བཅུ་དྲུག་ལོན་པ་ན་བསྟན་བཅོས་ཐམས་ཅད་རྟོགས་ནས་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་ཅིང་། དེའི་ཕ་མ་གཉིས་ཀྱང་གཞུང་སྨྲ་བའི་མཆོག་ཏུ་གྱུར་ནསགཞུང་སྨྲ་བ་ཐམས་ཅད་ཚར་བཅད་པ་ཞིག་ཡིན་པས། མ་འོངས་པ་ན་བདག་ཀྱང་ཚུལ་དེ་དང་མཐུན་པར་གྱུར་ཏེ། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་ཐོབ་པར་གྱུར་ཅིག་ཅེས་བྱས་ལ། དེའི་ཕ་མ་གཉིས་ཀྱིས་ཀྱང་། དེའི་ཚེ་བདག་ཅག་གཉིས་ཀྱང་ཁྱོད་ཀྱི་ཕ་མ་དང་གཞུང་སྨྲ་བའི་མཆོག་ཏུ་གྱུར་ཅིང་ཁྱོད་ལ་བསྟེན་ནས་སངས་རྒྱས་མཉེས་པ་དང་ཆོས་ཐོས་ནས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བགྱིས་པས་ད་ལྟ་གསུམ་ཆར་གྱིས་སྨོན་པ་བཞིན་དུ་འབྲས་བུ་མངོན་དུ་བྱས་པར་གསུངས་སོ། །

ངག་གི་ཉེས་པར་སྤྱོད་པའི་འབྲས་བུ་དང་ཚངས་སྤྱོད་ཀྱི་ཕན་ཡོན་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་ཁྱིམ་བདག་གཅིག་ལ་བུ་འཕྱེ་བོ་ཞིག་ཡོད་དེ་དེ་ཆེར་སྐྱེས་པ་ན་ཚེམ་བུ་བྱེད་པ་ལ་ཤིན་ཏུ་མཁས་པར་གྱུར་ནས་ལས་དེས་འཚོ་བ་ལ། དུས་ནམ་ཞིག་གི་ཚེ་ཁྱིམ་བདག་གཞན་ཞིག་གི་ཆུང་མས་ཞྭ་གོས་སོགས་གཞན་ལས་གཡར་ཏེ་དུས་སྟོན་ཞིག་ཏུ་ཕྱིན་པ་ན་དེའི་ཞྭ་སྟོར་བས་ཁྱིམ་ཐབ་གཞན་ཞིག་ཏུ་སོང་བའི་ཤུལ་དུ་ཚེམ་བུ་མཁན་དེ་ནང་དུ་བླངས་ནས་ཞྭ་དེ་དྲུབ་ཏུ་བཅུག་པ་ན་ཁྱིམ་ཐབ་དེ་འོང་ནས་སྒོ་བརྡུང་བ་ན། ཆུང་མ་དེ་ཤིན་ཏུ་སྐྲག་ནས་ཚེམ་བུ་མཁན་དེ་གཟེབ་གཅིག་གི་ནང་དུ་བཅུག་སྟེ་ཁ་རྒྱས་བཏབ་ནས་ཕུག་ཅིག་ཏུ་བཞག་གོ །དེ་ནུབ་རྐུན་པོ་ཞིག་བྱུང་ནས། ཁྱིམ་ཕུག་སྟེ་ནང་དུ་ཉུལ་བ་དང་། གཟེབ་དེ་ཟིན་ནས་ཁྱེར་ཏེ་ཕྱིན་པ་ན། ལམ་དུ་ཟླ་བའང་ཤར་བར་གྱུར་ཏེ། དེའི་ཚེ་གཟེབ་ཀྱི་ནང་ནས་འཕྱེ་བོས་གཅིན་ཤོར་ཏེ་ཕྱི་རོལ་དུ་ཟག་པ་ན། འདིའི་ནང་དུ་ནོར་བུ་ཆུ་ཤེལ་ཡོད་ངེས་བསམ་སྟེ་ཤིན་ཏུ་དགའ་ནས་ནགས་ཁྲོད་དུ་ཁྱེར་ཏེ་མི་རྒོད་གཞན་རྣམས་ཀྱི་སར་ཕྱིན་ནས་གཏམ་སྨྲས་ཏེ་གཟེབ་ཀྱི་ཁ་ཕྱེ་བ་ན་འཕྱེ་བོ་ཞིག་བཅུག་པར་མཐོང་ནས། མི་རྒོད་གཞན་རྣམས་ཀྱིས་དཔྱས་པས། དེ་ཁྲོས་པར་གྱུར་ཏེ་ད་ནི་མི་འདི་གནོད་སྦྱིན་ལ་མཆོད་པར་བྱའོ་ཞེས་སྨྲས་ཏེ། གནོད་སྦྱིན་དེའི་མདུན་དུ་སྦྱིན་སྲེག་གི་ཐབ་དང་རྫས་བསགས་ནས། རལ་གྲི་རྣོན་པོ་ཐོགས་ཏེ་མི་དེ་ཉིད་མཆོད་པར་རྩོམ་པ་ན། མི་དེས་ཀྱང་དེ་ལྟར་ཤེས་ནས་རབ་ཏུ་འཇིགས་ཤིང་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་གསོལ་པས། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་འདུལ་བའི་དུས་ལ་བབ་པར་དགོངས་ནས་ལྷའི་ཆ་ལུགས་སུ་སྤྲུལ་ཏེ་དེར་བཞུགས་པ་ན། མི་རྒོད་ལྔ་བརྒྱ་པོས་བདག་ཅག་ལ་ལྷའི་གཟུགས་དངོས་སུ་བསྟན་ཏོ་སྙམ་དུ་སེམས་ཏེ་ཐལ་མོ་སྦྱར་ཏེ་བཀའ་ཅི་བ སྩལ་ཞེས་གསོལ་པ་དང་། ང་ལ་མིས་མཆོད་མི་དགོས་ཀྱི་འདི་ཐོངས་ལ་ཆོས་ཉོན་ཅིག་ཅེས་བཀའ་སྩལ་ཏེ་དེ་དག་གི་ཁམས་དབང་བསམ་པ་དང་མཐུན་པའི་ཆོས་བསྟན་པས་མི་རྒོད་ལྔ་བརྒྱ་པོ་སྟན་དེ་ལ་འཁོད་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཅིང་། འཕྱེ་བོ་དེས་ཀྱང་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱས་སོ། །དེ་ནས་དེ་དག་གིས་བདེན་པ་མཐོང་བ་དང་ལྷའི་ཆ་ལུགས་དེ་མི་སྣང་བར་མཛད་ནས་བཅོམ་ལྡན་འདས་ཀྱི་སྐུ་དངོས་སུ་བསྟན་པས། དེ་དག་ལྷག་པར་ཡང་དགའ་བར་གྱུར་ནས་རབ་ཏུ་བྱུང་བར་གསོལ་པ་དང་། སྟོན་པས་མི་རྒོད་ལྔ་བརྒྱ་པོ་ཚུར་ཤོག་གིས་བསྙེན་པར་རྫོགས་ཤིང་ལུང་ཕོག་སྟེ། དེ་དག་གིས་འབད་པས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེའི་ཚེ་འཕྱེ་བོས་ཀྱང་བདག་གི་ལུས་འདི་འདྲ་བར་མ་གྱུར་ན་རབ་ཏུ་བྱུང་བར་བྱ་སྟེ་སྙམ་པའི་མོད་ལ་ལུས་ཡོངས་སུ་རྫོགས་ཤིང་རངས་པར་གྱུར་ཏེ་རབ་ཏུ་དགའ་བའི་ཡིད་ཀྱིས་བསྙེན་པར་རྫོགས་ཏེ་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་སོ། །དེའི་ཚེ་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ། ཝཱ་རཱ་ཎ་སཱིར་ཁྱིམ་བདག་སྤུན་གཉིས་ཡོད་པའི་ཕུ་བོས་ནི་སངས་རྒྱས་ཀྱི་སྤྱན་སྔར་ཆོས་ཐོས་པས་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱས་ནས་ཁྱིམ་ན་འདུག་ཅིག་དགེ་བའི་ལ་ལ་བརྩོན་པར་བྱེད་དོ། །ནུ་བོས་ནི་ཞིང་ལས་བྱེད་དེ་ཤིན་ཏུ་ངལ་ཞིང་དུབ་པ་ན། ཕུ་བོ་ལ་ཁྲོས་ཏེ་བདག་ནི་འདི་བཞིན་དུ་སྡུག་བསྔལ་ཏེ་ལས་བྱེད་ན་ཁྱོད་ནི་འཕྱེ་བོ་སྟེ་ཞ་བོ་བཞིན་དུ་ཁྱིམ་ན་ཉལ་ཏེ་འདུག་གམ་ཞེས་སྨྲས་པས། ཕུ་བོ་ཕྱིར་མི་འོང་དེས་ནུ་བོ་ལ་བརྩེ་བའི་སླད་དུ། དེའི་མདུན་མཁར་རྫུ་འཕྲུལ་སྣ་ཚོགས་པ་བསྟན་ནས། ཁྱོད་ཀྱིས་ང་ལ་ཚིག་རྩུབ་སྨྲས་པའི་ཉེས་པ་དེ་བཤགས་པར་གྱིས་ཤིག་འཁོར་བ་ན་འཁོར་ཞིང་སྡུལ་བསྔལ་ཆེན་པོ་རྙེད་ཏ་རེ། ཞེས་གསུངས་པས་ནུ་བོ་དེ་ཡང་འགྱོད་པ་ཆེན་པོ་སྐྱེས་ཏེ་ཕུ་བོའི་རྐང་པར་ཕྱག་འཚལ་ནས་བཟོད་གསོལ་བྱས་སྟེ། གཉིས་ཀས་ཁྱིམ་སྤངས་ཏེ་རབ་ཏུ་བྱུང་བས་ཕུ་བོས་དགྲ་བཅོམ་པའི་གོ་འཕང་ཐོབ་ཅིང་། ནུ་བོས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། བདག་གིས་ཕུ་བོ་ལ་ཚིག་ངན་པར་སྨྲས་པའི་རྣམ་སྨིན་ཉམས་སུ་མི་མྱོང་ཞིང་། གལ་ཏེ་མྱོང་ནའང་རབ་ཏུ་བྱུང་བར་འདོད་པའི་མོད་ལ་སངས་པ་དང་མ་འོངས་ཤཱཀྱའི་བསྟན་པ་ལ་འབྲས་བུ་ཐོབ་པར་གྱུར་ཅིག ཅེས་སྨོན་ནོ། །ལས་ཀྱི་རྒྱུ་དེས་གང་དུ་སྐྱེས་ཀྱང་འཕྱེ་བོར་གྱུར་ལ། སྨོན་ལམ་དང་ཚངས་པར་སྤྱོད་པའི་འབྲས་བུས་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང་། མི་རྒོད་ལྔ་བརྒྱ་པོ་འདི་ཐམས་ཅད་ད་ལྟ་འབའ་ཞིག་ཏུ་མ་ཟད་སྔོན་ཡང་འཕྱེ་བོ་འདི་ལ་བརྟེན་ནས་རབ་ཏུ་བྱུང་སྟེ་བསམ་གཏན་བཞི་དང་མངོན་ཤེས་ལྔ་ཡང་བསྐྱེད་པ་ཡིན་ཏེ། སྔོན་ནགས་ཁྲོད་གཅིག་ན་མི་རྒོད་ལྔ་བརྒྱ་པོ་འདི་དག་མི་རྒོད་དུ་གྱུར་ཅིང་། འཕྱེ་བོ་འདི་མི་ཞིག་ཏུ་གྱུར་པ་བཟུང་སྟེ་གནོད་སྦྱིན་མཆོད་པར་རྩོམ་པ་ན། མི་དེས་དཀའ་ཐུབ་ཀྱི་ནགས་ཤིག་ན་དྲང་སྲོང་ཞིག་ཡོད་པ་དེ་ལ་སྐྱབས་གསོལ་པ་ན། དྲང་སོང་དེ་ལ་དགའ་བའི་ལྷ་ཞིག་གིས་སྦྲན་ནས། མི་རྒོད་རྣམས་ཀྱང་ཐད་དུ་འོངས་ཏེ་ཆོས་བསྟན་པས། མི་རྒོད་དེ་དག་དད་ནས་དྲང་སྲོང་གི་ཐད་དུ་རབ་ཏུ་བྱུང་སྟེ། བསམ་གཏན་བཞི་དང་མངོན་ཤེས་ལྔ་བསྐྱེད་དོ། །དེའི་དུས་ཀྱི་དྲང་སྲོང་དེ་ནི་ང་ཉིད་ཡིན་ནོ་གསུངས། འདིས་ནི་ངག་གི་ཉེས་པར་སྤྱོད་པའི་འབྲས་བུ་དང་ཚངས་སྤྱོད་ཀྱི་ཕན་ཡོན་བསྟན་པ་ཡིན་ནོ། །

རང་སངས་རྒྱས་བསྐོར་བྱེད་ཅེས་བྱ་བ།

༈ ཡང་སྟོན་པ་མཉན་ཡོད་དུ་བཞུགས་ཏེ་གྲོང་ཁྱེར་དུ་བསོད་སྙོམས་ལ་གཤེགས་པའི་ཚེ། བྲམ་ཟེ་ཞིག་མཆོད་སྦྱིན་བྱེད་པར་འདོད་དེ་ཤིང་རྟ་ལ་ཞོན་ནས་འོང་བ་དང་ལམ་དུ་ཕྲད་ནས། བྲམ་ཟེ་དེ་དགའ་བ་སྐྱེས་ཏེ་བཅོམ་ལྡན་འདས་ལ་བསྐོར་བ་བྱས་ནས་སོང་ངོ་། །དེའི་སྐབས་སུ་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་ཞལ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་བྱུང་ནས་ཁ་ཅིག་ནི་འོག་ཏུ་འགྲོ། ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བའི་རིས་རྣམས་སུ་སོང་ནས། དེ་དག་ཚ་གྲང་གི་སྡུག་བསྔལ་སོགས་ཞི་བར་བྱས་ཏེ། དེ་དག་སངས་རྒྱས་ལ་དམིགས་པའི་དྲན་པ་རྙེད་དེ་དགའ་བའི་སེམས་བསྐྱེད་པས་མཐོ་རིས་ལྷ་དང་མི་རྣམས་ཀྱི་ནང་དུ་འཕོས་ཏེ་བདེན་པ་མཐོང་བའི་སྣོད་རུང་བྱེད་དོ། །སྟེང་དུ་འགྲོ་བ་རྣམས་འགོ་རྣམས་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་སྒྲ་སྒྲོགས་ཤིང་། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ན་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་ཚིགས་སུ་བཅད་པ་གཉིས་པོའང་བརྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ཏེ་རྒྱབ་ལོགས་མི་སྣང་བར་འགྱུར་རོ། །དེ་བཞིན་དུ་མ་འོངས་པའི་ལས་ལུང་སྟོན་པར་མདུན་ལོགས་སུ་དང་། སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་ཞབས་ཀྱི་མཐིལ་དུ་དང་། དུད་འགྲོ་སྐྱེ་བར་ཞབས་ཀྱིི་རྟིང་པར་དང་། ཡི་དྭགས་སྐྱེ་བར་ཞབས་ཀྱི་མཐེ་བོང་དང་། མིར་སྐྱེ་བར་པུས་མོ་གཉིས་སུ་དང་། སྟོབས་ཀྱི་འཁོར་ལོས་སྒྱུར་བར་ཕྱག་གཡོན་པའི་མཐིལ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོར་ཕྱག་གཡས་པའི་མཐིལ་དང་། ལྷར་སྐྱེ་བར་ལྟེ་བ་དང་། ཉན་ཐོས་ཀྱི་བྱང་ཆུབ་ཏུ་ཞལ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སྨིན་མཚམས་ཀྱི་མཛོད་སྤུར་དང་། བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་པ་སྔོན་དུ་འགྲོ་བས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་སྟོན་པར་མི་མཛད། འཛུམ་པ་མཛད་པའི་རྒྱུ་གང་ལགས་རྐྱེན་གང་ལགས་ཞེས་གསོལ་པ་དང་། བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་དེ་བཞིན་གཤེགས་པ་རྣམས་ནི་རྒྱུ་དང་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། བྲམ་ཟེ་གང་གིས་དེ་བཞིན་གཤེགས་པ་ལ་བསྐོར་བ་བྱས་ཏེ་སོང་བ་དེའི་དགེ་བའི་རྩ་བས་བསྐལ་པ་བཅུ་གསུམ་གྱི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། ལྷ་དང་མིའི་ནང་དུ་ཉིང་མཚམས་སྦྱར་ཞིང་སྲིད་པ་ཐ་མར་ཡང་མིར་སྐྱེ་བ་ཐོབ་སྟེ་རབ་ཏུ་བྱུང་བར་འགྱུར་ལ། དེས་སློབ་དཔོན་མེད་པ་དང་མན་ངག་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་མངོན་དུ་བྱས་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། རང་སངས་རྒྱས་བསྐོར་བྱེད་ཅེས་བྱ་བར་འགྱུར་རོ། །འདིའི་སྦྱིན་པར་བྱས་པའི་ཆོས་ནི་དེ་ཡིན་ནོ་གསུངས།

མཐར་རང་སངས་རྒྱས་མེ་ཏོག་བླ་མ་ཞེས་བྱ་བར་འགྱུར་བར་ལུང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་དུ་བསོད་སྙོམས་མཛད་ནས་སླར་གཤེགས་པ་ན། བྲམ་ཟེའི་ཁྱེའུ་ཞིག་གིས་མཆོད་སྦྱིན་བྱས་ནས་ཤིང་རྟ་ལ་ཞོན་ནས་སླར་འོང་བ་དང་ཕྲད་དེ་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་བལྟས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་པས། ཀུན་དགའ་བོས་སྔར་ལྟར་འཛུམ་པ་མཛད་པའི་རྒྱུ་གསོལ་པ་ན། བྲམ་ཟེའི་ཁྱེའུ་དེས་དེ་བཞིན་གཤེགས་པ་ལ་དགའ་བ་སྐྱེས་ནས་བལྟས་པའི་བསོད་ནམས་ཀྱིས་བསྐལ་པ་བཅུ་གསུམ་དུ་ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་མི་སྐྱེ་ཞིང་། མཐར་རང་སངས་རྒྱས་དགའ་བ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །ཡང་བཅོམ་ལྡན་འདས་མཉན་ཡོད་དུ་བསོད་སྙོམས་ལ་གཤེགས་པའི་ཚེ། བྲམ་ཟེ་ཞིག་ཤིང་རྟ་ལ་ཞོན་ནས་འོང་བ་དང་ཕྲད་པས། བྲམ་ཟེ་དེས་བཀྲ་མི་ཤིས་སོ་སྙམ་སྟེ་ཕན་ཚུན་དུ་བྲོས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་ཐུགས་བརྩེ་བའི་ཕྱིར་དེ་དང་དེ་ཁོ་ནར་བཞུགས་པར་གྱུར་ཏོ། །དེ་ནས་རེ་ཞིག་ན་གྲོང་ཁྱེར་གྱི་སྒོ་བཞི་ཆར་དུ་བཅོམ་ལྡན་འདས་བཞུགས་པར་མཐོང་ནས་དེས་བསམ་པ། དགེ་སྦྱོང་ག་ཏ་མ་འདི་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གོ་སྙམ་ནས་དགའ་བ་སྐྱེས་ཏེ། མེ་ཏོག་སྤར་གང་བཅོམ་ལྡན་འདས་ཀྱི་སྐུ་ལ་གཏོར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་པས། ཀུན་དགའ་བོས་རྒྱུ་དྲིས་པ་ན་བྲམ་ཟེ་དེས་དེ་བཞིན་གཤེགས་པ་ལ་མེ་ཏོག་སྤར་གང་གཏོར་བའི་བསོད་ནམས་ཀྱི་འབྲས་བུའི་བསྐལ་པ་བཅུ་གསུམ་གྱི་བར་དུ་ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་མི་སྐྱེ་ཞིང་། མཐར་རང་སངས་རྒྱས་མེ་ཏོག་བླ་མ་ཞེས་བྱ་བར་འགྱུར་བར་ལུང་བསྟན་ཏོ། །

སངས་རྒྱས་ལ་དད་པས་ཞལ་མཇལ་བ་དང་བསྐོར་བ་དང་མཆོད་པའི་བསོད་ནམས་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ནས་རྒྱལ་པོའི་ཁབ་ཏུ་གཤེགས་པའི་ཚེ། བྲམ་ཟེ་ཞིག་ཀྱང་ཤིང་རྟ་ལ་ཞོན་ཏེ་ལམ་དུ་བསྣོལ་མར་འགྲོ་བ་ལས། བྲམ་ཟེ་དེས་བཅོམ་ལྡན་འདས་མཐོང་བ་དང་ཤིང་རྟ་ལས་བབས་ཏེ་བཅོམ་ལྡན་འདས་ལ་ཤིང་རྟ་བསྟབས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་ཐུགས་བརྩེ་བའི་ཕྱིར། ཤིང་རྟའི་སྟེང་གི་ནམ་མཁའ་ལ་བཞུགས་སོ། །དེ་ནས་བྲམ་ཟེ་དེ་རྒྱུ་དེ་ལས་དགའ་བ་ཆེན་པོ་སྐྱེས་ཏེ་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་འཛུམ་པ་མཛད་པས། ཀུན་དགའ་བོས་དེའི་རྒྱུ་གསོལ་པ་ན། བྲམ་ཟེ་དེས་དེ་བཞིན་གཤེགས་པ་ལ་ཤིང་རྟ་བསྟབས་པའི་དགེ་བའི་རྩ་བ་དེས་བསྐལ་པ་བཅུ་གསུམ་གྱི་བར་དུ་ལོག་པར་ལྟུང་བའི་གནས་སུ་མི་སྐྱེ་ཞིང་། རང་སངས་རྒྱས་ཤིང་རྟ་སྦྱིན་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །འདི་རྣམས་ཀྱིས་སངས་རྒྱས་ལ་དད་པས་ཞལ་མཇལ་བ་དང་བསྐོར་བ་དང་མཆོད་པའི་བསོད་ནམས་བསྟན་པ་ཡིན་ནོ། །

ཡུལ་དམ་པ་ལ་ཁྲོས་པའི་མིག་གིས་བལྟ་བ་དང་ཁྲིམས་དང་སྦྱར་བ་དང་སྲོག་བཅད་པ་སོགས་ཀྱི་རྣམ་སྨིན་བསྟན་པ།

༈ ཡང་གླེང་གཞི་མཉན་ཡོད་ན་བཞུགས་ཏེ། དེའི་ཚེ་སེམས་ཅན་ཞིག་དམྱལ་བར་སྐྱེས་ཏེ་ལུས་ཆེ་ཞིང་དམུས་ལོང་དུ་འདུག་ལ་དེའི་ལུས་རིལ་གྱི་རྨས་ཞུ་ལུབ་ཏུ་ཡོགས་ཏེ། དེའི་སྤྱི་བོ་མན་ཆད་རྐང་མཐིལ་ཡན་ཆད་སྲིན་ཞུགས་པས། དེ་ནད་མ་བཟོད་ནས་ཕན་ཚུན་རྒྱུག་པར་བྱེད་ལ། དེ་གལ་ཏེ་ཐང་ལ་འགྲོ་ན་ནི་སེང་གེ་དང་སྟག་དང་གཟིག་དང་དྲེད་ལས་སོགས་པ་ལྕགས་ཀྱི་མཆེ་བ་ཅན་དག་བྱུང་སྟེ་དེ་དག་གིས་ཤ་རྣམས་བཅད་ཅིང་ཟའོ། །དེ་ཆུ་ལ་འབོག་ན་ནི་ཆུ་སྲིན་མ་ཀ་ར་ལྕགས་ཀྱི་མཆེ་བ་ཅན་དག་བྱུང་ནས་དེའི་ཤ་རྣམས་བཅད་ཅིང་ཟའོ། །དེ་སྟེང་གི་ནམ་མཁའ་ལ་འགྲོ་ན་ནི། །བྱ་རོག་དང་བྱ་རྒོད་དང་ཆུན་ལག་ལྕགས་ཀྱི་མཆུ་ཅན་དག་བྱུང་ནས་དེ་དག་གིས་ཤ་རྣམས་བཅད་ཅིང་ཟའོ། །དེ་ནག་སྟུག་པོའི་ནང་དུ་འགྲོ་ན་ནི་ཤིང་ཤལ་མ་ལིའི་ཚལ་འབྱུང་བར་འགྱུར་ཏེ། དེར་རལ་གྲི་དང་མདུང་ཐུང་དང་མདའ་བོ་ཆེ་དང་རྡོ་རྗེ་རྩེ་གཅིག་པ་དང་། མདུང་ཁ་ལེབ་རྣམས་རླུང་གིས་བརྡབ་སྟེ་དེའི་སྟེང་དུ་འབབ་བོ། །དེ་རྩིག་པའི་གསེབ་བམ་རིའི་སུལ་ལམ་བྱ་སྐྱིབ་དག་ཏུ་འགྲོ་བར་འདོད་ན་ཡང་དེར་ལས་ལས་སྐྱེས་པའི་མི་དག་འབྱུང་བར་འགྱུར་ཏེ། རལ་གྲི་དང་མདུང་ཐུང་དང་མདའ་བོ་ཆེ་དང་རྡོ་རྗེ་རྩེ་གཅིག་པ་དང་མདུང་ཁ་ལེབ་རྣམས་ཐོགས་ནས་དེའི་ལུས་ལ་འདེབས་ཏེ་བཅད་ཅིང་གཏུབ་པར་བྱེད་དེ་རྒྱུ་དེས་སྡུག་བསྔལ་དྲག་པོ་མི་བཟོད་པའི་ཚོར་བ་མྱོང་སྟེ་ཉམ་ཐག་པའི་སྐད་འབྱིན་ཅིང་ངུ་བར་བྱེད་དོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པས་མཉན་ཡོད་ཀྱི་སྐྱེ་བོ་ཕལ་ཆེར་འདུལ་བའི་དུས་ལ་བབ་ཅིང་དེ་ཡང་ཚར་བཅད་པ་དང་བསྟོད་པ་དང་སྐྱོ་བ་བསྐྱེད་པ་རྣམས་གང་གིས་འདུལ་བར་གཟིགས་པས་སྐྱོ་བ་བསྐྱེད་པས་འདུལ་བར་གཟིགས་ཏེ། གོང་དུ་སྨོས་པའི་ངན་སོང་དམྱལ་བ་པ་དེ་རྫུ་འཕྲུལ་གྱིས་བཀུག་སྟེ་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་བཞག་པ་ན། དེ་སྡུག་བསྔལ་གྱིས་ཉེན་པའི་ངུ་སྐད་ཀྱིས་མཉན་ཡོད་ཐམས་ཅད་གང་བར་གྱུར་པས། དེ་ཉིད་བལྟ་བའི་ཕྱིར་སྐྱེ་བོ་སྟོང་ཕྲག་མང་པོ་འདུས་པས་སྔར་སྨོས་མ་ཐག་པའི་སེམས་ཅན་གྱིི་ལུས་དང་སྡུག་བསྔལ་གྱི་ཁྱད་པར་མཐའ་དག་མཐོང་ནས་འདི་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བའི་སེམས་ཅན་འདི་ལྟ་བུ་སུ་ཞིག་སྙམ་མོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་ནས་དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་གཤེགས་སོ། །དེ་མཐོང་བ་ན་མ་དད་པ་དག་གིས་དགེ་སྦྱོང་ག་ཏ་མ་ཡང་ལྟད་མོའི་དབང་དུ་གྱུར་ཏེ་འོངས་སོ་ཞེས་ཁ་ཟེར་ཞིང་། གང་དག་དད་པ་དང་ལྡན་པ་དག་གིས་ནི་སེམས་ཅན་འདི་ལ་བརྟེན་ཏེ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཤིག་ལུང་སྟོན་པར་གོར་མ་ཆག་གོ་ཞེས་ཟེར་ནས་རྒྱང་མ་ནས་བསུ་ཞིང་གདན་བཤམས་ཏེ་བཞུགས་སུ་གསོལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་དེས་སྔོན་གྱི་ཚེ་རབས་དྲན་ཅིང་མིའི་སྐད་དུ་སྨྲ་ནུས་པར་བྱིན་གྱིས་བརླབས་ནས། བསྐལ་སྩལ་པ། བཞིན་བཟང་ཁྱོད་སྒོམ་པོ་ཡིན་ནམ། བཅོམ་ལྡན་འདས་བདག་སྒོམ་པོ་ལགས་སོ། །ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པའི་ལས་རྣམས་ཀྱི་འབྲས་བུ་མྱོང་བ་ཡོད་དམ། བཅོམ་ལྡན་འདས་མྱོང་བ་མཆིས་ལགས་སོ། །ལུས་ངག་ཡིད་ཀྱི་ཉེས་པར་སྤྱོད་པའི་ལས་ཀྱི་འབྲས་བུ་མི་སྡུག་པ་ལགས་སམ། བདེ་བར་གཤེགས་པ་མི་སྡུག་པ་ལགས་སོ། །ཁྱོད་ཀྱི་མི་དགེའི་བཤེས་གཉེན་སུ་ཡིན། དེས་གསོལ་པ། རང་གི་སེམས་ལགས་སོ། །དེ་ལྟར་དྲི་རྨེད་{དམད་} མཛད་པ་ན་སྐྱེ་བོ་ཕལ་ཆེར་ཐེ་ཚོམ་དུ་གྱུར་པ་ན། ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ལྟ་བུའི་སེམས་ཅན་སྔོན་གྱི་ཚེ་རབས་དྲན་ལ་མིའི་སྐད་དུ་སྨྲ་ཞིང་། བཅོམ་ལྡན་འདས་ལ་བཀའ་མཆིད་གསོལ་བ་འདི་སུ་ཞིག་ལགས། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སེམས་ཅན་འདི་ནི་སྡིག་པའི་ལས་བྱེད་བྱེད་པ་ཡིན་ཏེ། སྔོན་བྱུང་བ་འདས་པའི་དུས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཅན་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པའི་ཚེ། དགྲ་བཅོམ་པ་ཞིག་དགྲ་བཅོམ་པ་ལྔ་བརྒྱ་དང་ཐབས་ཅིག་ཏུ་ལྗོངས་རྒྱུ་ཞིག་སོང་བ་ལས། རྒྱལ་པོ་སྒམ་པོ་ཞེས་བྱ་བའི་སྐྱེད་མོས་ཚལ་དུ་ཕྱིན་ཏེ། རྒན་རིམ་བཞིན་ཤིང་དྲུང་རེ་རེ་རྩྭ་བཏིང་ནས་སྐྱིལ་མོ་ཀྲུང་བཅས་ཏེ་བསམ་གཏན་ལ་མཉམ་པར་བཞག་གོ །དེའི་ཚེ་རྒྱལ་པོ་དེ་བུད་མེད་ཀྱི་འཁོར་གྱིས་བསྐོར་ཏེ་སྐྱེད་ཚལ་དེར་སོང་ནས་ཕྱོགས་གཅིག་ཏུ་འདུག་པ་དང་། བུད་མེད་དེ་དག་ཚལ་རྒྱུ་ཞིང་ཕྱིན་པས་དགེ་སློང་ལྔ་བརྒྱ་པོ་ཤིང་དྲུང་ན་བཞུགས་པར་མཐོང་ནས་ཞབས་ལ་ཕྱག་བྱས་ཤིང་ཆོས་ཉན་པའི་ཕྱིར་འཁོད་དོ། །རྒྱལ་པོས་དེ་མཐོང་བས་ཤིན་ཏུ་ཁྲོས་ཏེ་ཞོ་ཤས་འཚོ་བ་རྣམས་བོས་ནས། དགེ་སློང་རྣམས་ལྕག་གིས་གཞུས་ཏེ་ལུས་རིལ་གྱི་ཞུ་ལུབ་ཏུ་ཤ་རྣག་བུ་བཞིན་དུ་བྱས་ཏེ། དེ་ནས་གཤེད་མ་ལ་གཏད་ནས་འདི་རྣམས་ཁ་ཅིག་ནི་གསོན་པོར་གསལ་ཤིང་ལ་ཚུགས་ལ་རལ་གྲི་དང་མདུང་ཐུང་དང་མདའ་བོ་ཆེ་དང་རྡོ་རྗེ་རྩེ་གཅིག་པ་དང་མདུང་ཁ་ལེབ་རྣམས་ཀྱིས་བསྣུན་ཅིག ཁ་ཅིག་གསོན་པོར་ཁྱི་ལ་བྱིན་ཅིག ཁ་ཅིག་ནི་ལུས་དུམ་བུ་དྲུག་ཏུ་ཆོད་ལ་ཕྱོགས་ཀུན་ཏུ་བོར་ཅིག་ཅེས་བསྒོས་ཏེ་དེ་ལྟར་བྱས་ནས་ཐམས་ཅད་བཀྲོང་ངོ་། །དེའི་དུས་ཀྱི་རྒྱལ་པོ་སྒོམ་པོ་གང་ཡིན་པ་དེ་ནི་སེམས་ཅན་འདི་ཉིད་ཡིན་ཏེ། ལས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ། །དེས་དགེ་སློང་དག་ལ་སྡང་བའི་སེམས་ཀྱིས་བལྟས་པའི་ལས་དེའི་རྣམ་པར་སྨིན་པས་ནི་དམུས་ལོང་དུ་གྱུར་ཏོ། །ལྕག་གིས་གཞུས་པའི་ལས་དེའི་རྣམ་སྨིན་ནི་ལུས་རིལ་གྱི་རྨས་ཞུ་ལུབ་ཏུ་ཡོགས་ཤིང་སྤྱི་བོ་མན་ཆད་རྐང་མཐིལ་ཡན་ཆད་དུ་སྲིན་ཞུགས་སོ། །དེས་གཤེད་མ་ལ་གཏད་ནས་ཁ་ཅིག་གསལ་ཤིང་ལ་བཙུགས་ནས་མཚོན་གྱིས་བསྣུན་པ་དང་། ཁ་ཅིག་ཁྱིར་བྱིན་པ་དང་། ཁ་ཅིག་དུམ་བུ་གཏུབས་པའི་ལས་དེའི་རྣམ་སྨིན་ནི་གལ་ཏེ་ཐང་ལ་འགྲོ་ན་སེང་གེ་ལ་སོགས་པ་ལྕགས་ཀྱི་མཆེ་བ་ཅན་གྱིས་ཟ་བ་དང་། ཆུ་འབོག་ན་ཆུ་སྲིན་མ་ཀ་ར་ལྕགས་མཆུ་ཅན་གྱིས་ཟ་བ་དང་། མཁའ་ལ་འགྲོ་ན་གདུག་པའི་བྱ་ལྕགས་མཆུ་ཅན་གྱིས་ཟ་བ་དང་། ནགས་ཁྲོད་དུ་འགྲོ་ན་ཤལ་མ་ལིའི་ཚལ་གྱིས་མཚོན་རྣོན་པོས་གཏུབས་པ་དང་། རྩིག་གསེབ་སོགས་སུ་མི་གདུག་པ་ཅན་གྱི་མཚོན་ཆ་སྣ་ཚོགས་པས་འདེབས་པ་སོགས་ཀྱིས་སྡུག་བསྔལ་ཤིན་ཏུ་མི་བཟད་པའི་ཚོར་བ་མྱོང་སྟེ་ཉམ་ཐག་པའི་སྐད་འབྱིན་ཅིང་ངུའོ། །དེ་ལྟར་སངས་རྒྱས་འོད་ཟེར་ཅན་གྱི་རིང་ཚུན་ཆོད་ནས་ད་ལྟའི་བར་དུ་སེམས་ཅན་དམྱལ་བ་རྣམས་ནས་ཤི་འཕོས་ཤིང་ཡང་སེམས་ཅན་དམྱལ་བ་འབའ་ཞིག་ཏུ་སྐྱེས་ཏེ་འདི་ལྟ་བུའི་སྡུག་བསྔལ་མྱོང་ཞིང་ད་དུང་ཡང་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་ལྔ་བརྒྱ་འབྱུང་བར་འགྱུར་ཏེ་དེའི་བར་ལ་ཡང་སེམས་ཅན་དམྱལ་བ་རྣམས་ནས་ཤི་འཕོས་ཤིང་སེམས་ཅན་དམྱལ་བ་འབའ་ཞིག་ཏུ་སྐྱེ་བར་འགྱུར་ཏེ་འདི་ལྟ་བུའི་སྡུག་བསྔལ་ཤ་སྟག་རྙེད་ནས། དེའི་འོག་ཏུ་རིགས་ངན་གྱི་ཁྱིམ་དུ་སྐྱེས་ཏེ་རྟེན་དེར་ཡང་ནགས་ཁྲོད་དུ་རང་སངས་རྒྱས་ཞིག་བཀྲོང་བར་འགྱུར་ཞིང་སླར་ཡང་ལས་དེས་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར་འགྱུར་ཏེ་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ནས་ལས་དེ་དག་ཟད་པ་ན་མིར་སྐྱེ་བར་འགྱུར་ཏེ། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་མ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པ་དང་ཕྲད་ནས། དེའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་དགྲ་བཅོམ་པའི་གོ་འཕང་ཐོབ་པར་འགྱུར་ལ། དགྲ་བཅོམ་པ་ཐོབ་ནས་ཀྱང་རྒྱལ་པོ་སྐྱེད་མོས་ཚལ་དུ་སོང་སྟེ་བཙུན་མོའི་འཁོར་ལ་ཆོས་བསྟན་པའི་རྐྱེན་གྱིས། རྒྱལ་པོ་ཁྲོས་ཏེ་ལྕག་གིས་གཞུས་ནས། ལུས་དུམ་བུ་དྲུག་ཏུ་བཅད་དེ་གསལ་ཤིང་ལ་བསྐྱོན་ནས་རལ་གྲི་ལ་སོགས་པའི་མཚོན་གྱིས་བསྣུན་ནས་ཁྱི་ལ་སྦྱིན་པར་འགྱུར་ཏེ། དེའི་སྡུག་བསྔལ་གྱི་མཐར་དེར་ཐུག་པར་འགྱུར་རོ། །ཞེས་གསུངས་པས་སྐྱེ་བོ་ཕལ་མོ་ཆེ་དེ་དག་སྐྱོ་བ་ཆེར་སྐྱེས་ཏེ། འཁོར་བ་ལས་ངེས་པར་འབྱུང་བའི་བློ་སྐྱེ་བར་གྱུར་ཅིང་། དེ་དང་མཐུན་པའི་ཆོས་བསྟན་པས་སྐྱེ་བོ་དཔག་ཏུ་མེད་པ་ཐེག་པ་གསུམ་གྱི་ལམ་ལ་སྨིན་པ་དང་གྲོལ་བར་མཛད་དོ། །འདིས་ནི་ཡུལ་དམ་པ་ལ་ཁྲོས་པའི་མིག་གིས་བལྟ་བ་དང་ཁྲིམས་དང་སྦྱར་བ་དང་སྲོག་བཅད་པ་སོགས་ཀྱི་རྣམ་སྨིན་བསྟན་པ་ཡིན་ནོ། །སྐབས་འདིར་ས་མཚོ་མས་ལྷ་བྱིན་དམའ་དབབ་པ་དང་སྔོན་གྱི་རབས་ཀྱང་གསུངས་སོ། །

འཕགས་པ་ལ་བསྙེན་བཀུར་བགྱིས་པ་དང་སྨོན་ལམ་བཏབ་པའི་འབྲས་བུ་བསྟན་པ།

༈ ཡང་གྲོང་ཁྱེར་སེར་སྐྱ་ན་རྒྱལ་པོ་སེང་གེ་འགྲམ་གྱི་སྲས་ཟས་གཙང་མས། ཡུལ་སྤོང་བྱེད་ཀྱི་རྒྱལ་པོ་ཤཱཀྱ་རབ་སད་ཀྱི་བུ་མོ་སྒྱུ་འཕྲུལ་མ་དང་སྒྱུ་འཕྲུལ་ཆེན་མོ་གཉིས་ཁབ་ཏུ་བཞེས་པའི་ཚེ། ཤཱཀྱ་རབ་སད་ཀྱིས་བུ་མོ་དེ་གཉིས་ལ་ཤཱཀྱའི་བུ་མོ་སྐྲ་ལྡན་མ་ཞེས་བྱ་བ་སྐྲ་མཁན་དུ་བྱིན་ནོ། །དེ་ནས་སྒྱུ་འཕྲུལ་ཆེན་མོ་ལ་བྱང་ཆུབ་སེམས་དཔའ་སྐུ་འཁྲུངས་ནས་ཞག་བདུན་ལོན་པའི་འོག་ཏུ་འདས་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་ཡུལ་དུ་སྐྱེས་སོ། །ཕྱིས་བྱང་ཆུབ་སེམས་དཔའ་ཁྱིམ་སྤངས་ནས་རབ་ཏུ་བྱུང་ཞིང་མངོན་པར་སངས་རྒྱས་པ་ན། གདུལ་བྱའི་དོན་དུ་གྲོང་ཁྱེར་སེར་སྐྱར་གཤེགས་པའི་ཚེ། སྐྱེ་དགུའི་བདག་མོ་ཆེན་མོ་གོ་ཏ་མ་རབ་ཏུ་བྱུང་ངོ་། །དེའི་ཚེ་སྐྲ་ལྡན་མ་ཡང་རབ་ཏུ་བྱུང་བས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་ཏེ། དེ་བཅོམ་ལྡན་འདས་ཀྱིས་བརྩོན་འགྲུས་རྩོམ་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ཏོ། །དེའི་ཚེ་དགེ་སློང་རྣམས་ཀྱིས་སྐྲ་ལྡན་མའི་ལས་ཀྱི་རྒྱུ་ཞུས་པས། བཅོམ་ལྡན་འདས་ཀྱིས། དེ་ནི་སྨོན་ལམ་གྱི་དབང་ལས་གྱུར་ཏེ། སྔོན་འདས་པའི་དུས་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་བྱོན་ཏེ་དེ་གྲོང་ཁྱེར་གཉེན་ལྡན་དུ་གཤེགས་པ་ན། ལྕམ་གཉིས་ཀྱིས་བཤོས་གསོལ་པ་ན། དེར་གཅིག་གིས་སྨོན་ལམ་བཏབ་པ་བདག་ལས་འདི་ལྟ་བུའི་སྐྱེས་བུ་རིན་པོ་ཆེ་བཙས་ཏེ། དེ་མཉེས་པ་བྱེད་པར་གྱུརཅིག མི་མཉེས་པ་བྱེད་པར་མ་གྱུར་ཅིག ཅེས་བྱས་སོ། །བུ་མོ་ཅིག་ཤོས་ཀྱིས། བདག་ཀྱང་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཁྱོད་ཀྱི་སྤུན་དུ་གྱུར་ཅིག བདག་འདི་ལྟ་བུའི་སྐྱེས་བུ་རིན་པོ་ཆེ་དེ་འཚོ་བར་གྱུར་ཅིག་ཅེས་བྱས་སོ། །དེ་སྤུན་གཉིས་ཀྱི་སྐྲ་མཁན་བྱེད་པའི་བུ་མོ་ཞིག་ཡོད་པ་དེས་དེ་ལྟར་ཐོས་པ་དང་། སངས་རྒྱས་རྣམ་པར་གཟིགས་ལ་བཀུར་སྟི་བྱས་ཏེ། བདག་ཀྱང་དགེ་བའི་རྩ་བ་འདིས་འདི་གཉིས་གང་དང་གང་དུ་སྐྱེས་པ་དེར་བདག་ཀྱང་སྐྲ་མཁན་ནམ་བསྙེན་བཀུར་བྱེད་པར་གྱུར་ནས་འདི་གཉིས་ཀྱི་བུ་རིན་པོ་ཆེ་དེ་མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པར་བྱེད་པར་མ་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །འདི་ཉིད་དགྲ་བཅོམ་པར་གྱུར་ནས་བརྩོན་འགྲུས་ཅན་གྱི་མཆོག་ཏུ་ལུང་བསྟན་པའི་རྒྱུ་ནི། སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་ཉིད་དགེ་སློང་མར་གྱུར་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་བདག་གི་མཁན་མོ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བརྩོན་འགྲུས་རྩོམ་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་དེ་བཞིན་དུ་བདག་ཀྱང་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་ཅིང་བརྩོན་འགྲུས་རྩོམ་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་འབྲས་བུ་ཡིན་པར་གསུངས་སོ། །འདིས་ནི་འཕགས་པ་ལ་བསྙེན་བཀུར་བགྱིས་པ་དང་སྨོན་ལམ་བཏབ་པའི་འབྲས་བུ་བསྟན་པ་ཡིན་ནོ། །

སྦྱིན་པ་དང་ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་དང་ངག་གི་ཉེས་པར་སྤྱོད་པའི་འབྲས་བུའང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། ཡུལ་སྲུང་བྱེད་ཀྱི་རི་ཁྲོད་ཅིག་ཏུ་ཁྱིམ་བདག་ཕྱུག་པོ་རྣམ་སྲས་ཀྱི་ནོར་དང་ལྡན་པ་ཞིག་གི་ཆུང་མ་ལ་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་མདོག་བཟང་བ་པདྨའི་སྙིང་པོ་དང་འདྲ་བ་ཞིག་བཙས་ཏེ་མིང་པདྨའི་མདོག་ཅན་ཞེས་བྱ་བར་བཏགས་སོ། །དེ་ཆེར་སྐྱེས་པ་ན་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་རྙེད་ནས། ཕ་མ་ལ་ཞུས་ཏེ་ཚེ་དང་ལྡན་པ་ཉེ་སྡེའི་ཐད་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །དེ་ནས་དེ་ཕྱིས་ཞིག་ན་མཁན་པོ་ལ་མ་ཞུས་པར་ལྗོངས་རྒྱུ་ཞིག་སོང་སོང་བ་ན་ཡུལ་བཅོམ་བརླག་ཏུ་ཕྱིན་ཏེ། དེར་བསོད་སྙོམས་ལ་ཕྱིན་པ་ན་སྤྱོད་ཡུལ་གྱི་རྒྱུས་མེད་པས་སྨད་འཚོང་མའི་ཁྱིམ་དུ་སོང་ངོ་། །དེར་སྨད་འཚོང་མ་གཞོན་ནུ་མོ་ཞིག་ཡོད་པ་དེ་དགེ་སློང་དེ་ལ་ལྷག་པར་ཡང་ཆགས་པར་གྱུར་ནས་གདན་བཤམས་ཏེ་དེ་ཉིད་ལ་བཞུགས་སུ་གསོལ་ནས། ཆགས་པའི་གཏམ་སྨྲས་པ་ན་དགེ་སློང་དེ་རྣ་བ་བཀབ་སྟེ་སྟན་ལས་ལངས་ནས་ཕྱིར་གཙུག་ལག་ཁང་དུ་བྲོས་སོ། །དེར་སྨད་འཚོང་མ་དེས་རིགས་ངན་མོ་སྔགས་ཀྱི་མཐུ་ཡོད་པ་ཞིག་བཀུག་ནས། དེ་ལ་གཏམ་དེ་རྒྱས་པར་བཤད་ནས་དེ་དང་བདག་གཉིས་ཕྲད་པར་གྱིས་དང་གསེར་མང་པོ་སྦྱིན་ནོ་ཞེས་སྨྲས་པས། རིགས་ངན་མོ་དེས་ཁས་བླངས་ཏེ། དེའི་ཁྱིམ་དུ་དཀྱིལ་འཁོར་བཤམས་ནས་སྦྱིན་སྲེག་བྱས་པས་རིག་སྔགས་ཀྱི་མཐུས་དགེ་སློང་དེ་དབང་མེད་དུ་དྲངས་ནས་དེར་ཕྱིན་ནོ། །དེ་ནས་རིགས་ངན་མོ་དེས། བཙུན་པ་པདྨའི་མདོག་ལ་ཁྱིམ་འདིར་འོང་བ་ལ་བྱ་བ་གཉིས་ཡོད་དེ། ཡང་ན་ནི་སྨད་འཚོང་མ་འདི་དང་ལྷན་ཅིག་ཏུ་ཉོལ་ཅིག ཡང་ན་ནི་མེ་འདིའི་ནང་དུ་མཆོངས་ཤིག ། ཅེས་སྨྲས་སོ། །དེ་ནས་པདྨའི་མདོག་གིས་བསམ་པ། དེ་བཞིན་གཤེགས་པ་ནི་འཇིག་རྟེན་དུ་བྱོན་པར་དཀའ་ལ། མིར་སྐྱེ་བ་ཡང་དཀའ་ཞིང་། ཡུལ་དབུས་སྐྱེ་བ་ཡང་རྙེད་པར་དཀའ་བས་ན། མེའི་ནང་དུ་མཆོང་བ་ནི་ལེགས་ཀྱི་འདི་དང་ཕྲད་པར་བྱ་བ་ནི་མ་ཡིན་ནོ། །སྙམ་དུ་བསམས་ནས། གོས་ཕུད་དེ་རིགས་ངན་མོ་ལ་གཏད་ནས། ཆེ་ཞེ་གོས་འདི་རྣམས་གཙུག་ལག་ཁང་དུ་ཁྱེར་ལ་བདག་གི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཕུལ་ཅིག བདག་ནི་མེའི་ནང་དུ་མཆོང་བར་ཆད་དོ། །ཞེས་སྨྲས་པས། ཡོན་ཏན་དང་ལྡན་པར་རིགས་ནས། རིགས་ངན་མོ་དང་སྨད་འཚོང་མ་གཉིས་ཆར་འགྱོད་པའི་སེམས་སྐྱེས་ནས་ཉེས་པ་བཤགས་ཏེ་མདུན་དུ་འཁོད་པ་ལ། པདྨའི་མདོག་གིས་དེ་གཉིས་ལ་ཆོས་བསྟན་པས་གཉིས་ཀ་སྟན་དེ་ལ་འཁོད་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་ནས་རབ་ཏུ་བྱུང་བར་གསོལ་བ་དང་། བཙུན་པས་དེ་གཉིས་ཁྲིད་དེ་གཙུག་ལག་ཁང་དུ་དགེ་སློང་མ་རྣམས་ལ་གཏད་ནས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས། དེས་དེ་གཉིས་ལ་ལུང་ཕོག་ཅིང་དེ་གཉིས་ཀྱིས་ཀྱང་བརྩོན་པས་མི་རིང་བར་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེ་ནས་ཚེ་དང་ལྡན་པ་པདྨའི་མདོག་གིས་འདི་ལྟར་བདག་གིས་གཞན་གྱི་རྒྱུད་ནི་དག་པར་བྱེད་ནུས་ན་བདག་གི་རྒྱུད་དག་པར་བྱེད་མ་ནུས་སོ་སྙམ་དུ་བསམས་ནས། བརྩོན་པས་བསྒོམ་པ་ལ་ནན་ཏན་དུ་བྱས་པས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེ་ནས་ཕྱིས་ཞིག་ན་མཉན་ཡོད་དུ་འོང་ཏེ་གཏམ་རྣམས་རྒྱས་པར་བཤད་པ་དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་ལ་ལས་ཀྱི་རྒྱུ་ཞུས་པ་ན། འདི་ནི་ཚེ་རབས་ལྔ་བརྒྱའི་བར་དུ་འདིའི་ཆུང་མར་གྱུར་ཏེ། དེའི་སྔོན་གྱི་བག་ཆགས་ཀྱི་གཞི་ཡོད་པས་ན་མཐོང་མ་ཐག་ཏུ་ཆགས་པར་གྱུར་ཏོ། །དེ་ཡང་སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ། ཡུལ་ཝཱ་རཱ་ཎ་སཱི་ན་ཁྱིམ་བདག་གཅིག་ལ་ཆུང་མ་གཉིས་ཡོད་པ་ལས། ཁྱིམ་བདག་དེ་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་རབ་ཏུ་བྱུང་བར་འདོད་ནས་ཆུང་མ་གཉིས་ལ་གཏམ་སྨྲས་པ་དང་། དེ་གཉིས་ཀྱང་རབ་ཏུ་བྱུང་བར་འདོད་པར་གྱུར་པས། སྔོན་ལ་ཆུང་མ་དེ་གཉིས་དགེ་སློང་མའི་གཙུག་ལག་ཁང་དུ་ཁྲིད་ནས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས། དེའི་རྗེས་སུ་ཁྱིམ་བདག་དེ་ཁྱིམ་གྱི་ལོངས་སྤྱོད་ཐམས་ཅད་བསོད་ནམས་ཀྱི་ཕྱོགས་སུ་བཏང་ནས་རབ་ཏུ་བྱུང་ཞིང་སྡེ་སྣོད་ལ་བསླབ་པས། རིགས་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ནས་འཚོ་བའི་ཡོ་བྱད་རྣམས་ཀྱང་རྙེད་པར་གྱུར་ཏོ། །དགེ་སློང་མ་དེ་གཉིས་ནི་འཐབ་ཀྲོལ་ཅན་ཁ་ཚས་ངན་པར་གྱུར་ནས། གཅིག་གིས་ནི་དགེ་སློང་མ་རྣམས་ལ་རིགས་ངན་མོ་ཞེས་སྨྲས་ཤིང་གཅིག་གིས་ནི་སྨད་འཚོང་མ་ཞེས་པའི་ཚིག་སྨྲས་སོ། །དེ་ནས་དགེ་སློང་དེས་དེ་གཉིས་འཐབ་ཀྲོལ་ཅན་དུ་གྱུར་པ་དེ་ལས་བཀག་ནས། སྦྱིན་པ་དང་སྦྱིན་པའི་བགོ་བཤའ་བྱེད་པ་ལ་བཙུད་དོ། །དེ་ནས་ཕྱིས་དགེ་སློང་དེས་སངས་རྒྱས་འཁོར་དང་བཅས་པ་ལ་བཤོས་དྲངས་ཤིང་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཡང་བཀུར་སྟི་བྱས་ཏེ་མ་འོངས་ཤཱཀྱའི་བསྟན་པ་ལ་འབྲས་བུ་ཐོབ་པར་སྨོན་ལམ་བཏབ་བོ། །དེའི་ཚེ་དགེ་སློང་མ་གཉིས་པོས་ཀྱང་། བདག་གཉིས་ཀྱང་འཕགས་པ་ཁྱེད་ཉིད་ལ་བརྟེན་ནས་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་དགེ་སློང་དེ་ནི་པདྨའི་མདོག་འདི་ཉིད་ཡིན་ལ། དགེ་སློང་མ་གཉིས་པོ་ནི་ད་ལྟར་གྱི་འདི་གཉིས་ཏེ། དེའི་ཚེ་ཚིག་རྩུབ་སྨྲས་པའི་རྒྱུས་རིགས་ངན་དང་སྨད་འཚོང་མར་གྱུར་ཏོ། །གཞན་ཡང་དགེ་སློང་པདྨའི་སྙིང་པོ་འདི་ལོངས་སྤྱོད་ཆེ་ཞིང་གཟུགས་མཛེས་པ་ནི་སྔོན་ཀུན་དགའ་ར་བའི་སྲུང་མ་ཞིག་ཏུ་གྱུར་པའི་ཚེ། རང་སངས་རྒྱས་ཞིག་ལ་བཤོས་དང་ན་བཟའ་ཕུལ་ཞིང་། མེ་ཏོག་སྣ་ཚོགས་པས་གཏོར་ཏེ་སྨོན་ལམ་བགྱིས་པའི་འབྲས་བུ་ཡིན་པར་གསུངས་སོ། །འདིས་ནི་སྦྱིན་པ་དང་ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་དང་ངག་གི་ཉེས་པར་སྤྱོད་པའི་འབྲས་བུའང་བསྟན་པ་ཡིན་ནོ། །

སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཚངས་པར་སྤྱོད་པའི་འབྲས་བུ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ་གྲོང་དེ་ན་ཤན་པ་ཕྱུག་ཅིང་ནོར་མང་བ་ཞིག་ཡོད་པ་དེའི་ཆུང་མ་ལ། ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཞིག་བཙས་ཏེ། དེ་ཆེར་སྐྱེས་པ་ན་ཕས་རང་གི་ལས་བྱེད་དུ་བཅུག་པ་ན། དེ་ན་རེ་ཡབ་བདག་ནི་བདག་ཉིད་འགུམ་པའི་རྔོ་ནི་ཐོགས་ཀྱི་སྲོག་ཆགས་གཞན་འགུམ་པའི་རྔོ་ནི་མི་ཐོགས་སོ་ཞེས་ཟེར་བ་ན་ཕ་མས་ཀྱང་ཁྱེའུ་དེ་དལ་བར་བཞག་གོ །དེ་ནས་ཕྱིས་ཁྱེའུ་དེ་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་ཡབ་ཡུམ་ལ་ཞུས་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་ཞིང་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་ནས། རང་གི་ཁྱིམ་དུ་ཕྱིན་ཏེ་ཕ་མ་གཉིས་ལ་ཆོས་བསྟན་པས་སྡིག་པ་ལས་བཟློགས་ཏེ། བདེན་པ་རྣམས་དང་སྐྱབས་འགྲོ་དང་བསླབ་པའི་གཞི་རྣམས་ལ་བཀོད་པས་སྦྱིན་པ་དག་སྦྱིན་ཅིང་བསོད་ནམས་དག་བྱེད་པར་གྱུར་ཏོ། །དེའི་ཚེ་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་གསོལ་པ་ན། སྔོན་རི་ཁྲོད་གཅིག་ན་ཤན་པ་མང་པོ་ཞིག་སྐྱེད་མོས་ཚལ་ཞིག་ཏུ་རྒྱུ་བ་ལས། དེར་རང་སངས་རྒྱས་གཅིག་བཞུགས་པ་ལ། ཤན་པ་གཅིག་དད་པ་སྐྱེས་ནས་ན་བཟའ་དང་བཤོས་ཕུལ་ཞིང་རང་སངས་རྒྱས་དེས་ཀྱང་ཆོ་འཕྲུལ་སྣ་ཚོགས་པ་བསྟན་པས། དེ་རབ་ཏུ་དགའ་ནས་སྨོན་ལམ་བཏབ་ཅིང་ཕྱིས་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཚངས་པར་སྤྱོད་པའི་འབྲས་བུ་ཡིན་པར་གསུངས་སོ། །

སྨོན་ལམ་བཏབ་པའི་རྒྱུས་ད་ལྟར་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་ཐོབ་པ།

༈ ཡང་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། གྲོང་དེར་རིགས་ངན་ཞིག་ལ་བུ་མོ་མི་སྡུག་པའི་མཚན་མ་བཅོ་བརྒྱད་དང་ལྡན་པ་ཞིག་བཙས་པས། ཕ་དེས་ནམ་སྲོས་ཁྱི་ལ་སྦྱིན་པར་བྱས་ཀྱང་། མ་དེས་གསོད་དུ་མ་བཅུག་པར་ལྐོག་ཏུ་གསོས་ཏེ། ནམ་ཞིག་སློང་བར་འགྲོ་ནུས་པའི་ཚེ་དེ་གཉིས་ཀྱིས་ཁྱིམ་ནས་བསྐྲད་པས། སློང་མོས་འཚོ་བ་ལས། དེ་སྒྲེན་མོར་ས་རྗེན་ལ་འདུག་པ་དང་ཁ་ཟས་ངན་པས་ལུས་ལ་མཛེ་ནད་དང་རྨ་བྱུང་ནས་ལམ་སྲང་ཞིག་ཏུ་འགྱེལ་ཏེ་ཤི་ལ་ཐུག་པ། ཚེ་དང་ལྡན་པ་ཀུན་དགའ་བོས་གཟིགས་ནས། དེའི་མི་དགེ་བའི་ལས་དེ་ཟད་པར་བྱ་བའི་ཕྱིར་དུ་ཏིལ་མར་དང་སྤོས་བཙལ་ཏེ། བུ་མོ་དེ་ལ་བྱིན་ནས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་བྱུག་ཏུ་བཅུག་གོ །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཀྱང་བུད་མེད་དེ་སྒྲེན་མོར་འདུག་པ་མཐོང་ནས་དེ་ལ་གོས་བྱིན་ནོ། །བཅོམ་ལྡན་འདས་ཀྱང་བུ་མོ་དེ་ལ་ཐུགས་བརྩེ་བའི་ཕྱིར་ས་ཕྱོགས་དེར་གཤེགས་པ་ན་བུ་མོ་དེ་དགའ་ནས་སྔར་གྱི་གོས་དེ་ཕུལ་ཞིང་སེམས་དྭངས་པར་བྱས་ཏེ་ཤི་འཕོས་ནས། མཉན་ཡོད་དུ་ཚོང་དཔོན་ཞིིག་གི་བུ་མོ་མཛེས་ཤིང་ལྟ་ན་སྡུག་པར་སྐྱེས་ཏེ་མིང་གསེར་གྱི་མདོག་ཅན་ཏུ་བཏགས། དེ་ཉིད་ལོ་བདུན་ལོན་པ་ན་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་རབ་ཏུ་བྱུང་བས་དགྲ་བཅོམ་མ་ཉིད་མངོན་དུ་བྱས་ཏེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏོ། །དེར་མངོན་ཤེས་ཀྱིས་བརྟགས་པས་སྔར་གྱི་ཚུལ་དེ་ཤེས་ནས་འཕགས་པ་ཀུན་དགའ་བོ་ནི་བདག་ལ་བཀའ་དྲིན་ཆེའོ་སྙམ་སྟེ་རྟག་ཏུ་རིམ་གྲོ་དང་བཀུར་སྟི་བྱེད་དོ། །དེར་དགེ་སློང་རྣམས་ཀྱིས་བཅོམ་ལྡས་འདས་ལ་ལས་ཀྱི་རྒྱུ་ཞུས་པས། བུ་མོ་གསེར་མདོག་འདི་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་མར་གྱུར་ཏེ། དེའི་ཚེ་རིགས་གཟུགས་ཀྱི་དྲེགས་པས་སློབ་པ་དང་མི་སློབ་པའི་དགེ་སློང་མང་པོ་ལ་བྱད་གཟུགས་མི་སྡུག་པའི་ལུས་དང་ངག་གིས་ལས་རྣམས་ཀྱིས་དཔྱས་ཤིང་། རིགས་ངན་ཞེས་ཚིག་རྩུབ་ཀྱང་སྨྲས་པས་ལས་ཀྱི་རྒྱུ་དེས་གང་དུ་སྐྱེས་ཀྱང་རིགས་ངན་དུ་སྐྱེས་ཤིང་མི་སྡུག་པའི་མཚན་མ་བཅོ་བརྒྱད་དང་ལྡན་པ་དང་ཕྱིས་ཀྱི་རྟེན་དེས་མཆོད་རྟེན་ལ་བྱུགས་པ་ཕུལ་ཞིང་བཅོམ་ལྡན་འདས་ལ་དད་པའི་སེམས་རྙེད་པས། རིགས་མཐོ་བར་སྐྱེས་ཤིང་གཟུགས་བྱད་ཕུན་སུམ་ཚོགས་པར་གྱུར་ལ། སྔར་འོད་སྲུང་གི་བསྟན་པ་ལ། སླར་འགྱོད་ཚངས་ཕུལ་ཞིང་ཚངས་པར་སྤྱད་ནས་སྨོན་ལམ་བཏབ་པའི་རྒྱུས་ད་ལྟར་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་ཐོབ་པར་གསུངས་སོ། །

སངས་རྒྱས་ལ་དད་ཅིང་མཆོད་པ་སོགས་ཀྱིས་ཕན་ཡོན་བསྟན་པ།

༈ ཡང་མཉན་ཡོད་དུ་རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་དུ་སྤྱན་དྲངས་ཏེ་མཆོད་པའི་རྗེས་ཐོག་ཏུ། རྒྱལ་པོའི་བ་ལང་འཚོའི་རྫི་བོའི་བུ་ལྔ་བརྒྱ་ཡོད་པ་དེ་རྣམས་བཅོམ་ལྡན་འདས་ལ་དད་པའི་སེམས་རྙེད་ནས། དེ་དག་གིས་སངས་རྒྱས་འཁོར་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་ཤིང་། བཅོམ་ལྡན་འདས་ཀྱིས་དེ་དག་གི་ཁམས་དབང་བསམ་པ་བག་ལ་ཉལ་རྣམས་ཐུགས་སུ་ཆུད་དེ་ཆོས་བསྟན་པས། བ་ལང་རྫི་བོ་ལྔ་བརྒྱ་པོ་སྟན་དེ་ལ་འཁོད་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཅིང་། རྒྱལ་པོ་ལ་གསོལ་ནས་བ་ལང་གི་ཁྱུ་དེ་རྣམས་རྫི་བོ་གཞན་ལ་གཏད་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་བར་གསོལ་བ་དང་། སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་ཏེ། དེ་དག་རིང་པོར་མ་ལོན་པར་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་ནས་མངོན་ཤེས་ཀྱིས་བརྟགས་པས། རང་རང་གི་ཉེ་དུ་རྣམས་འདུལ་བར་མཐོང་ནས་དེའི་ཐད་དུ་དོང་སྟེ་ཆོས་བསྟན་པས་དད་པ་ཕུན་སུམ་ཚོགས་པ་ལ་ནི་བཀོད། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ལ་བཙུད་ནས་སྦྱིན་པ་དང་སྦྱིན་པའི་བགོ་བཤའ་བྱ་བ་ལ་ནི་ཡང་དག་པར་འཛིན་དུ་བཅུག་གོ །དེའི་ནང་ནས་བ་ལང་རྫི་མོ་གཅིག་ནི་མ་དད་དེ། སངས་རྒྱས་མཇལ་དུ་འགྲོར་མ་ཉན་པ་བ་ལང་རྫི་དེ་དག་གིས་ནན་གྱིས་བཟུང་སྟེ་ཁྲིད་པ་ན། དེས་རྒྱང་མ་ནས་སངས་རྒྱས་ཀྱི་སྐུ་མཐོང་བ་དང་མཆོག་ཏུ་དགའ་བ་སྐྱེས་ཏེ། བསོད་ནམས་ཀྱི་མཐུས་དགེ་སློང་བསམ་གཏན་ལ་གནས་པ་བས་ཁྱད་པར་དུ་འཕགས་པའི་དགའ་བདེའི་ཉམས་སྐྱེས་ཏེ། ལམ་ཀ་དེར་ཀོ་ཤ་ཏ་ཀའི་མེ་ཏོག་དག་གཅིག་མཐོང་བས་དེ་བཏུས་ནས་བཅོམ་ལྡན་འདས་ཀྱི་སྐུ་ལ་གཏོར་ཞིང་ཞབས་ལ་ཕྱག་བྱས་ཏེ་ཆོས་ཉན་པར་འཁོད་པ་ན། བཅོམ་ལྡན་འདས་ཀྱིས་བུ་མོ་དེ་ལ་ཚེ་རིང་པོ་མེད་པར་མཁྱེན་ནས་དེ་དང་མཐུན་པའི་ཆོས་བསྟན་ཏོ། །དེ་ནས་དེ་རིང་པོར་མི་ཐོགས་པར་ཚེ་འཕོས་ཏེ་ལྷ་ཡུལ་དུ་སྐྱེས་སོ། །རང་གང་ནས་ཤི་འཕོས་གང་དུ་སྐྱེས་ལས་གང་གིས་སྐྱེས་སྙམ་དུ་གནས་གསུམ་དུ་བརྟགས་པས་སྔར་གྱི་དོན་དེ་རྟོགས་པར་གྱུར་ནས། ཞག་མ་ལོན་པར་མཚན་མོར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས་ལྷའི་མེ་ཏོག་སྣ་ཚོགས་པས་མཆོད་ཅིང་ཆོས་ཉན་པས་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱས་ནས་སླར་རང་གནས་སུ་སོང་ངོ་། །དེའི་ཚེ་རྒྱལ་བྱེད་ཚལ་འོད་ཀྱིས་གང་བར་མཐོང་ནས། བཅོམ་ལྡན་འདས་ལ་ཞུས་པ་དང་སྔར་གྱི་དོན་རྣམས་གསུངས་སོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པར། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདས་པའི་ལས་ཀྱི་ཤས་ཀྱང་ཡོད། དེ་ལྟར་བྱུང་བའི་ལས་ཀྱི་ཤས་ཀྱང་ཡོད་དེ། འདས་པའི་ལས་ནི་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་མར་གྱུར་ཏེ། དེ་འཐབ་ཀྲོལ་ཅན་ཁ་ཚས་ངན་པར་གྱུར་པས། དགེ་སློང་མ་མང་པོ་ཞིག་ལ་བ་ལང་རྫི་མོ་ཞེས་སྨྲས་སོ། །དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་བོ། །ད་ལྟར་བྱུང་བའི་ལས་ནི། བ་ལང་རྫི་མོར་གྱུར་པ་དེས་ཀོ་ཤ་ཏ་ཀའི་མེ་ཏོག་གིས་མཆོད་ཅིང་སེམས་དགའ་བར་གྱུར་པས་ལྷར་སྐྱེས་སོ་གསུངས། ཡང་བ་ལང་རྫི་བོ་རྣམས་ཀྱི་ལས་ཀྱི་རྒྱུ་ཞུས་པར། འདི་རྣམས་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དགེ་སློང་འཐབ་ཀྲོལ་ཅན་ཁ་ཚས་ངན་པར་གྱུར་ནས། དགེ་སློང་མང་པོ་ཞིག་ལ་བ་ལང་རྫི་ཞེས་པའི་ཚིག་སྨྲས་ལ། དེར་དེ་དག་གིས་ཚེ་གཅིག་ཏུ་ཚངས་པར་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པའི་འབྲས་བུས་དེ་ལྟར་གྱུར་པར་གསུངས་སོ། །འདི་དག་གིས་ནི་འཐབ་ཀྲོལ་དང་ངག་གི་ཉེས་པར་སྤྱོད་པའི་རྣམ་སྨིན་དང་ཚངས་པར་སྤྱོད་པ་དང་སངས་རྒྱས་ལ་དད་ཅིང་མཆོད་པ་སོགས་ཀྱིས་ཕན་ཡོན་བསྟན་པ་ཡིན་ནོ། །

ལས་དེའི་རྣམ་པར་སྨིན་པས་མཛའ་སྡེ་ལྔ་བརྒྱ་པོ་རྣམས་ཀྱིས་འདི་ལྟ་བུའི་མཆོད་པ་བྱས་པ།

༈ ཡང་སྟོན་པ་མཉན་ཡོད་ན་བསོད་སྙོམས་ལ་གཤེགས་པའི་ཚེ། མཛའ་སྡེ་ལྔ་བརྒྱ་ཙམ་ཞིག་སྐྱེད་མོས་ཚལ་དུ་རྩེར་འགྲོ་བས་མཇལ་ཏེ་ཤིན་ཏུ་དགའ་ཞིང་དད་པར་གྱུར་ནས་ཞབས་ལ་ཕྱག་འཚལ་ཞིང་མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་གཏོར། སིལ་སྙན་དང་རོལ་མོས་ཀྱང་མཆོད་ཅིང་བསྐོར་བ་ལན་གསུམ་དུ་བྱས་ཏེ་སོང་ངོ་། །དེར་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་པས། ཀུན་དགའ་བོས་རྒྱུ་རྐྱེན་གསོལ་བ་ན། མཛའ་སྡེ་ལྔ་བརྒྱ་པོ་འདི་བཅོམ་ལྡན་འདས་ལ་དད་པར་བྱས་ཏེ་བཀུར་སྟིས་མཆོད་པའི་ལས་དེའི་བསོད་ནམས་ཀྱིས་བསྐལ་པ་བཅུ་གསུམ་གྱི་བར་དུ་ངན་འགྲོ་ལོག་པར་མི་ལྟུང་ཞིང་ལྷ་དང་མིའི་གནས་སུ་བདེ་བ་མྱོང་སྟེ། མཐར་རང་སངས་རྒྱས་སྨོན་པ་མེད་པ་ཞེས་བྱ་བ་ཤ་སྟག་ཏུ་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེར་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་སྔོན་ཕྲིན་ལས་ཅི་མཛད་ནས་འདི་ལྟ་བུའི་མེ་ཏོག་གིས་མཆོད་པར་གྱུར་ཅེས་གསོལ་པ་ན། བཅོམ་ལྡན་འདས་ཀྱིས་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པ་གཉིས་ལ་བབས་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་འཇིག་རྟེན་དུ་བྱོན་ནོ། །དེའི་ཚེ་བཅོམ་ལྡན་འདས་ཉིད་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་ཞེས་བྱ་བ་གྱུར་ཏེ། རྒྱ་མཚོ་ཆེན་པོ་འཐུང་བ་དང་ནམ་མཁའ་ལ་འགྲོ་བ་དང་ཉི་ཟླ་ལག་ཏུ་ཐོགས་པ་སོགས་ཀྱི་རྨི་ལམ་གྱི་ལྟས་ཀྱིས་བསྐུལ་ནས། རྒྱལ་པོའི་ཕོ་བྲང་མར་མེ་ལྡན་དུ་སོང་སྟེ་བུ་མོ་ཞིག་ལ་ཨུད་པ་ལ་སྔོན་པོ་བདུན་ཡོད་པའི་ནང་ནས་ལྔ་བསླངས་ཏེ་སངས་རྒྱས་མར་མེ་མཛད་ཀྱི་སྐུ་ལ་གཏོར་བ་དབུའི་སྟེང་དུ་ཤིང་རྟའི་འཕང་ལོ་ཙམ་ཤ་སྟག་ཏུ་བླ་རེར་ཆགས་སོ། །དེ་མཐོང་བ་དང་བུ་མོ་དེས་ཀྱང་ཨུད་པ་ལ་གཉིས་པོ་བཅོམ་ལྡན་འདས་ལ་གཏོར་བས་སྙན་གྱི་གོང་དུ་ཤིང་རྟའི་འཕང་ལོ་ཙམ་དུ་ཆགས་པར་བྱིན་གྱིས་བརླབས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོས། ས་ཕྱོགས་འདམ་རྫབ་ཅན་དུ་རང་གི་སྐྲ་བཏིང་ནས། བློ་ལྡན་སད་མཛད་གལ་ཏེ་བདག ། བྱང་ཆུབ་ཏུ་ནི་འཚང་རྒྱ་ན། །སྐྱེ་རྒ་མེད་མཛད་ཞབས་གཉིས་ཀྱིས། །མྱུར་དུ་བདག་སྐྲ་བརྫི་བར་གསོལ། །ཞེས་ཞུས་པས། མར་མེ་མཛད་ཀྱིས་སྐྲའི་སྟེང་དུ་ཞབས་གཉིས་བཞག་སྟེ། ཁྱོད་ནི་ས་འདིར་འཇིག་རྟེན་རྣམས་ལ་ཕན་པའི་ཕྱིར། །སྟོན་པ་མངའ་མཛད་འཇིག་རྟེན་གསུམ་ལས་རྣམ་གྲོལ་བ། །ཤཱཀྱའི་སྲས་པོ་ཤཱཀྱ་ཐུབ་པ་ཞེས་བྱ་བ། །འཇིག་རྟེན་གསུམ་གྱི་སྙིང་པོ་འགྲོ་བའི་སྒྲོན་དུ་འགྱུར། །ཞེས་བྱང་ཆུབ་ཏུ་ལུང་བསྟན་མ་ཐག་ཏུ་བྲམ་ཟེ་ཁྱེའུ་དེ་ནམ་མཁའ་ལ་ཏ་ལ་བདུན་སྲིད་ཙམ་དུ་འཕགས་སོ། །དེ་ནས་དེའི་སྐྲ་བྱི་ནས་སྐྲ་གསར་ཁྱད་པར་དུ་འཕགས་པ་བྱུང་ངོ་། །དེ་ལྟར་དེ་ནམ་མཁའ་ལ་འདུག་པ་མཐོང་ནས་སྐྱེ་བོ་ཕལ་མོ་ཆེས། གང་གི་ཚེ་འདིས་བླ་ན་མེད་པའི་ཡེ་ཤེས་བརྙེས་པར་འགྱུར་བ་དེའི་ཚེ་བདག་ཅག་འདིའི་ཉན་ཐོས་སུ་གྱུར་ཅིག ཅེས་སྨོན་ལམ་དུ་བྱས་ཤིང་། སྔར་གྱི་བུ་མོ་དེས་ཀྱང་། ནམ་སངས་མ་རྒྱས་ཀྱི་བར་དུ་བྱང་ཆུབ་སེམས་དཔའི་བཙུན་མོ་བྱེད་པ་དང་སངས་རྒྱས་ནས་དེའི་ཉན་ཐོས་མར་སྨོན་ལམ་བཏབ་བོ། །དེའི་ཚེ་དབུ་སྐྲ་རྣམས་རྒྱལ་པོ་ནོར་ཅན་གྱི་བུས་བསྒོས་ཏེ། བློན་པོ་བརྒྱད་ཁྲི་ལ་སྐྲ་ཉག་མ་རེ་རེ་བྱིན་ནས་སོ་སོར་མཆོད་རྟེན་བྱས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་རབ་ཏུ་བྱུང་ཞིང་ཚངས་པར་སྤྱོད་པ་སྤྱད་པས་ཚེ་འཕོས་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། །དེ་ལྟར་སངས་རྒྱས་མར་མེ་མཛད་ལ་ཨུད་པ་ལ་སྔོན་པོ་དག་གིས་མཆོད་པ་བྱས་པའི་ལས་དེའི་རྣམ་པར་སྨིན་པས། འཁོར་བ་ན་བདེ་བ་ཆེན་པོ་མྱོང་བར་གྱུར་ཏེ། དགེ་བའི་རྩ་བ་དེས་ནི་ངས་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་རྐྱེན་ཙམ་དང་ཚོགས་ཙམ་དུ་གྱུར་ལ་ད་ལྟའི་དུས་ཀྱང་ལས་དེའི་རྣམ་པར་སྨིན་པས་མཛའ་སྡེ་ལྔ་བརྒྱ་པོ་རྣམས་ཀྱིས་འདི་ལྟ་བུའི་མཆོད་པ་བྱས་པ་ཡིན་ནོ་གསུངས།

དཀོན་མཆོག་ལ་དད་ཅིང་བསྙེན་བཀུར་བགྱིས་པ་སོགས་ཀྱི་ཕན་ཡོན་དང་སྨོན་ལམ་ཇི་ལྟར་བཏབ་པ་མི་བསླུ་བའི་ཚུལ་རྣམས་བསྟན་པ།

༈ ཡང་བཅོམ་ལྡན་འདས་མཉན་ཡོད་ནས་རྒྱལ་པོའི་ཁབ་ཏུ་གཤེགས་པའི་ཚེ། དེ་ན་ལམ་ཁ་བྲག་གཉིས་ཀྱི་གཅིག་ནི་ཐག་རིང་ལ་གཅིག་ནི་ལམ་བདེ་ཡང་སེང་གེའི་འཇིགས་པ་དང་བཅས་པས་དེ་གཉིས་གང་དུ་གཤེགས་ཞེས་ཀུན་དགའ་བོས་གསོལ་པ་ན་བཅོམ་ལྡན་འདས་ལ་འཇིགས་པ་མེད་པར་བཀའ་སྩལ་ནས་ལམ་བདེ་བར་གཤེགས་པ་ན། གྲོང་མིའིི་བྱིས་པ་གཉིས་རྩེ་བར་བྱེད་པ་ལས། དེ་གཉིས་བཅོམ་ལྡན་འདས་ལ་དད་ནས་ཞབས་ལ་ཕྱག་བྱས་ཏེ། བདག་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་ལམ་གྱི་འཇིགས་པ་སེལ་བར་བྱ་སྟེ་གལ་ཏེ་སེང་གེ་བྱུང་ན་གཅིག་གིས་ནི་རོལ་མོའི་སྒྲས་སྐྲག་པར་བགྱིའོ། །གཅིག་གིས་ནི་མདའ་གཞུའི་སྒྲས་སྐྲག་པར་བགྱིའོ། །ཞེས་ཟེར་ནས་རོལ་མོ་དང་མདའ་གཞུ་ཐོགས་ནས། བཅོམ་ལྡན་འདས་ཀྱི་མདུན་ལོགས་སུ་ཆས་སོ། །དེ་ནས་བཅོམ་འདས་ཀྱིས་དེ་ཙམ་གྱིས་དགེ་བའི་རྩ་བ་བསྐྱེད་ཟིན་པར་དགོངས་ནས། ཁྱེའུ་གཉིས་ལ་ཁྱེད་གཉིས་ཀྱིས་སེམས་དགའ་བར་བསྐྱེད་པ་དེ་ཙམ་གྱིས་བསལ་བར་བྱས་ཟིན་ཏེ་ཆོག་གིས་ཕྱིར་དེངས་ཤིག ཅེས་བཀའ་སྩལ་པས་དེ་གཉིས་ཕྱིར་ལོག་པ་དང་ཞལ་འཛུམ་པ་མཛད་པས། ཀུན་དགའ་བོས་རྒྱུ་རྐྱེན་ཞུས་པས། ཁྱེའུ་དེ་གཉིས་ཀྱི་སེམས་དྭངས་པས་བཀུར་སྟི་བགྱིས་པའི་ལས་ཀྱི་རྒྱུ་དེས། བསྐལ་པ་བཅུ་གསུམ་གྱི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཞིང་མཐར་རང་སངས་རྒྱས་རྔ་སྒྲ་དང་འཇིགས་མེད་ཅེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ནོ། །ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ་ཞིག་གི་ཆུང་མར་སེམས་ཅན་དང་ལྡན་པར་གྱུར་པ་ལས། དུས་ལ་བབ་པའི་ཚེ་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ལུས་ལ་རྒྱན་གྱིས་བརྒྱན་པ་མངལ་གྱི་དྲི་མ་དང་ཤ་མའི་དྲི་མ་དང་ཁྲག་གི་དྲི་མས་མ་གོས་པ་ཞིག་བཙས་ནས། དེ་བཀྲུ་བར་འདོད་དེ་རྒྱན་རྣམས་བཀྲོལ་ན་ཡང་རེ་རེ་བླངས་པའི་ཤུལ་དུ་རེ་རེ་རང་གྲུབ་ཏུ་བྱུང་སྟེ་མཐར་རྒྱན་དང་བཅས་ཏེ་ཁྲུས་བྱས་ཏེ་ཁྲིའི་སྟེང་དུ་བཞག་པ་དང་ལྷའི་མལ་ཁྲི་རང་བྱུང་ཞིང་། ཁང་བཟང་དེ་ཡང་ལྷ་ཡི་ཁང་བརྩེགས་གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བ། མེ་ཏོག་སྣ་ཚོགས་བཀྲམ་པ་སྤོས་ཆུས་ཆག་ཆག་བཏབ་པ་བྱུང་བར་གྱུར་ཏེ། ཁང་བརྩེགས་དེའི་ནང་གི་མལ་ཁྲིའི་སྔས་སུ་ལྷའི་མཆོད་སྡོང་གསེར་ལས་བྱས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་བྱུང་ངོ་། །མཆོད་སྡོང་དེའི་དྲུང་ན ས་ཀྱང་གཏེར་ཆེན་པོ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་ཁ་བྱེ་བ་བཞི་བྱུང་སྟེ་ཇི་ཙམ་བླངས་ཀྱང་ཟད་པ་མེད་པར་གྱུར་ཏོ། །དེར་ཕ་མ་གཉིས་དགའ་ནས་ཁྱེའུའི་མིང་དབྱིག་མཚོ་ཞེས་བཏགས་སོ། །དེ་ཆེར་སྐྱེས་པ་ན་ཡི་གེ་མཁས་པ་དང་ཀློག་མཁས་པ་དང་མཛངས་པ་དང་བྱ་བ་ལ་གསལ་བ་དང་ཡིད་གཞུངས་པ་དང་བརྟག་པ་རྣམ་པ་བརྒྱད་ལ་མཁས་པར་གྱུར་ཏེ་འདོད་པ་ལ་ལོངས་སྤྱོད་ནུས་པ་གྱུར་པ་དེའི་ཚེ་ལྷའི་བུ་མོ་དག་ཀྱང་བྱུང་སྟེ་དེ་དག་དང་རྩེ་ཞིང་དགའ་མགུར་སྤྱོད་པར་བྱེད་དོ། །དེ་ནས་དེ་ཕྱི་ཞིག་ནས་དཀོན་མཆོག་གསུམ་ལ་མངོན་པར་དགའ་བར་གྱུར་ནས། བདག་གིས་ལྷ་དང་མིའི་ལོངས་སྤྱོད་ནི་ཡོངས་སུ་ལོངས་སྤྱད་ཟིན་གྱིས་ད་ནི་རབ་ཏུ་བྱུང་བར་བྱའོ་སྙམ་དུ་བསམ་ནས། སྦྱིན་པ་དག་ཀྱང་བྱིན་བསོད་ནམས་དག་ཀྱང་བྱས་ཏེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་ནས་ཕྱོགས་གང་དུ་གནས་པར་འདོད་པ་དེར་ལྷའི་མལ་ཁྲི་བྱུང་ཞིང་། གང་དུ་འགྲོ་བ་དེར་མི་མ་ཡིན་རྣམས་ཀྱིས་རས་སར་པ་འདིང་བར་བྱེད་ལ། མེ་ཏོག་སྣ་ཚོགས་ཀྱང་འགྲིམ་པར་གྱུར་པས་དགེ་སློང་དེར་རབ་ཏུ་ངོ་ཚ་བར་གྱུར་པ་ལ་བཅོམ་ལྡན་འདས་ཀྱིས་སྙིང་ཐག་པ་ནས་དེ་ལ་མི་ལྟ་བའི་སེམས་སྐྱེད་ཅིག་དང་ཐམས་ཅད་མེད་པར་འགྱུར་རོ་གསུངས་པས། དེས་ཀྱང་དེ་ལྟར་སེམས་བསྐྱེད་པས་དེ་དག་མེད་པར་གྱུར་ཏོ། །དེ་ནས་དེས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེར་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་དེའི་ལས་ཀྱི་རྒྱུ་ཞུས་པས། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ། །ཝཱ་རཱ་ཎ་སཱིའི་ཁྱིམ་བདག་ཕྱུག་པོ་རྣམ་ཐོས་ཀྱི་བུའི་ནོར་ལ་འགྲན་པ་ཞིག སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མངོན་པར་དགའ་བར་གྱུར་ནས། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གཙུག་ལག་ཁང་བརྩིགས་ནས་སངས་རྒྱས་འཁོར་དང་བཅས་པ་གནས་དེར་སྤྱན་དྲངས་ཏེ་མངོན་པར་མཆོད་ཅིང་། དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོ་བླངས་ཏེ། མཆོད་རྟེན་ཡང་བརྩིགས་ལ། དེ་ཉིད་དགའ་བའི་ཕྱིར་གཙང་ཁང་ཕྱུར་བུ་ལན་ཀན་དང་རྟ་བབས་དང་སྐར་ཁུང་དང་ཆར་ཁེབས་ཀྱིས་བརྒྱན་པ་གདུག ས་དང་རྒྱལ་མཚན་བ་དན་རྣམས་བསྒྲེང་བ་ཞིག་བྱས་ནས། མཆོད་རྟེན་དེའི་ནང་གི་ས་གཞི་ལ་ཡང་རས་ཀྱི་གཞི་བཏིང་བདུག་པ་དང་ཕྱེ་མ་དང་སྤོས་དང་མེ་ཏོག་དང་རོལ་མོའི་སྒྲས་བཀུར་སྟི་བྱས་ནས། མ་འོངས་པ་ན་ཕྱུག་ཅིང་ནོར་མང་བ འི་ཁྱིམ་དུ་གཟུགས་བཟང་ལྟ་ན་སྡུག་པ་རྒྱན་གྱིས་བརྒྱན་པར་སྐྱེེ་ཞིང་མངལ་སོགས་ཀྱི་དྲི་མས་མ་གོས་པ་དང་། ཁྱིམ་དུ་ལྷའི་མལ་ཁྲི་དང་ཁང་བརྩེགས་དང་ལྷའི་མཆོད་སྡོང་ཕྱོགས་བཞིར་རིན་པོ་ཆེའི་གཏེར་དང་བཅས་པར་གྱུར་ཅིང་ཆེར་སྐྱེས་ནས་ལྷ་དང་མིའི་འདོད་ཡོན་ལ་ལོངས་སྤྱོད་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་འབྲས་བུ་ཐོབ་པར་སྨོན་ལམ་བཏབ་པའི་རྒྱུ་ལས་དེ་བཞིན་དུ་བྱུང་བར་གསུངས་སོ། །འདི་རྣམས་ཀྱིས་དཀོན་མཆོག་ལ་དད་ཅིང་བསྙེན་བཀུར་བགྱིས་པ་སོགས་ཀྱི་ཕན་ཡོན་དང་སྨོན་ལམ་ཇི་ལྟར་བཏབ་པ་མི་བསླུ་བའི་ཚུལ་རྣམས་བསྟན་པ་ཡིན་ནོ། །

འཁོར་ལྔ་སྡེ་བཟང་པོ་དགྲ་བཅོམ་པའི་གོ་འཕང་ལ་འགོད་པར་མཛད་པ་དེའི་ཚེ་དགེ་སློང་ལྔ་པོ་ངོ་མཚར་དུ་གྱུར་པ་ལ་བཀའ་སྩལ་པ།

༈ ཡང་བཅོམ་ལྡན་འདས་མངོན་པར་སངས་རྒྱས་ནས་ཝཱ་རཱ་ཎ་སཱིར་གཤེགས་ཏེ་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་དགྲ་བཅོམ་པའི་གོ་འཕང་ལ་འགོད་པར་མཛད་པ་དེའི་ཚེ་དགེ་སློང་ལྔ་པོ་ངོ་མཚར་དུ་གྱུར་པ་ལ་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་མ་ཡིན་ཏེ་འདས་པའི་དུས་ནའང་ངས་དགེ་སློང་ལྔ་སྡེ་པོ་འདི་རྣམས་ལ་བདག་གི་སྲོག་དང་བསྡོས་ཏེ་ཆུའི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ནས་རིན་ཐང་ཆེ་བའི་རིན་པོ་ཆེ་རྣམས་ཀྱི་སྐལ་ཤས་ཇི་ལྟར་བྱིན་པ་དེ་ཉོན་ཅིག སྔོན་འདས་པའི་དུས་ན་ཝཱ་རཱ་ཎ་སཱིའི་གྲོང་ཁྱེར་ན་རྒྱལ་པོ་ཚངས་པས་བྱིན་ཞེས་པས་རྒྱལ་སྲིད་བྱེད་པའི་ཚེ། ཡུལ་དེ་ན་དེད་དཔོན་དབྱིག་ཅེས་བྱ་བའི་བུ། དབྱིག་དགའ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ཉིད་ཀྱིས་རང་གི་ཕ་ཤི་བའི་འོག་ཏུ་སྦྱིན་པ་དག་སྦྱིན་བསོད་ནམས་དག་བྱས་ཏེ། རྒྱ་མཚོ་ཆེན་པོར་ལན་དྲུག་གི་བར་དུ་ཕྱིན་པས་ཉེ་ཞོ་མེད་པར་འཁོར་ཏེ་བསོད་ནམས་ཀྱི་གྲགས་པ་ཆེར་གྱུར་ཏོ། །དེའི་ཚེ་གྲོང་ཁྱེར་གཞན་ལྔ་ན་དེད་དཔོན་ལྔ་ཡོད་པ་རྣམས་ཀྱི་གྲུ་མ་རུངས་པར་གྱུར་ནས། དེད་དཔོན་དབྱིག་དགའི་ཐད་དུ་ཕྱིན་ནས་གསོལ་བ་གདབ་པ་ན། དེས་སྨྲས་པ། ཀྱེ་རྒྱ་མཚོ་ཆེན་པོའི་ཆོས་ཉིད་ཀྱི་གྲུ་བདུན་པ་ནི་མ་རུངས་པར་འགྱུར་ཏེ་སྔོན་ཆད་གང་གིས་ཀྱང་རྒྱ་མཚོའི་གྲུའི་དོན་ལས་བདུན་དུ་གྲུབ་པ་སུ་ཡང་མེད་དོ། །འོན་ཀྱང་ཁྱེད་ཀྱི་བསམ་པ་ཡོངས་སུ་བསྐང་བར་བྱ་སྟེ། ཁྱེད་ཁོ་ན་ལ་སྙིང་བརྩེ་བའི་ཕྱིར། ལན་བདུན་དུ་རྒྱ་མཚོའི་ནང་དུ་འགྲོ་བར་བྱའོ་ཞེས་སྨྲས་ནས། དེད་དཔོན་དབྱིག་དགས་གཞན་ལྔ་བོ་ཁྲིད་དེ་རྒྱ་མཚོ་ཆེན་པོའི་ནང་དུ་སོང་བ་ལས་རིན་པོ་ཆེའི་གླིང་དུ་ཕྱིན་ནས་རིན་པོ་ཆེས་གྲུ་བཀང་སྟེ་འཛམ་བུ་གླིང་དུ་ཕྱིར་ལོག་པ་ན། རྒྱ་མཚོ་ནས་བདེ་བར་ཕྱིར་འཁོར་བའི་མཚན་མ་མཐོང་ནས་དེད་དཔོན་དབྱིག་དགས་རིན་པོ་ཆེ་རིན་ཐང་ཆེ་བ་རྣམས་ཀྱིས་སྒྱེའུ་བཀང་སྟེ་རྐེད་པ་ལ་བཅིངས་ནས་གལ་ཏེ་གྲུ་འདི་མ་རུངས་པར་གྱུར་ན་ཁྱེད་རྣམས་ཀྱིས་ངའི་ལུས་ལ་འཇུས་ཤིག་ཅེས་སྨྲས་སོ། །དེ་ནས་ཕྱིས་ཞིག་ན་ཆུ་གནས་ཀྱིས་གྲུ་བཤིག་པར་གྱུར་ཏེ། དེད་དཔོན་ལྔ་པོས་དབྱིག་དགའི་ལུས་ལ་འཇུས་སོ། །དེར་དབྱིག་དགས་བསམ་པ། བདག་གིས་འདི་རྣམས་གསོན་བཞིན་དུ་བསྒྲལ་མི་ནུས་ཀྱི། རྒྱ་མཚོ་ཆེན་པོ་ནི་ཤི་བའི་རོ་དང་ལྷན་ཅིག་ཏུ་གནས་པ་ནི་མི་སྲིད་དེ། སྐབས་མེད་པས། བདག་ཤི་བ་དང་རྒྱ་མཚོ་ཆེན་པོ་ལས་མྱུར་དུ་བརྒལ་བར་འགྱུར་རོ་སྙམ་ནས། དེ་དག་ལ། ཀྱེ་ཁྱེད་རྣམས་བརྟན་ཞིང་སྤྲོ་བ་ཆེར་སྐྱེད་ཅིག་དང་། ངས་གནོད་པ་མེད་པར་ཕ་རོལ་དུ་བརྒལ་བར་བྱའོ། །བརྒལ་ཟིན་ནས་ཀྱང་ངའི་ལུས་མ་དོར་བར་རྐེད་པར་བཅིང་པའི་རིན་པོ་ཆེ་རིན་ཐང་ཆེ་བ་རྣམས་ལོངས་ལ་སྤྱོད་ཅིག དེས་ཁྱེད་ཀྱི་གཉི་གའི་ཕྱོགས་ཀྱི་བདུན་རྒྱུད་འཚོ་བར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་དེས། སེམས་ཅན་གྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས། མཚོན་རྣོན་པོ་བླངས་ཏེ་རང་གི་མགུལ་པ་བཅད་པས། རྒྱ་མཚོའི་ཀླུ་གཙང་སྦྲ་ལ་དགའ་བ་རྣམས་ཀྱིས་འགྲམ་དུ་ཕུལ་ནས་ཐང་ལ་བོར་རོ། །དེ་ནས་དེ་དག་གིས་དེའི་རོ་ལས་རིན་པོ་ཆེ་རྣམས་བཀྲོལ་ཏེ་བགོ་བཤའ་བྱས་ནས། དེའི་རུས་བུ་ལ་མཆོད་པ་བྱས་ཏེ་དོང་ངོ་། །དེའི་དུས་ཀྱི་དེད་དཔོན་དབྱིག་དགའ་གང་ཡིན་པ་དེ་ནི་ང་ཡིན་ནོ། །དེའི་ཚེ་དེད་དཔོན་ལྔ་པོར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་ལྔ་པོ་འདི་རྣམས་ཡིན་ཏེ། དེའི་ཚེ་ན་ཡང་ངས་རང་གི་སྲོག་དང་བཅས་བསྡོས་ཏེ། ཆུའི་རྒྱ་མཚོ་ལས་བསྒྲལ་ནས་རིན་པོ་ཆེ་རིན་ཐང་ཆེ་བའི་སྐལ་ཤས་བྱིན་ཏེ་ཉེ་ཞོ་མེད་ཅིང་བདེ་བའི་གནས་སུ་བཀོད་ལ། ད་ལྟར་ཡང་ངས་འདི་རྣམས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེའི་སྐལ་ཤས་བྱིན་ནས། གཡུང་དྲུང་གི་མཐའ་ཐུག་པའི་གྲུབ་པ་དང་བདེ་བ་མྱ་ངན་ལས་འདས་པ་ལ་བཀོད་དོ་གསུངས།

སྟོན་པ་རྒྱལ་པོའི་ཁབ་ཏུ་བཞུགས་ཏེ་ཡུལ་ག་ཡར་གཤེགས་པ།

༈ ཡང་སྟོན་པ་རྒྱལ་པོའི་ཁབ་ཏུ་བཞུགས་ཏེ་ཡུལ་ག་ཡར་གཤེགས་པ་ན། ཆམ་པས་བསྙུན་ནས་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་ལྕགས་མདའ་ཞེས་པའི་སྨན་མར་བཀོལ་ཏེ་ཕུལ་བ་ན། ལྷས་བྱིན་གྱིས་འགྲན་སེམས་ཀྱིས་མང་དུ་བསླངས་ནས་ཟོས་པ་མ་ཞུ་སྟེ་ལྟོ་ནད་ཀྱིས་འཆི་ལ་ཐུག་པ་ན། ཀུན་དགའ་བོས་གསོལ་བ་བཏབ་ནས། བཅོམ་ལྡན་འདས་ཀྱིས་ཕྱག་ལྷས་བྱིན་གྱི་མགོར་བཞག་སྟེ། ལྷས་བྱིན་བདེན་པ་དང་བདེན་པའི་ཚིག་གང་གིས་གཤེད་མར་གྱུར་བའི་མི་ཁྱོད་དང་། སྒྲ་གཅན་ཟིན་ཐལ་མོ་སྦྱོར་བ་གཉིས་ལ་ངའི་སེམས་སྙོམས་ན། བདེན་པ་དང་བདེན་པའི་ཚིག་དེས་ཁྱེད་ཀྱི་ནད་མེད་པར་གྱུར་ཅིག ཅེས་བཀའ་སྩལ་པའི་མོད་ལ་ནད་ཞི་བར་གྱུར་ཏོ། །དེའི་ཚེ་ལྷས་བྱིན་གྱིས། དེ་ལ་ངོ་མཚར་ཆེ་རྒྱུ་ཅི་ཡོད་དེ། གལ་ཏེ་འདིས་སྨན་དཔྱད་མ་བསླབས་སུ་ཟིན་ན། འདི་ཇི་ལྟར་འཁོར་གྱི་ཚོགས་འདི་སྙེད་འཆོས་ནུས་ཞེས་སྨྲས་ནས། བཅོམ་ལྡན་འདས་དགྲོང་བའི་ཐབས་འབའ་ཞིག་ཤོམ་མོ། །དེ་དགེ་སློང་རྣམས་ཀྱིས་ཚོར་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་འདིས་ཇི་ལྟར་བྱས་པ་མི་ཤེས་པ་དང་། བྱས་པ་མི་གཟོ་བ་དང་། བྱས་པ་ཆུད་གཟོན་པར་གྱུར་པ་དེ་ཉོན་ཅིག སྔོན་རི་ཁྲོད་ཀྱི་གྲོང་ཞིག་ན་མི་དབུལ་པོ་ཞིག་ཡོད་པ་རི་ལ་ཤིང་འཐུ་རུ་སོང་བ་དང་། ཡུལ་ངན་བྱུང་ནས་བྲག་ཕུག་ཆེན་པོ་ཞིག་གི་ནང་དུ་སོང་ངོ་། །དེའི་ཚེ་བྱང་ཆུབ་སེམས་དཔའ་དོམ་དུ་སྐྱེས་པར་གྱུར་ཏེ། དེར་ཡང་ལུས་ཀྱི་ལོག་པར་ལྟུང་དུ་ཟིན་ཀྱང་སེམས་ཀྱིས་ལོག་པ་ལྟུང་བར་མ་གྱུར་ནས། བྱམས་པ་དང་སྙིང་རྗེའི་སེམས་དང་ལྡན་ཞིང་གཞན་ལ་མི་འཚེ་བས་རྩ་བ་དང་འབྲས་བུས་འཚོ་བར་བྱེད་དོ། །དེ་ས་ཕུག་དེར་རྩ་བ་དང་འབྲས་བུ་བསགས་ནས་ལྷགས་པས་ཉེན་པའི་ཚེ་དེའི་ནང་དུ་ཞུགས་ཏེ་གནས་པ་དེ་མི་ཕུག་ཏུ་སོང་བ་དེས་མཐོང་ནས་ཤིན་ཏུ་སྐྲག་པར་གྱུར་པ་ན། དེ་དོམ་དེ་ཉིད་ཀྱིས་མཐོང་ནས་དེ་ལ་སྙིང་བརྩེ་བའི་ཕྱིར་མིའི་སྐད་དུ། ཁྱོད་ང་ལ་འཇིགས་མི་དགོས་སོ་ཞེས་སྨྲས་ནས་མི་དེ་ལུས་ཀྱིས་བསྐྱབས་ཏེ། རྩ་བ་དང་འབྲས་བུ་དག་བྱིན་ནས། ཞག་བདུན་གྱི་བར་དུ་བསྐྱངས་ནས་ཡུལ་ངན་སངས་བ་ན། མི་དེ་ལ། ཁྱོད་ཁྱིམ་དུ་སོང་ལ་ང་འདི་ན་འདུག་ཅེས་སུ་ལའང་མ་སྨྲ་ཞིག་ཅེས་སྨྲས་ཏེ་ཕྱིར་བསྐྱལ་ལོ། །དེ་ནས་དེས་ཤིང་ཁུར་ཏེ་ཕྱིར་འགྲོ་བའི་ལམ་ཏུ་རྔོན་པ་གཉིས་འོང་བ་དང་ཕྲད་ནས་གཏམ་བྱས་ཏེ། དེ་གཉིས་ཀྱིས་ཤ་ཡི་སྐལ་བ་སྦྱིན་ཆད་བྱས་ཏེ་མི་དེས་དེ་གཉིས་ཁྲིད་དེ། དོམ་དེ་ཕུག་ན་འདུག་པ་བསྟན་པས་དེ་གཉིས་ཀྱིས་དུག་མདས་བསྣུན་ཏེ་བསད་ཅིང་དེའི་ཚེ་དོམ་གྱིས། རི་སུལ་སྟུག་པོར་གནས་པ་ན། །བདག་གིས་སུ་ཡི་ཅི་ཞིག་ཕྲོགས། །རྩྭ་དང་རྩ་བ་འབྲས་བུ་ཟ། །སུ་ལའང་འཚེ་བར་མི་བྱེད་ན། །འཆི་བའི་དུས་ལ་བབ་ཟིན་གྱིས། །ད་ནི་བདག་གིས་ཅི་བྱར་མེད། །ལུས་ཅན་རྣམས་ཀྱི་སྐྱིད་སྡུག་ནི། །ལས་རྣམས་ལ་ནི་བརྟེན་པར་བྱ། །ཞེས་ཚིགས་སུ་བཅད་པའང་སྨྲས་སོ། །དེ་ནས་ཤ་ཆ་གསུམ་དུ་བསྒོས་ཏེ་མི་དེ་ལ་སྐལ་བ་བྱིན་པས་མི་དེས་ལག་པ་བརྐྱངས་ནས་ལེན་པར་རྩོམ་པ་ན་ལག་གཉིས་ས་ལ་ལྷུང་ངོ་། །དེ་མཐོང་བ་དང་རྔོན་པ་གཉིས་ཀྱིས། དེ་ཅི་ཞེས་དྲིས་པས། མི་དེས་འདིས་ང་ཞག་བདུན་གྱི་བར་དུ་ཡུལ་ངན་བྱུང་བའི་ཚེ་ལུས་ཀྱིས་བསྐྱབས་ཏེ། རྩ་བ་དང་འབྲས་བུ་ཡོངས་སུ་བསྐྱང་བ་ལས། དེ་ལ་བདག་གིས་བྱས་པ་མི་གཟོ་བ་བྱས་པ་དེས་ན་བདག་ལ་འབྲས་བུ་འདི་འོངས་སོ་ཞེས་སྨྲས་པས། དེ་གཉིས་མི་དགའ་བར་གྱུར་ཏེ། འདི་ནི་སེམས་ཅན་ཕལ་པ་ཞིག་མིན་ངེས་ཀྱི་འདིའི་ཤ་བཟའ་བར་མི་ནུས་ཏེ་མཆོད་པའི་འོས་ཡིན་ནོ་སྙམ་སྟེ་ཤ་དེ་ཁྱེར་ནས་གཙུག་ལག་ཁང་ཞིག་ཏུ་ཕྱིན་ཏེ་དགེ་འདུན་རྣམས་ལ་ཕུལ་ལོ། །དེ་དགྲ་བཅོམ་པ་ཞིག་གིས་མཐོང་ནས་སྐལ་བ་བཟང་པོའི་བྱང་ཆུབ་སེམས་དཔར་ཤེས་ནས། རི་དྭགས་སྐལ་བ་ཆེན་པོ་འདི། །བྱང་ཆུབ་སེམས་དཔའ་གཉའ་ཤིང་འཛིན། །སྙིང་རྗེ་ཆེ་དང་ལྡན་པ་སྟེ། །འཇིག་རྟེན་གསུམ་ན་མཆོད་གནས་ཡིན། །ཞེས་སྨྲས་ཏེ། དགྲ་བཅོམ་པ་དེ་དང་། དགེ་སློང་དེ་རྣམས་དང་རྔོན་པའི་མི་དེ་གཉིས་བཅས་ཀྱིས་ཤ་དེ་དག་བསྲེགས་ནས་སྐུ་གདུང་གི་མཆོད་རྟེན་བྱས་ཏེ་མཆོད་པ་ཆེན་པོ་བྱས་སོ། །དེའི་དུས་ཀྱི་བྱང་ཆུབ་སེམས་དཔའ་ིསྤྱོད་པ་ལ་གནས་པའི་དོམ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་མིར་གྱུར་པ་དེ་ནི་ལྷས་བྱིན་ཏེ། འདི་ནི་དེའི་ཚེ་ཡང་བྱས་པ་མི་ཤེས་པ་དང་བྱས་པ་མི་གཟོ་བ་དང་བྱས་པ་ཆུད་གཟོན་པར་གྱུར་ཏོ་གསུངས།

བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཁྱད་པར་དང་བྱས་པ་ལ་དྲིན་དུ་མི་གཟོ་བའ་ིཉེས་དམིགས་ཀྱང་བསྟན་པ།

༈ ཡང་གླིང་གཞི་སོགས་གཞན་སྔར་ལྟར་ལ་མི་ཞིག་སེང་གེས་གཙེས་ནས་ཤིང་ལ་འཛེགས་པ་དང་། ཤིང་དེའི་ཁར་བྱང་ཆུབ་སེམས་དཔའ་དོམ་དུ་གྱུར་པ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞིག་གནས་པ་དེས་དེ་ལ་མ་འཇིགས་ཤིག་ཅེས་བྱས་ཏེ་རང་གི་ལག་བརྐྱངས་ནས་ཡར་དྲངས་ཏེ་ཤིང་རྩེར་མཉམ་དུ་འཁོད་ནས་རེས་མོས་ཀྱིས་ཉལ་ཞིང་སྲུང་བར་བྱེད་པ་ལས། དོམ་གྱིས་བསྲུང་བའི་ཚེ་སེང་གེ་དེས་མི་རྣམས་ནི་བྱས་པ་མི་གཟོ་བ་ཡིན་པས་དེ་བྱིན་ཅིག་དང་། ངས་དེ་ཟོས་ནས་གཞན་དུ་འགྲོ་སྟེ་ཁྱོད་བདེ་བར་འགྱུར་རོ། །དོམ་གྱིས་བདག་གི་སྐྱབས་སུ་འོང་བ་འདོར་མི་ཕོད་དེ། བདག་ནི་རང་གི་སྲོག་འདོར་ནུས་ཀྱི་སྐྱབས་སུ་འོངས་བ་ནི་འདོར་མི་ནུས་སོ། །ཞེས་སྨྲས་སོ། །དེ་ནས་མི་དེས་བསྲུང་བ་ན། སེང་གེ་དེས། ཀྱེ་མི་ཁྱོད་ཀྱིས་དོམ་དེ་བོར་ལ་བྱིན་ཅིག་དང་དེ་ངས་ཟོས་ནས་འགྲོའོ་ཞེས་སྨྲས་པས་མི་དེས་ཁྲེལ་དང་ངོ་ཚ་བོར་ཏེ་སྙིང་རྗེ་མེད་པའི་སེམས་ཀྱིས། དོམ་དེ་ཤིང་དེ་ལས་ཕུལ་ནས་ཤིང་དེ་ལས་ལྷུང་བཞིན་དུ་ཚིགས་སུ་བཅད་དེ་སྨྲས་པ། ཀྱེ་ཧུད་འཇིག་རྟེན་འདི་དག་ན། །ཆོས་མིན་འདིས་ནི་ཤིན་ཏུ་འཇིགས། །སྡིག་ཏོའི་མི་རྣམས་ནང་དག་ན། །འདི་གཉེན་ནམ་བཤེས་ལ་འཇུག་པ་འདྲ། མཆན། བསེན་ལ་གནོད་པ་བྱེད་པའང་ཡོད། །དེ་ནས་དེ་ལྷུང་མ་ཐག་ཏུ་སེང་གེས་བསད་ནས་ཟོས་ཏེ། ཕྱོགས་དེ་ནས་སོང་ངོ་། །དེ་ནས་མི་དེས་ཚིགས་བཅད་དེ་ཐོས་པ་ན་འགྱོད་པ་སྐྱེས་ཏེ་སེམས་ཀྱང་མྱོས་པར་གྱུར་ཏེ། སྨྱོ་བླ་ཞིང་ཕན་ཚུན་དུ་འཁྱམས་ཏེ། སྔར་གྱི་ཚིགས་བཅད་པོ་སྨྲ་བར་བྱེད་དོ། །དེ་ནས་དེའི་གཉེན་རྣམས་ཀྱིས་སྨན་པ་སོགས་ལ་བསྟན་ཀྱང་གསོ་བར་མ་ནུས་ནས། དབེན་པ་ཞིག་ནས་དྲང་སྲོང་མངོན་ཤེས་དང་རྫུ་འཕྲུལ་མངའ་བ་ཞིག་ཡོད་པ་དེའི་དྲུང་དུ་ཁྲིད་པ་ན། དེས་བརྟགས་ཏེ་སྔར་གྱི་དོན་རྣམས་རྒྱས་པར་བསྙད་ཅིང་། མི་དེའི་སེམས་རང་བཞིན་རྣལ་དུ་གནས་པར་བྱས་ནས། དེ་ལ་རྒྱུ་གང་གིི་ཚིགས་སུ་བཅད་པས་སྦྱོ་བར་བྱས་པས་མི་དེ་སྐྱོ་བ་སྐྱེ་ནས་དྲང་སྲོང་གི་ཐད་དུ་རབ་ཏུ་བྱུང་ངོ་། །དེའི་དུས་ཀྱི་དོམ་ནི་བཅོམ་ལྡན་འདས་དང་། མི་དེ་ལྷས་བྱིན་ཡིན་ནོ་གསུངས། འདི་དག་གིས་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཁྱད་པར་དང་བྱས་པ་ལ་དྲིན་དུ་མི་གཟོ་བའ་ིཉེས་དམིགས་ཀྱང་བསྟན་པ་ཡིན་ནོ། །

སེར་སྣ་བྱས་པ་དང་མ་ལ་གནོད་པ་བགྱིས་པ་སོགས་ཀྱི་ཉེས་དམིགས་དང་ཚངས་པར་སྤྱོད་པའི་འབྲས་བུའང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། དེར་བྲམ་ཟེ་དབུལ་པོ་ཞིག་གི་ཆུང་མ་ལ་བུ་ཆགས་པར་གྱུར་ཏེ་དེ་ཕྱིན་སློང་མོ་ཡང་ཆེར་མི་རྙེད་དོ། །དེ་ཟླ་དུས་སོན་ནས་བཙས་པ་དང་། ཁྱེའུ་མདོག་ངན་པ་རིད་ཅིང་སྒུར་བ་ཞིག་བྱུང་བས་མིང་སྒུར་ཆུང་དུ་བཏགས། དེའི་སྔོན་གྱི་ལས་ཀྱིས་མའི་ནུ་ཞོ་ཡང་སྐམ་པར་གྱུར་ཏེ། མ་དེས་བ་དང་མ་ཧེའི་འོ་མ་བསླངས་ནས་གསོས་ཀྱང་དེ་ཡང་ལེགས་པར་མི་རྙེད་དོ། །ངན་ངོན་ཙམ་གྱིས་སྲོག་འཚོ་བར་བྱས་སོ། །དེ་ཆེར་སྐྱེས་ཏེ་སློང་མོས་འཚོ་བ་ན་ཡུན་རིང་དུ་བསྐོར་ཀྱང་ཅུང་ཟད་ཙམ་ལས་མི་རྙེད་དོ། །དེར་སྐྱོ་བ་སྐྱེས་ནས་ཕ་མ་ལ་གནང་བ་ཞུས་ཏེ། དགེ་སློང་ཞིག་གི་ཐད་དུ་ཕྱིན་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །དེ་ཡང་སྔོན་གྱི་ལས་ཀྱིས་དེས་དགེ་འདུན་གྱི་གྲལ་དུ་ཟན་ཟ་ན་ནི་དེ་ལ་འབྲིམ་པའི་ཚེ་ཟས་གང་འབྲིམ་པ་དེ་དེའི་ཐད་དུ་ཕྱིན་པ་ན་ཟད་པར་འགྱུར་རོ། །ཡང་ན་ནི་དེ་དག་ལ་གློ་བུར་གྱི་རྐྱེན་འབྱུང་བར་འགྱུར་རོ། །དེ་ནས་དེ་དག་ཕྱིར་འོང་ན་ཡང་དེ་ལས་ཐལ་ནས་འོག་མ་ལ་བྱིན་ཏེ་འབྲིམ་པར་བྱེད་པས། དེ་ན་འདུག་ཀྱང་ཁ་ཅིག་ནི་འཐོབ་ལ་ཁ་ཅིག་ནི་མི་འཐོབ་བོ། །དེར་བཅོམ་ལྡན་འདས་ཀྱིས་འོག་ན་འདུག་པའི་དགེ་སློང་གིས་ཇི་སྲིད་དུ་གོང་ན་འདུག་པས་མ་བླངས་ཀྱི་བར་དུ་བཟའ་བ་དང་བཅའ་བ་མི་བླང་བར་ཁྲིམས་སུ་བཅའ་བར་མཛད་དོ། །གལ་ཏེ་དེ་བསོད་སྙོམས་ལ་སོང་ཡང་ཆེར་རྙེད་པར་མི་འགྱུར་རོ། །དེ་ནས་ཕྱིས་ཞིག་ན་ཚེ་དང་ལྡན་པ་སྒུར་ཆུང་དེ། བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་ལ་ཕྱག་དར་བྱས་པས་དེའི་ཉིན་བཟའ་བཅའ་བཟང་པོ་རྙེད་དོ། །དེ་བཞིན་དུ་ཞག་གཉིས་དང་གསུམ་གྱི་བར་དུ་ཕྱག་དར་བྱས་པས་བཟའ་བཏུང་བཟང་པོ་རྙེད་ནས། དེའི་ལུས་མཐུ་དང་ལྡན་ཞིང་ལས་རུང་དུ་གྱུར་ཏེ། དེས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེ་ལྟར་དེས་དགྲ་བཅོམ་པ་ཐོབ་ཀྱང་དེའི་སྔོན་གྱི་ལས་མངོན་དུ་སྨིན་པས། དེའི་ཉིན་པར་དགེ་སློང་གཞན་ཞིག་གིས་ཕྱག་དར་བྱས་ཟིན་པས། ཕྱག་དར་བྱ་ས་མ་རྙེད་དེ་གྲོང་དུ་བསོད་སྙོམས་ལ་སོང་ཡང་ཅུང་ཟད་ཀྱང་མ་རྙེད་པས་དེའི་ཉིན་པར་ཟས་བཅད་དེ་སྨྱུང་བར་འདུག་གོ །དེའི་ཕྱི་ཉིན་ཡང་གཞན་གྱིས་ཕྱག་དར་བྱས་ཟིན་ནས་རང་གི་གནས་ཁང་དུ་སོང་བ་ན། ཁྱིམ་བདག་ཅིག་གིས་སངས་རྒྱས་འཁོར་དང་བཅས་པ་བཤོས་ལ་སྤྱན་དྲངས་པར་ཐོས་པས་དེར་འགྲོའོ་སྙམ་སྟེ་གནས་པ་ལས། ཁྱིམ་བདག་དེ་ལ་དོན་ཆེ་ཆེན་པོ་ཞིག་བྱུང་སྟེ་དེས་སྔ་བར་གདུགས་ཚོད་ལ་བསྐུལ་ཏེ། སྟོན་པ་འཁོར་དང་བཅས་པ་བྱོན་ནས་བཤོས་གསོལ་ཞིང་ཆོས་བསྟན་ནས་ཕྱིར་རྒྱལ་བྱེད་ཀྱི་ཚལ་དུ་བྱོན་ཟིན་པ་དང་འགྲིགས་པས། དེའི་ཉིན་པར་དང་ལན་གཉིས་སུ་སྨྱུང་བར་གྱུར་ཏེ། དེའི་ཕྱི་ཉིན་ཡང་གཞན་གྱིས་ཕྱག་དར་བྱས་ཟིན་པས། གཏམ་དེ་ཀུན་དགའ་བོས་གསན་ནས་སྦྱིན་བདག་གཅིག་ལ་བསྐུལ་ནས། ཚེ་དང་ལྡན་པ་སྒུར་ཆུང་ལ་ཁྱེད་ཁྱིམ་བདག་ཆེ་གེ་མོའི་ཁྱིམ་དུ་སོང་ལ་ཟན་ཟོ་ཞིག་ཅེས་བྱས་པས། དེའི་ཁྱིམ་དུ་ཕྱིན་པ་ན་ཁྱིམ་བདག་དེས་བརྗེད་ནས་གཞན་ཞིག་དུ་སོང་ཟིན་པ་དང་འགྲིགས་ཏེ་ཅི་ཡང་མ་རྙེད་དེ་དེའི་ཉིན་པར་དང་ལན་གསུམ་དུ་སྨྱུང་བར་གྱུར་ཏོ། །དེའི་ཕྱི་ཉིན་ཀུན་དགའ་བོས་ལྷུང་བཟེད་གཉིས་ཐོགས་ཏེ་བསོད་སྙོམས་སུ་བྱོན་ནས་གཅིག་པོ་དེ་བདག་གིས་ཟོས། གཅིག་པོ་དེའི་དོན་དུ་ཁྱེར་ནས་འོང་བ་དང་ལམ་དུ་ཁྱིས་ཕྲོགས་ནས་ཟོས་པས་དེའི་ཉིན་པར་དང་ལན་བཞི་སྨྱུང་བར་གྱུར་ཏོ། །དེའི་ཕྱི་ཉིན་འཕགས་པ་མང་གལ་བུས་གཏམ་དེ་ཐོས་ནས་སྔ་མ་ལྟར་གྱིས་བསོད་སྙོམས་བླངས་ཏེ་ཁྱེར་འོང་བ་ལམ་དུ་བྱ་རོག་གིས་ཕྲོགས་ནས་ཟོས་ཏེ་དེའི་ཉིན་པར་དང་ལན་ལྔ་སྨྱུང་བར་གྱུར་ཏོ། །དེའི་ཕྱི་ཉིན་སྔ་མ་ལྟར་གྱིས་འཕགས་པ་ཤཱ་རིའི་བུས་བསླངས་ཏེ་ཁྱེར་འོང་བ་མི་མ་ཡིན་རྣམས་ཀྱིས་ཁ་ཟས་དེ་མི་སྣང་བར་བྱས་ཏེ། དེའི་ཉིན་པར་དང་ལན་དྲུག་སྨྱུང་{བསྙུང }བར་གྱུར་ཏོ། །དེའི་ཕྱི་ཉིན་ཡང་ཤཱ་རིའི་བུས་གྲོང་ནས་བསོད་སྙོམས་བསླང ས་ཏེ་སྒུར་ཆུང་གི་གནས་ཁང་དུ་སོང་བ་ལས། དེའི་ལས་ཀྱིས་གནས་ཁང་གི་སྒོ་དང་སྐར་ཁུང་ཐམས་ཅད་མེད་པར་གྱུར་ཏོ། །དེར་ཤཱ་རིའི་བུས་རྫུ་འཕྲུལ་གྱིས་སྒོ་བཏོད་ནས་ནང་དུ་ཕྱིན་ཏེ་ལྷུང་བཟེད་སར་བཞག་པ་དང་། ལྷུང་བཟེད་དེ་ཐུར་དུ་གསེར་གྱི་ས་གཞིའི་སྟེང་དུ་སོང་བ་ཤཱ་རིའི་བུའི་རྫུ་འཕྲུལ་གྱི་ཕྱག་གིས་བླངས་ཏེ་བྱིན་ལེན་གྱི་ཆོ་ག་མཛད་པ་ན། དེས་ལྷུང་བཟེད་ནས་ཟས་ཁམ་དུ་བླངས་པ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེར་ཤཱ་རིའི་བུའི་ཕྱག་གིས་ཟན་བཅད་དེའི་ཁར་གཞུག་པར་རྩོམ་པ་ན། དེ་ལ་ཁ་མེད་པར་བྱིལ་བྱིལ་པོར་གྱུར་ཏེ་ཐབས་ཇི་ལྟར་བྱས་ཀྱང་དེའི་ཁ་འབྱེད་པར་མ་ནུས་ཏེ་དྲོ་ཡོལ་ཏོ། །དྲོ་ཡོལ་ཟིན་པའི་རྗེས་སུ་ཁ་སྔ་མ་བཞིན་ཡོད་པར་གྱུར་ནས་ཆུ་བསླང་བ་དང་། ཤཱ་རིའི་བུས་ལྷུང་བཟེད་ཆུའི་བཀང་སྟེ་བྱིན་པ་དང་། དེས་བླངས་ཏེ། འཐུང་བར་རྩོམ་པ་ན་ལས་ལས་སྐྱེས་པའི་མི་དག་བྱུང་སྟེ་ལྷུང་བཟེད་ནང་དུ་ཐལ་བ་བླུགས་སོ། །དེ་མཐོང་བ་དང་འདི་ནི་མྱོང་བར་ངེས་པའི་ལས་བདག་གིར་བྱ་བར་ཟད་དོ་སྙམ་དུ་བསམས་ནས་ཐལ་སྐྱོ་དེ་ཉིད་འཐུངས་ཏེ་གཞི་དེ་ལས་འབར་བ་དང་ལམ་མེར་འདུག་པ་དང་ཆར་བབ་པ་དང་གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་ནས་མྱ་ངན་ལས་འདས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་དེའི་སྐུ་གདུང་ལ་མཆོད་པ་བྱས་ཤིང་མཆོད་རྟེན་ཡང་བརྩིགས་ཏེ་མཆོད་པར་བྱའོ། །དེའི་ཚེ་བཅོམ་ལྡན་འདས་ལ་སྒུར་ཆུང་གི་སྔོན་གྱི་ལས་ཀྱི་རྒྱུ་རྣམས་ཞུས་པ་ན། བཀའ་སྩལ་པ། སྔོན་འདས་པའི་དུས་རི་ཁྲོད་ཀྱི་གྲོང་ཞིག་ན་ཁྱིམ་བདག་ཕྱུག་པོ་རྣམ་ཐོས་ཀྱི་བུའི་ནོར་ལ་འགྲན་པ་ཞིག་གི་བུར་སྒུར་ཆུང་འདི་ཉིད་སྐྱེས་པར་གྱུར་ཞིང་། དེའི་ཕ་མ་གཉིས་ནི་སྦྱིན་པ་ལ་དགའ་བས་རྟག་ཏུ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དོ། །དེ་ནས་ཕྱིས་ཞིག་ན་ཕ་དེ་ཤི་བར་གྱུར་ཅིང་། མ་དེས་ཀྱང་སྔར་བཞིན་དུ་སྦྱིན་པ་དག་སྦྱིན་པར་བྱེད་པ་ན། བུ་དེ་སེར་སྣ་སྐྱེས་ཏེ་ལན་མང་དུ་བཀག་ཀྱང་མ་ཉན་པར་སྔར་བཞིན་དུ་གྱུར་པས། ད་འདི་བསད་པར་བྱའོ་སྙམ་དུ་བསམ་སྟེ། མ་དེ་ཁང་ཕུག་ཏུ་བཅུག་སྟེ་སྒོ་བཅད་ནས་ཟས་སྐོོམ་བཅད་དོ། །དེར་མ་དེས་བུ་དེ་ལ། བདག་ཐོངས་ཤིག་དང་ཕྱིན་ཆད་སུ་ལའང་སྦྱིིན་པར་མི་བྱེད་ལ་ཕྱིན་ཆད་ཁྱིམ་འདིར་ཡང་མི་འདུག་གོ་ཞེས་སྨྲས་ཀྱང་མ་ཉན་པར། བདག་གི་ཁྱོད་གསོན་བཞིན་དུ་མི་གཏོང་ངོ་ཞེས་སྨྲས་ཏེ་སྒོ་བཅད་དེ་ཞག་བདུན་གྱི་བར་དུ་བཞག་གོ །དེ་ནས་དེའི་ཁྱིམ་གྱི་མིས་ཉེ་དུ་གཞན་ལ་བཤད་པས་དེ་རྣམས་འདུས་ཏེ་སྒོ་ཕྱེ་བ་ན་ཕུག་དེར་སྲོག་གི་ལྷག་མ་ཙམ་ཞིག་ལུས་པ་ལ། དེས་བུ་ལ་ཆུ་བསླངས་པས། བུས་ཆུ་ནང་དུ་ཐལ་བ་བཏབ་སྟེ་ཐལ་སྐྱོ་བླུད་པས་དེའི་རྐྱེན་གྱིས་ཚེ་འཕོས་སོ། །ལས་དེའི་རྣམ་པར་སྨིན་པས་ལོ་སྟོང་ཕྲག་དུ་མའི་བར་དུ་སེམས་ཅན་དམྱལ་བ་རྣམས་སུ་བཙོས་སོ། །དེ་དེ་ནས་ཐར་ནས་ཀྱང་གང་དང་གང་དུ་སྐྱེས་པ་དེར་ལྟོགས་ནས་ཐལ་སྐྱོ་འཐུང་སྟེ་ཤིའོ། །ད་ལྟར་སྲིད་པ་ཐ་མར་གྱུར་ཏེ་དགྲ་བཅོམ་པ་ཉིད་ཐོབ་ཀྱང་ལས་ཀྱི་རྒྱུ་དེས་དེ་ལྟར་མྱ་ངན་ལས་འདས་སོ། །འདི་ཉིད་ཀྱིས་ལས་གཞན་ཡང་བྱས་པ་ཡོད་དེ། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ། ཝཱ་རཱ་ཎ་སཱིར་ཁྱིམ་བདག་ཅིག་གི་ཆུང་མ་ལ་ཁྱེའུ་མཚེ་མ་ཞིག་བྱུང་སྟེ། དེ་གཉིས་ཆེར་སྐྱེས་ན་གཉིས་ཀ་རབ་ཏུ་བྱུང་ཞིང་སྡེ་སྣོད་གསུམ་ལ་བསླབས་ཏེ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བ་པོར་གྱུར་ཏེ། དེ་གཉིས་ལྷན་ཅིག་ཏུ་གནས་པ་ལས། གཅིག་ནི་རྙེད་པ་ཕུན་སུམ་ཚོགས་པར་གྱུར་ཏེ། བདག་གིས་ཚེགས་ཆུང་ངུས་ཡོ་བྱད་ཐམས་ཅད་འབྱོར་ལ་ཚངས་པ་མཚུངས་པར་སྤྱོད་པ་གཞན་དག་ཡོ་བྱད་ཀྱི་ཕོངས་ཀྱིས། བདག་གིས་ཆོས་བཞིན་དུ་དགེ་འདུན་གྱི་ཞལ་ཏ་བགྱིའོ་སྙམ་དུ་བསམས་ཏེ་ཞལ་ཏ་ལ་ཞུགས་ཏེ་འཚོ་བའི་ཡོ་བྱད་ཐམས་ཅད་སྦྱོར་བར་བྱེད་དོ། །དེར་ཕུ་ནུ་ཟླ་བོ་དེས་འདིས་འདི་ལྟར་བརྩོན་ན་དེའི་གྲོགས་ཡིན་པའི་ཕྱིར་བདག་གི་དགེ་བའི་ཕྱོགས་ཀྱི་བར་ཆད་དུ་འགྱུར་རོ་སྙམ་ནས་ལན་དུ་མར་བཟློགས་ཀྱང་བཟློག་པར་མ་ནུས་སོ། །དེས་བསམ་པ་ད་འདི་ལ་ཐབས་ཤིག་བྱའོ་སྙམ་ནས། དེ་ཡུལ་གཞན་ཞིག་ཏུ་ཁྲིད་དེ་གནས་པས་དགེ་འདུན་རྣམས་ཀྱི་རྙེད་པའི་བར་ཆད་དུ་གྱུར་ཏོ། །སླར་དེའི་གཏམ་ཞལ་ཏ་བྱེད་པ་དེས་ཐོས་ནས་ཕུ་ནུ་ཟླ་བོ་དེ་ལ་བདག་དེར་སོང་ལ་དགེ་སློང་རྣམས་ཡོ་བྱད་ཀྱིས་མི་ཕོངས་པར་བྱའོ་ཞེས་སྨྲས་པ་དང་། དེས་སྨྲས་པ། དགེ་སློང་དེ་དག་གི་རྟག་པར་ཡི་དྭགས་བཞིན་དུ་གཞན་འབའ་ཞིག་ལ་རེ་ཞིང་འཁོད་ན་ཁྱོད་དགེ་བའི་ཕྱོགས་སྤངས་ཏེ་ཡང་དེར་འགྲོའམ། དེར་ཞལ་ཏ་བྱེད་པའི་དགེ་སློང་དེས། ཁྱོད་ཀྱི་ངག་རྩུབ་པོ་སྨྲས་པའི་ཉེས་པ་ཤོག་ཅིག ལས་འདིས་སྡུག་བསྔལ་བར་འགྱུར་ཏ་རེ་ཞེས་བྱས་པས། དེ་ཡང་འགྱོད་པ་ཆེན་པོ་སྐྱེས་ཏེ། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱོད་ནས་འཆི་ཁར་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་ཚིག་རྩུབ་སྨྲ་བའི་དགེ་སློང་དེ་ནི་ད་ལྟར་སྒུར་ཆུང་སྟེ། ལས་དེའི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱར་ཡི་དྭགས་སུ་སྐྱེས་ཤིང་། དེ་ནས་ཤི་འཕོས་ནས་ཀྱང་སྐྱེ་བ་ཐམས་ཅད་ལྟོགས་ཏེ་ཤི་བ་འབའ་ཞིག་ད་ལྟའི་བར་དུ་བྱུང་ངོ་། དེའི་དུས་སུ་ཚངས་པར་སྤྱོད་ཅིང་སྨོན་ལམ་བཏབ་པའི་འབྲས་བུའི་ད་ལྟར་དགྲ་བཅོམ་པ་ཐོབ་པར་གསུངས་སོ། །འདིས་ནི་སེར་སྣ་བྱས་པ་དང་མ་ལ་གནོད་པ་བགྱིས་པ་སོགས་ཀྱི་ཉེས་དམིགས་དང་ཚངས་པར་སྤྱོད་པའི་འབྲས་བུའང་བསྟན་པ་ཡིན་ནོ། །

དགེ་འདུན་གྱི་སྤྱི་རྫས་སྦས་པ་དང་ངག་གི་ཉེས་པར་སྤྱོད་པའི་འབྲས་བུ་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། དེའི་ཕྱི་སའི་འདམ་ཞིག་ཏུ་སྲིན་བུ་མགོ་བོ་དགེ་སློང་གི་མགོ་བོ་འདྲ་བ་ཞིག་བྱུང་སྟེ། དེའི་ལུས་ཐམས་ཅད་སྲིན་གྱིས་གང་སྟེ་བ་སྤུའི་གྲངས་སྙེད་ཀྱིས་ཟ་བར་བྱེད་པ་མ་བཟོད་དེ་ཕན་ཚུན་དུ་རྒྱུགས་ཅིང་འདམ་གྱི་ནང་ཐམས་ཅད་དཀྲུགས་ཤིང་ཟས་སུ་བཤང་གཅི་ཟ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ཏེ་དེ་ལ་བརྟེན་ནས་སྐྱེ་བོ་མང་པོའི་དོན་འབྱུང་བར་དགོངས་ཏེ། འདམ་རྫབ་དེའི་དྲིས་མཉན་དུ་ཡོད་པ་ཐམས་ཅད་ཁྱབ་པར་བྱིན་གྱིས་བརླབས་པས། སྔོན་གྱི་དགེ་རྩས་བསྐུལ་ཏེ་སྐྱེ་བོ་སྟོང་ཕྲག་དུ་མ་དེར་འདུས་པར་གྱུར་ཏེ་སྲོག་ཆགས་དེ་མཐོང་ངོ་། །དེར་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱི་ཞབས་འབྲིང་བྱས་ཏེ་ཕྱོགས་དེར་གཤེགས་ནས་གདན་བཤམས་པ་ལ་བཞུགས་ཏེ། སྲིན་དེ་ཡང་སྔོན་གྱི་ལས་དྲན་པ་དང་མིའི་སྐད་དུ་སྨྲ་ནུས་པར་བྱིན་གྱིས་བརླབས་ནས། སྲིན་དེ་ལ་བཀའ་སྩལ་པ། བཞིན་བཟང་ཁྱོད་སྡེ་སྣོད་གསུམ་པ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་བདག་སྡེ་སྣོད་གསུམ་པ་ལགས་སོ། །ཞེས་སོགས་ཀྱི་དྲི་བ་མཛད་ཅིང་ལན་གསོལ་པ་ན། སྐྱེ་བོ་ཐམས་ཅད་ཐེ་ཚོམ་དུ་གྱུར་ནས་ཀུན་དགའ་བོས་དོན་དེ་གསོལ་བ་ན། བཅོམ་ལྡན་འདས་ཀྱིས་སེམས་ཅན་འདི་ནི་སྡིག་པའི་ལས་མང་དུ་བྱེད་པ་ཡིན་ཏེ། སྔོན་འདས་པའི་དུས་སངས་རྒྱས་ཐམས་ཅད་མཆོག་ཅེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། དེའི་དུས་སུ་འདི་ཉིད་དགེ་སློང་སྡེ་སྣོད་གསུམ་པ་ཆོས་སྨྲ་བའི་སྤོབས་པ་དང་ལྡན་པར་གྱུར་ཏེ་ཟས་གོས་ལ་སོགས་པའི་རྙེད་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ནས། སྦྱིན་བདག་དང་སྦྱིན་པ་པོ་རྣམས་ལ་བསྐུལ་ཏེ། དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱེད་པ་ལ་ཞུགས་སོ། །དེའི་ཚེ་ནག་པོ་རི་ཞེས་བྱ་བའི་སྟེང་དུ་སློབ་པ་དང་མི་སློབ་པའི་དགེ་འདུན་བདུན་ཁྲི་བདུན་སྟོང་དབྱར་གནས་པར་འདོད་ནས་སྡེ་སྣོད་གསུམ་པ་འདི་ཀུན་ལ་གྲགས་པ་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་པས་འཚོ་བའི་ཡོ་བྱད་རྣམས་སྦྱར་བར་ནུས་སྙམ་ནས་དེ་ལ་སྤྲོ་བ་བསྐྱེད་དེ་ཞལ་ཏ་བར་བཅོལ་པ་དང་། དེས་ཀྱང་ཁས་བླངས་པས་དབྱར་གནས་པར་དམ་བཅས་སོ། །དེ་ནས་སྡེ་སྣོད་གསུམ་པ་དེ་སྤྱོད་ཡུལ་གྱི་གྲོང་དུ་ཆས་པ་ན། དེ་དང་མི་རིང་བ་ཞིག་ན་ཚོང་བ་ལྔ་བརྒྱ་ཙམ་རྒྱ་མཚོ་ནས་གྲུ་བདེ་བར་འཁོར་ཏེ་གནས་བཅས་པའི་སར་ཕྱིན་ཏེ་གཏམ་སྨྲས་པས། དེ་དག་ཤིན་ཏུ་དགའ་བར་གྱུར་ནས་གསེར་དངུལ་མང་དུ་ཕུལ་ཏེ་འདིས་དགེ་འདུན་པ་རྣམས་ཀྱི་ཡོ་བྱད་སྦྱོར་ལ། གལ་ཏེ་མ་འདང་ན། ད་དུང་ཡང་གསེར་དངུལ་ཇི་ཙམ་དགོས་པ་དེ་བདག་ཅག་གིས་འབུལ་ཞིང་། དབྱར་ཟིན་པའི་རྗེས་སུ་ན་བཟའ་ཡང་འབུལ་ལོ་ཞུས་པས། དེས་ཀྱང་དེ་ལྟར་བགྱིའོ། །ཞེས་སྨྲས་ཏེ་གསེར་དངུལ་རྣམས་གཙུག་ལག་ཁང་དུ་ཁྱེར་ཏེ་ཕྱིན་པ་ན། གསེར་དངུལ་རྣམས་ལ་བལྟས་པས་ཆགས་པ་སྐྱེས་ཏེ་དེ་དག་ཕག་ཏུ་སྦས་ནས། དགེ་སློང་རྣམས་ལ་ཟས་སྐོམ་ངན་ངོན་སྟོབ་པར་བྱེད་དོ། །དེ་ནས་ཕྱིས་དགེ་སློང་དེ་དག་གི་ཞལ་ཏ་བ་དེ་ལ། བདག་ཅག་ཟས་སྐོམ་ངན་པ་འདི་ལྟ་བུའི་འཚོ་མི་ནུས་སོ། །དེས་སྨྲས་པ། བདག་གི་རྙེད་པ་ནི་དེ་ཙམ་དུ་ཟད་ཀྱི། གལ་ཏེ་དེས་འཚོ་བར་མི་ནུས་ན་ཁྱེད་ཅག་གིས་སྦྱིན་བདག་གཞན་ལ་བསྐུལ་བར་གྱིས་ཤིག་ཅེས་བྱས་སོ། །དེ་ཐོས་པ་དང་དགེ་སློང་དེ་དག་གིས་ཚོང་པ་དེ་དག་ལ་ཁྱེད་ཀྱིས་དགེ་སློང་བདུན་ཁྲི་བདུན་སྟོང་གི་ཟས་སྐོམ་སྦྱར་བ་ནུས་སམ་ཞེས་སྨྲས་པ་དང་། ཚོང་པ་རྣམས་ཀྱིས་སྔར་གྱི་ལོ་རྒྱུས་དེ་རྣམས་ཞུས་ཏེ་སྣེ་སྣོད་གསུམ་པའི་ཐད་དུ་སོང་ནས། བདག་ཅག་གིས་ཡོ་བྱད་གང་དགོས་འབུལ་ཞེས་མ་སྨྲས་སམ། ཅིིའི་སླད་དུ་ཁྱོད་ཀྱིས་དགེ་སློང་རྣམས་ལ་ཟས་སྐོམ་ངན་པ་གསོལ་ཞེས་བྱས་སོ། །དེ་ཐོས་པ་དང་ཞལ་ཏ་བྱེད་པ་དེ་སྐྱེངས་ནས་ཁྲོས་ཏེ་ཕྱིན་ཆད་དགེ་སློང་དེ་དག་གི་ཞལ་ཏ་བྱེད་དུ་མ་བཏུབ་ཅིང་། ཁྱེད་ཀྱིས་ང་ཁོ་ནའི་དད་པས་བྱིན་པ་ལོངས་སྤྱོད་ལ་ང་ཉིད་དམའ་འབེབས་པར་བྱེད་པས་ནི་ཁྱེད་ཕྱི་སའི་འདམ་དུ་བྱིང་སྟེ་བཤང་གཅི་ཟ་བར་གྱུར་ཀྱང་སླའོ་ཞེས་སྨྲས་སོ། །དེ་ནས་དེ་ཕྱིས་ཞིག་འགྱོད་པར་གྱུར་ནས་དགེ་སློང་དེ་དག་ལ་བཟོད་པར་གསོལ་ནས། དེ་དག་གིས་སྨྲས་པ། བདག་ཅག་གིས་ནི་བཟོད་ན་ཁྱོད་ཀྱི་ལས་རྣམས་ཀྱིས་མི་བཟོད་པར་འགྱུར་རོ་ཞེས་བྱས་སོ། །དེས་དེ་ལྟར་སློབ་པ་དང་མི་སློབ་པའི་དེ་སྙེད་ཅིག་ལ་ཚིག་རྩུབ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པས་འདི་དུད་འགྲོར་སྐྱེས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཆོག་གི་རིང་ནས་བཟུང་ད་ལྟར་ཡན་ཆད་དུ་དུད་འགྲོ་ལས་ཤི་འཕོས་ཏེ་དུད་འགྲོ་འབའ་ཞིག་ཏུ་སྐྱེས་ཏེ། ཐམས་ཅད་དུ་ལུས་དང་གནས་དང་སྡུག་བསྔལ་འདི་ལྟ་བུ་འབའ་ཞིག་མྱོང་སྟེ་བཤང་གཅི་ཟ་བར་གྱུར་ཏེ། ད་དུང་ཡང་བསྐལ་པ་འདི་ལ་སངས་རྒྱས་ལྔ་བརྒྱ་འབྱུང་བར་འགྱུར་ཏེ་དེའི་རིང་ལའང་དེ་བཞིན་ཏེ། དེའི་འོག་ཏུ་སངས་རྒྱས་སྣང་མཛད་ཅེས་བྱ་བ་འཇིག་རྟེན་དུ་འབྱུང་སྟེ། དེའི་གསུང་རབ་ལ་འདི་དུད་འགྲོ་ལས་ཐར་ཏེ་མིའི་ལུས་ཐོབ་ནས་རབ་ཏུ་བྱུང་ནའང་རྟེན་དེར་མཚམས་མེད་པའི་ལས་བྱེད་པར་འགྱུར་རོ། །དེ་ནས་ཤི་འཕོས་ཏེ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ་ལོ་འབུམ་ཕྲག་དུ་མར་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ནས་དེའི་ལས་ཟད་དེ་མི་གྱུར་ནས་སངས་རྒྱས་སྣང་མཛད་ཅེས་བྱ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་ཀུན་ལ་གྲགས་ཤིང་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་ལ། དེས་སྐྱེ་བོ་མང་པོ་ལ་ཕན་བཏགས་ནས་ཕུང་པོ་ལྷག་མེད་ཀྱི་དབྱིངས་སུ་མྱ་ངན་ལས་འདས་པར་འགྱུར་ཏེ། འདིའི་སྡུག་བསྔལ་གྱི་མཐའ་ནི་དེར་ཟད་པར་འགྱུར་རོ་གསུངས་པས། དེར་འདུས་པའི་སྐྱེ་བོ་ཕལ་མོ་ཆེར་རབ་ཏུ་སྐྱོ་བར་གྱུར་ནས། དེ་དང་མཐུན་པར་ཆོས་བསྟན་པས་ཐེག་པ་གསུམ་གྱི་ལམ་ལ་གཞོལ་ཞིང་དགེ་བའི་རྩ་བ་དཔག་ཏུ་མེད་པ་བསྐྱེད་པར་འགྱུར་རོ། །འདིས་ནི་དགེ་འདུན་གྱི་སྤྱི་རྫས་སྦས་པ་དང་ངག་གི་ཉེས་པར་སྤྱོད་པའི་འབྲས་བུ་བསྟན་པ་ཡིན་ནོ། །

གཞན་རབ་ཏུ་བྱུང་བ་དང་སྦྱིན་པའི་གེགས་བྱས་པའི་ཉེས་དམིགས་དང་། ཚངས་པར་སྤྱོད་པ་དང་སྨོན་ལམ་གྱི་འབྲས་བུ་མི་བསླུ་བར་བསྟན་པ།

༈ ཡང་བཅོམ་ལྡན་འདས་ཡུལ་ཨོ་ཏ་ལར་བསོད་སྙོམས་ལ་གཤེགས་པའི་ཚེ། དབུལ་མོ་རྒན་མོ་ཞིག་བུམ་པ་ཐོགས་ཏེ་ཆུ་ལེན་དུ་ཕྱིན་པ་ན། དེས་བཅོམ་ལྡན་འདས་ཀྱི་སྐུ་རྒྱང་མ་ནས་མཐོང་བས། བཅོམ་ལྡན་འདས་ལ་བུ་ཡི་འདུ་ཤེས་སྐྱེས་ཏེ་ཆུ་བུམ་དེར་བཞག་ནས། ལག་གཉིས་བརྐྱངས་ནས་བརྒྱུགས་ཏེ། ངའི་བུ་དང་ཕྲད་དོ་ཞེས་ཟེར་ནས། མགུལ་ལ་འཁྱུད་པར་བརྩམས་པ་ན་དགེ་སློང་རྣམས་ཀྱིས་དེ་བཀག་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བུད་མེད་འདི་མ་དགག་ཅིག གལ་ཏེ་བུད་མེད་འདི་དེ་བཞིན་གཤེགས་པའི་མགུལ་ནས་འཁྱུད་དུ་མ་བཅུག་ན། ཁ་ནས་ཁྲག་དྲོན་མོ་སྐྱུག་སྟེ་འཆི་བར་འགྱུར་རོ། །དེ་ནས་དེ་ཐོས་པ་དང་མ་བཀག་པར་བཞག་གོ །དེ་ནས་དེས་བཅོམ་ལྡན་འདས་ཀྱི་མགུལ་ན་འཁྱུད་ནས་ཆོས་ཉན་པའི་ཕྱིར་མདུན་དུ་འཁོད་པ་ལ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་བུད་མེད་དེ་སྟན་དེ་ལ་འཁོད་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས། སླར་རབ་ཏུ་བྱུང་བར་གསོལ་པས་གནང་སྟེ། སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་ནས་བསྙེན་པར་རྫོག་པས་རིང་པོར་མ་ལོན་པར་དགྲ་བཅོམ་པ་མངོན་དུ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དགེ་སློང་མ་རྣམས་ལ་མདོའི་ལུང་འབོག་པར་མཛད་ནས་ནང་དུ་ཡང་དག་འཇོག་ལ་བཞུགས་པའི་ཚེ་དགེ་སློང་མ་རྣམས་ལ་འདིས་བརྡ་སྤྲོད་པར་བྱེད་པས། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་མ་མདོ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། དགེ་སློང་མ་ཀ་ཙང་ཀ་ལ་འདི་ཡིན་ནོ་ཞེས་ལུང་བསྟན་ཏོ། །དེར་དགེ་སློང་རྣམས་ཐེ་ཚོམ་དུ་གྱུར་ཏེ་ལས་ཀྱི་རྒྱུ་གསོལ་པ་ན། འདི་ནི་ངའི་སྐྱེ་བ་ལྔ་བརྒྱའི་མར་གྱུར་པས། སྔོན་གྱི་བག་ཆགས་ཀྱི་གཞི་ཡོད་པས་ད་ལྟར་བུར་འདུ་ཤེས་ཏེ་རྒྱུག་གོ །དེ་ཉིད་ད་ལྟར་གྱི་བསྐྱེད་ཡུམ་དུ་མི་འགྱུར་བ་ནི་རྒྱུ་གཉིས་ཀྱིས་ཏེ། སྒྱུ་འཕྲུལ་ཆེན་མོས་སངས་རྒྱས་ཀྱི་ཡུམ་དུ་སྨོན་ལམ་བཏབ་པ་དང་། འདི་ཉིད་ཀྱིས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་ངེས་འབྱུང་དང་སྦྱིན་པའི་བར་ཆད་བྱས་པས་ཐུགས་དབྱུང་བས། ཕྱིན་ཆད་འདི་བདག་གི་མར་མ་གྱུར་ཅིག་ཅེས་སྨོན་ལམ་མཛད་པས་སོ། །དེ་ལྟར་ངེས་འབྱུང་དང་སྦྱིན་པའི་གེགས་སུ་གྱུར་པས། ད་ལྟར་དབུལ་མོར་གྱུར་པ་དང་རྒས་ནས་གདོད་རབ་ཏུ་བྱུང་བར་གྱུར་པའོ། །ད་ལྟར་དགྲ་བཅོམ་པ་ཐོབ་ཅིང་མདོ་རྣམ་འབྱེད་དུ་ལུང་བསྟན་པའི་རྒྱུ་ནི། སྔོན་འོད་སྲུང་གི་དུས་སུ་དགེ་སློང་མར་གྱུར་ཏེ། དེ་རབ་ཏུ་བྱུང་བའི་མཁན་མོ་དེ་འོད་སྲུང་གིས་མདོ་རྣམ་པར་འབྱེད་པའི་མཆོག་ཏུ་ལུང་བསྟན་པ་ཡིན་པས། དགེ་སློང་མ་དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། འཆི་ཁར་དེ་དང་ཚུལ་མཐུན་པའི་སྨོན་ལམ་བཏབ་པར་གསུངས་སོ། །འདིས་ནི་གཞན་རབ་ཏུ་བྱུང་བ་དང་སྦྱིན་པའི་གེགས་བྱས་པའི་ཉེས་དམིགས་དང་། ཚངས་པར་སྤྱོད་པ་དང་སྨོན་ལམ་གྱི་འབྲས་བུ་མི་བསླུ་བར་བསྟན་པ་ཡིན་ནོ། །

སྐྱབས་འགྲོ་དང་བསླབ་གཞི་སྲུང་བ་སོགས་ཀྱི་ཕན་ཡོན་བསྟན་པ།

༈ ཡང་བཅོམ་ལྡན་འདས་ཡུལ་ཨུ་དུམ་ན་བཞུགས་པའི་ཚེ། ཡུལ་དེའི་མཚོ་དལ་གྱིས་འབབ་པའི་འགྲམ་གྱི་ནགས་ཁྲོད་ཅིག་ན། དྲང་སྲོང་ཀཻ་ནེ་ཡ་ཞེས་པ་དང་། དེའི་སྲིང་མོའི་བུ་དྲང་སྲོང་རི་བོ་ཞེས་བྱ་བ་གཉིས་ཀ་འཁོར་ལྔ་བརྒྱ་ལྔ་བརྒྱ་དང་བཅས་ཏེ་གནས་སོ། །དེར་བཅོམ་ལྡན་འདས་ཀྱིས་དེ་གཉིས་འདུལ་བའི་དུས་ལ་བབ་ཅིང་། དེའང་རྒྱལ་པོ་ཆེན་པོ་བཞི་ལ་ཆོས་བསྟན་པའི་ཞར་ལ་ཐུལ་བར་འགྱུར་བར་དགོངས་ཏེ། འཇིག་རྟེན་པའི་ཐུགས་བསྐྱེད་པ་ན་རྒྱལ་པོ་ཆེན་པོ་བཞིས་དོན་དེ་རིགས་ཏེ་འཁོར་རྣམས་མངགས་ནས་མཚོ་དལ་འབབ་ཀྱི་འགྲམ་དུ་གདན་ཁྲིའི་བཀོད་པ་བཤམས་ཤིང་། དྲང་སྲོང་དེ་གཉིས་ལ་འཁོར་མི་མ་ཡིན་པའི་གནོད་པ་ལས་སྲུང་བར་བྱེད་པ་དག་ཀྱང་བསྐོས་སོ། །དེ་མཐོང་ནས་དྲང་སྲོང་ཀཻ་ནེ་ཡས། སུའི་ཕྱིར་གདན་བཤམས་དྲིས་པས། བཅོམ་ལྡན་འདས་ཀྱི་ཕྱིར་དུའོ། །འོ་ན་ཁྱེད་ངའི་ཕྱི་བཞིན་དུ་ཅིའི་ཕྱིར་འབྲང་། དྲང་སྲོང་ཁྱེད་ཉིད་བསྲུང་བའི་ཕྱིར་དུའོ། །དེ་དགོས་པའི་རྒྱུ་མཚན་ཅི་ཡིན། འབྱུང་པོ་མང་དུ་འདུ་བའི་ཕྱིར་རོ། །འོ་ན་ག་ཏ་མ་སུས་སྲུང་། དེ་ནི་གཞན་གྱིས་བསྲུང་མི་དགོས་ཏེ། དེ་ཉིད་ཀྱིས་གཞན་བསྲུང་བར་མཛད་དོ། །དེ་ནས་དེས་དགེ་སྦྱོང་ག་ཏ་མ་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡུལ་ཨུ་དུམ་ནས་མི་སྣང་བར་མཚོ་དལ་འབབ་ཀྱི་འགྲམ་དུ་གཤེགས་ནས་གདན་བཤམས་པ་ལ་བཞུགས་སོ། །དེར་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་འོངས་ཏེ། ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དྲི་ཟའི་འཁོར་དང་བཅས་ཏེ་ལྷ་རྫས་མེ་ཏོག་སྣ་ཚོགས་པ་དང་། ལྷོ་ནས་འཕགས་སྐྱེས་པོ་གྲུལ་བུམ་གྱི་འཁོར་དང་བཅས་ཏེ་རིན་པོ་ཆེ་སྣ་ཚོགས་པ་དང་། ནུབ་ནས་མིག་མི་བཟང་ཀླུ་ཡི་ཚོགས་དང་བཅས་ཏེ་མུ་ཏིག་དང་། བྱང་ནས་རྣམ་ཐོས་ཀྱི་བུ་གནོད་སྦྱིན་གྱི་འཁོར་དང་བཅས་ཏེ་གསེར་དངུལ་གྱིས་སོ་སོའི་ཐུ་བ་བཀང་སྟེ་བཅོམ་ལྡན་འདས་ཀྱི་སྐུ་ལ་གཏོར་ཞིང་ཕྱོགས་ཕྱོགས་སུ་འཁོད་དོ། །དེ་ལས་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་ནི་ཡུལ་དབུས་པའི་རིགས་ཡིན་ལ་མིག་མི་བཟང་དང་རྣམ་ཐོས་སྲས་ནི་མཐའ་འཁོབ་པའི་རིགས་ཡིན་པས་བག་ཆགས་སད་པའི་ཁྱད་པར་ཡོད་པ་དགོངས་ནས། སོ་སོའི་སྐད་ཀྱིས་ཆོས་བསྟན་པས་རྒྱལ་པོ་ཆེན་པོ་བཞིས་བདེན་པ་མཐོང་ཞིང་གཞན་ཡང་མི་མ་ཡིན་གྱི་འགྲོ་བ་དཔག་ཏུ་མེད་པ་ཞིག་སྨིན་ཅིང་གྲོལ་བར་མཛད་ནས་དེ་དག་རང་གི་གནས་སུ་སོང་ངོ་། །སྐབས་འདིར་སྟོན་པའི་བསྟན་པ་རྒྱལ་པོ་ཆེན་པོ་བཞི་སོགས་ལ་གཏད་པར་མཛད་པའི་ཚུལ་ནི་མདོ་གཞན་ལས་འབྱུང་བ་ཡིན་ནོ། །དེར་དགེ་སློང་རྣམས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལས་གཉིས་ནི་ཡུལ་དབུས་དང་གཉིས་ནི་མཐའ་འཁོབ་ཏུ་གྱུར་པ་དང་བདེན་པ་མཐོང་བའི་རྒྱུ་ཞུས་པ་ན་བཀའ་སྩལ་པ། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ། རི་རབ་ཀྱི་བང་རིམ་ལ་ཀླུའི་རྒྱལ་པོ་དབུགས་དང་དབུགས་ཆེན་པོ་ཞེས་བྱ་བ་གཉིས་ཀྱང་གནས། བྱའི་རྒྱལ་པོ་ནམ་མཁའ་ལྡིང་སྒྲ་སྙན་དང་སྒྲ་ཆུང་ཞེས་བྱ་བ་གཉིས་ཀྱང་གནས་པ་ལས། ཀླུ་དེ་གཉིས་མཁའ་ལྡིང་དེ་གཉིས་ལ་སྐྲག་སྟེ་ཐུར་དུ་གསེར་གྱི་ས་གཞིའི་སྟེང་དུ་སོང་སྟེ་གནས་པ་ལས་ཕྱིས་ཞིག་ན་ཀླུ་དེ་གཉིས་སངས་རྒྱས་ཀྱི་བསྟན་པ་ལ་དགའ་བར་གྱུར་ནས། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་པས་དེ་གཉིས་མཁའ་ལྡིང་གིས་མི་ཚུགས་པར་གྱུར་ནས་རྒྱ་མཚོའི་ནང་ནས་བྱུང་སྟེ་བག་ཡངས་སུ་འཁོད་དོ། །དེ་མཐོང་ནས་ནམ་མཁའ་ལྡིང་གཉིས་ཀྱིས་ཟ་བར་རྩོམ་པ་ན་འཚེ་ཞིང་གནོད་པར་བྱེད་མ་ནུས་སོ། །དེར་དེ་གཉིས་ངོ་མཚར་དུ་གྱུར་ནས་གཏམ་དྲིས་པ། ཀླུ་ཡི་རྒྱལ་པོ་གཉིས་ཀྱིས་སངས་རྒྱས་ལ་སྐྱབས་སུ་སོང་ཞིིང་བསླབ་པའི་གཞི་བླངས་པས་དེ་ལྟ་བུར་གྱུར་པ་རྒྱས་པར་བསྙད་དོ། །དེར་མཁའ་ལྡིང་གཉིས་ཀྱང་སངས་རྒྱས་འོད་སྲུང་གི་སྤྱན་སྔར་སོང་ནས་སྐྱབས་འགྲོ་དང་བསླབ་གཞི་བླངས་ནས་དེ་བཞི་མཐུན་པར་གྱུར་ཏེ་ལྷན་ཅིག་ཏུ་འགྲོགས་ཤིང་འཁོད་ནས་འཆི་ཀར་བདག་ཅག་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་སྐྱབས་འགྲོ་དང་བསླབ་གཞི་བླངས་ཤིང་སྲུང་བའི་དགེ་བའི་རྩ་བས་གང་དུ་སྐྱེས་ཀྱང་དེའི་གཙོ་བོར་གྱུར་པ་དང་། མ་འོངས་པ་ན་སངས་རྒྱས་མཉེས་པར་བྱེད་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་སྟེ། དེའི་ཚེ་ཀླུའི་རྒྱལ་པོ་དེ་གཉིས་ནི་ཡུལ་དབུས་པར་གྱུར་པ་འདི་གཉིས་ཡིན་ལ། ནམ་མཁའ་ལྡིང་གཉིས་ནི་མཐའ་འཁོབ་པ་གྱུར་པ་འདི་གཉིས་ཏེ། སྨོན་ལམ་གྱི་དབང་གིས་རྒྱལ་ཆེན་བཞིའི་རིས་ཀྱི་གཙོ་བོར་གྱུར་པ་དང་བདེན་པ་མཐོང་བ་ཡིན་ནོ་གསུངས། དེ་ཐམས་ཅད་ཀྱང་དྲང་སྲོང་ཀཻ་ནེ་ཡ་ཐག་མི་རིང་བར་འཁོད་པས་ཐོས་ནས་རབ་ཏུ་དགའ་བར་གྱུར་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ནས་ཞབས་ལ་ཕྱག་བྱས་ཏེ་ཆོས་ཉན་དུ་འཁོད་པ་ན། བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་བསྟན་པས་བདེན་པ་མངོན་པར་རྟོགས་པའི་མོད་ལ་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱས་སོ། །དེ་ནས་དེས་སངས་རྒྱས་འཁོར་དང་བཅས་པ་ལ་དུས་མ་ལགས་པར་གསོལ་དུ་རུང་བའི་གུང་སྐྱེམས་སྦྱར་བར་གསོལ་ནས་ཀུ་ཤུ་དང་ཆུ་ཤིང་གི་འབྲས་བུ་དང་རྒྱ་ཤུག་གི་འབྲས་བུ་དང་ཨ་ཤད་ཐའི་འབྲས་བུ་དང་ཨུ་དུམ་ཝཱ་རའི་འབྲས་བུ་དང་པུ་རུ་ཤ་ཀའི་འབྲས་བུ་དང་འབྲ་གོ་དང་རྒུན་འབྲུམ་རྣམས་ཀྱི་ཁུ་བ་སྟེ་བཏུང་བའི་རྣམ་གྲངས་བརྒྱད་སྦྱར་ཏེ་ཕུལ་ཞིང་། བཅོམ་ལྡན་འདས་ཀྱིས་ཀྱང་བཞེས་ཏེ་དགེ་སློང་རྣམས་ལ་དུས་དང་དུས་མ་ལགས་པར་བཏུང་བའི་ཁྱད་པར་ཕྱེས་ཏེ་རྗེས་སུ་གནང་ངོ་། །དེ་ནས་དྲང་སྲོང་དེས་སང་གི་གདུགས་ཚོད་ལ་གཤེགས་པར་ཞུས་ནས་དེའི་སྟ་གོན་བརྩམས་པ་ན་དྲང་སྲོང་རི་བོས་མཐོང་ནས་ཅི་བྱེད་ཅེས་གཏམ་དྲིས་པས། སངས་རྒྱས་དགེ་འདུན་དང་བཅས་པ་སྤྱན་འདྲེན་ནོ། །ཡང་སྨྲས་པ། སངས་རྒྱས་དགེ་འདུན་བྱ་བ་སུ་ཞིག དེར་སངས་རྒྱས་དང་དགེ་འདུན་གྱི་བསྔགས་པ་བརྗོད་པས། དྲང་སྲོང་རི་བོ་སེམས་དགའ་བར་གྱུར་ཏེ་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་ཕྱིན་པ་དང་། རྒྱང་མ་ནས་སངས་རྒྱས་ཀྱི་སྐུ་མཐོང་བས་དགེ་སློང་བསམ་གཏན་ལ་གནས་པ་བས་ཁྱད་པར་དུ་འཕགས་པའི་དགའ་བ་དང་བདེ་བ་སྐྱེས་ཏེ་ཞབས་ལ་ཕྱག་བྱས་ཏེ་འཁོད་པ་ན། དེ་ལ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་སྟན་དེ་ཉིད་དུ་འཁོད་བཞིན་པར་ཕྱི་མི་འོང་བའི་འབྲས་བུ་མངོན་དུ་བྱས་སོ། །དེར་རབ་ཏུ་བྱུང་བར་གསོལ་པ་དང་། སྟོན་པས་འཁོར་རྣམས་ལ་གོ་བར་བྱོས་ལ་དྲིས་ཤིག དེ་ནས་དྲང་སྲོང་རི་བོ་བྲམ་ཟེའི་ཁྱེའུ་རྣམས་ཀྱི་སར་ཕྱིན་ནས་སྨྲས་པ། ཁྱེད་རྣམས་ཤེས་པར་གྱིས་ཤིག བདག་ནི་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འདོད་ན་ཁྱེད་ཇི་ལྟར་བྱེད། དེ་དག་གིས། བདག་ཅག་ཀྱང་མཁན་པོའི་རྗེས་སུ་རབ་ཏུ་བྱུང་བར་འཚལ་ལོ། །དེ་རྣམས་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ། སྟོན་པས་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་སོ། །དེ་ནས་ཕྱིར་ཉིན་གདུགས་ཚོད་ལ་གཤེགས་པ་ན་དྲང་སྲོང་ཀཻ་ནེ་ཡས་དྲང་སྲོང་རི་བོ་འཁོར་ལྔ་བརྒྱ་དང་བཅས་པ་རབ་ཏུ་བྱུང་ནས་གྲལ་དུ་འཁོད་པ་མཐོང་ནས། ཁྱོད་རབ་ཏུ་བྱུང་ངམ། བྱུང་ངོ་། །དེར་ཀཻ་ནེ་ཡས་ཀྱང་སྟོན་པ་འཁོར་དང་བཅས་པ་བཤོས་གསོལ་ཟིན་པའི་འོག་ཏུ་གོང་བཞིན་འཁོར་རྣམས་ལའང་གོ་བར་བྱས་ཏེ་འཁོར་ལྔ་བརྒྱ་དང་བཅས་སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དྲང་སྲོང་གཙོ་བོ་དེ་གཉིས་ལ་བཅོམ་ལྡན་འདས་ཀྱིས་གདམས་ངག་བྱིན་ནས། དེ་གཉིས་ཀྱིས་ཀྱང་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དགེ་སློང་ལྷག་མ་དེ་དག་ལས་ལྔ་བརྒྱ་ནི་ཚེ་དང་ལྡན་པ་ཀ་པི་ལ་ཆེན་པོ་ལ་གཏད། ཕྱེད་དང་གཉིས་བརྒྱ་ནི་མོའུ་འགལ་གྱི་བུ་ལ་གཏད། ཕྱེད་དང་ཉིས་བརྒྱ་ནི་ཤཱ་རིའི་བུ་ལ་གཏད་ནས་དེ་དག་ཆུ་ཀླུང་གསེར་ལྡན་གྱིས་འགྲམ་དུ་དབྱར་གནས་པར་དམ་བཅས་སོ། །དེ་རྣམས་ཀྱིས་སོ་སོར་གདམས་ངག་བསྟན་པས་ཀ་པི་ནིའི་རྣམས་ཀྱིས་དགྲ་བཅོམ་པ་ཐོབ། མོའུ་འགལ་གྱི་བུ་རྣམས་ཀྱིས་ཕྱིར་མི་འོང་དང་། ཤཱ་རིའི་བུ་རྣམས་ཀྱིས་རྒྱུན་དུ་ཞུགས་པ་ཐོབ་པར་གྱུར་ནས། དབྱར་གྲོལ་བ་ན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཞིང་། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལ་གོང་མའི་ཡིད་ལ་བྱེད་པའི་ལུང་ཕོག་ཅིང་། དེ་དག་གིས་ཀྱང་བརྩོན་པས་ཐམས་ཅད་ཀྱིས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། སྔོན་ཚེ་དང་ལྡན་པ་ཀ་པི་ན་ཆེན་པོ་སོགས་གསུམ་པོ། འདི་དྲང་སྲོང་ཞིག་གི་སློབ་མའི་གཙོ་བོ་མཆོག་གསུམ་དུ་གྱུར་ནས། དེ་གསུམ་ལ་དྲང་སྲོང་དེས་འཁོར་རྣམས་བགོས་ཏེ། གཅིག་ལ་ལྔ་བརྒྱ་དང་། གཞན་གཉིས་ལ་ཉིས་བརྒྱ་ལྔ་བཅུ་རེ་གཏད་པ་ལས། ལྔ་བརྒྱས་བསམ་གཏན་བཞི་དང་མངོན་ཤེས་ལྔ་རྣམས་ཐོབ་ཅིང་ཕྱེད་དང་སུམ་བརྒྱས་གཟུགས་མེད་དང་། ཕྱེད་དང་སུམ་བརྒྱས་གཟུགས་ཀྱི་སེམས་ཐོབ་པར་གསུངས་ཤིང་། གཞན་ཡང་དགེ་སློང་དེ་རྣམས་དབང་པོ་རྣོ་རྟུལ་གྱིི་ཁྱད་པར་ཡིན་ཏེ། དབང་པོ་རྟུལ་པོ་དག་ཤཱ་རིའི་བུའི་བསྐྱངས་པས་རྒྱུན་ཞུགས་ཐོབ་ཅིང་། ཀ་པི་ན་ལྟ་བུ་གཞན་གྱིས་བསྐྱངས་ན་དྲོད་ཙམ་ཡང་ཐོབ་པར་མི་འགྱུར་རོ་གསུངས། ཡང་དེ་དག་གི་སྔོན་གྱི་ལས་ཀྱི་རྒྱུ་གསོལ་བ་ན། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་དྲང་སྲོང་འདི་གཉིས་ཝཱ་རཱ་ཎ་སཱིར་ཁྱིམ་བདག་མཛའ་བཤེས་གཉིས་སུ་གྱུར་ཏེ། ཕྱིས་གཉིས་ཀས་ཁྱིམ་སྤངས་ནས་རབ་ཏུ་བྱུང་ཞིང་སྡེ་སྣོད་ལ་བསླབས་པས་གཉིས་ཀ་ཆོས་སྨྲ་བའི་སྤོབས་པ་ཅན་དུ་གྱུར་ཏེ་ཟས་གོས་སོགས་མཐུན་རྐྱེན་གྱིས་འབྱོར་བས་སོ་སོར་སློབ་མ་ལྔ་བརྒྱ་རེ་བསྡུས་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་དོ། །དེ་གཉིས་འཆི་ཁར་མ་འོངས་པ་ན་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་དགྲ་བཅོམ་པ་ཐོབ་པར་སྨོན་ལམ་བཏབ་ཅིང་། དེའི་སློབ་མ་རྣམས་ཀྱང་། བདག་ཅག་གིས་ཀྱང་ཁྱེད་ལ་བརྟེན་ནས། སངས་རྒྱས་བཅོམ་ལྡན་འདས་མཉེས་པར་བྱས་ཏེ་འབྲས་བུ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་དུ་བྱས་པས་དེ་དག་ད་ལྟར་དྲང་སྲོང་འཁོར་བཅས་སུ་གྱུར་ཏེ་འབྲས་བུ་ཐོབ་པར་གསུངས་སོ། །འདིས་ནི་སྐྱབས་འགྲོ་དང་བསླབ་གཞི་སྲུང་བ་སོགས་ཀྱི་ཕན་ཡོན་བསྟན་པ་ཡིན་ནོ། །

སྨོན་ལམ་བཏབ་པས་ད་ལྟར་ཡང་དེ་བཞིན་དུ་གྱུར་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་ཁྱིམ་བདག་མཛའ་བཤེས་གཉིས་ཡོད་པ་དེས། ཕྱིན་ཆད་སོ་སོར་བུ་དང་བུ་མོ་དག་བྱུང་ན་དེ་གཉིས་གཉེན་བྱེད་པར་ཆད་པ་ལས། ཕྱིས་ཞིག་ན་གཅིག་ལ་ཁྱེའུ་དང་། གཅིག་ལ་བུ་མོ་མཛེས་ཤིང་ལྟ་ན་སྡུག་པ་རེ་བཙས་ནས་སོ་སོས་བཙས་སྟོན་བྱས་སོ། །དེ་ནས་བུ་མོ་དེ་ཆེར་སྐྱེས་པ་ན་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་རབ་ཏུ་བྱུང་བར་འདོད་པ་དང་། དེའི་ཕ་མས་སྔར་གྱི་མཛའ་བཤེས་དེ་ལ་སྦྲན་ནས་ཡུལ་ཆོས་དང་མཐུན་པར་བག་མར་བྱིན་ནོ། །དེའི་འོག་ཏུ་བུ་མོ་དེ་བྲོས་ནས་དགེ་སློང་མའི་གཙུག་ལག་ཁང་དུ་ཕྱིན་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །དེར་མཁན་མོས་ཀྱང་དེ་ལ་ལུང་ཕོག་ནས་དེས་ཀྱང་བརྩོན་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་ཏེ་རྫུ་འཕྲུལ་ཡང་འགྲུབ་བོ། །དེ་ནས་ཁྱིན་བདག་གི་ཁྱེའུ་དེས་ཀྱང་ཆུང་མ་བྲོས་པར་མཐོང་ནས་འཚོལ་ཞིང་ཕྱིན་པས། དགེ་སློང་མའི་གཙུག་ལག་ཁང་དུ་བསམ་གཏན་ལ་གནས་པར་མཐོང་ནས་དེས་ལག་པ་ནས་བཟུང་བར་བྱས་པ་དང་། དེ་སྟེང་གི་གནམ་མཁའ་ལ་འཕགས་ཏེ་འབར་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་པས་ཁྱེའུ་དེ་ཡང་ཤས་ཆེར་དགའ་བ་སྐྱེས་ཏེ་དེའི་ཞབས་ལ་ཕྱག་བྱས་ཏེ་བཟོད་པར་གསོལ་ནས་ཆོས་ཉན་པར་འཁོད་པ་ན། དེས་ཀྱང་ཁམས་དབང་བསམ་པ་དང་མཐུན་པར་ཆོས་བསྟན་པས་ཁྱེའུ་དེ་དག་གཞན་སྐྱེ་བོ་མང་པོ་དེར་འཚོགས་པ་དག་གིས་སྟན་དེ་ལ་འཁོད་བཞིན་དུ་བདེན་པ་མཐོང་ངོ་། །དེ་ནས་ཁྱེའུ་དེས་ཀྱང་ཕ་མ་ལ་གནང་བ་ཞུས་ནས་རབ་ཏུ་བྱུང་ཞིང་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེར་དགེ་སློང་རྣམས་ཀྱིས་དེ་གཉིས་ཀྱི་ལས་ཀྱི་རྒྱུ་དྲིས་པ་ན། བཅོམ་ལྡན་འདས་ཀྱིས། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་ཝཱ་རཱ་ཎ་སཱི་ན་ཁྱིམ་བདག་ཁྱོ་ཤུག་གཉིས་སུ་གྱུར་ཏེ། བུ་མོ་དེ་སྔར་ལྟར་བྲོས་ནས། རབ་ཏུ་བྱུང་ཞིང་དེ་ལ་བརྟེན་ནས་ཁྱིམ་ཐབ་ཀྱང་རབ་ཏུ་བྱུང་སྟེ་གཉིས་ཀས་ཚངས་པར་སྤྱད་ནས། དགེ་སློང་མ་དེས་འཆི་ཀར་མ་འོངས་པ་ན་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་སྨོན་ལམ་བཏབ་བོ། །དེར་སྔར་གྱི་ཁྱིམ་ཐབ་ཀྱིས། དེའི་ཚེ་ན་ཡང་ང་ཉིད་ཁྱོད་ཀྱི་ཁྱིམ་ཐབ་ཏུ་གྱུར་ཏེ། ཁྱོད་ཁོ་ན་ལ་བརྟེན་ནས་བདག་གིས་ཀྱང་སངས་རྒྱས་མཉེས་པ་དང་ཆོས་ཐོས་ནས་འབྲས་བུ་ཐོབ་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པས་ད་ལྟར་ཡང་དེ་བཞིན་དུ་གྱུར་པར་གསུངས་སོ། །

ཚངས་སྤྱོད་ལེགས་པར་སྲུང་བ་སོགས་ཀྱི་ཕན་ཡོན་བསྟན།

༈ ཡང་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། རྒྱལ་པོ་གསལ་རྒྱལ་བློན་པོ་མཆོག་གཉིས་ཡོད་དེ་གཅིག་གི་མིང་ལ་ནི་རི་དྭགས་འཛིན་ཞེས་བྱ་ཞིང་གཅིག་གི་མིང་ནི་བྱིན་པ་ཞེས་བྱའོ། །དེ་གཉིས་མཛའ་བཤེས་ཡིད་གཅུག་པར་གྱུར་ནས་སྔར་ལྟར་གྱིས་ཕྱིན་ཆད་གཉེན་སྦྲེེལ་བར་ཆད་དོ། །དེ་ནས་རི་དྭགས་འཛིན་ལ་བུ་བདུན་བྱུང་བའི་ཆེ་བ་ལ་མིང་ས་ག་ཞེས་བཏགས་སོ། །བྱིན་པ་ལ་བུ་མོ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཞིག་བྱུང་སྟེ། བཙས་མ་ཐག་པ་ནས་ཆོས་ཉན་པ་ལ་སྤྲོ་བ་ཞིག་བྱུང་བས་ཆོས་བྱིན་མ་ཞེས་བཏགས་སོ། །དེ་ནས་ཆོས་བྱིན་མ་ཆེར་སྐྱེས་པ་ན། སངས་རྒྱས་ཀྱི་བསྟན་ལ་དད་པ་རྙེད་ནས་ཕ་མ་ལ་གསོལ་ཏེ། དུས་དུས་སུ་དགེ་སློང་དང་དགེ་སློང་མ་རྣམས་ལ་བཤོས་དྲངས་ནས་མདུན་དུ་འདུག་སྟེ་ཆོས་ཉན་པར་བྱེད་དོ། །དེ་ནས་དེས་སྐྱབས་འགྲོ་དང་བསླབ་པའི་གཞི་ཡང་བླངས་ནས་ཁྱིམ་ལ་གནས་བཞིན་དུ་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱས་ཏེ་རྫུ་འཕྲུལ་ཡང་གྲུབ་བོ། །དེས་བདེན་པ་མཐོང་ནས་ཕ་མ་ལ་རབ་ཏུ་བྱུང་བར་གསོལ་པ་དང་། ཕ་མས་བདག་གཉིས་ལ་དབང་མེད་ཀྱི་ཁྱོད་སྔར་མ་སྐྱེས་པའི་གོང་ནས་གཞན་ལ་བྱིན་ཟིན་པས་གནང་བར་བྱར་མི་རུང་མོད། འོན་ཀྱང་ཁྱོད་ཉིད་ཀྱིས་ཁྱིམ་ཐབ་ལ་གསོལ་པ་ཐོབ་ཅིག་ཅེས་སྨྲས་ནས། ཁྱིམ་བདག་བྱིན་པས་སང་གི་གདུགས་ཚོད་ལ་སངས་རྒྱས་འཁོར་དང་བཅས་པའང་སྤྱན་དྲངས་ཤིང་། ཁྱིམ་བདག་རི་དྭགས་འཛིན་ལའང་གོ་བར་བྱས་ཏེ་བུ་མོ་རབ་ཏུ་བྱུང་བར་འདོད་པས་བཟློག་མི་ནུས་པས་ཁྱོད་ཀྱང་ཤོག་ལ་ཟློག་ཅིག་ཅེས་བྱས་སོ། །ཕྱིར་ཉིན་སངས་རྒྱས་འཁོར་དང་བཅས་པ་བྱོན་ནས་བཤོས་གསོལ་ཏེ་ཁྱིམ་བདག་འཁོར་དང་བཅས་པ་ལ་ཆོས་བསྟན་ནས་གཤེགས་པའི་རྗེས་སུ་ཆོས་བྱིན་མ་ཡང་། དགེ་སློང་མའི་དགེ་འདུན་དང་ཐབས་ཅིག་ཏུ་སོང་ངོ་། །དེ་རི་དྭགས་འཛིན་ཕ་བུ་འཁོར་དང་བཅས་པས་མཐོང་ནས། ཁྱེའུ་ས་གས་བུ་མོ་ཆོས་བྱིན་མ་བཟུང་བར་བརྩམས་པ་དང་། དེ་སྟེང་གི་ནམ་མཁའ་ལ་འཕགས་ཏེ་འབར་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་པས་ཁྱེའུ་ས་ག་མངོན་པར་དད་ནས་ཞབས་ལ་ཕྱག་བྱས་ཏེ་བཟོད་པར་གསོལ་ནས་ཅི་བདེ་བར་གནང་ངོ་། །དེ་ནས་དེ་དགེ་སློང་མའི་གཙུག་ལག་ཁང་དུ་སོང་སྟེ། རབ་ཏུ་བྱུང་ནས་དགེ་སློང་མ་རྣམས་ཀྱིས་དེ་ལ་དགེ་ཚུལ་གྱི་བསླབ་གཞི་རྣམས་ཀྱང་ཕོག་ཆོས་དྲུག་གི་བསླབ་པའི་སྡོམ་པ་ཡང་ཕོག་ནས་དེས་ལོ་གཉིས་ཀྱི་བར་དུ་ཆོས་དྲུག་ལ་བསླབས་ནས་བསྙེན་པར་རྫོགས་པར་འདོད་པའི་ཚེ་དགེ་སློང་མ་རྣམས་ཀྱིས་དེ་ལ་ཚངས་པར་སྤྱོད་པའི་གནས་ཀྱི་སྡོམ་པ་ཕོག་སྟེ། བསྙེན་པར་རྫོགས་པར་བྱ་བའི་ཕྱིར་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་དོ། །དེའི་ཚེ་སྔར་འདི་ཉིད་ཀྱི་གཟུགས་བྱད་ལ་ཆགས་པས་སྐྱེ་བོ་མང་པོས་བསླངས་ཀྱང་བདག་པོའི་དབང་དུ་གྱུར་པ་སུ་ལའང་མ་བྱིན་པས། དེ་དག་གིས་སྔར་ཁྱིམ་ན་གནས་པའི་ཚེ་བདག་ཅག་གིས་མ་ཐོབ་ཀྱང་འདི་རབ་ཏུ་བྱུང་ཟིན་གྱིས་ལམ་དུ་བདག་ཅག་གིས་ཕྲོགས་ཏེ་ཅི་དགར་ལོངས་སྤྱད་པར་བྱའོ་ཞེས་གྲོས་བྱས་པ་དགེ་སློང་མ་རྣམས་ཀྱིས་ཐོས་པས། ང་འདི་རྒྱལ་བྱེད་ཀྱི་ཚལ་དུའང་ཁྲིད་མི་ནུས་ལ་འདིར་བཞག་པར་ཡང་མི་ནུས་སོ་སྙམ་ནས་ཕ་མའི་ཁྱིམ་དུ་ཁྲིད་དེ་དེར་བཞག་གོ །དེ་ནས་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འོ་ན་དགེ་སློང་མ་ཆོས་བྱིན་མ་ཕྲིན་གྱིས་བསྙེན་པར་རྫོགས་པར་གནང་གིས་ཕྱིན་ཆད་གཞན་ཞིག་ཕྱི་རོལ་དུ་འབྱུང་བ་ལ། འདི་འདྲ་བའི་ཉེས་དམིགས་འབྱུང་བར་གྱུར་ན། དེ་ཡང་ཕྲིན་གྱིས་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་བཀའ་སྩལ་པས། དགེ་སློང་མ་རྣམས་ཀྱིས་དེ་ཕྲིན་གྱིས་བསྙེན་པར་རྫོགས་པར་བྱས་ཏེ། གཞུང་བཞིན་རྒྱས་པར་བརྗོད་ནས་ཆོས་བྱིན་མ་ཁྱོད་བསྙེན་པར་རྫོགས་ཟིན་གྱིས་བག་ཡོད་པར་ནན་ཏན་གྱིས་ཤིག་ཅེས་བྱས་སོ། །དེ་ཐོས་མ་ཐག་པར་ཆོས་བྱིན་མས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེའི་ཚེ་དགེ་སློང་དག་གིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ། ཝཱ་རཱ་ཎ་སཱིའི་ཁྱིམ་བདག་ཅིག་གི་བུ་མོ་རབ་ཏུ་བྱུང་བར་འདོད་པ་ན། དེ་ཕྱི་རོལ་དུ་བྱུང་བ་ལས་ཉེས་དམིགས་སུ་གྱུར་ནས། བཅོམ་ལྡན་འདས་འོད་སྲུང་གིས་དེ་ཕྲིན་གྱིས་བསྙེན་པར་རྫོགས་པར་གནང་སྟེ། དེ་ལ་ཕྲིན་བསྐྱལ་ཞིང་ནན་ཏན་དུ་གདམས་པར་ཟིན་པ་ན། དེས་དགྲ་བཅོམ་མ་མངོན་དུ་བྱས་ཏེ་འབར་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་ནས་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་པ་ན། མཁན་མོ་དེས་དེའི་སྐུ་གདུང་ལ་ཡང་མཆོད་པ་བྱས་ཤིང་ཚེ་གཅིག་ཏུ་ཚངས་པར་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་མཁན་མོ་དེ་ནི་ཆོས་བྱིན་མ་སྟེ། དེའི་དུས་ཀྱི་སྨོན་ལམ་གྱི་ཁྱད་པར་གྱིས་འདིར་ཡང་ཕྲིན་ཆོག་གིས་བསྙེན་པར་རྫོགས་ནས། དགྲ་བཅོམ་པ་ཉིད་མངོན་དུ་བྱས་པ་ཡིན་ནོ་གསུངས། འདི་དག་གིས་ཀྱང་ཚངས་སྤྱོད་ལེགས་པར་སྲུང་བ་སོགས་ཀྱི་ཕན་ཡོན་བསྟན་ཏོ། །

གཞན་གྱི་སྲོག་བཅད་པ་དང་གཡོ་སྒྱུས་རྫུན་སྨྲས་ཏེ་གཞན་གྱི་ཆུང་མ་ཕྲོགས་པའི་ཉེས་དམིགས་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། འཕགས་པ་མོའུ་འགལ་གྱི་བུ་དམྱལ་བ་ལ་སོགས་པའི་འགྲོ་བ་ལྔའི་རིས་རྣམས་སུ་སོང་ནས་ཕྱིར་འོངས་ཏེ་མི་རྣམས་ལ་དེ་དག་གི་སྡུག་བསྔལ་གྱི་ཁྱད་པར་རྣམས་བཤད་ནས་སྐྱོ་བ་བསྐྱེད་པར་བྱེད་པ་ལས་ལན་གཅིག་དུད་འགྲོའི་ནང་དུ་འགྲོ་བར་ཆས་ནས། མཐའ་རྒྱ་མཚོ་ཆེན་པོའི་འགྲམ་དུ་བྱོན་པ་ལས། གནས་དེ་ན་ཆུ་སྲིན་ཉ་མིད་ཆེན་པོ་ལུས་དཔག་ཚད་ཉིས་སྟོང་ཆིག་བརྒྱ་ཡོད་པ་ལ། དེ་བས་ཆུང་བའི་ཆུ་སྲིན་གཞན་མང་པོ་ལྷགས་ཏེ། དེའི་ལུས་ལས་དུམ་བུ་དུམ་བུ་གྲངས་གཅིག་ཙམ་ནས། དཔག་ཚད་བརྒྱ་ཙམ་གྱི་བར་དུ་བཅད་ཅིང་ཟ་བར་བྱེད་ལ། དེས་སྡུག་བསྔལ་ཏེ་མ་བཟོད་ནས་ཕྱིར་ཐང་ལ་བྱུང་བ་དང་། དེའི་ལས་ལས་སྐྱེས་པའི་གནོད་སྦྱིན་ལྔ་བརྒྱ་བྱུང་ནས་ཞག་ལྔ་བརྒྱ་བྱུང་ནས་ཞག་ལྔ་བརྒྱའི་བར་དུ་སྟ་རེ་ལྔ་བརྒྱས་རྩིབ་མ་ཞེ་གཅིག་གཅོད་པར་བྱེད་དོ། །དེ་བཅད་པ་ན་ན་ཚ་མི་བཟོད་པའི་སྐད་ཆེན་པོ་ཕྱུང་སྟེ་ཕྱིར་ཏེ་ཕྱིར་ཡང་རྒྱ་མཚོར་ཞུགས་ཤིང་འགྲེ་བར་བྱེད་པས། དེའི་ཁྲག་གིས་རྒྱ་མཚོ་ཆེན་པོ་ཡང་འཁྲུགས་ཤིང་འདྲེས་པ་ལ་ཁྲག་གི་རྒྱ་མཚོ་བཞིན་དུ་སྣང་ཞིང་། དེའི་ནང་དུ་སྲོག་ཆགས་དག་གིས་སྔར་བཞིན་དུ་བཟའ་བར་བྱེད་པ་ཤིན་ཏུ་སྡུག་བསྔལ་གྱིས་ཉམ་ཐག་པ་ཞིག་མཐོང་ངོ་། །དེ་ནས་དེ་ལས་ཅི་བགྱིས་དང་གནས་གང་ནས་འཕོས་མངོན་ཤེས་ཀྱི་རྩལ་ཅི་ཡོད་ཀྱིས་བརྟགས་ཀྱང་དུད་འགྲོ་ནས་དུད་འགྲོར་སྐྱེས་ཏེ་དེ་ལྟ་བུའི་སྡུག་བསྔལ་འབའ་ཞིག་ཏུ་སྤྱོད་པ་ལས་སྔོན་གྱི་མཐའ་མ་མཐོང་ངོ་། །དེས་བཅོམ་ལྡན་འདས་ལ་ཞུར་བར་བྱའོ་སྙམ་སྟེ། རྒྱ་མཚོའི་འགྲམ་ནས་མི་སྣང་བར་གྱུར་ཏེ་མཉན་དུ་ཡོད་པར་འོངས་ནས། བཅོམ་ལྡན་འདས་འཁོར་མང་པོ་ལ་ཆོས་སྟོན་པའི་སྔར་ཕྱིན་ནས་དེའི་ལས་ཀྱི་རྒྱུ་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། མང་གལ་གྱི་བུ་སེམས་ཅན་དེ་ནི་སྡིག་པའི་ལས་བྱེད་བྱེད་པ་ཡིན་ཏེ་དེས་སྡིག་པའི་ལས་མང་དུ་བྱས་སོ། །སྔོན་བྱུང་བ་འདས་པའི་དུས། ཡང་དག་པར་རྫོགས་པའི་སངས་རྒྱས་རི་བོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པའི་ཚེ། ཁྱིམ་བདག་གཅིག་གིས་དད་པ་རྙེད་ནས་ཆོས་ཉན་པས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེའི་ཆུང་མ་ནི་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཞིག་སྟེ། ཁྱིམ་ཐབ་ཀྱིས་དེ་ལ་སྨྲས་པ། བཟང་མོ་བདག་གིས་ནི་བཅོམ་ལྡན་འདས་ལས་ཚངས་པར་སྤྱོད་པའི་གཞི་ལྔ་མནོས་ཟིན་གྱིས། གལ་ཏེ་ཁྱོད་འདི་ཉིད་དུ་འདུག་ནའང་ངས་ཟས་གོས་སྦྱིན་པར་བྱའོ། །འོན་ཏེ་སྐྱེ་བོ་གཞན་འདོད་ནའང་བདག་གིས་ཁྱོད་དེ་ལ་སྦྱིན་ནོ། །དེས་སྨྲས་པ། བདག་ལ་སྐྱེས་པ་གཞན་མི་འཚལ་གྱིས། བདག་གིས་ཇོ་བོ་ཉིད་ཀྱི་བསྙེན་བཀུར་བགྱིད་དོ་ཞེས་བྱས་སོ། །བུད་མེད་དེའི་བྱད་གཟུགས་ལ་སྐྱེ་བོ་མང་པོས་ཡིད་སྨོན་བྱེད་པ་ལས། ནམ་ཞིག་རྒྱལ་པོའི་བློན་པོ་ཞིག་གིས་བསམ་ངན་འགྱུས་ཏེ་ཁྱིམ་བདག་འདི་མེད་པར་བྱས་ནས་དེའི་འོག་ཏུ་ཕྲོག་གོ་སྙམ་ནས། དེས་གསེར་དངུལ་མང་པོ་ཁྱེར་ནས་དཔང་པོ་དང་བཅས་ཏེ་དགེ་བསྙེན་དེ་ལ་བཅོལ་ནས། ཕྱིས་ཞིག་ན་དཔང་པོ་མེད་པར་རང་ཉིད་ཀྱིས་ཕྱིར་བླང་ངོ་། །དེའི་རྗེས་སུ་དཔང་པོ་རྣམས་ཁྲིད་ནས་རྒྱལ་པོའི་དཀོར་རྣམས་ག་རེ་བྱས་པས། དགེ་བསྙེན་གྱིས་གཏམ་བཤད་ཀྱང་དཔང་པོ་མེད་པས་ཕམ་པར་བྱས་ཏེ། དགེ་བསྙེན་དེ་རྒྱལ་པོའི་ཕོ་བྲང་དུ་ཁྲིད་ནས་འབྲིང་བློོན་གྱིས་བཞུས་ནས་བསད་དོ། །དེའི་རྗེས་སུ་དགེ་བསྙེན་ལ་བུ་ཡང་མེད་པས་ནོར་རྫས་རྣམས་ཀྱང་བསྡུས། ཆུང་མ་དེ་ཡང་རང་ཁྱིམ་དུ་ཁྲིད་དེ་ཆུང་མ་བྱའོ་སྨྲས་པས། དེས་བདག་གིས་འདིའི་རུས་བུ་ལ་མཆོད་པ་མ་བྱས་པར་འདུས་སུ་མི་རུང་གིས་དེའི་རྗེས་སུ་ཇི་ལྟར་དགྱེས་པ་དེ་བཞིན་དུ་བྱའོ། །ཞེས་བྱས་པས། བློན་པོ་དེས་དགེ་བསྙེན་གྱི་རུས་པ་དུར་ཁྲོད་དུ་ཁྱེར་ནས་མེར་བསྲེགས་ཏེ་ཕྱོགས་གཅིག་ཏུ་འདུག་པ་ན། བུད་མེད་དེ་མེ་འབར་བའི་ནང་དུ་མཆོངས་ནས་ཤིའོ། །དེའི་དུས་ཀྱི་བློན་པོ་དེ་ནི་ཆུ་སྲིན་དུ་གྱུར་པ་འདི་ཡིན་ཏེ། ལས་དེ་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ་ལོ་སྟོང་ཕྲག་མང་པོར་སྡུག་བསྔལ་མྱོང་ནས་ཤི་འཕོས་ཏེ། དུད་འགྲོའི་ནང་དུ་སྐྱེས་ཏེ། དུད་འགྲོ་ལས་ཚེ་འཕོས་ཏེ་དུད་འགྲོ་འབའ་ཞིག་ཏུ་སྐྱེས་ཏེ་སྡུག་བསྔལ་འདི་ལྟ་བུ་ཤ་སྟག་མྱོང་ངོ་། །ད་དུང་ཡང་དེ་ལྟ་བུའི་ཚུལ་གྱིས་སྡུག་བསྔལ་ཏེ། མཐར་རྫོགས་པའི་སངས་རྒྱས་ཡིད་བཟང་ཞེས་བྱ་བ་འཇིག་རྟེན་དུ་འབྱོན་པར་འགྱུར་ཏེ་དེའི་ཚེ་འདིའི་ལས་ཟད་དེ་མིར་གྱུར་ནས་རབ་ཏུ་བྱུང་ཞིང་འབྲས་བུ་ཐོབ་པར་འགྱུར་རོ་གསུངས་པས་སྐྱེ་བོ་རྣམས་རབ་ཏུ་སྐྱོ་བར་གྱུར་ཞིང་། དེ་དང་མཐུན་པར་ཆོས་བསྟན་པས་སྐྱེ་བོ་དཔག་ཏུ་མེད་པ་སྨིན་པ་དང་གྲོལ་བའི་ལམ་ལ་བཀོད་དོ། །འདིས་ནི་གཞན་གྱི་སྲོག་བཅད་པ་དང་གཡོ་སྒྱུས་རྫུན་སྨྲས་ཏེ་གཞན་གྱི་ཆུང་མ་ཕྲོགས་པའི་ཉེས་དམིགས་བསྟན་པ་ཡིན་ནོ། །ཡང་གླེང་གཞི་སྔར་ལྟར་ལ། འཕགས་པ་མོའུ་འགལ་གྱི་བུ་རེས་གཅིག་ཡི་དྭགས་ཀྱི་གནས་སུ་བྱོན་པས། ཡི་དྭགས་ལུས་ཆེ་ལ་རོ་སྨད་ནི་ཐ་མལ་པར་འདུག་པ་ལ་རྐེད་པ་ཡན་ཆད་ནི་ལུས་གཉིས་སུ་གྱུར་ཏེ། དེ་ཡང་མེ་འབར་ཞིང་ཕན་ཚུན་དུ་རྒྱུ་བ་ན། དེའི་ལས་ལས་སྐྱེས་པའི་ལྕགས་ཀྱི་མཆེ་བ་ཅན་གྱི་སེང་གེ་དང་སྟག་གཟིག་དྲེད་ལ་སོགས་པ་བྱུང་ནས། དེའི་ཤ་རྣམས་བཅད་ཅིང་ཟ་བར་བྱེད་ལ་མི་དག་འོངས་ནས་ཀྱང་རལ་གྲི་རྣོན་པོས་དེའི་ལུས་ཀྱི་སྟོད་གཅོད་པར་བྱེད་དེ། གཅིག་བཅད་ན་ཅིག་ཤོས་འབྱུང་ལ་ཅིག་ཤོས་བཅད་ན་ཡང་གཅིག་འབྱུང་བར་འགྱུར་ཏེ། རྒྱུ་དེས་སྡུག་བསྔལ་ནས་སྐད་ཆེན་པོས་ངུ་བར་གཟིགས་ནས། དེའི་ལས་ཀྱི་རྒྱུ་བརྟགས་པས་རང་གི་མངོན་པར་ཤེས་པས་རྟོགས་སུ་ཟིན་ཀྱང་། སྐྱེ་བོ་གཞན་མང་པོ་ལ་ཕན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ། འདི་རབ་ཏུ་བྱུང་ནས་ཞལ་ཏ་བར་གྱུར་ཏོ། །དེས་དགེ་སློང་དབྱར་གནས་བཅས་པ་རྣམས་ཀྱི་གོས་དང་རྙེད་པ་རྣམས་བཅད་ནས་དགུན་གནས་པ་རྣམས་ལ་ཕུལ། དགུན་གནས་བཅས་པ་རྣམས་ཀྱི་གོས་དང་རྙེད་པ་རྣམས་བཅད་དེ་དབྱར་གནས་བཅས་པ་རྣམས་ལ་ཕུལ་བས་རྒྱུ་དེས། རོ་སྟོད་གཉིས་སུ་གྱུར་ཅིང་ལས་ལས་སྐྱེས་པའི་མི་དག་གིས་གཅོད་ཅིང་ཡང་སྐྱེ་ལ་གཅོད་པར་བྱེད་དོ། །དབྱར་དགུན་གྱི་དགེ་འདུན་གཉིས་ཀའི་རྙེད་པ་ལས་བཅད་ནས་བདག་གིས་ཀྱང་སྤྱོད་ལ་གཞན་དག་ལའང་བྱིན་པ་ལས་དེའི་རྣམ་སྨིན་གྱིས་ལྕགས་ཀྱི་མཆེ་བ་ཅན་གྱི་སེང་གེ་ལ་སོགས་པས་ཤ་རྣམས་བཅད་ཅིང་ཟ་བར་བྱེད་དེ་ཚུལ་དེ་ལྟ་བུས་སྡུག་བསྔལ་མྱོང་མྱོང་ནས། མ་འོངས་པ་ན་སངས་རྒྱས་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པའི་ཚེ། འདིའི་སྡུག་བསྔལ་གྱི་ཐ་མར་འགྱུར་རོ་གསུངས།

ཡི་དྭགས་ཀྱི་གནས་སུ་བྱོན་པ།

༈ ཡང་གླེང་གཞི་སྔར་ལྟར་ལས་འཕགས་པ་མོའུ་འགལ་གྱི་བུ་ཡི་དྭགས་ཀྱི་གནས་སུ་བྱོན་པས། ཡི་དྭགས་ལུས་ལ་མེ་འབར་ཞིང་། སེང་གེ་སོགས་སྲོག་ཆགས་ལྕགས་ཀྱི་མཆེ་བ་ཅན་མང་པོས་དེའི་ལུས་ཀྱི་ཤ་བཅད་ནས་ཟ་བས་སྡུག་བསྔལ་ཏེ་ཕན་ཚུན་དུ་རྒྱུག་པར་བྱེད་ཅིང་གལ་ཏེ་དེ་ཆབ་ཀྱི་ནང་དུ་ཞུགས་ན་ནི་ལྕགས་ཀྱི་མཆེ་བ་ཅན་གྱི་ཆུ་སྲིན་རྣམས་བྱུང་ནས་ཟ་བར་བྱེད་ལ། ནམ་མཁའ་ལ་མཆིས་ན་ནི་གདུག་པའི་བྱ་ལྕགས་མཆུ་ཅན་དག་གིས་ཟ་བར་བྱེད་པ་ཞིག་གཟིགས་པས། དོན་དེ་བཅོམ་ལྡན་འདས་ལ་གསོལ་བ་ན། དེ་ཡང་སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་དགེ་སློང་ཞལ་ཏ་བར་གྱུར་ཏེ། དེས་སྦྱིན་བདག་མང་པོ་ལ་བསྐུལ་ནས་དགེ་འདུན་དང་མཆོད་རྟེན་གྱི་ཕྱིར་བསླངས་ནས་ཅི་དགའ་བར་སྤྱོད་ཅིང་གཞན་དག་ལའང་བྱིན་པའི་རྒྱུ་དེས་ཡི་དྭགས་སུ་སྐྱེས་ཏེ་སྡུག་བསྔལ་དེ་ལྟ་བུ་མྱོང་བར་གསུངས་སོ། །

ཡང་གླེང་གཞི་སྔར་ལྟར་གྱིས་ཚེ་དང་ལྡན་པ་དགའ་བྱེད་ཡི་དྭགས་ཀྱི་གནས་སུ་བྱོན་པ།

༈ ཡང་གླེང་གཞི་སྔར་ལྟར་གྱིས་ཚེ་དང་ལྡན་པ་དགའ་བྱེད་ཡི་དྭགས་ཀྱི་གནས་སུ་བྱོན་པས། དེར་ཡི་དྭགས་མོ་སྒྲེན་མོར་འདུག་ལ་རང་གི་སྐྲས་གཡོགས་པ་སྡོང་པོ་མེས་རེག་མ་འདྲ་ལ་དམུས་ལོང་དུ་འདུག་པ་དེའི་ཁ་སྣ་ནས་སྲིན་བུ་མང་པོ་བྱུང་བ་དང་དེས་དཔག་ཚད་དུ་མར་དྲི་མནམ་པས་གང་བར་བྱེད་དེ་ཕན་ཚུན་རྒྱུག་ལ་དེ་གང་དུ་འགྲོ་བ་དེ་དང་དེར་ཁྱི་སྔོ་བཀྲ་དག་གིས་གཙེས་ནས་རྒྱུ་དེས་སྡུག་བསྔལ་མི་བཟད་པའི་ཚོར་བ་མྱོང་སྟེ། སྐད་ཆེན་པོས་ངུ་བ་མཐོང་ནས། དེའི་ལས་ཀྱི་རྒྱུ་བརྟགས་པས་རང་ཉིད་ཀྱིས་རྟོགས་པར་གྱུར་མོད། སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་བཅོམ་ལྡན་འདས་ལ་ཞུས་པས། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་མ་སྡེ་སྣོད་གསུམ་ལ་མཁས་ཤིང་ཆོས་སྨྲ་བ་མོར་གྱུར་ཏེ་རྙེད་པ་ཆེན་པོ་བྱུང་ནས། དེས་སྦྱིན་བདག་རྣམས་ལ་བསྐུལ་ཏེ། གཙུག་ལག་ཁང་དང་མཆོད་རྟེན་བྱེད་དུ་བཅུག་ནས། སངས་རྒྱས་ལ་སོགས་པ་དང་དགེ་སློང་མའི་དགེ་འདུན་ལ་ཕུལ་ཏེ། དགེ་སློང་མ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་ལས། དེ་བྱད་གཟུགས་དང་ལང་ཚོ་དང་ཆོ་རིགས་ཀྱིས་རྒྱགས་པས་དྲེགས་ནས་ཚུལ་ཁྲིམས་བསྲུང་མ་ནུས་ཏེ། དེས་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱིས་དཀོར་དང་འཚོ་བ་ནར་མ་དང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་གྱི་དགའ་མགུར་སྤྱད་པས་དགེ་སློང་མ་རྣམས་ཀྱིས་ཚོར་ཏེ། དེ་དགེ་སློང་མའི་གནས་ནས་བསྐྲད་པས། དེ་ཁྲོ་བའི་སེམས་སྐྱེས་ཏེ་སློབ་པ་དང་མི་སློབ་པའི་དགེ་སློང་མ་མང་པོ་ཞིག་ལ་ཚིག་རྩུབ་ཀྱིས་སྤྱོས་ཤིང་སྦྱིན་བདག་གི་ཁྱིམ་དུ་ཡང་འདི་དག་ནི་ཚུལ་ཁྲིམས་འཆལ་བ་དང་སྡིག་པའི་ཆོས་ཅན་ཡིན་ནོ་ཞེས་བསྔགས་པ་མ་ཡིན་པ་བརྗོད་ལ། དེ་དག་གི་རྙེད་པ་དང་བཀུར་སྟིའི་བར་ཆད་ཀྱང་བྱས། སྡང་མིག་གིས་ཀྱང་བལྟས་པས་ལས་དེས་ཡི་དྭགས་སུ་སྐྱེས་ཏེ། དེ་ཡང་དེ་དག་གི་རྙེད་བཀུར་གྱི་བར་ཆད་བྱས་པས་ཡི་དྭགས་ཀྱི་རིས་དང་། ཚིག་རྩུབ་ཀྱི་སྤྱོས་པས་ཁ་སྣ་ནས་སྲིན་བུ་མང་པོ་བྱུང་བ་དང་། སྐུར་བ་བཏབ་པས་དཔག་ཚད་དུ་མར་དྲི་མ་ངན་པས་ཁྱབ་པ་དང་། སྡང་མིག་གིས་བལྟས་པས་དམུས་ལོང་དང་། དཀོར་ལ་སྤྱོད་པས་ཁྱི་སྔོ་བཀྲས་ཟ་བར་གྱུར་པར་གསུངས་སོ། །

གླེང་གཞི་སོགས་སྔར་ལྟར་གྱིས་འཕགས་པ་མོའུ་འགལ་གྱི་བུ་ཆེན་པོ་ཡི་དྭགས་ཀྱི་གནས་སུ་བྱོན་པ།

༈ ཡང་གླེང་གཞི་སོགས་སྔར་ལྟར་གྱིས་འཕགས་པ་མོའུ་འགལ་གྱི་བུ་ཆེན་པོ་ཡི་དྭགས་ཀྱི་གནས་སུ་བྱོན་པས། དེར་སེམས་ཅན་ཤའི་སྣག་བུ་འདྲ་བ་ལ་གཙང་ཁང་ཕྱུར་པོ་ཙམ་ཞིག་འདུག་སྟེ། དེ་ས་ལ་འདུག་ན་ནི་སྲོག་ཆགས་ཁབ་ཀྱི་མཆུ་ཅན་ཤ་སྟག་གིས་ཟ་བར་བྱེད་ལ། གལ་ཏེ་མཁའ་ལ་འཕགས་ན་ཡང་དེའི་ལུས་ཐམས་ཅད་མེར་འབར་ཏེ་ཤིན་ཏུ་སྡུག་བསྔལ་བར་མཐོང་ནས། དོན་དེ་བཅོམ་ལྡན་འདས་ལ་གསོལ་པ་ན་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་ཞལ་ཏ་བར་གྱུར་ཏེ། དེས་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་སོགས་བག་མེད་པར་རང་གཅིག་པས་སྤྱོད་ཅིང་། ཁ་ཅིག་བསགས་ཏེ་བཞག་པ་ལས་ཕྱིས་ཞིག་ན་དེ་ནད་ཀྱིས་ཐེབས་པས་ནོར་རྣམས་ཉེ་དུ་ལ་སྦྱིན་པར་བརྩམས་པ་ན། དེ་དགེ་སློང་དག་གིས་མཐོང་ནས་བཀག་པས། དེ་ཁྲོས་ནས་རང་གཞན་གཉིས་ཅར་ལ་མི་ཕན་པར་བྱའོ་སྙམ་ནས་མེར་བསྲེགས་སོ། །དེའི་ལས་ཀྱི་རྒྱུས་ཚེ་འཕོས་ནས་ཡི་དྭགས་སུ་སྐྱེས་ཏེ། དཀོར་རྫས་རྣམས་རང་གཅིག་པུས་ཟོས་པས་ལུས་ཤའི་སྣག་བུ་འདྲ་ལ་གཙང་ཁང་ཕྱུར་པོ་ཙམ་དུ་གྱུར་ནས་སྲོག་ཆགས་ཁབ་ཀྱི་མཆུ་ཅན་དག་གིས་ཟ་བར་བྱེད་ལ། དཀོར་རྫས་མེར་བསྲེགས་ཤིང་ཆུད་ཟོས་སུ་སོང་བས་ལུས་ལ་མེ་འབར་ཞིང་སྡུག་བསྔལ་མྱོང་བར་གསུངས་སོ། །འདི་དག་གིས་ནི་ཞལ་ཏ་བ་སོགས་ཀྱིས་དགེ་འདུན་པའི་སྤྱི་རྫས་སོགས་དཀོན་མཆོག་གི་དཀོར་ལ་བག་མེད་དུ་སྤྱོད་པ་དང་ཡུལ་དམ་པ་ལ་ཁྲོས་པའི་དབང་གིས་ལུས་ངག་གི་ཉེས་པར་སྤྱོད་པའི་རྣམ་སྨིན་བསྟན་པ་ཡིན་ནོ། །

གཞན་གྱི་བསོད་ནམས་ཀྱི་གེགས་བགྱིས་པའི་ཉེས་དམིགས་དང་ཚུལ་ཁྲིམས་བསྲུང་ཞིང་སྨོན་པའི་ཕན་ཡོན་ཀྱང་བསྟན།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་བྲམ་ཟེ་དབུལ་པོ་རྒས་འཁོགས་ཤིག་ཡོད་པ་དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་ན། བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་ལ་ཆོས་སྟོན་པ་མཐོང་ནས། དེ་ལ་བུ་ཡི་འདུ་ཤེས་སྐྱེས་ཏེ། ངའི་བུ་ཞེས་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་མགུལ་ལ་འཇུས་སོ། །དེ་དགེ་སློང་རྣམས་ཀྱིས་བཀག་པ་ན། བཅོམ་ལྡན་འདས་ཀྱིས་དེ་མ་བཀག་ཅིག བཀག་ན་དེ་ཁྲག་དྲོན་མོ་བསྐྱུགས་ནས་འཆི་བར་འགྱུར་རོ་གསུངས། དེ་ནས་བྲམ་ཟེ་དེས་མགུལ་ནས་འཁྱུད་ཟིན་ནས་ཆོས་མཉན་པའི་ཕྱིར་འཁོད་པ་ན་བཅོམ་ལྡན་འདས་ཀྱིས་དེ་དང་མཐུན་པར་ཆོས་བསྟན་པས་སྟན་དེ་ཉིད་དུ་རྒྱུན་དུ་ཞུགས་པ་ཐོབ་ཅིང་། སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་པས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེའི་ལས་ཀྱི་རྒྱུ་གསོལ་བ་ན། བཅོམ་ལྡན་འདས་ཀྱིས། བྲམ་ཟེ་འདི་ནི་བདག་གི་སྐྱེ་བ་ལྔ་བརྒྱའི་ཕ་ཡིན་ལ། དེའི་བག་ཆགས་ཡོད་པས་ད་ལྟར་མཐོང་བ་དང་བུའི་འདུ་ཤེས་སྐྱེ་བར་འགྱུར་བ་ཡིན་ལ། དེའི་ཚེ་ངེས་པར་འབྱུང་བ་དང་སྦྱིན་པའི་བར་ཆད་བྱས་པས། ཕྱིན་ཆད་འདི་ངའི་ཕར་མ་གྱུར་ཅིག་ཅེས་ངས་སྨོན་ལམ་བཏབ་པ་དང་། ཡབ་ཟས་གཙང་མས་སངས་རྒྱས་རྣམ་གཟིགས་ཀྱི་སྤྱན་སྔར་བདག་སངས་རྒྱས་ཀྱི་ཡབ་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་སྟེ་རྒྱུ་གཉིས་ཀྱིས་ད་ལྟར་གྱི་བསྐྱེད་ཡབ་ཏུ་མ་གྱུར་ཏོ། །སྔོན་བྱང་ཆུབ་སེམས་དཔའི་སྦྱིན་སོགས་ལ་བར་ཆད་བགྱིས་པས་ད་ལྟར་དབུལ་ཞིང་ཉམ་ཐག་སྟེ་རྒས་འཁོགས་སུ་གྱུར་པ་དང་། སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་གཙང་མར་བསྲུང་སྟེ་འཆི་ཁར་སྨོན་ལམ་བཏབ་པས་དགྲ་བཅོམ་པའི་བར་དུ་གྱུར་ཏོ་གསུངས། འདིས་གཞན་གྱི་བསོད་ནམས་ཀྱི་གེགས་བགྱིས་པའི་ཉེས་དམིགས་དང་ཚུལ་ཁྲིམས་བསྲུང་ཞིང་སྨོན་པའི་ཕན་ཡོན་ཀྱང་བསྟན་ཏོ། །

ཞིང་དག་པ་ལ་མཆོད་པའི་བསོད་ནམས་དང་མཐོང་ཆོས་མྱོང་གྱུར་གྱི་ལས་ཀྱི་འབྲས་བུའང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་བྲམ་ཟེ་དབུལ་པོ་ཞིང་ལས་ཀྱིས་འཚོ་བའི་བཟའ་མི་གཉིས་ཡོད་པ་དེས་སངས་རྒྱས་འཁོར་བཅས་གྲོང་ཁྱེར་དུ་གཤེགས་པ་མཐོང་ནས་དད་པའི་སེམས་སྐྱེས་ཏེ། ཁ་ཟས་བཟང་པོ་དག་བཤམས་ནས་ཞིང་གི་སྟེང་དུ་འདུག་བཞིན་དུ་བཤོས་ཕུལ་ཞིང་། བཅོམ་ལྡན་འདས་ཀྱིས་ཀྱང་དེ་གཉིས་འདུལ་བའི་དུས་ལ་བབས་པར་དགོངས་ནས་དེར་གཤེགས་ཏེ་བཤོས་གསོལ་ནས་དེ་གཉིས་ཀྱི་རྐྱེན་དང་འཚམ་པའི་ཆོས་བསྟན་ནས་གཤེགས་སོ། །དེ་ནས་རིང་པོར་མ་ལོན་པར་བྲམ་ཟེ་གཟའ་མི་དེ་གཉིས་ཀྱིས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་ཅག་གཉིས་ཀྱི་དབུལ་བའི་རྒྱུན་ཆད་པར་གྱུར་ཅིག བདག་ཅག་གཉིས་ཀྱི་ཞིང་འདི་ལས་ནས་ཀྱི་མྱུ་གུ་སྐྱེས་པ་ཐམས་ཅད་ཀྱང་གསེར་གྱི་མྱུ་གུར་སྣང་ལ། དེ་དག་ཀྱང་དེ་ཁོ་ན་བཞིན་དུ་གྱུར་ཅིག གཞན་དུ་མ་གྱུར་ཅིག་ཅེས་བྱས་པས། དེའི་མོད་ལ་མྱུ་གུ་རྣམས་གསེར་དུ་གྱུར་པས། བདག་གཉིས་ཀྱི་སྨོན་ལམ་ནི་གྲུབ་ན། རྒྱལ་པོ་ལ་མ་གསོལ་བར་བདག་ཅག་གཉིས་ཀྱིས་ལོངས་སྤྱོད་པར་མི་ནུས་སོ་སྙམ་དུ་བསམས་ནས་རྒྱལ་པོ་གསལ་རྒྱལ་ལ་ཞུས་ཤིང་ཐོག་སྐལ་བཅད་དེ་ཕུལ་བས་རྒྱལ་པོས་ཀྱང་གསེར་དུ་མཐོང་ནས་ངོ་མཚར་ཏེ། བྲམ་ཟེ་ཁྱོད་ཀྱིས་ལས་ཅི་ཞིག་བྱས་ན་དེས་དཔལ་འདི་ལྟ་བུ་ཐོབ་པར་གྱུར། བྲམ་ཟེས་གསོལ་བ། ལྷ་བདག་གིས་དགེ་སྦྱོང་གོ་ཏ་མ་ལ་བཤོས་གསོལ་ལོ། །རྒྱལ་པོས་སྨྲས་པ། བྲམ་ཟེ་ཁྱོད་ཀྱིས་ནི་ཞིང་བཟང་པོ་ལ་ས་བོན་བཏབ་ཀྱིས་སོང་ལ་འཇིགས་ཤིང་བག་ཚ་བ་མེད་པར་སྤྱོད་ཅིགསྦྱིན་པ་དག་ཀྱང་བྱིན་ཅིག་བསོད་ནམས་དག་ཀྱང་གྱིས་ཤིག་ཅེས་སྨྲས་སོ། །དེ་ནས་བྲམ་ཟེ་དེ་རབ་ཏུ་དགའ་ནས། བདག་གིས་བཅོམ་ལྡན་འདས་ལ་བཀའ་དྲིན་བསབ་བོ་སྙམ་ནས་ཁྱིམ་གྱི་འབྱོར་པ་རྒྱ་ཆེན་པོ་བཤམས་ནས། སངས་རྒྱས་འཁོར་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་སྤྱན་དྲངས་ཏེ། ཡོ་བྱད་ཐམས་ཅད་སྦྱར་ཞིང་མཇུག་ཏུ་ན་བཟའ་རས་ཟུང་རེ་ཕུལ་ནས་ཆོས་ཉན་པའི་ཕྱིར་སྤྱན་སྔར་འདུག་གོ །དེ་ལ་བཅོམ་ལྡན་འདས་ཀྱིས་ཁམས་དབང་བསམ་པ་དང་མཐུན་པར་ཆོས་བསྟན་པས། བྲམ་ཟེ་འཁོར་དང་བཅས་པ་སྟན་དེ་ལ་འཁོད་བཞིན་དུ་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱས་ཏེ་བདེན་པ་མཐོང་ངོ་། །དེ་ནས་བྲམ་ཟེ་དེས་སྦྱིན་པ་དག་བྱིན་ཅིང་བསོད་ནམས་དག་བྱས་ཏེ་ཁྱིམ་བཏང་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་བས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པས། བཀའ་སྩལ་པ། དགེ་སློང་དག་འདས་པའི་ལས་ཀྱི་ཤས་ཀྱང་ཡོད་ལ། ད་ལྟར་གྱི་ལས་ཀྱི་ཤས་ཀྱང་ཡོད་དེ། འདས་པའི་ལས་ནི། སངས་རྒྱས་འོད་སྲུང་གི་བསྟན་པ་ལ་བྲམ་ཟེ་འདི་དགེ་སློང་དུ་གྱུར་ཏེ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་བོ། །ད་ལྟར་གྱི་ལས་ནི། འདིས་ཞལ་ཟས་ཕུལ་ཏེ་མྱུ་གུ་ག སེར་དུ་འགྱུར་བར་སྨོན་ལམ་བཏབ་པས་དེ་ལྟར་གྱུར་པ་ཡིན་ནོ་གསུངས། འདིས་ནི་ཞིང་དག་པ་ལ་མཆོད་པའི་བསོད་ནམས་དང་མཐོང་ཆོས་མྱོང་གྱུར་གྱི་ལས་ཀྱི་འབྲས་བུའང་བསྟན་པ་ཡིན་ནོ། །

ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་བསྟན་པ།

༈ ཡང་གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། ཡུལ་དེ་ན་བྲམ་ཟེ་ཕ་བུ་གཉིས་ཡོད་པ་ལས། ཕ་དེ་ཕྱིས་ཞིག་ན་དཀོན་མཆོག་གསུམ་ལ་དད་པར་གྱུར་ཏེ། སྐྱབས་འགྲོ་དང་བསླབ་པའི་གཞི་རྣམས་བླངས་ཤིང་། སངས་རྒྱས་འཁོར་དང་བཅས་པ་ལ་བསྙེན་བཀུར་ཞིང་ཆོས་ཉན་ནས་ཚེ་འཕོས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །དེར་ལྷ་རྣམས་ཀྱི་ཆོས་ཉིད་ཀྱིས་གནས་གསུམ་ལ་བརྟགས་པས། བདག་ཉིད་མི་ལས་ཤི་འཕོས་པ་དང་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་པ་དང་སངས་རྒྱས་འཁོར་བཅས་མཆོད་ཅིང་སྐྱབས་འགྲོ་དང་བསླབ་གཞི་བླངས་ནས་བསྲུངས་པའི་འབྲས་བུ་མཐོང་ནས་ཞག་མ་ལོན་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་ཆོས་ཉན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ། དེའི་ཚེ་བུ་དེས་ཕའི་རུས་བུ་དེ་བྱ་རྒོད་ཕུང་པོའི་རི་ལས་ཐག་མི་རིང་བ་ཞིག་ཏུ་ཕྱུང་སྟེ་བསྲེགས་ནས་དུར་ཁྲོད་དེ་ཉིད་དུ་འདུག་ཅིང་མྱ་ངན་གྱིས་བྲང་རྡུང་ཞིང་ཆོ་ངེས་འདེབས་པར་བྱེད་དོ། །དེ་མཐོང་ནས་ལྷ་དེ་དེའི་དྲུང་དུ་སོང་ནས། ང་ནི་ཁྱོད་ཀྱིས་ཕ་ཡིན་ཏེ་བསོད་ནམས་ཀྱི་ལས་ཀྱིས་ལྷར་སྐྱེས་པས་བདག་གི་དོན་དུ་བུ་ཁྱོད་ཀྱི་མྱ་ངན་བྱེད་མི་དགོས་ཀྱི་ཁྱོད་ཉིད་བཅོམ་ལྡན་འདས་ལ་སྐྱབས་སུ་སོངས་ཤིག་དང་ཁྱོད་ཀྱི་ལེགས་པ་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་སྨྲས་ཏེ་ཕྱིར་ལྷ་ཡུལ་དུ་སོང་ངོ་། དེ་ནས་བུ་དེས་ཀྱང་ཕའི་ངག་ཉན་ཏེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ནས་དྲུང་དུ་ཕྱིན་ཏེ་ཆོས་ཉན་པས་བདེན་པ་མཐོང་ཞིང་སླར་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་ཏེ་གཏམ་གསོལ་པ་ན། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་བྲམ་ཟེའི་ཁྱེའུ་འདི་བསྟན་པ་ལ་མ་དད་པ་ལས་ཕས་དད་པ་ཕུན་སུམ་ཚོགས་པ་ལ་བཞག་པ་ཡིན་ཏེ། སངས་རྒྱས་འོད་སྲུང་གི་དུས་སུའང་འདི་གཉིས་ཕ་བུར་གྱུར་ཏེ། ཕ་དེས་སངས་རྒྱས་ལ་དད་པར་གྱུར་ནས། སྐྱབས་འགྲོ་དང་བསླབ་གཞི་བླངས་ཏེ་ཤི་འཕོས་ནས་ལྷར་སྐྱེས་ཏེ། དེས་བུས་མྱ་ངན་བྱེད་པ་མཐོང་ནས་དེར་འོངས་ཏེ་སྔ་མ་བཞིན་དུ་བསྐུར་བས། བུ་དེས་ཀྱང་ཕའི་ངག་ཉན་ཏེ་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཚེ་གཅིག་ཏུ་ཚངས་པར་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པས། ད་ལྟར་དགྲ་བཅོམ་པའི་བར་དུ་གྱུར་པར་གསུངས་སོ། །འདིས་གཙོ་བོར་ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་བསྟན་ཏོ། །

འཕགས་པ་ལ་སེམས་སྡང་བར་བྱས་པ་དང་རྫུན་གྱིས་སྐུར་བ་བཏབ་པའི་ཉེས་དམིགས་བསྟན་པ།

༈ གླེང་གཞི་སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ་དགེ་སློང་ཀོ་ཀ་ལི་ཀ་འཇིགས་བྱེད་མའི་ཚལ་རི་དྭགས་ཀྱི་ནགས་ན་གནས་ཏེ། ཡུལ་ས་བ་ཀ་རི་ལ་གནས་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་དད་པར་བྱས་རྙེད་པ་ཆེན་པོར་གྱུར་ནས། དེར་དགེ་སློང་འོངས་སོ་ཅོག་ལ་བསྙེན་བཀུར་བྱེད་དོ། །དེའི་ཚེ་འཕགས་པ་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་ལྗོངས་རྒྱུ་ཞིང་དེར་བྱོན་པ་ན། དགེ་སློང་ཀོ་ཀ་ལི་ཀས་ཡོ་བྱད་སྦྱར་བར་བྱས་ཏེ་གཞན་གྱིས་མི་མཐོང་བའི་གནས་དབེན་པ་ཞིག་ཏུ་བཞུགས་ཏེ། དགེ་སློང་ཀོ་ཀ་ལི་ཀ་ལ་ཁྱོད་ཀྱིས་བདག་གཉིས་འདིར་གནས་སོ་ཞེས་སུ་ལའང་མ་སྨྲ་ཞིག གལ་ཏེ་གཞན་གྱིས་ཐོས་ནས་རྙེད་པ་ཆེན་པོ་དག་བྱུང་བར་གྱུར་ན་ཁྱོད་ལའང་མ་སྦྲན་པར་ཡུལ་གཞན་དུ་འགྲོའོ་ཞེས་སྨྲས་སོ། །དེ་ནས་ཕྱི་ཞིག་ནཀོ་ཀ་ལི་ཀ་དོན་ཞིག་ལ་ཡུལ་གཞན་ན་འགྲོ་དགོས་པར་བྱུང་ནས་དེའི་འཁོར་རྣམས་མཆོག་ཟུང་གཉིས་ལ་གཏད་དེ་དེའི་བར་ལ་ལུང་འབོག་པ་དང་ཡིད་ལ་བགྱིད་པའི་ལུང་གནང་བར་ཞུས་སོ། །དེ་ནས་མཆོག་ཟུང་གི་མངོན་ཤེས་ཀྱིས་གཟིགས་པས་དེ་དག་རང་གི་འདུལ་སྐལ་དུ་གཟིགས་ནས། མོའུ་འགལ་གྱི་བུས་རྫུ་འཕྲུལ་གྱིས་བསྐུལ། ཤཱ་རིའི་བུས་རྗེས་སུ་བསྟན་པའི་གདམས་ངག་བྱིན་པས་ཐམས་ཅད་ཀྱིས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེའི་ཚེ་གྲོང་དེ་ན་ཁྱིམ་བདག་ཀོ་ཀ་ལི་ཀ་ལ་ཤིན་ཏུ་དད་པ་ཞིག་ལ་བུ་ཞིག་ཡོད་པ་དེ། སྔར་ཕ་མས་རབ་ཏུ་བྱུང་བར་མ་གནང་བ་དེའི་ཚེ་གནང་བར་གྱུར་ནས། དེ་རབ་ཏུ་བྱུང་བའི་སླད་དུ་དགེ་སློང་ཀོ་ཀ་ལི་ཀ་འདྲི་ཞིང་གཙུག་ལག་ཁང་དུ་བྱུང་བ་དང་། དགེ་སློང་དེ་དག་གིས་ཁྱོད་ལ་ཀོ་ཀ་ལི་ཀས་ཅི་དགོས། གནས་འདིར་མཆོག་ཟུང་གཉིས་བཞུགས་པས་དེར་རབ་ཏུ་བྱུང་བར་གྱིས་ཤིག་སྨྲས་པས། དེ་ཐོས་པ་དང་རབ་ཏུ་དགའ་ནས་དེར་ཕྱིན་ཏེ་ཞབས་ལ་ཕྱག་བྱས་ནས་འདུག་པ་དང་། ཤཱ་རིའི་བུས་དེ་ལ་ཆོས་བསྟན་པས་སྟན་དེ་ཉིད་དུ་བདེན་པ་མཐོང་ཞིང་བསྙེན་པར་རྫོགས་ཏེ་ལུང་ཕོག་པས་དགྲ་བཅོམ་པ་ཐོབ་ཅིང་། དེས་རང་གི་ཕ་མ་གཉིས་ཀྱང་བདེན་པ་ལ་བཀོད་ནས། སྦྱིན་པ་དང་སྦྱིན་པའི་བགོ་བཤའ་ལ་ཡང་བཙུད་དོ། །དེ་ནས་ཕྱི་ཞིག་ན་ལྷ་རྣམས་ཀྱིས་ས་བ་ཀ་རི་ལ་སྒྲ་བསྒྲགས་ཏེ། ཀྱེ་ཁྱེད་ཀྱི་གྲོང་འདབས་ན་མཆོག་ཟུང་གཉིས་བཞུགས་པས་དེ་ལ་བསྙེན་བཀུར་ན་ལེགས་པ་རྙེད་དོ་ཞེས་བྱས་པས། དེ་ཐོས་པ་དང་ཡུལ་དེའི་སྐྱེ་བོ་མཐའ་དག་དེར་འདུས་པས་བསྙེན་བཀུར་ཆེན་པོ་བྱུང་ཞིང་། སྔར་གྱི་དམ་བཅས་པའང་དྲན་ནས་མཆོག་ཟུང་གཉིས་དགོན་པའི་གནས་དེ་ནས་དོང་ངོ་། །དེར་ཀོ་ཀ་ལི་ཀའི་སློབ་མ་དང་ཉེ་གནས་དག་ཀྱང་ཕྱི་བཞིན་དུ་འབྲང་བ་ན་དེ་དག་རྒྱལ་པོའི་ཁབ་ཏུ་བཏང་ནས་མཆོག་ཟུང་གཉིས་ལམ་གཞན་ཞིག་ཏུ་ཞུགས་ནས་བྱོན་པ་ན་ལམ་དུ་ཆར་པ་ཆེན་པོ་བབ་བོ། །རི་འགབ་དེ་ན་ཕུག་པ་ཞིག་ཡོད་དེ། དེར་མ་ཧེའི་རྫི་མོ་ཞིག་སྔར་ནང་དུ་སོང་བ་ལས་མི་གཉིས་ཀྱི་ཉལ་པོ་བྱས་ནས། དེ་གཉིས་ཕྱིར་སོང་བའི་འོག་ཏུ་མཆོག་ཟུང་དེར་བྱོན་པ་དང་འགྲིགས་ཏེ་ཕུག་པའི་སྒོ་དེར་བཞུགས་སོ། །དེའི་ཚེ་ཀོ་ཀ་ལི་ཀ་ཕྱིར་འཁོར་ནས་དྲིས་པས་གཏམ་དེ་ཐོས་ནས། དེ་གཉིས་ཀྱིས་བདག་ལ་མ་དྲིས་པར་སོང་བའི་སྟེང་དུ་བདག་གི་འཁོར་རྣམས་ཀྱང་དྲངས་ཏེ་སོང་ངོ་སྙམ་སྟེ་ཁྲོ་བར་གྱུར་ཅིང་། གོང་གི་ཁྱིམ་བདག་གི་བུ་དེ་གར་སོང་དྲིས་པས། དེ་ཡང་ཤཱ་རིའི་བུས་རབ་ཏུ་བྱུང་ཟིན་པར་ཐོས་པས་ཀྱང་ཆེར་ཁྲོས་ཤིང་། གྲོང་མི་རྣམས་ཀྱིས་ཀྱང་འཕགས་པ་རྣམ་གཉིས་གནས་འདིར་བཞུགས་པ་ཁྱོད་ཀྱིས་མ་སྦྲན་ནོ་ཞེས་སྙིང་ན་བའི་ཚིག་སྨྲས་པས། དེ་ཉིད་ཀྱིས་ཀྱང་མི་དགའ་ཞིང་རང་གི་འཁོར་རྣམས་ཕྱིར་བཀུག་པའི་སླད་དུ། མཆོག་ཟུང་གང་ལས་གཤེགས་པའི་ལམ་དེར་ཞུགས་ནས་མཐར་གྱིས་དེར་ཕྱིན་པས་མཆོག་ཟུང་ལ་ཕྱག་བྱས་ཏེ་གཏམ་སྨྲ་ཞིང་འདུག་པ་ན། མ་ཧེའི་རྫི་མོ་དེ་ཕུག་ནས་བྱུང་སྟེ་ཕྱིར་སོང་བ་དང་། ཀོ་ཀ་ལི་ཀ་ཁུ་འཕྲིག་ཟོས་ཏེ། དེ་མཚན་བརྟགས་ལ་མཁས་པས་རྟོག་པ་བཅུག་པ་ན་དེ་མི་གཉིས་དང་ཉལ་པོ་བྱས་པར་ཤེས་སོ། །དེ་མཐོང་མ་ཐག་ཏུ་སྡིག་ལྟའི་སེམས་སྐྱེས་ཏེ། འདི་གཉིས་ནི་སྡིག་པ་ལ་དགའ་བ་སྡིག་པའི་ཆོས་དང་ལྡན་པ་ཡིན་ནོ་ཞེས་ཚིག་རྩུབ་ཀྱིས་ཞེ་བཅད་ནས། རྒྱལ་པོའི་ཁབ་ཏུ་སོང་ནས་དགེ་སློང་མཐོང་ངོ་ཅོག་ལ་གཏམ་དེ་སྨྲ་ཞིང་ཕྱར་ཀ་བཏང་ངོ་། །དེ་བཅོམ་ལྡན་འདས་ཀྱིས་གསན་ནས། ཀོ་ཀ་ལི་ཀ་ལ་ལན་གསུམ་གྱི་བར་དུ། ཁྱོད་དགེ་སློང་ཤཱ་རིའི་བུ་དང་མོའུ་འ གལ་གྱི་བུ་གཉིས་ཤིན་ཏུ་དེས་པ་བྱེ་བྲག་ཕྱེད་པ་ཚངས་པ་མཚུངས་པར་སྤྱོད་པ་ལ་སེམས་དགའ་བར་གྱིས་ཤིག ཁྱོད་ཡུན་རིང་པོར་གནོད་པ་དང་མི་ཕན་པ་དང་སྡུག་བསྔལ་བར་འགྱུར་ཏ་རེ་ཞེས་བཀའ་སྩལ་ཀྱང་། བདག་ནི་བཅོམ་ལྡན་འདས་ལ་དད་ཅིང་གློ་བ་ཆེས་ཀྱིས་ཀྱང་དགེ་སློང་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་ནི་སྡིག་པ་ལ་དགའ་བ་སྡིག་པའི་སེམས་དང་ལྡན་པ་ལགས་སོ་ཞེས་སྨྲས་ཏེ་མ་ཉན་པར་སྟན་ལས་ལངས་ཏེ་སོང་ངོ་། །དེ་མ་ཐག་པར་དགེ་སློང་ཀོ་ཀ་ལི་ཀ་དེའི་ལུས་ཐམས་ཅད་འབྲས་ཀྱིས་གང་བར་གྱུར་ཏེ། དེ་ཆེར་སྐྱེས་ནས་རྡོལ་ཏེ་ལུས་ཐམས་ཅད་ནས་རྣག་ཁྲག་འཛག་ཅིང་ཁ་ནས་ཁྲག་དྲོན་མོ་བསྐྱུགས་ཏེ་བདག་ནི་ཚིག་གོ་ཞེས་ཟེར་གྱིན་ཚེ་འཕོས་ཏེ། ངན་སོང་དམྱལ་བ་ཆེན་པོ་པདྨ་ལྟར་གས་པ་ཆེན་པོར་སྐྱེས་སོ། །དེ་དེར་སྐྱེས་ནས་ལུས་དཔག་ཚད་མང་པོ་དང་ལྡན་པར་གྱུར་ཏེ། དམྱལ་སྲུང་རྣམས་ཀྱིས་དེའི་ལྕེ་ཕྱུང་སྟེ། ལྕགས་བསྲེགས་ཀྱི་ས་གཞིར་ལྕགས་ཀྱི་ཕུར་པ་མེ་འབར་བ་ཤ་སྟག་གིས་བརྒྱངས་ནས། རྨོས་དོར་ལྔ་བརྒྱ་རྨོ་བར་བྱེད་ཅིང་ཐོང་བཤོལ་དང་གླང་རྣམས་ཀྱི་རྨིག་པ་ཡང་སྤུ་གྲིའི་སོ་ལྟར་རྣོ་ཞིང་མེ་རབ་ཏུ་འབར་བར་གྱུར་ཏེ་གཅོད་ཅིང་གཏུབ་པས་སྡུག་བསྔལ་ཞིང་དེའི་ཁོ་ར་ཁོར་ཡུག་ནས་ལྕགས་ཀྱི་མཆེ་བ་ཅན་གྱི་ཁྱི་དང་སེང་གེ་སྟག་གཟིག་དོམ་དྲེད་སོགས་ལྷགས་ནས་ཟ་བ་དང་། སྟེང་གི་ནམ་མཁའ་ལས་ཀྱང་ལྕགས་མཆུ་ཅན་གྱི་བྱ་རྒོད་དང་བྱ་རོག་དང་ཆུན་ལག་རྣམས་ལྷགས་ནས་ཟ་བར་བྱེད་པས་སྡུག་བསྔལ་མི་བཟད་པ་མྱོང་སྟེ་སྐད་ངན་འདོན་ནོ། །དེའི་ནམ་སྲོས་ན་ལྷ་གསུམ་ཞིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཏེ་ཕྱག་བྱས་ནས། གཅིག་གིས། བཙུན་པ་ལྷས་བྱིན་གྱི་ཕྱོགས་སུ་གཏོགས་པའི་དགེ་སློང་ཀོ་ཀ་ལི་ཀ་ནི་གུམ་ལགས་སོ། །གཅིག་གིས་བཙུན་པ་དགེ་སློང་དེས་ནི་ཤཱ་རིའི་བུ་དང་མོའུ་འ གལ་གྱི་བུ་གཉིས་ལ་སྡང་བའི་སེམས་བསྐྱེད་པས་སེམས་ཅན་དམྱལ་བ་ཆེན་པོ་པདྨ་ལྟར་གས་པ་ཆེན་པོར་སྐྱེས་ལགས་སོ། །གཅིག་གིས་ཚིགས་སུ་བཅད་དེ་སྨྲས་པ། སྐྱེས་བུ་གཅིག་ཅིག་སྐྱེས་པ་ན། །ཁ་ནས་སྟ་རེ་བྱུང་བར་གྱུར། །ཉེས་པར་སྨྲ་བའི་ཚིག་བརྗོད་པས། །དེས་ནི་བདག་ཉིད་གཅོད་པར་བྱེད། །གང་ཞིག་དམད་འོས་སྐྱེ་བོ་བསྔགས་པ་དང་། །བསྔགས་པར་འོས་པའི་སྐྱེ་བོ་དམད་བྱེད་པས། །དེས་ནི་ཁ་ནས་རྩོད་པ་དེ་བསགས་ཏེ། །རྩོད་པ་དེས་ན་བདེ་བ་མྱོང་མི་འགྱུར། །འདི་ན་ཆོ་ལོས་བདག་བསྐུག་ཕམ་པའི་ཚེ། །རྩོད་པ་གང་ཡིན་དེ་ནི་ཆུང་བ་ཡིན། །བདེ་བར་གཤེགས་པ་ལ་སེམས་སྡང་བ་ཡི། །རྩོད་པ་གང་ཡིན་དེ་ནི་ཤིན་ཏུ་ཆེ། །ངག་དང་ཡིད་ཀྱིས་སྡིག་བྱས་འཕགས་ལ་དམད། །དེས་ནི་ལོ་གྲངས་དུང་ཕྱུར་ཕྲག་འབུམ་དང་། །བྱེ་བ་ཕྲག་ནི་སུམ་ཅུ་རྩ་ལྔའི་བར། །སེམས་ཅན་དམྱལ་བ་རྣམས་སུ་མྱོང་བར་འགྱུར། །ལྷ་གསུམ་གྱིས་དེ་སྐད་སྨྲས་ནས་མི་སྣང་བར་གྱུར་ཏོ། །དེའི་མཚན་མོ་འདས་ནས་ཕྱིར་ནང་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་ནམ་སྲོས་ཀྱི་ལྷ་རྣམས་འོངས་ནས་ཇི་སྐད་སྨྲས་པའི་ཚུལ་རྣམས་བཀའ་སྩལ་ནས། དགེ་སློང་དག་གཞན་ཡང་ཁྱེད་ཀྱིས་སེམས་ཅན་དམྱལ་བ་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཉན་པར་འདོད་ན་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག་དཔེར་ན། ཡུལ་ཀོ་ས་ལའི་ཏིལ་གྱི་བོང་བ་ཏིལ་ཁལ་བཅུ་ཚད་ཉི་ཤུ་ཤོང་བ་ཏིལ་གྱིས་བཀང་སྟེ་ཕྱུར་བུར་སྤྱུར་བ་དེ་ལས་མི་ལ་ལ་ཞིག་གིས་ལོ་བརྒྱ་བརྒྱ་ལོན་ཞིང་ཏིལ་འབྲུ་གཅིག་གུད་དུ་བོར་ན། དགེ་སློང་དག་ཡུལ་ཀོ་ས་ལའི་ཏིལ་ཆུ་བང་བ་ཏིལ་གྱི་བང་བ་ཏིལ་ཁལ་བཅུ་ཚད་ཉི་ཤུ་པ་དེ་ནི། ཐབས་དེ་ལྟ་བུས་ཆེས་མྱུར་དུ་ཡོངས་སུ་ཟད་ཅིང་མཐར་ཐུག་པར་འགྱུར་གྱི། སེམས་ཅན་དམྱལ་བ་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་ཟད་པར་འགྱུར་རོ་ཞེས་ང་མི་ཟེར་རོ། །ཆུ་བུར་ཅན་ཉི་ཤུའི་ཚད་ཇི་ཙམ་པ་ནི་ཆུ་བུར་རྡོལ་བ་གཅིག་གི་ཚད་དོ། །ཆུ་བུར་རྡོལ་བ་ཉི་ཤུའི་ཚད་ཇི་ཙམ་པ་ནི་སོ་ཐམ་སོ་ཐམ་གཅིག་གི་ཚད་དོ། །སོ་ཐམ་ཐམ་ཉི་ཤུའི་ཚད་ཇི་ཙམ་པ་ནི་ཀྱི་ཧུད་ཟེར་བ་གཅིག་གི་ཚད་དོ། །ཀྱི་ཧུད་ཟེར་བ་ཉི་ཤུའི་ཚད་ཇི་ཙམ་པ་ནི། ཨ་ཆུ་ཟེར་བ་གཅིག་གི་ཚད་དོ། །ཨ་ཆུ་ཟེར་བ་ཉི་ཤུའི་ཚད་ཇི་ཙམ་པ་དེ་ནི་ཨུཏྤལ་ལྟར་གས་པ་གཅིག་གི་ཚད་དོ། །ཨུཏྤལ་ལྟར་གས་པ་ཉི་ཤུའི་ཚད་ཇི་ཙམ་པ་དེ་ནི་པདྨ་ལྟར་གས་པ་གཅིག་གི་ཚད་དོ། །པདྨ་ལྟར་གས་པ་ཉི་ཤུའི་ཚད་ཇི་ཙམ་པ་ནི་པདྨ་ལྟར་གས་པ་ཆེན་པོ་གཅིག་གི་ཚད་ཡིན་ཏེ། ལྷས་བྱིན་གྱི་ཕྱོགས་སུ་གཏོགས་པའི་དགེ་སློང་ཀོ་ཀ་ལི་ཀས། དགེ་སློང་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་ལ་སེམས་སྡང་བར་བྱས་པས་དེར་སྐྱེས་སོ། །དགེ་སློང་དག་དེ་བས་ན་ཐ་ན་སྡོང་དུམ་མེས་རེག་ལ་ཡང་སྙིང་ན་བ་མེད་པར་བྱ་ན་རྣམ་པར་ཤེས་པ་དང་ལྡན་པ་ལ་ལྟ་ཅི་སྨོས་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དགེ་སློང་དག་གཞན་ཡང་གང་ཟག་གིས་གང་ཟག་གི་ཚོད་མ་བཟུང་ཞིག དགེ་སློང་དག་གང་ཟག་གི་ཚོད་བཟུང་ན་ཉམས་པར་འགྱུར་རོ། །དགེ་སློང་དག་ངའམ་ང་འདྲ་བས་ནི་གང་ཟག་གི་ཚོད་བཟུང་དུ་རུང་ངོ་། །དགེ་སློང་དག་དེ་བས་ན་གང་ཟག་གིས་གང་ཟག་གི་ཚོད་བཟུང་བར་བྱ་ན། གང་ཟག་དེས་གང་ཟག་དེ་ལ་རྒྱུ་རྣམ་པ་བརྒྱད་ཀྱིས་བརྟག་པར་བྱ་སྟེ། སྤྱོད་པ་དང་སྤྱོད་ཡུལ་དང་མཛའ་བོ་དང་གྲོགས་པོ་དང་འཚོ་བ་དང་ཐོས་པ་དང་ལུས་ཀྱི་ལས་དང་ངག་གི་ལས་ལ་བརྟག་པར་བྱའོ། །དེ་ལྟར་བརྟགས་ན་དེ་ལ་སྙིང་ན་བར་གྱུར་པ་གང་ཡིན་པ་དེ་ཕྱིར་ལྡོག་པར་འགྱུར་རོ། །དགེ་སློང་དག་འདི་ལྟར་བསླབ་པར་བྱ་སྟེ། ཐ་ན་སྡོང་དུམ་མེ་རེག་མ་ལ་ཡང་བདག་ཅག་གིས་སྡང་བར་མི་བྱ་ན། རྣམ་པར་ཤེས་པ་དང་ལྡན་པ་ལ་ལྟ་ཅི་སྨོས་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པས། མཆོག་ཟུང་གཉིས་དེ་ལ་ཐུགས་བརྩེ་བའི་སེམས་ཀྱིས་དམྱལ་གནས་དེར་བྱོན་པ་ན་ཀོ་ཀ་ལི་ཀས་དེ་མཐོང་བས་ལྷག་པར་ཡང་སྙིང་མི་དགའ་བར་གྱུར་ཏེ། བདག་འདིར་སྐྱེས་ན་ཡང་སྡིག་པ་ལ་དགའ་བ་སྡིག་པའི་ཆོས་དང་ལྡན་པ་འདི་གཉིས་ཀྱིས་མ་བཏང་ངོ་སྙམ་དུ་སེམས་འཁྲུག་མ་ཐག་ཏུ་དེའི་ལྕེ་ལ་རྨོས་དོར་སྟོང་བྱུང་ངོ་། །དེ་ནས་དེ་གཉིས་ཀྱི་ཀྱེ་ཧུད་མི་བླུན་པོ་འདི་ནི་གསོར་མེད་དོ་སྙམ་ནས་ཕྱིར་མི་ཡུལ་དུ་གཤེགས་ཏེ་གཏམ་རྒྱས་པར་བསྙད་པས་སྐྱེ་བོ་ཕལ་མོ་ཆེ་སྐྱོ་ཤས་ཆེར་སྐྱེས་ཏེ། དེ་དང་མཐུན་པར་ཆོས་བསྟན་པས་སེམས་ཅན་དཔག་ཏུ་མེད་པ་ཞིག་ཐེག་པ་གསུམ་གྱི་ལམ་ལ་བཀོད་ཅིང་དགེ་བའི་རྩ་བ་བསྐྱེད་པར་བྱས་སོ། །དེར་བཅོམ་ལྡན་འདས་ཀྱིས། ད་ལྟར་འབའ་ཞིག་མ་ཡིན་སྟེ་སྔོན་ཡང་འདི་གཉིས་ལ་སྡང་བའི་སེམས་སྐྱེས་པས་དམྱལ་བར་སོང་བ་ཡིན་ཏེ་སྔོན་གྲོང་ཁྱེར་འཐབ་མེད་ཅེས་བྱ་བ་ན། རྒྱལ་པོ་སྡེ་ཆེན་པོ་ཞེས་པས་རྒྱལ་སྲིད་བྱེད་པའི་ཚེ། དགེ་སློང་ཀོ་ཀ་ལི་ཀ་འདི་མདུན་ན་འདོན་བྲམ་ཟེ་མཁས་ཤིང་གསལ་བ་ཀུན་གྱིས་བླ་མར་བཀུར་བ་ཞིག་ཏུ་གྱུར་ཏེ་རྙེད་པ་དང་གྲགས་པ་ཆེན་པོར་གྱུར་ཏོ། །དེའི་ཚེ་ནགས་ཁྲོད་ཅིག་ན་བཅོམ་ལྡན་འདས་ཉིད་དྲང་སྲོང་འཁོར་ལྔ་བརྒྱ་དང་ལྡན་པ་ཞིག་ཏུ་གྱུར་ཞིང་མཆོག་ཟུང་གཉིས་ནི་བྲམ་ཟེའི་ཁྱེའུ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་གྱུར་ཏེ། ཕྱིས་དྲང་སྲོང་དེ་ཉིད་བགྲེས་པར་གྱུར་པ་ན། བྲམ་ཟེའི་ཁྱེའུ་དེ་གཉིས་ཀྱིས་རྒྱལ་པོ་ལ་སོགས་པའི་ཡུལ་གྱི་སྐྱེ་བོ་རྣམས་ལ་ཕན་འདོགས་པར་བྱེད་ཅིང་། དེ་དག་གིས་ཀྱང་དེ་གཉིས་ལས་བསྙེན་བཀུར་བྱས་པས་མདུན་ན་འདོན་གྱི་བྲམ་ཟེ་དེ་རྙེད་བཀུར་གྱིས་གདུང་ཤིང་ཕྲག་དོག་གི་བསམ་པ་སྐྱེས་ཏེ། དེ་གཉིས་ལ་ཕྱར་ཀ་བཏང་སྟེ། འདི་གཉིས་ནི་འདོད་པ་ལ་སྤྱོད་པ་ཡིན། འདི་གཉིས་ནི་ཚངས་པར་སྤྱོད་པ་མ་ཡིན་ནོ་ཞེས་སྐུར་བ་བཏབ་པ་ན། དྲང་སྲོང་དེས་ལན་དུ་མར་བཀག་ཀྱང་བཟློག་པར་མ་ནུས་ནས། དེ་གཉིས་ལ་སེམས་སྡང་བར་བྱས་པས་སེམས་ཅན་དམྱལ་བར་སྐྱེས་པར་གསུངས་སོ། །དེར་འཁོར་རྣམས་ཀྱིས། འདི་ལྟར་མཆོག་ཟུང་གཉིས་ལ་གཞི་མེད་ཀྱི་ཕམ་པའི་སྐུར་བ་འབྱུང་བའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་འ དས་པའི་དུས་གྲོང་ཁྱེར་རྡུལ་ལྡན་ཞེས་པའི་གནས་གཅིག་ན། མཆོག་ཟུང་གཉིས་འདི་དཀའ་ཐུབ་ཅན་གཉིས་སུ་གྱུར་ཏེ། རེ་རེ་ལ་འཁོར་ལྔ་བརྒྱ་ལྔ་བརྒྱ་དང་བཅས་ཏེ་ཀུན་གྱི་བླ་མར་བཀུར་ཞིང་རྙེད་བཀུར་དང་གྲགས་པ་ཕུན་སུམ་ཚོགས་པར་གྱུར་ཏོ། །དེའི་ཚེ་རི་སུལ་ཞིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྫུ་འཕྲུལ་དང་མཐུ་ཆེ་བ་གཡོག་འཁོར་ལྔ་བརྒྱ་དང་ལྡན་པ་ཞིག་གནས་ཏེ་དེ་ནི་བྱམས་པ་དང་སྙིང་རྗེའི་བདག་ཉིད་སེམས་ཅན་ཐམས་ཅད་ལ་ཕན་པར་བརྩོན་པ་ཞིག་སྟེ། དེ་དུས་ནམ་ཞིག་ན་གྲོང་ཁྱེར་རྡུལ་ལྡན་དང་ཉེ་བའི་ནགས་ཁྲོད་ཅིག་ཏུ་འོང་སྟེ། དེར་གནས་བཅས་ཏེ་སྐྱེ་བོ་མང་པོ་ལ་ཆོས་བསྟན་པས། ཁ་ཅིག་ནི་དེའི་ཐད་དུ་རབ་ཏུ་བྱུང་ཞིང་བསམ་གཏན་བཞི་དང་མངོན་ཤེས་ལྔ་བསྐྱེད་དོ། །ཁ་ཅིག་ནི་ཁྱིམ་ན་གནས་བཞིན་དུ་དགེ་བཅུའི་ལམ་ཡང་དག་པ་ལ་བཙུད་པས་སྐྱེ་བོ་ཐམས་ཅད་དེ་ལ་དགའ་ཞིང་དད་པར་གྱུར་ཏེ་ཡང་དེའི་དྲུང་དུ་འགྲོ་བ་ལས། དཀའ་ཐུབ་ཅན་གཉིས་ཀྱི་ཐད་དུ་འགའ་ཡང་མི་འོང་ངོ་། །དེར་དེ་གཉིས་ཀྱི་བསམ་པ། སྔར་ནི་གྲོང་པའི་མི་རྣམས་ཀྱིས་བདག་ཅག་ལ་བཀུར་སྟི་བྱེད་ན། ད་ནི་དྲང་སྲོང་འདི་འོང་བས་ཐམས་ཅད་འདི་ལ་འདུན་པས་བདག་ཅག་གི་བཀུར་སྟི་ཆད་པར་གྱུར་པས། འདི་ལ་གྲགས་པ་མ་ཡིན་པ་བརྗོད་ནས་ཡུལ་འདིར་མི་འདུག་པར་བྱས་ན་བདག་ཅག་ལ་སྔར་བཞིན་རྙེད་བཀུར་འབྱུང་བར་འགྱུར་རོ་སྙམ་ནས། འཁོར་རྣམས་ལ་སྦྲན་ཏེ་གྲོང་ཁྱེར་གྱི་ལམ་སྲང་དང་གཞི་མདོ་རྣམས་སུ་འཁོད་ནས། དྲང་སྲོང་འདི་ནི་ཚུལ་ཁྲིམས་འཆལ་བ་སྡིག་པའི་ཆོས་དང་ལྡན་པར་འདོད་པ་ལ་སྤྱོད་པ་ཡིན་གྱི་འདི་ནི་ཚངས་པར་སྤྱོད་པ་མ་ཡིན་ཏེ། འདིས་ཁྱེད་ཅག་སྒྱུས་འདྲིད་པར་བྱེད་དོ་ཞེས་འཕྱར་ཀ་གཏོང་བས་མི་རྣམས་དྲང་སྲོང་ལ་མི་དགའ་བར་གྱུར་ཏེ། དྲང་སྲོང་དེས་ཀྱང་དེ་ལྟར་ཤེས་ནས་རྙེད་བཀུར་གྱིས་འཆིང་བ་བཏང་སྟེ་སྔར་གནས་པའི་དགོན་པར་སོང་སྟེ་བསམ་གཏན་ལ་བརྩོན་པར་བྱས་སོ། །དེ་ནས་དྲང་སྲོང་དེ་སོང་བས་དཀའ་ཐུབ་པ་གཉིས་ལ་རྙེད་བཀུར་སྔར་ལྟར་གྱུར་པས་རྗེས་སུ་ཡི་རང་བར་བྱས་སོ། །ལས་ཀྱི་རྒྱུ་དེས་དེ་གཉིས་ཤི་འཕོས་ཏེ་ངན་སོང་དམྱལ་བ་ཆེན་པོར་སྐྱེས་ཏེ་ལོ་འབུམ་ཕྲག་དུ་མར་སྡུག་བསྔལ་མྱོང་ཞིང་དེ་ནས་ཐར་ནས་ཀྱང་གང་དུ་སྐྱེས་པ་དེར་སྐུར་བ་འདེབས་པར་གྱུར་ཅིག ད་ལྟར་སྲིད་པ་ཐ་མ་ལ་དགྲ་བཅོམ་པ་མངོན་དུ་བྱས་ནས་ཀྱང་འདི་ལྟ་བུའི་གཞི་མེད་ཀྱི་སྐུར་བ་འདེབས་པར་གྱུར་ཏོ་གསུངས། འདིས་ནི་འཕགས་པ་ལ་སེམས་སྡང་བར་བྱས་པ་དང་རྫུན་གྱིས་སྐུར་བ་བཏབ་པའི་ཉེས་དམིགས་བསྟན་པ་ཡིན་ནོ། །

རྙེད་བཀུར་གྱི་ཕྱིར་དུ་བདག་བསྟོད་གཞན་སྨོད་དང་། འཕགས་པ་ལ་སྐུར་བ་བཏབ་པའི་རྣམ་སྨིན་བསྟན་པ།

༈ ཡང་གླེང་གཞི་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། འཕགས་པ་མོའུ་འ གལ་གྱི་བུ་ཆེན་པོ་དམྱལ་བའི་གནས་སུ་བྱོན་པ་ན། དེར་སེམས་ཅན་ལུས་ཆེ་བ་དཔག་ཚད་མང་པོ་ཁྱབ་པར་འདུག་པ་ལ། དེའི་ལྕེ་འབར་བའི་ལྕགས་བསྲེགས་ཀྱི་གཞིར་ཕུར་པས་བརྒྱངས་ཏེ། རྨོས་དོར་སྟོང་གིས་རྨོ་ཞིང་དེ་དག་གི་རྨིག་པ་མེ་འབར་བའི་མཚོན་གྱིས་དུམ་བུ་དུམ་བུར་གཅོད་པ་གཟིགས་ཏེ། དེའི་ལས་ཀྱི་རྒྱུ་རྟོགས་ཕྱིར་བསམ་གཏན་བཞི་པའི་རབ་མཐའ་ལ་མཉམ་པར་བཞག་སྟེ་བལྟས་ཀྱང་མ་མཐོང་སྟེ་དམྱལ་བ་འབའ་ཞིག་ནས་ཤི་འཕོས་ཏེ་དམྱལ་བར་སྐྱེ་བར་མཐོང་ངོ་། །དེས་བཅོམ་ལྡན་འདས་ལ་ཞུ་བར་འདོད་ནས་སྐད་ཅིག་གིས་མཉན་ཡོད་ཀྱི་གྲོང་དུ་བྱོན་ནས། སྟོན་པས་འཁོར་དཔག་ཏུ་མེད་པ་ལ་ཆོས་བསྟན་ནས་བཞུགས་པའི་དྲུང་དུ་ཕྱིན་ཏེ། སྔར་གྱི་ལོ་རྒྱུས་དང་དེའི་ལས་ཀྱི་རྒྱུ་ཞུས་པས། བཅོམ་ལྡན་འདས་ཀྱིས། སྔོན་འདས་པའི་དུས་སངས་རྒྱས་བགྲོད་པ་མ་ཉམས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པའི་ཚེ་དེ་ཉིད་དགེ་སློང་སྡེ་སྣོད་གསུམ་པ་ཆོས་སྨྲ་བ་པོར་གྱུར་པས་སྐྱེ་བོ་ཐམས་ཅད་ཀྱིས་བཀུར་ཞིང་རྙེད་པ་ཆེན་པོ་དང་ལྡན་པ་ལ། ཕྱིས་ཞིག་ནས་དགེ་སློང་དགྲ་བཅོམ་པ་འཁོར་ལྔ་བརྒྱ་དང་ལྡན་པ་ཞིག་དེར་བྱོན་པས་སྐྱེ་བོ་ཐམས་ཅད་དེ་ལ་དད་པར་གྱུར་ནས་སྔར་གྱི་སྡེ་སྣོད་གསུམ་པ་ལ་རྙེད་བཀུར་རྒྱུན་ཆད་པར་གྱུར་པས། དེས་དགྲ་བཅོམ་པ་འཁོར་དང་བཅས་པ་ལ་ཚུལ་ཁྲིམས་འཆལ་བའི་སྐུར་བ་བཏབ་སྟེ་སྐྱེ་བོ་ཐམས་ཅད་ལ་བསྒྲགས་པས་དེ་དག་མི་དད་པར་གྱུར་ནས་དགྲ་བཅོམ་པ་འཁོར་དང་བཅས་པ་ཡུལ་གཞན་དུ་གཤེགས་ཏེ་སྡེ་སྣོད་གསུམ་པ་ལ་སྔ་མ་ལྟར་བཀུར་བར་གྱུར་ཏོ། །ལས་ཀྱི་རྒྱུ་དེས་ཚེ་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་ཏེ། ད་ལྟའི་བར་དུ་དམྱལ་བ་འབའ་ཞིག་ཁ་བརྒྱུད་དེ་སྡུག་བསྔལ་དེ་ལྟ་བུ་ཉམས་སུ་མྱོང་སྟེ། མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་མ་ཞེས་བྱ་བ་ཞིག་འཇིག་རྟེན་དུ་འབྱོན་པར་འགྱུར་ཏེ། དེའི་བསྟན་པ་ལ་མིར་གྱུར་ནས་རབ་ཏུ་བྱུང་ཞིང་སྡུག་བསྔལ་གྱི་ཐ་མར་བྱེད་པར་འགྱུར་ཏེ། དེར་ཡང་སྐུར་འདེབས་བྱེད་པ་མང་བས་ཡིད་སྐྱོ་ནས་མྱ་ངན་ལས་འདས་པར་འགྱུར་རོ་གསུངས། འདིས་ཀྱང་རྙེད་བཀུར་གྱི་ཕྱིར་དུ་བདག་བསྟོད་གཞན་སྨོད་དང་། འཕགས་པ་ལ་སྐུར་བ་བཏབ་པའི་རྣམ་སྨིན་བསྟན་པ་ཡིན་ནོ། །

སྦྱིན་པའི་ཕན་ཡོན་བསྟན་པ།

༈ ཡང་བཅོམ་ལྡན་འདས་མཉན་ཡོད་དུ་བཞུགས་ནས་འཁོར་རྣམས་ལ་སྦྱིན་པ་དང་སྦྱིན་པའི་བགོ་བཤའི་བསྔགས་པ་རྒྱ་ཆེར་གསུངས་ནས། གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །བགོ་བཤའ་དག་གི་རྣམ་པར་སྨིན། །ཇི་ལྟར་དོན་ཆེན་འགྱུར་བ་དེ། །དྲང་སྲོང་ཆེ་རྣམས་གསུངས་པ་བཞིན། །སེམས་ཅན་རྣམས་ཀྱིས་ཤེས་ན་ནི། །མ་བྱིན་བར་དུ་མི་ཟ་ཞིང་། །སེར་སྣ་ཅན་དུ་མི་འགྱུར་ལ། །དེ་དག་ཀུན་ཏུ་འཛིན་པའི་སེམས། །ནམ་ཡང་སྐྱེ་བར་མི་འགྱུར་ན། །གང་ཕྱིར་བྱིས་པ་གཏི་མུག་གིས། །སྒྲིབ་པ་ཀུན་གྱིས་མ་ཤེས་པས། །དེ་ཕྱིར་ཀུན་ཏུ་འཛིན་སེམས་ཀྱིས། །རྟག་ཏུ་མ་བྱིན་ཟ་བར་བྱེད། །དེ་དག་སེར་སྣ་སྐྱེས་ནས་ཀྱང་། །སེམས་ནི་ཀུན་ནས་དཀྲིས་ཤིང་འདུག ། སྔོན་བྱུང་བ་འདས་པའི་དུས་གྲོང་ཁྱེར་ཝཱ་རཱ་ཎ་སཱི་ན་རྒྱལ་པོ་ཟླ་འོད་ཅེས་བྱ་བས་རྒྱལ་པོ་བྱེད་དེ། རྒྱལ་པོ་དེ་ནི་བྱམས་པའི་བདག་ཉིད་ཅན་སྙིང་རྗེ་དང་ལྡན་པ། སེམས་ཅན་ལ་བྱམས་པ་སྦྱིན་པ་ལ་དགའ་བ་ཞིག་སྟེ། སྐྱེ་བོ་མཐའ་དག་ལ་ཅི་དང་ཅི་འདོད་པའི་དངོས་པོ་དག་སྦྱིན་ཅིང་། བཟའ་བ་དང་བཅའ་བ་མང་པོ་སྟ་གོན་བྱས་ནས། ནམ་མཁའ་ལ་རྒྱུ་བ་རྣམས་དང་ཆུ་ལ་གནས་པ་རྣམས་དང་ཐང་ལ་གནས་པ་རྣམས་ལ་སྦྱིན་པར་བྱེད་དོ། །དུས་ནམ་ཞིག་གི་ཚེ་ཡུལ་དེར་ཐན་པ་ཆེན་པོ་བྱུང་སྟེ་ལྟས་མཁན་རྣམས་ཀྱིས་ལོ་བཅུ་གཉིས་ཀྱི་བར་དུ་ཆར་མི་འབབ་པར་སྨྲས་པས། ཡུལ་གྱི་སྐྱེ་བོ་རྣམས་ཁ་ཅིག་ཡུལ་གཞན་དུ་སོང་ལ། ཕལ་ཆེར་དེར་འཁོད་པ་བཀྲེས་པས་ཉེན་ནས་རྒྱལ་པོའི་སྤྱན་སྔར་ཕྱིན་པ་དང་། རྒྱལ་པོས་དེ་དག་ལ་བགོ་བཤའ་བྱ་བའི་ཕྱིར་མཛོད་ཀྱི་སྤྱན་པ་དང་རྩིས་མཁན་དག་བོས་ནས་རྩིར་བཅུག་པས་ལོ་བཅུ་གཉིས་ཀྱི་བར་དུ་དེ་དག་མི་རེ་རེ་ལ་ཉིན་རེ་བཞིན་དུ་ཟན་ཁམ་རེ་རེ་དང་། རྒྱལ་པོ་ལ་གཉིས་རེ་ཡོད་པར་གྱུར་པས་དེ་ལྟར་གྱིས་མི་རྣམས་ལ་ཟན་ཁམ་རེ་སྩལ་ཞིང་དེ་དག་དགེ་བཅུ་ལ་སྤྱོད་དུ་བཅུག་པས། དེ་ནས་ཤི་འཕོས་པ་རྣམས་ལྷ་ཡུལ་དུ་སྐྱེས་པས། ལྷ་རྣམས་འཕེལ་བར་གྱུར་པས་བརྒྱ་བྱིན་གྱིས་དེའི་རྒྱུ་བརྟགས་པས། རྒྱལ་པོ་ཟླ་འོད་ཀྱི་མཐུར་རིགས་ནས་དེའི་བསམ་པ་བརྟག་པའི་ཕྱིར་བརྒྱ་བྱིན་རང་ཉིད་བྲམ་ཟེའི་ཆ་ལུགས་སུ་སྤྲུལ་ནས་རྒྱལ་པོ་ལ་ཟན་སྐལ་བསླངས་པས། རྒྱལ་པོ་རང་གི་སྐལ་བའི་ཁམ་གཉིས་ཀྱི་གཅིག་པོ་དེ་བསྩལ་ནས། གཅིག་རང་ཉིད་ཀྱིས་ཟ་བར་བརྩམས་པ་ན། བྲམ་ཟེ་དེས་བདག་ཁམ་གཅིག་པོ་འདིས་འཚོ་མི་ནུས་སོ་སྨྲས་པས། ཁམ་གཅིག་པོ་དེའང་དེ་ལ་བྱིན་ཏེ། རང་གི་སྲོག་བློས་བཏང་ནས། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་ནི། །སྲིད་གསུམ་སངས་རྒྱས་རང་བྱུང་འགྱུར་བར་ཤོག ། བརྒལ་ནས་སྔོན་གྱི་རྒྱལ་བའི་དབང་རྣམས་ཀྱིས། །སྐྱེ་བོ་ཕལ་ཆེར་མ་བསྒྲལ་རྣམས་ཀྱང་བསྒྲལ། །ཅེས་སྨོན་ལམ་དུ་བྱས་ཤིང་དམ་བཅས་པས། བརྒྱ་བྱིན་ངོ་མཚར་བར་གྱུར་ནས་རང་གི་གཟུགས་སུ་བསྒྱུར་ཏེ་སྨྲས་པ། ཁྱོད་འབད་པ་འདིས་ཅི་ཞིག་སྒྲུབ། དེས་སྨྲས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་བོ། །བརྒྱ་བྱིན་གྱིས། དེའི་ཚེ་བདག་ཀྱང་དྲན་པར་མཛོད་ཅིག་ཅེས་སྨྲས་ཏེ། ལྷ་ཡི་དབང་པོས་ཆར་ཕབ་པས་འབྲུ་རྣམས་འཕེལ་ཏེ་ཀཱ་ཤིའི་ཡུལ་ཀུན་སྔ་མ་བཞིན་དུ་འབྱོར་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་ཟླ་འོད་ཅེས་བྱ་བ་ནི་ད་ལྟར་རང་ཉིད་ཡིན་ཏེ། དེའི་ཚེ་ཡང་སྦྱིན་པ་དང་། སྦྱིན་པའི་བགོ་བཤའི་བསྔགས་པ་བརྗོད་པར་གྱུར་ན། ང་ད་ལྟར་སྦྱིན་པ་དང་སྦྱིན་པའི་འབྲས་བུ་མངོན་སུམ་དུ་མཐོང་བར་གྱུར་པའི་ཚེ་ལྟ་ཅི་སྨོས་གསུངས། འདིས་ནི་སྦྱིན་པ་དང་སྦྱིན་པའི་ཕན་ཡོན་བསྟན་པའོ། །

བྱམ་སྙིང་རྗེ་དང་དགེ་བཅུའི་འབྲས་བུ་བསྟན།

༈ ཡང་སྐབས་འདིར་འཁོར་ལྔ་སྡེ་བཟང་པོ་དགྲ་བཅོམ་པ་ལ་བཀོད་པའི་གླེང་གཞི་ལས་འཕྲོས་ཏེ་རྒྱལ་པོ་བྱམས་པའི་སྟོབས་ཀྱི་རྟོགས་བརྗོད་འབྱུང་སྟེ། སྤྱི་ཁོག་གོང་དུ་མཛངས་བླུན་ལས་གསུངས་པ་དང་མཚུངས་ལ། དེར་རྒྱལ་པོ་རྣམ་ཐོས་བུའི་བཙོན་ར་ནས་གཟི་བྱིན་འཕྲོག་པའི་གནོད་སྦྱིན་ལྔ་བྲོས་ཏེ་དེར་འོང་ནས། ཡམས་ནད་བཏང་བས་ཡུལ་དེའི་དུད་འགྲོ་ཡན་ཆད་རྒྱལ་པོའི་བྱམས་པ་ཆེན་པོའི་མཐུས་བསྲུང་བས་གནོད་པར་མ་ནུས་ནས། རྒྱལ་པོའི་སྤྱན་སྔར་བྲམ་ཟེའི་ཆ་ལུགས་སུ་སྤྲུལ་ནས། འཕྲལ་དུ་ཕྱུང་བའི་ཁྲག་དྲོན་མོ་གནང་བར་ཞུས་པས། རྒྱལ་པོས་དེ་དག་མི་མ་ཡིན་དུ་རིགས་ནས་རང་གི་ཁྲག་སྦྱིན་པར་ཆད་པ་ན། སྨན་པ་རྣམས་བོས་ཀྱང་དེ་དག་གིས་རྒྱལ་པོའི་སྐུ་མཚལ་ཕྱུང་འདོད་པ་སུ་ཡང་མ་བྱུང་བས། རྒྱལ་པོ་རང་ཉིད་ཀྱིས་མེ་ལོང་བླངས་ནས་རང་གི་རྩ་ཆེན་ལྔ་ལ་ཁྲག་གཏར་ནས་བྱིན་པས། ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་དཀའ་བ་སྤྱད་པར་མཐོང་སྟེ་ཧ་ཅང་ཡུན་རིང་བར་འོ་བརྒྱལ་ན་མི་རུང་ངོ་སྙམ་ནས། བྱང་ཆུབ་སེམས་དཔའི་ལུས་ལ་ལྷའི་གཟི་བྱིན་བསྣན་ནས། གཏར་ཀ་དེ་དག་ཀྱང་ཆེ་རབ་ཏུ་སྤྲུལ་ནས་གནོད་སྦྱིན་ལྔ་པོ་དེ་དཀའ་བ་མེད་པར་ཚིམས་པར་བྱས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔས། སྦྱིན་པ་ཆེན་པོར་གྱུར་པ་འདི་ཡིས་ནི། །འགྲོ་བ་རང་བྱུང་སངས་རྒྱས་འགྱུར་བར་ཤོག ། སྔོན་གྱི་རྒྱལ་དབང་རྣམས་ཀྱིས་མ་བསྒྲལ་གང་། །སྐྱེ་བོ་སྲིད་པའི་ཆུ་ལས་སྒྲོལ་བར་ཤོག ། ཅེས་སྨོན་ལམ་བྱས་སོ། །དེ་ནས་གནོད་སྦྱིན་དེ་དག་གིས། སྙིང་རྗེ་ཆེན་པོ་ཁྱོད་རྩོལ་བ་འདིས་ཅི་ཞིག་སྒྲུབ། བྱང་ཆུབ་སེམས་དཔས། བླ་ན་མེད་པའི་བྱང་ཆུབ་སྒྲུབ་བོ། །དེ་དག་གིས་བདག་ཅག་ཁྱོད་ཀྱི་ཉན་ཐོས་ཀྱི་དང་པོར་གྱུར་ཅིག བྱང་ཆུ་སེམས་དཔས། ཁྱེད་རྣམས་ནི་སྲོག་གཅོད་པ་ཕ་རོལ་གྱི་སྲོག་འཕྲོག་པ་ཡིན་ན། ཇི་ལྟར་ངས་དེ་འདྲ་བདག་ཉན་ཐོས་ཀྱི་དང་པོར་བྱ། དེ་དག་གིས་སྨྲས་པ། སྙིང་རྗེ་ཆེན་པོ་བདག་ཅག་ལ་བཀའ་ཅི་སྩལ། བྱང་ཆུབ་སེམས་དཔས། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པ་བླངས་ཏེ་གནས་པར་བྱིན་གྱིས་ཤིག དེ་ཐོས་པ་དང་གནོད་སྦྱིན་རྣམས་ཀྱིས་དགེ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས། ཀྱེ་མ་དགེ་བའི་རྩ་བ་འདིས་ནི་གང་གི་ཚེ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་བདག་ཅག་འདིའི་ཉན་ཐོས་ཀྱི་དང་པོར་གྱུར་ཅིག ཅེས་སྨོན་ལམ་དུ་བྱས་པར་གསུངས་སོ། །འདིས་ནི་བྱམ་སྙིང་རྗེ་དང་དགེ་བཅུའི་འབྲས་བུ་བསྟན་ཏོ། །

སྐྱབས་འགྲོ་སོགས་ཀྱི་ཕན་ཡོན་བསྟན་པ།

༈ གླེང་གཞི་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་ཚོང་པ་ལྔ་བརྒྱ་ཙམ་ཟོང་ཁྱེར་ཏེ་ཡུལ་གཞན་དུ་ཕྱིན་པ་ན། དགོན་པའི་ནགས་ཁྲོད་གཅིག་ཏུ་གནོད་སྦྱིན་གདུག་པ་ཅན་གཞན་གྱི་སྲོག་འཕྲོག་པ་ཞིག་ཡོད་པ་དེས་རླུང་ནག་པོ་བཏང་ནས་ཚོང་པ་དེ་དག་གི་སྟེང་དུ་བརྒྱུགས་པས། དེ་དག་སྐྲག་སྟེ་རང་རང་འདོད་པའི་ལྷ་ལ་གསོལ་བ་བཏབ་པ་ན། དེ་ན་དགེ་བསྙེན་ཞིག་ཡོད་པ་དེས། ཀྱེ་སྐྱབས་མ་ཡིན་པ་འདི་རྣམས་ལ་སྐྱབས་བཙལ་ཏེ་ཅི་རུང། བཅོམ་ལྡན་འདས་ལ་སྐྱབས་སུ་སོང་དང་དེས་འཇིགས་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པར་འགྱུར་རོ་སྨྲས་པས། ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ཞིང་མཚན་བརྗོད་དེ་ཕྱག་བྱས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་དག་འདུལ་བའི་དུས་ལ་བབ་པར་གཟིགས་ནས། ཕྱག་གླང་པོ་ཆེའི་སྣ་ལྟ་བུ་བརྐྱངས་ཏེ། ཚོང་པ་ལྔ་བརྒྱ་པོ་དེ་དག་ཟོང་དང་བཅས་པ་དགོན་པའི་ནགས་ཁྲོད་དེ་ནས་བླངས་ཏེ་མཉན་དུ་ཡོད་པ་ནས་ཧ་ཅང་མི་རིང་བ་ཞིག་ཏུ་བཞག་གོ །ཚོང་པ་རྣམས་ཀྱིས་དེ་ལྟར་གྱུར་པ་མཐོང་ནས་ཤིན་ཏུ་དགའ་སྟེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་པ་དང་། དེ་དག་གི་བསམ་པ་དང་བག་ལ་ཉལ་ཐུགས་སུ་ཆུད་ནས་ཆོས་བསྟན་པས་སྟན་དེ་ཉིད་དུ་བདེན་པ་མཐོང་ཞིང་། དེའི་རྗེས་སུ་སྟོན་པས་ཚུར་ཤོག་གིས་རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེའི་ཚེ་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ་བཅོམ་ལྡན་འདས་ཀྱིས་ད་ལྟར་འབའ་ཞིག་ཏུ་མ་ཟད་འདས་པའི་དུས་ནའང་ཚོང་པ་ལྔ་བརྒྱ་པོ་འདི་འཇིགས་པ་ཆེན་པོ་ལས་བསྐྱབས་ནས། བསམ་གཏན་གྱི་བདེ་བ་ལ་བཀོད་པར་བྱས་པ་ཡིན་ཏེ། ཚོང་པ་ལྔ་བརྒྱ་པོ་འདི་དག་སྔར་ཡང་ཚོང་པར་གྱུར་ཏེ་ལམ་དུ་ཆས་པ་ན། ནགས་ཁྲོད་དུ་གནོད་སྦྱིན་གདུག་པ་ཅན་གྱིས་སྲོག་ལ་རྒོལ་བ་ན། བཅོམ་ལྡན་འདས་ཉིད་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་ཞིང་རྫུ་འཕྲུལ་དང་མཐུ་ཆེ་བ་ཞིག་ཏུ་གྱུར་ཏེ་དེས་རྫུ་འཕྲུལ་གྱིས་བླངས་ཤིང་བསྐྱབས་པས་དེ་དག་དགའ་ནས་དྲང་སྲོང་གི་ཐད་དུ་རབ་ཏུ་བྱུང་སྟེ་ཚངས་པར་སྤྱོད་པ་སྤྱད་པས་བསམ་གཏན་བཞི་དང་མངོན་ཤེས་ལྔ་བསྐྱེད་དོ། །གཞན་ཡང་ཚོང་པ་ལྔ་བརྒྱ་པོ་འདི་དག་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚངས་པར་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པས་ད་ལྟར་དགྲ་བཅོམ་པའི་བར་དུ་གྱུར་པར་གསུངས་སོ། །འདིས་ནི་སྐྱབས་འགྲོ་སོགས་ཀྱི་ཕན་ཡོན་བསྟན་ཏོོ། །

བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། འཁོར་ལྔ་སྡེ་བཟང་པོ་དང་དུས་མཉམ་པར་ལྷ་བརྒྱད་ཁྲིའི་ཀྱང་བདེན་པ་མཐོང་བ་ལ་དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས་དོན་གསོལ་བ་ན། བཅོམ་ལྡན་འདས་ཀྱིས། དེ་དག་ད་ལྟར་མ་ཟད་སྔར་ཡང་རང་གི་ཤ་ཁྲག་གིས་ཚིམས་པར་བྱས་ནས་སྲོག་ཕངས་པ་བྱིན་པ་ཡིན་ཏེ། སྔོན་ཆུ་ཀླུང་ཞིག་གི་འགྲམ་ན་རུས་སྦལ་སྙིང་རྗེ་ཆེ་བ་བྱམས་པའི་བདག་ཉིད་ཅན། སེམས་ཅན་ལ་བྱམས་པ་ཞིག་གནས་པ་དེ་རེས་འགའ་སྐམ་དང་རེས་འགའ་ཆུར་རྒྱུ་བ་ལས་ཕྱིས་ཞིག་ན་ཆུའི་ནང་ནས་བྱུང་སྟེ། སྐམ་ལ་ཉལ་བ་ན། དེར་གྲོག་ཚང་ཞིག་གི་ནང་ན་གྲོག་མ་བརྒྱད་ཁྲི་ཡོད་པས་དེ་དག་གིས་མཐོང་ནས་ཐམས་ཅད་དེར་འཚོགས་ཏེ་ཟ་བར་བྱེད་པ་ལས། དེ་གཉིད་སད་པ་དང་རང་གི་ལུས་ཐམས་ཅད་གྲོག་མས་གང་བར་མཐོང་ནས། ད་ཆུའི་ནང་དུ་འགྲོ་ནི་ནུས་མོད་ཀྱི་དེ་ལྟ་ན་སེམས་ཅན་འདི་སྙེད་ཀྱི་སྲོག་མ་རུངས་པར་འགྱུར་བས། ད་ནི་ལུས་འདི་བཏང་བར་བྱའོ་སྙམ་ནས་དེ་དག་ལ་བྱིན་ཏེ་དགེ་བའི་རྩ་བ་འདིས་འགྲོ་བ་མགོན་མེད་པ་རྣམས་ཀྱི་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག དེའི་ཚེ་སྲོག་ཆགས་འདི་དག་དམ་པའི་ཆོས་ཀྱི་བདུད་རྩིས་ཚིམས་པར་བྱས་ཏེ། མྱང་འདས་ཀྱི་བདེ་བ་ལ་བཀོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་རུས་སྦལ་ནི་ང་ཉིད་ཡིན་ལ། གྲོག་མ་རྣམས་ནི་ལྷ་བརྒྱད་ཁྲི་བོ་འདི་དག་ཡ ིན་ནོ་གསུངས། ༈ ཡང་གླེང་གཞི་སོགས་བཤད་མ་ཐག་པ་ལྟར་ལས། སྔོན་རི་ཁྲོད་ཅིག་ནས་ཐག་མི་རིང་བ་ཞིག་ན། ཁུང་ཞིག་གི་ནང་དུ་སྲོགས་ཆགས་སྐྱིན་གོར་སྙིང་རྗེ་ཆེ་བ་བྱམས་པའི་བདག་ཉིད་སེམས་ཅན་ལ་བྱམས་པ་ཞིག་གནས་པ་དེ། རྩ་བ་དང་འབྲས་བུས་འཚོ་ཞིང་སུ་ལའང་འཚེ་མི་འདོད་པ་ཞིག་འདུག་པ་དེ་ཕྱི་ཞིག་ན་གཟས་ལ་སོང་སོང་བ་ལས། རྔོན་པ་ཞིག་གིས་མཐོང་ནས་དེ་དེས་གསོན་པོར་བཟུང་སྟེ། པགས་པ་བཤུས་ནས་བཏང་ངོ་། །དེ་ནས་དེ་ན་ཚ་མ་བཟོད་དེ་ཆུ་འགྲམ་ཞིག་ཏུ་སོང་ནས་ས་གཞི་བསིལ་བའི་ཕྱོགས་སུ་ཉལ་བ་ན། དེའི་འགྲམ་དུ་གྲོག་ཚང་ཡོད་པ་ལས་གྲོག་མ་བརྒྱད་ཁྲི་བྱུང་སྟེ་དེའི་ལུས་ཟ་བར་གྱུར་པ་ལ་བརྩེ་བས་ལུས་བཏང་ཞིང་སྨོན་ལམ་གོང་བཞིན་དུ་བཏབ་པར་གསུངས་སོ། །འདིས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་བསྟན་པ་ཡིན་ནོ། །

སྤྱོད་ཡུལ་མ་ཡིན་པར་འགྲོ་བའི་ཉེས་དམིགས་སོགས་བསྟན་པ།

༈ ཡང་གླེང་གཞི་མཉན་ཡོད་ན་བཞུགས་པའི་ཚེ་དགེ་སློང་གསར་འོངས་སྔོན་ཆད་དེར་མ་ཕྱིན་ཏེ། སྤྱོད་ཡུལ་གྱི་རྒྱུས་མི་ཤེས་པ་ཞིག་གྲོང་དུ་བསོད་སྙོམས་ལ་ཕྱིན་པའི་ལམ་དུ་བཙུན་པ་ཉེར་དགའ་དང་ཕྲད་ནས་དེ་ལ་སྤྱོད་ཡུལ་གྱི་རྒྱུས་དྲིས་པས་ཉེར་དགས་དེ་ལ་མཐོ་བཙམས་པར་བསམས་ཏེ་བྲམ་ཟེ་མ་རུངས་པ་དད་པ་མེད་པ་ཞིག་གི་ཁྱིམ་བསྟན་ནོ། །དེ་ནས་དགེ་སློང་དེ་དེའི་ཁྱིམ་དུ་ཕྱིན་པ་ན། བྲམ་ཟེ་དེ་ཡང་དོན་ཞིག་ལ་གྲོང་གཞན་ཞིག་ཏུ་འགྲོ་བར་ཆས་པ་ལས་དེས་བསམ་པ། མགོ་རེག་གོས་ཚོན་ཅན་གྱོན་པ་བདག་གི་མདུན་དུ་འོངས་པ་འདི་ནི་བཀྲ་མི་ཤིས་སོ་སྙམ་ནས། དེ་དེས་བཟུང་སྟེ་ཁུ་ཚུར་དང་རྡོག་པས་ཞེ་ཚིམ་པར་བརྡེགས་ཏེ་བསྒྱུར་ཏེ་བོར་བས་དེ་ཀླད་པ་ནི་རྡོལ། ཆོས་གོས་སྣམ་སྦྱར་ནི་རལ། ལྷུང་བཟེད་ནི་ཞོམ། གསེག་ཤང་ནི་ཆག་སྟེ་ཁྱིམ་དེའི་ནང་ནས་ཕྱིར་བྱུང་སྟེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་སྨྱུང་བར་འདུག་པ་ལ། དགེ་སློང་དག་གིས་གཏམ་དྲིས་པ་ན། ཉེར་དགས་ཐོ་བཙམས་པའི་ལོ་རྒྱུས་བཤད་པས། གཏམ་དེ་བཅོམ་ལྡན་འདས་ལ་གསོལ་པ་ན། བཀའ་སྩལ་པ། དགེ་སློོང་གི་དགེ་སློང་ལ་སྤྱོད་ཡུལ་མ་ཡིན་པ་བསྟན་པར་མི་བྱའོ། །གལ་ཏེ་མི་ཤེས་བཞིན་དུ་འགྲོ་འདོད་པ་ཞིག་དགེ་སློང་དག་གིས་མཐོང་ཡང་དགག་པར་བྱ་སྟེ། དེ་ལྟར་བཀག་ན་ནི་ལེགས། མ་བཀག་ན་ཉེས་པ་དང་ལྡན་པར་འགྱུར་རོ། །ཞེས་བཅས་པ་མཛད་ཅིང་ད་ལྟར་འབའ་ཞིག་མ་ཡིན་པར། སྔོན་ཡང་འདིས་འདི་ལ་སྤྱོད་ཡུལ་མ་ཡིན་པ་ལ་བཏང་བས་གནོད་པ་ཆེན་པོ་དང་ཕྲད་པར་གྱུར་ཏེ། པདྨའི་མཚོ་ཞིག་གི་ནང་ན། སྲོག་ཆག་རུས་སྦལ་ཞིག་གནས་ལ་ཝ་ཞིག་ཀྱང་སྐོམ་གྱིས་གདུང་ནས་ཆུ་འཐུང་བར་དེར་ཕྱིན་པས། རུས་སྦལ་དེ་མཐོང་ནས་བཟའ་བར་ཆས་ཏེ་སོས་བཟུང་བ་ན། རུས་སྦལ་དེས། གྲོགས་པོ་བདག་མ་གསོད་ཅིག་བདག་ནི་ཁྱོད་ཀྱི་ཁམ་གཅིག་ཀྱང་མེད་ཀྱི་བདག་གསོན་པོར་བཏང་ན་བདག་གིས་ཁྱོད་ལ་ཁ་ཟས་མང་པོ་ཡོད་པའི་ཕྱོགས་དེ་བསྟན་ནོ། །ཞེས་སྨྲས་སོ། །དེར་ཝ་དེས་རུས་སྦལ་དེ་བཏང་ནས་ཕྱོགས་དྲིས་པ་ན། རུས་སྦལ་གྱིས་ཕྱོགས་ག་གེ་མོ་ཞིག་ན་ཕུག་གཅིག་གི་ནང་ན་སྐྱིན་གོར་ཏེ་གངས་སྦལ་མ་སྨད་བརྒྱད་གནས་ཀྱིས། དེ་རྣམས་ཁྱོད་ཀྱིས་སོད་ལ་ཟོ་ཞིག་ཅེས་བྱས་ཏེ། སེང་གེ་མ་སྨད་གསུམ་གནས་པའི་ཕུག་པ་ཞིག་བསྟན་ནོ། །དེ་མ་ཐག་ཝ་དེ་ཡང་ཕུག་པའི་སྒོ་ལོགས་སུ་ཆས་པ་ལས་ཝ་གཞན་ཞིག་གིས་མཐོང་སྟེ་གཏམ་དྲིས་ནས་དེ་ལ་གྲོགས་པོ་ལྟོས་དང་ཁྱོད་འདིར་སོང་ན་སྡུག་བསྔལ་དང་ཕྲད་ཏ་རེ་ཞེས་སྨྲས་ཀྱང་མ་ཉན་པར། བདག་ནི་འདི་ན་སྟོབས་ལྡན་བརྩོན་འགྲུས་ལྡན། །བདག་དང་མཚུངས་པ་གང་ཡང་ཡོད་མེད་དེ། །གླང་ཆེན་རྒྱལ་པོ་རྫིང་ལ་འབབ་པ་བཞིན། །དེ་རིང་སྐྱིན་གོར་སྨད་བརྒྱད་གཞོམ་པར་བྱ། །ཞེས་སྨྲས་ནས་ནང་དུ་སོང་བ་དང་དེར་སེང་གེའི་ཕྲུ་གུ་གཅིག་གིས་རྣ་བ་ནས་བཟུང་། གཅིག་གིས་མཇུག་མ་ནས་བཟུང་བས། མས་སྨྲས་པ། བུ་གཉིས་ཐེ་རེ་ལ་ཟ་བ་འདི་མ་བསད་འདི་བསད་པས་ཅི་རུང་ཞེས་བྱས་པས། དེ་གཉིས་ཀྱིས་མའི་ཚིག་ཉན་ཏེ་རྣ་བ་དང་མཇུག་མ་བཅད་དེ་བོར་རོ། །དེ་ཕྱིར་འོང་བ་མཐོང་ནས་ཝ་གཅིག་ཤོས་ཀྱིས། ཁྱོད་ནི་འདི་ན་སྟོབས་ལྡན་བརྩོན་འགྲུས་ལྡན། །ཁྱོད་དང་མཚུངས་པ་ག་ལའང་མེད་ཅེ་ན། །དཔའ་བོ་ལུས་མཛེས་མ་རུངས་གྱུར་པ་ལ། །ཁ་ཙམ་བསྐྱེད་པ་དེ་དང་མཐུན་མ་གྱུར། །ཅེས་སྨྲས་པ་ལ། དེས་བདག་ཉིད་ཀྱིས་ཉེས་སོ། །ཞེས་ལན་སྨྲས་པ། སྐྱིན་གོར་སྨད་བརྒྱད་ཕུག་ན་སྐྱེས་སོ་ཞེས། །བདག་ནི་རུས་སྦལ་ཚིག་ལ་ཡིད་ཆེས་པ། །དེ་ནི་བདག་འདིར་བླུན་ཞིང་དགོས་ཀྱང་ཆུང་། །མི་ཤེས་བྱུར་ངན་དམ་པས་དམད་པར་འོས། །ཞེས་བྱས་སོ། །དེའི་དུས་ཀྱི་རུས་སྦལ་ནི་ཉེར་དགའ་དང་ཝ་དེ་ནི་དགེ་སློང་འདི་ཉིད་ཡིན་པར་གསུངས་སོ། །འདིས་ནི་སྤྱོད་ཡུལ་མ་ཡིན་པར་འགྲོ་བའི་ཉེས་དམིགས་སོགས་བསྟན་པ་ཡིན་ནོ། །

འདུ་འཛིའི་ཉེས་དམིགས་སོགས་བསྟན་པ།

༈ གླེང་གཞི་མཉན་ཡོད་ན་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་དེ་ན་ཁྱིམ་བདག་ཕྱུག་པོ་རྣམ་ཐོས་བུའི་ནོར་དང་ལྡན་པ་ཞིག་གི་ཆུང་མ་ལ་བུ་ཆགས་པར་གྱུར་ཏེ། དེ་ཉིད་འཕགས་པ་མ་འགགས་པས་རང་གི་འདུལ་སྐལ་དུ་གཟིགས་ཏེ་དེའི་ཁྱིམ་དུ་གཅིག་པུར་བྱོན་པས། ཁྱིམ་བདག་དེས་ཆུང་མའི་ལྟོ་ན་གནས་པ་དེ་བུར་གྱུར་ན་འཕགས་པའི་ཞབས་འབྲིང་དུ་འབུལ་བར་ཞུས་སོ། །དེ་ཟླ་དུས་ཚང་བ་ན་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཞིག་བཙས་ཏེ། དེ་མངལ་ན་གནས་པའི་ཚེ་མ་དེ་གཅིག་པུར་དབེན་པ་ལ་དགའ་བར་གྱུར་པས་ཁྱེའུའི་མིང་དགོན་པ་བ་ཞེས་བཏགས་སོ། །དེ་ནས་ཁྱེའུ་དེ་འགྲོ་ནུས་པར་གྱུར་པ་དང་། རང་བཞིན་གྱིས་སྔོན་གྱི་ཚེ་རབས་དྲན་པར་གྱུར་ཏེ། སྔོན་ཆད་འདུ་འཛིའི་ཉེས་པས་སྡུག་བསྔལ་ཆེན་པོ་མྱོང་བར་དྲན་ནས་དབེན་པའི་ཕྱོགས་འབའ་ཞིག་ཏུ་གནས་པར་བྱེད་དོ། །ཕྱིས་ཞིག་ན་འཕགས་པ་མ་འགགས་པས་ཁྱིམ་བདག་ལ་སྔར་གྱི་དམ་བཅའ་བསྐུལ་ནས་བསླང་ཞིང་། ཁྱེའུས་ཀྱང་དགའ་བཞིན་དུ་མ་འགགས་པའི་ཕྱིར་འབྲངས་ཏེ་གཙུག་ལག་ཁང་དུ་ཕྱིན་ནས། དེར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་ནས། དེ་སུ་དང་ཡང་མི་ཕྲད་པར་དགོན་པ་དང་ནགས་ཁྲོད་དང་བས་མཐའ་འབའ་ཞིག་ཏུ་གནས་པར་བྱེད་དོ། །དེར་དགེ་སློང་རྣམས་ཀྱིས་དེའི་རྒྱུ་ཞུས་པས། བཅོམ་ལྡན་འདས་ཀྱིས། འདི་ཉིད་སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་རབ་ཏུ་བྱུང་ཞིང་དགེ་སློང་ཞལ་ཏ་བྱེད་པ་འདུ་འཛི་མང་བར་གྱུར་ནས། འདུ་འཛིའི་ཉེས་པ་དེས་ཚུལ་ཁྲིམས་འཆལ་ཞིང་། དཀོན་མཆོག་གི་དཀོར་ལ་བག་མེད་པར་སྤྱད་པས་ལས་དེའི་རྒྱུའི་སྐྱེ་བ་ལྔ་བརྒྱ་ཡི་དྭགས་སུ་སྐྱེས་ཏེ་སྡུག་བསྔལ་བར་གྱུར་ཏེ། དེ་རྗེས་སུ་དྲན་པས་གཅིག་པུར་གནས་པར་དགའ་བར་གྱུར་ཞིང་དེའི་སྐབས་སུ་དབང་པོ་སྨིན་པར་བྱས་པས་ད་ལྟར་འབྲས་བུ་ཐོབ་པ་དང་། ཆོས་བཞིན་དུ་ཅུང་ཟད་གཅིག་ཞལ་ཏ་བྱས་པས་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་པར་གསུངས། འདིས་ནི་འདུ་འཛིའི་ཉེས་དམིགས་སོགས་བསྟན་ཏོ། །

ཚུལ་ཁྲིམས་མ་བསྲུངས་པའི་ཉེས་དམིགས་དང་བསླབ་གཞི་ཕྲ་མོ་བསྲུངས་པ་དང་སངས་རྒྱས་ལ་དད་པའི་ཕན་ཡོན་རྣམས་བསྟན་པ།

༈ ཡང་བཅོམ་ལྡན་འདས་མཉན་ཡོད་ནས་རྒྱལ་པོའི་ཁབ་ཏུ་གཤེགས་པའི་ལམ་ཞིག་ན་དགོན་པའི་གླང་པོ་ཆེ་ཞིག་སེང་གེ་ལ་འཇིགས་ནས་རང་གི་ཁྱུ་དེད་ནས་རིའི་རྩེ་མོར་འཛེགས་ཏེ་འཁོད་པ་ལས། གླང་པོའི་གཙོ་བོ་དེས་རྒྱང་མ་ནས་བཅོམ་ལྡན་འདས་མཐོང་བ་དང་རབ་ཏུ་དགའ་སྟེ། རི་དེ་ལས་བབས་ནས་ཤིང་ནྱ་གྲོ་དྷའི་ཡལ་ག་དག་ཁྱེར་ཏེ་བཅོམ་ལྡན་འདས་ལ་ཕྱག་དང་བསྐོར་བ་བྱས་ནས། སྐུ་ལ་ཉི་མའི་འོད་ཀྱིས་གདུང་བར་མི་འགྱུར་བར་བྱ་བའི་ཕྱིར་དབུའི་སྟེང་དུ་ནྱ་གྲོ་དྷའི་ཡལ་ག་འཛིན་ཅིང་། ཕྱི་བཞིན་དུ་འབྲངས་ནས་གྲོང་གཞན་དུ་གཤེགས་ཀྱི་བར་བསྐྱལ་ཏེ་ཕྱིར་ལོག་པ་ན། ལམ་དུ་སེང་གེས་བསད་དེ་ཚེ་འཕོས་ནས་ལྷའི་གནས་སུ་སྐྱེས་ཏེ། དེས་གནས་གསུམ་ལ་བརྟགས་པས་སྔོན་ཇི་ལྟར་གྱུར་པ་ཤེས་ནས་ཞག་མ་ལོན་པར་རྒྱལ་བྱེད་ཀྱི་ཚལ་དུ་འོངས་ནས། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་སྣ་ཚོགས་པས་མཆོད་ཅིང་ཆོས་ཉན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ་དགའ་བའི་ཚིག་གསུམ་བརྗོད་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང་མཆིལ་མའི་རྒྱ་མཚོ་བསྐམས་པ་དང་རུས་པའི་ལ་བརྒལ་བ་དང་། ངན་སོང་གི་སྒོ་བཅད་པ་དང་། མཐོ་རིས་དང་ཐར་པའི་སྒོ་རྣམས་ཕྱེ་བ་དང་། བདག་ལྷ་དང་མིའི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས་ལྷ་རྣམས་ཀྱིས་ཀྱང་མ་བགྱིས་ནང་མི་དང་གཉེན་གྱི་ཚོགས་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས་དགེ་སློང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག ། ཤིན་ཏུ་རྣམ་དག་ཁྱོད་ལ་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོའི་ཕ་རོལ་བརྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་འཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །ཅེས་བརྗོད་ཅིང་ཞབས་ལ་ཕྱག་བྱས་ཏེ་ལན་གསུམ་བསྐོར་ནས་སླར་ལྷ་ཡུལ་དུ་སོང་ངོ་། །ཕྱིར་ནང་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་གསོལ་པ་ན། བཅོམ་ལྡན་འདས་ཀྱིས་འདི་ལ་འདས་པའི་ལས་ཀྱི་ཤས་ཀྱང་ཡོད། ད་ལྟར་བྱུང་བའི་ལས་ཀྱི་ཤས་ཀྱང་ཡོད་དེ། འདས་པའི་ལས་ནི་འདི་ཉིད་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་དགེ་སློང་བསླབ་པ་ལ་མ་གུས་ཤིང་གཡེལ་བར་གྱུར་ཏེ་བསླབ་གཞི་ཆེ་ཕྲ་དུ་མ་ལས་འགལ་བས་དུད་འགྲོའི་ནང་དུ་སྐྱེས་ཤིང་། དེའི་ཚེ་བསླབ་གཞི་ཁ་ཅིག་བསྲུང་ཞིང་སྨོན་ལམ་བཏབ་པས་ད་ལྟར་ཆོས་ཐོས་ཤིང་བདེན་པ་མཐོང་བར་གྱུར་པའོ། །ད་ལྟར་བྱུང་བ་ནི། གླང་པོ་ཆེར་གྱུར་ནས་ང་ལ་བསྙེན་བཀུར་བྱས་ཏེ། སེམས་དགའ་བར་བྱེད་པ་དེས་ནི་ལྷའི་ནང་དུ་སྐྱེས་སོ་གསུངས། འདིས་ནི་ཚུལ་ཁྲིམས་མ་བསྲུངས་པའི་ཉེས་དམིགས་དང་བསླབ་གཞི་ཕྲ་མོ་བསྲུངས་པ་དང་སངས་རྒྱས་ལ་དད་པའི་ཕན་ཡོན་རྣམས་བསྟན་པའོ། །

སྐྱབས་སུ་འགྲོ་བ་དང་བསླབ་གཞི་བླང་བ་སྦྱིན་པའི་ཕན་ཡོན་རྣམས་བསྟན་པ།

༈ ཡང་གླིང་གཞི་མཉན་ཡོད་ན་བཞུགས་པའི་ཚེ། ཕྱིའི་རྒྱ་མཚོ་ཆེན་པོ་ན་ཀླུའི་རྒྱལ་པོ་དབྱིག་ཅེས་བྱ་བའི་བུ་དབྱིག་བཟང་ཞེས་བྱ་བ་ཡོད་དེ། ཀླུ་རྣམས་ཀྱི་ཆོས་ཀྱིས་ནི་ཉིན་དུས་གསུམ་མཚན་དུས་གསུམ་དུ་ལུས་ལ་བྱེ་ཚན་ལ་བབ་པས་སྡུག་བསྔལ་བར་འགྱུར་བ་ལས། བུ་དེས་ཕ་མ་ལ་དྲིས་པ། བདག་གིས་ཡུན་ཇི་སྲིད་ཅིག་གི་བར་འདིས་སྡུག་བསྔལ་མྱོང་། ཕ་མས་ཇི་སྲིད་དུ་སྐལ་བ་མཉམ་པ་འདི་ཡོད་པ་དེ་སྲིད་དུའོ། །དེ་ནས་བུ་དེས་བལྟས་པས། ཀླུ་ཆེན་པོ་ཁ་ཅིག་བྱེ་ཚན་དེ་མི་འབབ་པར་མཐོང་ནས། ཡང་དྲིས་པ། ལོག་པར་ལྟུང་བར་འདྲ་ན་ཀླུ་ཆེན་པོ་འདི་དག་ལ་བྱེ་མ་མི་འབབ་ལ། བདག་ཅག་ལ་འབབ། ཕ་མས་ཀླུ་ཆེན་པོ་འདི་དག་ཆེ་བར་གྲགས་པ་ཡིན་ཏེ་དེས་མི་འབབ་བོ། །ཡང་བལྟས་པས་རང་ལས་དམན་པ་ཁ་ཅིག་ལའང་མི་འབབ་པར་མཐོང་ནས་དྲིས་པས། དེ་དག་གིས་སྐྱབས་འགྲོ་དང་བསླབ་གཞི་བླངས་པས་མི་འབབ་བོ། །དེ་ཐོས་པས་དགའ་ནས་སྐྱབས་འགྲོ་དང་བསླབ་གཞི་ག་ལས་བྱུང་དྲིས་པས། ཡུལ་དབུས་ན་སངས་རྒྱས་བྱོན་ཏེ་དེས་ནི་བདུད་རྩིའི་ཆར་འབེབས་པས་དེ་ལས་སོ། །བུས་སྨྲས་པ། ཡབ་ཡུམ་གྱིས་བདག་ལ་གནང་བ་སྩོལ་དང་བདག་དེར་ཕྱིན་ནས་བླང་བར་བགྱིའོ། །ཕ་མས་སྨྲས་པ། བུ་མ་ལེན་ཅིག ལྷན་ཅིག་སྐྱེས་པའི་སྡུག་བསྔལ་འདི་ནི་ཆུང་གི། སྐྱབས་འགྲོ་དང་བསླབ་གཞི་བླངས་ཏེ་མ་བསྲུངས་ན་ངན་སོང་གསུམ་དུ་སྐྱེས་ཏེ། དེའི་སྡུག་བསྔལ་ནི་བཟོད་པར་དཀའ་འོ། །བུས་སྨྲས་པ། སྡུག་བསྔལ་འདི་ཞི་བའི་ཕྱིར་ཅི་ནུས་ཀྱིས་བསྲུང་བར་བགྱིའོ། །ཞེས་སྨྲས་ནས། ཀླུའི་བུ་དེས་ལྷའི་མེ་ཏོག་ཨུད་པ་ལ་དང་པདྨ་དང་ཀུ་མུ་དང་པདྨ་དཀར་པོ་རྣམས་ཀྱིས་ཐུ་བ་བཀང་སྟེ། རྒྱ་མཚོའི་ནང་ནས་མི་སྣང་བར་གྱུར་ནས་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་ལ་ཆོས་སྟོན་ཅིང་བཞུགས་པ་མཐོང་ངོ་། །དེ་མཐོང་བ་དང་དགའ་བ་ཆེར་སྐྱེས་ཏེ་མེ་ཏོག་རྣམས་སྐུ་ལ་གཏོར་ཞིང་ཞབས་ལ་ཕྱག་བྱས་ནས། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་མནོས་ཏེ་ཆོས་ཉན་པས། དེའི་ཀླུའི་བྱེ་མ་མེད་པར་གྱུར་པས་ལྷག་པར་ཡང་དགའ་སྟེ་སངས་རྒྱས་འཁོར་དང་བཅས་པ་ལ་ཇི་སྲིད་འཚོའི་བར་དུ་ཡོ་བྱད་ཐམས་ཅད་སྟོབ་པར་ཞུས་པས། གཞོན་ནུ་གཞན་དག་ལ་ཡང་ཕན་གདགས་དགོས་ཀྱིས་ཐོངས་ཤིག ཅེས་བཀའ་སྩལ་ཏེ་མ་གནང་ངོ་། དེ་ནས་བཅོམ་ལྡན་འདས་ཡུལ་མ་ག་དྷཱར་ལྗོངས་རྒྱུ་ཞིང་གཤེགས་པར་རིགས་ནས། དེའི་བར་གྱི་ལམ་ཀར་བསྙེན་བཀུར་བྱེད་པར་ཞུས་པར། ཅང་མི་གསུངས་པར་གནང་ངོ་། དེ་ནས་ཀླུའི་བུ་དེས་མཉན་ཡོད་ནས་རྒྱལ་པོའི་ཁབ་ཀྱིས་བར་གྱི་ལམ་ཐོག་ཐག་གསེག་མ་ལ་སོགས་ཀྱི་རྡུལ་ཉལ་ཉིལ་དང་མི་གཙང་བའི་རིགས་ཐམས་ཅད་མེད་པར་བྱས་ཏེ། ས་གཞི་ཐམས་ཅད་ནེའུ་གསེང་སྔོན་པོས་ཁྱབ་ཅིང་སྤོས་ཀྱི་ཆག་ཆག་བཏབ་པ། ངོས་གཡས་གཡོན་དུ་མེ་ཏོག་དང་འབྲས་བུ་ཅན་གྱི་ཤིང་རྣམ་པ་སྣ་ཚོགས་པ་བྱ་རིགས་སྣ་ཚོགས་སྐད་སྙན་པར་སྒྲོགས་པས་གང་བ་མཚེའུ་དང་ལྡེང་ཀ་དང་རྫིང་རྣམས་མེ་ཏོག་སྣ་ཚོགས་པ་དང་ཆུ་བྱ་སྣ་ཚོགས་པས་མཛེས་པར་སྤྲུལ་ཏེ་ལམ་ཐོག་ཐག་ཏུ་བུམ་པ་བཅུད་ཀྱིས་བཀོད་པ་དང་། གདུགས་དང་རྒྱལ་མཚན་བ་དན་རྔ་ཡབ་ལ་སོགས་པ་བསྒྲེངས་ཤིང་གློ་གཡས་གཡོན་དུ་གཟིམས་ཁྲི་དང་བླ་རེ་རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད་མེ་ཏོག་གི་ཆུན་འཕྱང་རྣམས་ཀྱིས་མཛེས་པར་སྤྲས་ཤིང་མི་མང་པོ་དག་ཀྱང་སྤྲུལ་ཏེ་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་རྣམས་ལ་གདུགས་རྩིབས་བརྒྱ་པ་དང་བླ་རེ་འཛིན་ཅིང་རྔ་ཡབ་ནོར་བུའི་ཡུ་བ་ཅན་གཡོབ་པར་བྱེད་ལ་མེ་ཏོག་སྣ་ཚོགས་པའང་འཐོར་པར་བྱེད་དོ། །ཀླུའི་བུ་ཉིད་བཅོམ་ལྡན་འདས་ཀྱི་ཕྱིར་ལ་འབྲངས་ནས་སྤོས་དང་མེ་ཏོག་ལ་སོགས་པས་མཆོད་པར་བྱེད་ཅིང་། ཕྱོགས་གང་དུ་མཉེལ་གསོ་བའམ་བཞུགས་པར་བཞེད་པའི་ཕྱོགས་དེར། གདན་ཁྲི་དང་། གཞལ་མེད་ཁང་དང་། ཁ་ཟས་རྣམ་པ་སྣ་ཚོགས་པ་སོགས་ཇི་ལྟར་བཞེད་པ་ཐམས་ཅད་མ་ཚང་བ་མེད་པར་བྱས་ཤིང་བསྙེན་བཀུར་ཕུལ་ཞིང་མཐར་གྱིས་རྒྱལ་པོའི་ཁབ་ཏུ་བྱོན་ཏེ། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པར་བཞུགས་སོ། །དེར་ཡང་ཟླ་བ་གསུམ་གྱི་བར་དུ་བསྙེན་བཀུར་བྱེད་པ་ཞུས་པས་གནང་སྟེ། ཀླུའི་རྒྱལ་པོས་ཡོད་བྱད་ཐམས་ཅད་སྦྱར་ཞིང་བསྙེན་བཀུར་ལ་ཉིན་ཐ་མར་བཅོམ་ལྡན་འདས་ལ་རས་ཡུག་འབུམ་རི་བའི་ན་བཟའ་དང་། དགེ་སློང་གཞན་རྣམས་ལའང་སོ་སོར་ཡོ་བྱད་ཐམས་ཅད་ཕུལ་ནས། སེམས་དད་པར་བྱས་ཏེ་སྤྱན་སྔར་འདུག་གོ ། དེར་བཅོམ་ལྡན་འདས་ཞལ་འཛུམ་པར་མཛད་པས། ཀུན་དགའ་བོས་རྒྱུ་རྐྱེན་གསོལ་བ་ན། ཀླུའི་བུ་འདི་དགེ་བའི་རྩ་བ་འདིས་བསྐལ་པ་བརྒྱའི་བར་དུ་ལོག་པར་ལྟུང་བར་མི་འགྱུར་རོ། །བསྐལ་པ་བརྒྱའི་བར་དུ་ལྷ་དང་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་ཞིང་སྲིད་པ་ཐ་མ་པར་གྱུར་པ་ན་རང་སངས་རྒྱས་སྨོན་ལམ་ལེགས་པར་བཏབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །འདིས་ནི་སྐྱབས་སུ་འགྲོ་བ་དང་བསླབ་གཞི་བླང་བ་སྦྱིན་པའི་ཕན་ཡོན་རྣམས་བསྟན་པ་ཡིན་ནོ། །

རིགས་གཟུགས་ཀྱི་དྲེགས་པས་གཞན་ལ་བརྙས་པ་སོགས་ཀྱི་ཉེས་དམིགས་དང་སྦྱིན་པ་དང་བསླབ་གཞི་སྲུང་བའི་ཕན་ཡོན་བསྟན་པ།

༈ ཡང་གླེང་གཞི་ཡངས་པ་ཅན་དུ་བཞུགས་ཏེ། དེའི་ཚེ་གྲོང་གི་སྡེ་དཔོན་སེང་གེ་ཞེས་བྱ་བའི་ཆུང་མ་ལ་བུ་ཆགས་ནས། དེའི་མཐུས་བུད་མེད་དེའི་ལུས་ཐོག་ཐག་ནས་ཕྱི་སའི་དྲི་འབྱུང་ལ། ཕྱིས་ཟ་བའི་སེམས་ཅན་ཀྱང་སྐྱེས་པར་གྱུར་ཏེ། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། དེའི་བུ་མི་སྡུག་པའི་རྣམ་གྲངས་བཅོ་བརྒྱད་དང་ལྡན་པ་ཞིག་བཙས་ནས། དེ་བཙས་མ་ཐག་ཏུ་ཁྱིམ་དེའི་ཐོག་ཐག་ཏུ་ཕྱི་སའི་དྲིས་གང་བར་གྱུར་ཏོ། །དེ་ནས་དེ་བཀྲུས་ཏེ་སྤོས་སྣ་ཚོགས་ཀྱིས་བྱུགས་ཀྱང་ཕྱི་སའི་དྲི་མེད་པར་མ་གྱུར་ནས། ཆུང་མས་སྡེ་དཔོན་སེང་གེ་ལ་བསྟན་མ་འདོད་པ་ལས་བུད་མེད་གཞན་ཞིག་གིས་བསྙད་པས་དེ་མི་དགའ་བར་གྱུར་ནས་ནམ་སྲོས་ཁྱི་ལ་སྦྱིན་ནམ་སྙམ་པ་ན། བར་སྐབས་དེར་སྡེ་དཔོན་སེང་གེ་དགེ་བའི་བཤེས་དང་འཕྲད་དེ་བཅོམ་ལྡན་འདས་ལས་ཆོས་ཐོས་པས་བདེན་པ་མཐོང་བར་གྱུར་ཏེ། དེས་བསམ་པ། སེམས་ཅན་འདི་ལས་ལས་སྐྱེས་ཏེ། འདི་ཆེར་བསྐྱེད་བསྲིངས་ནས་དཀོན་མཆོག་ལ་བསྙེན་བཀུར་བྱེད་བཅུག་ན་སྐྱེ་བ་གཞན་དུ་འདི་ལྟ་བུའི་ལུས་ངན་མི་ལེན་པར་འགྱུར་རོ་སྙམ་སྟེ་གསོས་ནས་ཆེར་སྐྱེས་པ་ནས་ཕས་བསོད་ནམས་ཀྱི་ལས་ལ་བསྐུལ་བས་དེས་ཀྱང་ཕའི་ངག་ཉན་དེ་དཀོན་མཆོག་ལ་བཀུར་སྟི་བྱེད་པར་གྱུར་ཏོ། །དེ་ནས་ཕྱི་ཞིག་ཁྱེའུ་དེས་ཕ་མ་ལ་གསོལ་ཏེ་སངས་རྒྱས་དགེ་འདུན་དང་བཅས་པ་ཁྱིམ་དུ་སྤྱན་དྲངས་ནས་བཤོས་དྲང་བའི་འོག་ཏུ་ཆོས་ཉན་པར་འཁོར་བ་ན། བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་བག་ལ་ཉལ་སོགས་ཐུགས་སུ་ཆུད་ནས་ཆོས་བསྟན་པས་ཁྱེའུ་དེ་སྟན་དེ་ལ་འཁོད་བཞིན་དུ་བདེན་པ་མཐོང་ནས། བདག་ལུས་འདི་ལྟ་བུར་མ་གྱུར་ན་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བར་བྱ་སྟེ་སྙམ་དུ་བསམ་པའི་མོད་ལ་ཁྱེའུ་དེའི་བྱད་བཞིན་མི་སྡུག་པ་དང་དྲི་མི་ཞིམ་པ་དེ་མེད་པར་གྱུར་པས་ལྷག་པར་ཡང་དགའ་སྟེ། བཅོམ་ལྡན་འདས་ལ་གསོལ་བས། སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་ཏེ་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པས། སྔོན་འདས་པའི་དུས་ན། རི་ཁྲོད་ཀྱི་གྲོང་ཞིག་ན་བྲམ་ཟེ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཞིག་གནས་པ་དེས་བྱད་གཟུགས་ཀྱི་དྲེགས་པས་དགེ་སྦྱོང་དང་བྲམ་ཟེ་ཐམས་ཅད་ལ་བརྙས་པར་བྱེད་པ་ལས། ནམ་ཞིག་བྲམ་ཟེ་དེ་ཁང་སྟེང་དུ་འདུག་པ་ན། རང་སངས་རྒྱས་ཞིག་གྲོང་ནས་བསོད་སྙོམས་བླང་སྟེ་སྒོ་དྲུང་ནས་བྱོན་པ་མཐོང་ནས། བྲམ་ཟེ་དེའི་མདུན་དུ་རྫའི་གྱོ་མོ་ཕྱི་སས་གང་བ་ཞིག་འདུག་པ་དེ་རྐང་པས་ཕུལ་ནས་རང་སངས་རྒྱས་ཀྱི་སྟེང་དུ་བོར་བས་དེའི་གོས་དང་ལུས་དང་ལྷུང་བཟེད་ཐམས་ཅད་གོས་པར་གྱུར་ཏེ། རང་སངས་རྒྱས་དེས་ཡར་བལྟས་པ་དང་བྲམ་ཟེ་དེ་དགའ་ཆེས་ནས་བཞིན་མི་སྡུག་པར་བསྒྱུར་ཏེ་ལུས་ཀྱི་ལས་ཀྱིས་ཐོ་བཙམས་སོ། །དེར་རང་སངས་རྒྱས་དེ་དེ་ལ་ཐུགས་བརྩེ་བའི་སླད་དུ། ནམ་མཁའ་ལ་འཕགས་ཏེ་རྫུ་འཕྲུལ་སྣ་ཚོགས་པ་བསྟན་པས། སོ་སོ་སྐྱེ་བོ་ནི་རྫུ་འཕྲུལ་གྱིས་མྱུར་དུ་དད་པ་སྐྱེ་བར་འགྱུར་བས་ན། རབ་ཏུ་དད་ནས་འགྱོད་པས་ཕྱག་འཚལ་ཞིང་ཁྱིམ་དུ་སྤྱན་དྲངས་པ་ན་རང་སངས་རྒྱས་དེ་ཡང་ཐུགས་བརྩེ་བས་ས་ལ་བབ་སྟེ་དེའི་ཁྱིམ་དུ་བྱོན་པ་ན་བྲམ་ཟེ་དེས་གོས་རྣམས་ཕུད་ནས་སྐུ་ལ་ཁྲུས་བྱས་ཤིང་སྤོས་ཀྱིས་བྱུགས་ནས་ཆོས་གོས་གསར་དུ་ཕུལ་ཞིང་། བཟའ་བཅའ་ཇི་ལྟར་བཞེད་པ་ཕུལ་ནས་ཞབས་ལ་ཕྱག་བྱས་ཏེ་བཟོད་པར་གསོལ་ནས། བདག་གིས་ཡོན་གནས་འདི་ལྟ་བུ་ལ་གནོད་པ་བྱས་པའི་འབྲས་བུ་མི་མྱོང་ཞིང་གང་དུ་སྐྱེས་པར་ཕྱུག་ཅིང་ནོར་མང་བ་དང་། འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་དང་ཕྲད་ནས་མཉེས་པར་བྱས་ཏེ་ཡོན་ཏན་འདི་ལྟ་བུ་ཐོབ་པ་དང་། གལ་ཏེ་ལས་ཀྱི་འབྲས་བུ་མི་སྡུག་པ་མྱོང་ནའང་། དེ་རབ་ཏུ་བྱུང་བར་འདོད་པའི་མོད་ལ་བྱང་བར་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་བྲམ་ཟེ་དེ་ནི་སེང་གེའི་བུ་འདི་ཡིན་ཏེ། ལས་དེས་གང་དུ་སྐྱེས་པར་མི་སྡུག་པའི་མཚན་མ་བཅོ་བརྒྱད་དང་ལྡན་ཞིང་ལུས་ལ་ཕྱི་སའི་དྲི་བྲོ་བར་གྱུར་ལ། སླར་བསྙེན་བཀུར་བགྱིས་ཤིང་སྨོན་ལམ་བཏབ་པས་སྨོན་པ་བཞིན་གྱི་འབྲས་བུ་ཐོབ་བོ་གསུངས། དེ་ནས་དགེ་སློང་རྣམས་ཀྱིས་སྡེ་དཔོན་སེང་གེའི་ལས་ཀྱི་རྒྱུ་ཞུས་པས། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་བསྙེན་དུ་གྱུར་ཏེ། སྦྱིན་པ་དག་བྱིན་བསོད་ནམས་དག་བསགས། ཚེ་གཅིག་ཏུ་སྐྱབས་འགྲོ་དང་བསླབ་གཞི་རྣམས་བསྲུངས་ནས་འཆི་ཁར་སྨོན་ལམ་བཏབ་པའི་རྒྱུ་དེས་གང་དང་གང་དུ་སྐྱེས་པ་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། ད་ལྟར་ཡང་སངས་རྒྱས་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ་གསུངས། འདིས་ནི་རིགས་གཟུགས་ཀྱི་དྲེགས་པས་གཞན་ལ་བརྙས་པ་སོགས་ཀྱི་ཉེས་དམིགས་དང་སྦྱིན་པ་དང་བསླབ་གཞི་སྲུང་བའི་ཕན་ཡོན་བསྟན་པའོ། །

གཞན་གྱི་འཁོར་ཁ་དྲངས་ཤིང་འབྱེད་པར་བྱེད་པའི་རྣམ་སྨིན་གྱི་འབྲས་བུ་བསྟན་པ།

༈ ཡང་གླེང་གཞི་མཉན་ཡོད་ན་བཞུགས་ཏེ། དེའི་ཚེ་མུ་གེ་ཆེན་པོ་བྱུང་ནས་སློང་མོ་བ་རྣམས་ཀྱིས་ཁ་ཟས་མི་རྙེད་པར་གྱུར་ཏོ། །སྐབས་དེར་བཅོམ་ལྡན་འདས་ཟླ་བ་གསུམ་གྱི་བར་དུ་ནང་དུ་ཡང་དག་འཇོག་ལ་བཞུགས་ཏེ། གསོ་སྦྱོང་གི་དུས་དང་ཞལ་ཟས་སྐྱེལ་བའི་སྐབས་མ་གཏོགས་སུ་ཡང་མདུན་དུ་འགྲོར་མེད་དོ། །དེར་ལྷས་བྱིན་གྱིས། ད་ནི་བདག་གི་དགེ་སྦྱོང་ག་ཏ་མའི་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱ་བ་དང་འཁོར་ལོའི་དབྱེན་བྱ་བའི་དུས་ལ་བབ་བོ་སྙམ་ནས། དགེ་སློང་རྣམས་ལ་སྨྲས་པ། བཙུན་པ་རྣམས་དགེ་སྦྱོང་ག་ཏ་མ་ཉན་ཐོས་རྣམས་ལ་ཇི་ལྟར་བྱས་པ་ལ་གཟིགས། གང་གི་ཚེ་དགེ་སློང་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབ་དགོས་པར་གྱུར་པའི་ཚེ་ནང་དུ་ཡང་དག་པར་འཇོག་ལ་གནས་ཤིང་འདུག་གིས། དགེ་སློང་དག་ཚུར་ཤོག་བདག་གི་ཐད་དུ་འཁོད་ཅིག་དང་བདག་གི་ཁྱེད་རྣམས་ཡོ་བྱད་ཐམས་ཅད་ཀྱིས་བསྟབ་བོ། །དེར་དགེ་སློང་ལྔ་བརྒྱ་ཙམ་གྱིས་དེའི་ཚིག་ཉན་ཏེ་འཁོད་པ་ན། ལྷས་བྱིན་གྱིས་བརྟུལ་ཞུགས་ལྔ་བསྒྲགས་ཏེ། འོ་མ་དང་། ཤ་དང་། ལན་ཚྭ་སྤོང་བ་གསུམ་དང་། གོས་དྲས་ཤིང་དྲུབ་པ་མི་གྱོན་པ་དང་། གྲོང་གི་མཐའ་ན་གནས་པ་སྟེ། གང་དག་བརྟུལ་ཞུགས་ཀྱི་གཞི་ལྔ་པོ་འདི་ལེན་པར་འདོད་ཅིང་འཐད་པར་སེམས་པ་དང་། དགེ་སྦྱོང་ག་ཏ་མའི་ཐད་ནས་འབྱེ་བ་དང་། གཞན་དུ་འགྲོ་བ་དང་འབྲལ་བར་འདོད་པ་དག་གིས་ཚུལ་ཤིང་ལོངས་ཤིགས་ཅེས་བྱས་པས་དགེ་སློང་ལྔ་བརྒྱ་པོས་ཚུལ་ཤིང་བླངས་སོ། །དེ་ནས་དགེ་སློང་ལྔ་བརྒྱ་པོ་ལྷས་བྱིན་གྱིས་ཁྲིད་དེ། ཁྱིམ་བྱ་བའི་ཀུན་དགའ་ར་བ་ཞེས་བྱ་བར་སོང་ནས་སློབ་མའི་མཆོག་ཀོ་ཀ་ལི་ཀ་དང་ཁན་ད་དྲ་བ་བྱ་དང་ཀ་ཏ་མོར་ཀ་དང་རྒྱལ་དང་རྒྱ་མཚོས་བྱིན་རྣམས་གཡས་གཡོན་གྱི་གྲལ་དུ་བཞག་སྟེ་རང་ཉིད་གུང་ན་འདུག་ཅིང་སྟོན་པའི་ཚུལ་ལྟར་འཆོས་པར་བྱེད་དེ། ང་ནི་བདག་གིས་དགེ་འདུན་མཐུན་པའི་དབྱེན་དང་འཁོར་ལོའི་དབྱེན་ཡང་བྱས་ཟིན་ཏོ་སྙམ་དུ་འཁོད་དོ། །དེའི་ཚེ་དགེ་སློང་རྣམས་ཀྱི་རྣལ་འབྱོར་ཡང་མེད་ཡིད་ལ་བྱེད་པ་ཡང་མེད་ལུང་ནོད་པ་དང་། ཁ་ཏོན་བྱེད་པ་ཡང་མེད་ལ། མདོ་སྡེ་སེམས་པ་དང་འདུལ་བ་སེམས་པ་དང་ཆོས་མངོན་པ་སེམས་པ་ཡང་མི་དྲན་ཏེ་དགེ་བའི་ཕྱོགས་ཐམས་ཅད་ཀྱི་བར་ཆད་དུ་གྱུར་ཏོ། །དེའི་ཚེ་དགེ་སློང་རྣམས་ཀྱིས་བཙུན་པ་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཅི་ཞིག་མཛད་མཛད་ནས། དེའི་རྣམ་སྨིན་གྱིས་དགེ་འདུན་ཕྱེ་བར་གྱུར་པ་ལགས་ཅེས་གསོལ་བ་དང་བཀའ་སྩལ་པ། དགེ་སློང་དག་ང་ཉིད་ཀྱིས་སྔོན་གྱིས་ཚེ་རབ ས་གཞན་དག་ཏུ་གདོན་མི་ཟ་བར་འོང་བའི་ལས་དེ་བྱས་ཤིང་བསགས་པས་ན། ང་ཉིད་ཀྱི་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། སྔོན་འདས་པའི་དུས་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བས་རྒྱལ་པོ་བྱེད་དེ། དེའི་ཚེ་ཡུལ་དེའི་དྲང་སྲོང་གི་གནས་ཤིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་གཡོག་འཁོར་ལྔ་བརྒྱ་ཡོད་པ་ཞིག་རྟེན་ཅིང་གནས་སོ། །དེ་ནས་ཕྱི་ཞིག་ན་ལྷོ་ཕྱོགས་ནས་རིག་པའི་གནས་བཅོ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྲམ་ཟེ་ཞིག འཁོར་ལྔ་བརྒྱ་དང་བཅས་དེར་འོངས་ནས་འཁོར་རྣམས་ལ་གསང་སྔགས་སློབ་པར་བྱེད་དོ། །དེ་མཐོང་བ་དང་དྲང་སྲོང་གི་འཁོར་རྣམས་འོངས་ནས་བྲམ་ཟེ་དེ་ལ་ཁ་ཏོན་བསླབ་པར་ཞུས་པ་ན། བྲམ་ཟེ་དེས། ང་ནི་གཞན་གྱི་སློབ་མ་ལ་སློབ་པར་མི་བྱེད་དོ། །ཞེས་སྨྲས་ནས་བསླབ་ཏུ་མ་འདོད་པས་དྲང་སྲོང་གི་འཁོར་དེ་དག་གིས་དྲང་སྲོང་དེ་བོར་ནས་བྲམ་ཟེའི་ཐད་དུ་ཕྱིན་པ་ན་དེས་ཀྱང་དེ་དག་གིས་ཟས་དང་ཁ་ཏོན་བསླབས་པས་བསྡུས་སོ། །དེའི་དུས་ཀྱི་བྲམ་ཟེ་དེ་ནི་ང་ཉིད་ཡིན་ཏེ། དེའི་ཚེ་དྲང་སྲོང་དེའི་འཁོར་གྱི་དབྱེན་བྱས་པའི་ལས་དེའི་རྣམ་སྨིན་གྱིས་ལོ་འབུམ་ཕྲག་མང་པོར་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་ཞིང་། དེ་ནས་ཀྱང་གང་དུ་སྐྱེས་པ་དེར་འཁོར་རྣམས་ཕྱེ་བར་གྱུར་ལ། ད་ལྟར་གྱི་དུས་སུའང་དེའི་རྣམ་པར་སྨིན་པས་ལྷས་བྱིན་གྱིས་ང་འཁོར་དང་ཕྱེ་བ་ཡིན་ནོ་གསུངས། འདིས་ནི་གཞན་གྱི་འཁོར་ཁ་དྲངས་ཤིང་འབྱེད་པར་བྱེད་པའི་རྣམ་སྨིན་གྱི་འབྲས་བུ་བསྟན་པའོ། །

ཚུལ་ཁྲིམས་ཡང་དག་པར་བསྲུང་ཞིང་འཆི་ཁར་སྨོན་ལམ་བཏབ་པའི་འབྲས་བུ་བསྟན་པ།

༈ ཡང་གླེང་གཞི་མཉན་ཡོད་ན་བཞུགས་ཏེ། དེའི་ཚེ་དགོན་པའི་ནགས་ཁྲོད་ཅིག་ན་བཀོད་མའི་ཆུ་འཁྱིལ་བའི་མཚེའུ་ཞིག་ཀྱང་ཡོད་དེ། དེ་ན་དྲང་སྲོང་ལྔ་བརྒྱ་ཙམ་རྟེན་ཅིང་དཀའ་ཐུབ་སྤྱོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་འདུལ་བའི་དུས་ལ་བབ་པར་གཟིགས་ནས་མཉན་ཡོད་ནས་མི་སྣང་བར་གྱུར་ཏེ། ནགས་ཁྲོད་དེར་གཤེགས་པ་དང་། དྲང་སྲོང་ལྔ་བརྒྱ་པོས་མཐོང་ནས། དེ་དག་གིས། དགེ་སྦྱོང་ག་ཏ་མ་གཡེལ་བ་མང་དུ་ལེན་ཅིང་འཚོ་བ་སྤོང་བ་བཏང་བ་དེ་འདིར་འོངས་ཀྱིས། བདག་ཅག་གིས་ལག་བརྡས་སྤྱིལ་བོ་བསྟན་པ་མ་གཏོགས་པར་དེ་ལ་གཏམ་སྨྲ་བར་མི་བྱའོ། །ཞེས་སྨྲས་ཏེ་ཅང་མི་ཟེར་བར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་དྲུང་དུ་བྱོན་ཏེ་ཐམས་ཅད་ལ་བཀའ་སྩལ་ཡང་ལག་བརྡས་སྤྱིལ་བོ་བསྟན་པ་ཙམ་ལས་ལན་མི་གསོལ་བར་གྱུར་པས། སྤྱིལ་བོའི་ནང་དུ་རྩྭ་བཏིང་བ་ལ་བཞུགས་ནས་དེ་དག་དྲང་བའི་ཕྱིར་བཀོད་མའི་ཆུ་འཁྱིལ་བའི་མཚེའུ་དེ་བསྐམ་པར་བྱིན་གྱིས་བརླབས་སོ། །དེ་ནས་དྲང་སྲོང་དག་གིས་དེ་མཐོང་ནས་མྱ་ངན་གྱིས་གདུང་སྟེ་ལྷ་ལ་གསོལ་པ་བཏབ་པས། ལྷས་གཟུགས་བསྟན་ཏེ། བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བར་བསྐུལ་བས་དེ་དག་དགའ་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ནས་བཟོད་པར་གསོལ་ཞིང་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་པ་ན་དེ་དག་གི་བསམ་པ་དང་བག་ལ་ཉལ་སོགས་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་པས། དྲང་སྲོང་ལྔ་བརྒྱ་པོ་སྟན་ལ་འཁོད་བཞིན་དུ་བདེན་པ་རྟོགས་པའི་མོད་ལ་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱས་སོ། །དེ་ནས་དེ་དག་སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་ལུང་ཕོག་ཅིང་། དེ་དག་གིས་ཀྱང་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེར་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་ཤིང་། དགེ་སློང་ལྔ་བརྒྱ་པོ་ནགས་ཁྲོད་དེར་འཁོད་པ་ལ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་ཐོས་ནས། དེར་གཙུག་ལག་ཁང་བརྩེགས་ཤིང་བསྙེན་བཀུར་བར་བྱས་སོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པས། འདི་རྣམས་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་དུ་གྱུར་ཏེ་ཚུལ་ཁྲིམས་ཡང་དག་པར་བསྲུང་ཞིང་འཆི་ཁར་སྨོན་ལམ་བཏབ་པའི་འབྲས་བུ་ཡིན་པར་གསུངས་སོ། །

དཀོན་མཆོག་མཆོད་པ་སོགས་སྦྱིན་པའི་འབྲས་བུ་བསྟན་པ།

༈ ཡང་གླེང་གཞི་མཉན་ཡོད་ན་བཞུགས་པའི་ཚེ། གྲོང་དེ་ན་ཁྱིམ་བདག་ཕྱུག་པོ་རྣམ་ཐོས་ཀྱི་བུའི་ནོར་ལ་འགྲན་བཟོད་པ་ཞིག་ལ། ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཞིག་བཙས་ཏེ། དེ་ཉིད་ཆེར་སྐྱེས་ཏེ་ཡིག་རྩིས་དང་བརྟག་པ་བརྒྱད་སོགས་ལ་ཤིན་ཏུ་བྱང་བར་གྱུར་ཅིང་། དེ་ཉིད་དགུན་དང་སོས་ཀ་དང་དབྱར་གསུམ་དུ་སྡོད་གནས་ཀྱི་ཁྱིམ་ཁ་གསུམ་དུ་བརྩིགས་ཤིང་། སྐྱེད་མོས་ཚལ་གསུམ་དང་ཆུང་མ་ཡང་གསུམ་བླངས་ཏེ་ཁང་བཟང་གི་སྟེང་ན་འདུག་ཅིང་བུད་མེད་འབའ་ཞིག་གི་རོལ་མོས་རྩེ་ཞིང་དགའ་མགུར་སྤྱོད་དེ་རང་གི་བསོད་ནམས་ཀྱི་འབྲས་བུ་མྱོང་ངོ་། །དེ་ནས་ཕྱི་ཞིག་ན་དཔྱིད་ཀྱི་དུས་སུ་བབ་སྟེ་སྐྱེད་མོས་ཚལ་གྱི་ནགས་ཁྲོད་དུ་གཡོག་འཁོར་དང་བཅས་པ་དོང་ནས་རྩེ་ཞིང་གནས་པའི་ཚེ། བཅོམ་ལྡན་འདས་ཀྱིས་དེ་ཉིད་འདུལ་བའི་དུས་ལ་བབ་པར་གཟིགས་ནས། སྐྱེད་མོས་ཚལ་དེ་དང་ཉེ་བ་ཞིག་ཏུ་སྐྱེད་མོས་ཚལ་གཅིག་སྤྲུལ་ནས་དེར་འཁོར་མང་པོ་ལ་ཚངས་པའི་གསུང་གིས་ཆོས་སྟོན་པར་མཛད་དོ། །དེ་ནས་ཁྱིམ་བདག་གི་བུ་དེ་སངས་རྒྱས་ཀྱི་གསུང་གི་གདངས་དེ་ཐོས་པས། སྔོན་ཆད་འདི་ལྟ་བུ་མ་ཐོས་པས་སུ་ཡིན་བལྟ་བར་བྱའོ་སྙམ་དུ་འཁོར་དང་བཅས་པ་སྐྱེད་མོས་ཚལ་ཅིག་ཤོས་ཀྱི་ལོགས་སུ་ཕྱིན་པས། སངས་རྒྱས་ཀྱི་མཚན་དཔེའི་སྐུ་མཐོང་བ་ན་སྔོན་གྱི་དགེ་བའི་རྩ་བའི་མཐུས་དགེ་སློང་བསམ་གཏན་ལ་གནས་པའི་བདེ་བ་ལས་ཁྱད་པར་དུ་འཕགས་པའི་དགའ་བ་དང་བདེ་བ་སྐྱེས་ཏེ་ཕྱག་བྱས་ནས་ཆོས་ཉན་པར་འཁོད་པ་ན། བཅོམ་ལྡན་འདས་ཀྱིས་ཀྱང་དེའི་ཁམས་དབང་དང་མཐུན་པར་ཆོས་བསྟན་པས། ཁྱིམ་བདག་གི་བུ་དེ་སྟན་དེ་ཉིད་ལ་འཁོད་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །དེ་ནས་དེས་ཕ་མ་ལ་ཞུས་ཏེ། སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་ཤིང་ལུང་ཕོག་པས་དགྲ་བཅོམ་པ་མངོན་དུ་བྱས་ཏེ། དེས་ཕ་མ་གཉིས་པོའང་བདེན་པ་རྣམས་ལ་བཀོད་དེ་སྦྱིན་པ་དང་སྦྱིན་པའི་བགོ་བཤའ་རྣམས་ལ་ཡང་བཙུད་ནས་ཁྱིམ་དེ་ཆུ་དོང་ལྟ་བུར་གྱུར་པར་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། བཅོམ་ལྡན་འདས་ཀྱིས། འདི་སྨོན་ལམ་གྱི་དབང་ལས་གྱུར་ཏེ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་བྱོན་ཏེ་མྱ་ངན་ལས་འདས་པར་གྱུར་པ་ན། གྲོང་ཁྱེར་གཉེན་ལྡན་གྱི་རྒྱལ་པོས་དེའི་སྐུ་གདུང་གི་མཆོད་རྟེན་བརྩེགས་ཏེ་མཆོད་རྟེན་ལ་སྲོག་ཤིང་གཟུགས་པར་བསམས་ནས་དེར་སྐྱེ་བོ་ཕལ་པོ་ཆེ་འདུས་པ་དང་། རྒྱལ་པོ་དེས་མཆོད་རྟེན་འདི་ལ་ནོར་མང་དུ་བསྐྱེད་པར་བྱེད་པ་དེ་མཆོད་རྟེན་འདི་ལ་སྲོག་ཤིང་ཚུགས་ཤིག་ཅེས་བསྒོའོ། །དེ་ཁྱིམ་བདག་ཅིག་གི་བུས་ཐོས་ཏེ། བདག་གིས་མཆོད་རྟེན་འདི་ལ་ནོར་ཆེས་མང་དུ་བསྐྱེད་དེ་སྲོག་ཤིང་གཟུགས་པར་བྱ་ན། བདག་ལ་དེ་ཙམ་གྱི་འབྱོར་པ་དག་ནི་མེད་ཀྱིས་བདག་གི་ཉེ་དུ་རྣམས་ཀྱི་ཐད་དུ་སོང་ལ་བཙལ་ཏེ་ནོར་བསྐྱེད་པར་བྱའོ་སྙམ་ནས་ཉེ་དུ་རྣམས་ཀྱི་སར་ཕྱིན་ནས་སྨྲས་པས། དེ་དག་གིས་ཀྱང་ཇི་ཙམ་བསྐྱེད་པ་དེ་སྙེད་སྦྱིན་པར་ཁས་བླངས་སོ། །དེ་ནས་ཁྱེའུ་དེ་དང་རྒྱལ་པོ་གཉིས་འགྲན་པར་བྱས་ཏེ་གོང་ནས་གོང་དུ་བསྐྱེད་དེ། གསེར་བྱེ་བ་དྲུག་ཅུའི་བར་བསྐྱེད་དོ། །དེ་ནས་གཞི་དེ་ལས་རྒྱལ་པོ་དེ་མི་དགའ་ཞིང་སེམས་ཁོང་དུ་ཆུད་པ་ལ། བློན་པོ་རྣམས་ཀྱིས་སྤྲོ་བ་བསྐྱེད་ནས་ནོར་གང་དགོས་སོ་སོ་ནས་ཕུལ་བར་ཞུས་ཤིང་། ཁྱེའུ་དེ་ལ་ཡང་གཉེན་འདུན་རྣམས་ཀྱིས། རྒྱལ་པོ་འདིའི་ཐུགས་བསྲུང་དགོས་ཀྱིས་རྒྱལ་པོ་དང་མ་འགྲན་ཅིག་ཅེས་བྱས་པས་དེས་ཀྱང་བཞག་གོ །དེར་རྒྱལ་པོ་ཡང་དགའ་བར་གྱུར་ནས་ཁྱེའུ་དེ་ལ་ཡང་ནོར་མང་དུ་བྱིན་ཅིང་མཆོད་རྟེན་དེའི་སྲོག་ཤིང་བཙུགས་ནས་མཐར་ཕྱིན་པར་བྱས་ཏེ་དུས་སྟོན་ཀྱང་བྱས་སོ། །དེ་ནས་ཁྱིམ་བདག་གི་བུ་དེས་མཆོད་རྟེན་ལ་བསྔོས་པའི་གསེར་བྱེ་བ་དྲུག་ཅུ་པོ་འདི་བདག་ཉིད་ཀྱིས་ལོངས་སྤྱད་པར་མི་ཕོད་པས་མཆོད་རྟེན་འདི་ཉིད་ལ་ཐམས་ཅད་འབུལ་བར་བྱའོ་སྙམ་ནས། ཁྱེའུ་དེ་ཉེ་དུ་དང་བཅས་པས་མཆོད་རྟེན་དེ་ལ་བཀུར་སྟི་ཆེན་པོ་བྱས་ཏེ། བདག་གང་དུ་སྐྱེས་པ་དེར་ཕྱུག་ཅིང་ནོར་མང་ལ་རིགས་མཐོ་ཞིང་གཟུགས་བཟང་བ་དང་སྟོན་པ་འདི་ལྟ་བུ་དང་ཕྲད་ནས་རབ་ཏུ་བྱུང་ཞིང་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར་ཅིག ཅེས་སྨོན་ལམ་བྱས་ཤིང་། ཉེ་དུ་རྣམས་ཀྱིས་ཀྱང་། བདག་ཅག་རྣམས་ཀྱང་ཁྱོད་ཁོ་ན་ལ་བརྟེན་ནས། སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པར་བྱེད་པར་མ་གྱུར་ཅིག ཅེས་བྱས་སོ། །དེའི་དུས་ཀྱི་ཁྱིམ་བདག་གི་ཁྱེའུ་དེ་ནི་འདི་ཉིད་ཡིན་ཏེ་ལས་ཀྱི་རྒྱུ་དེས་གང་དང་གང་དུ་སྐྱེས་ཀྱང་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས། གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པར་གྱུར་ཏེ། ད་ལྟར་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་སོ། །དེའི་དུས་ཀྱི་ཉེ་དུ་རྣམས་ཀྱང་ད་ལྟར་གྱི་ཉེ་དུ་འདི་རྣམས་ཏེ། ང་ཉིད་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ་གསུངས། འདིས་ནི་དཀོན་མཆོག་མཆོད་པ་སོགས་སྦྱིན་པའི་འབྲས་བུ་བསྟན་པ་ཡིན་ནོ། །

སེར་སྣའི་དབང་གིས་བྱིན་པ་སླར་ཕྲོགས་པ་སོགས་ཀྱི་ཉེས་དམིགས་དང་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་བཅོམ་ལྡན་འདས་ཡུལ་གར་ག་ཞེས་བྱ་བར་ལྗོངས་རྒྱུ་ཞིང་གཤེགས་པ་ལས། ཤི་ཤུ་མ་རིའི་རི་ལ་བྱོན་ནས། འཇིགས་བྱེད་ཀྱི་ཚལ་རི་དྭགས་ཀྱི་ནགས་ན་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་ཁྱིམ་བདག་རྣམ་སྲས་ཀྱི་ནོར་དང་ལྡན་པ་ཞིག་གི་ཆུང་མ་ལ་ཁྱེའུ་མི་སྡུག་པའི་སྣ་གྲངས་བཅོ་བརྒྱད་དང་ལྡན་པ་ཞིག་བཙས་པས་ཕ་མ་གཉིས་ཤིན་ཏུ་སྡུག་བསྔལ་བར་གྱུར་ཏེ། ཕས་ཁྱི་ལ་སྦྱིན་པར་བརྩམས་ཀྱང་། མ་དེས་ལྐོག་ཏུ་གསོས་ཏེ་ཆེར་སྐྱེས་པ་ན་མིང་མི་སྡུག་པར་བཏགས་ནས་ཁྱིམ་ནས་བསྐྲད་དོ། །དེ་བཀྲེས་སྐོམ་གྱིས་ལུས་རིད་པར་གྱུར་ཏེ་མཁར་བ་ཐོགས་ནས་སློང་དུ་ཕྱིན་པ་ན། གྲོང་མིའི་བྱིས་པ་རྣམས་ཀྱིས་དེ་ལ་ཁུ་ཚུར་དང་ཐལ་ལྕག་དབྱུག་པ་དང་བོང་བ་རྣམས་ཀྱི་བརྡེགས་ཏེ་འདྲེ་འོངས་སོ། །ཞེས་སྐྲོད་པར་བྱེད་དོ། །དེ་ནས་དེ་གྲོང་དུ་འགྲོ་མ་ནུས་ནས་སྐྱེད་མོས་ཚལ་གྱི་ནང་དུ་སློང་བར་ཕྱིན་པ་དང་། དེ་དག་གིས་ཀྱང་འདྲེ་ཡིན་ནོ་སྙམ་ནས་བརྡུང་ཞིང་བསྐྲད་དོ། །དེ་ནས་དེ་མི་ལ་འཇིགས་ནས་ཉིན་པར་ཚལ་གྱིས་གསེབ་ཏུ་ཡིབ་ཅིང་། མུན་རུབ་པ་ན་སྐྱེད་མོས་ཚལ་དེ་དང་དེ་དག་ཏུ་སོང་ནས་དེ་དག་ཏུ་ཁ་ཟས་བྲུལ་བ་དག་བཙལ་ཏེ་དེ་ཙམ་གྱིས་འཚོ་བར་བྱེད་དོ། །དེ་སྲིད་པ་ཐ་མ་པ་ཡིན་པས་སྲོག་དང་ནི་བྲལ་བར་མ་གྱུར་ཏོ། །དེར་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིས་གཟིགས་པས་དེ་ཉིད་འདུལ་བའི་དུས་ལ་བབ་པར་དགོངས་ཏེ། བཅོམ་ལྡན་འདས་ཉིད་དེ་བས་ཀྱང་ཆེས་མི་སྡུག་པ་ཞིག་ཏུ་སྤྲུལ་ཏེ་བཟའ་བ་དང་བཅའ་བས་གྱོ་མོ་བཀང་ནས་ས་ཕྱོགས་དེར་གཤེགས་པས་མི་སྡུག་པས་ཐག་རིང་མོ་ནས་མཐོང་སྟེ། འདིས་ཀྱང་བརྡུང་འོང་ངོ་སྙམ་སྟེ་བྲོས་པར་བརྩམས་ཀྱང་དེ་བྲོས་མི་ནུས་པར་བྱིན་གྱིས་བརླབས་སོ། །དེ་ནས་དེས་ཕྱིར་ལོག་སྟེ་འདི་སུ་ཡིན་པ་ལྟ་བར་བྱའོ་སྙམ་སྟེ་འོང་བ་ན། སྤྲུལ་པ་དེ་མི་སྡུག་པ་ལ་བྲོས་པའི་ཚུལ་བསྟན་པས། མི་སྡུག་པས་སྨྲས་པ། ཁྱོད་བདག་ལ་ཅི་ཕྱིར་འབྲོས། སྤྲུལ་པས། བདག་སྔོན་ལས་ཀྱི་ལུས་འདི་འདྲ་བར་གྱུར་པས་ཁྱོད་ཀྱིས་འདྲེ་ཡིན་ནམ་སྙམ་སྟེ་བརྡུང་གིས་དོགས་སོ། །མི་སྡུག་པས། བདག་ཀྱང་དེ་འདྲ་བར་གྱུར་ནས་མིས་བརྡེགས་པས་སྐྲག་ནས་ཚང་ཚིང་འདིར་ཞུགས་ཀྱིས་ཁྱོད་ཀྱང་ཚུར་ཤོག་དང་ལྷན་ཅིག་ཏུ་འགྲོགས་པར་བྱའོ། །སྤྲུལ་པས་ཀྱང་དེ་ལྟར་བྱའོ་ཞེས་སྨྲས་ཏེ་དེར་སོང་བས་དེ་ལ་ཁ་ཟས་ཀྱི་བགོ་བཤའ་བྱས་པས། དེ་འགྲངས་ཤིང་ངོམས་ལ་དབང་པོ་བརྟས་ནས་སྤྲུལ་པ་དེ་ལ་སེམས་དགའ་བར་གྱུར་པ་ན། བཅོམ་ལྡན་འདས་ཀྱིས་མཚན་དཔེའི་སྐུ་དངོས་སུ་བསྟན་པས། ཁྱེའུ་མི་སྡུག་པ་ཆེས་དགའ་བར་གྱུར་ཏེ་དགེ་སློང་བསམ་གཏན་ལ་གནས་པའི་བདེ་བ་ལས་ཁྱད་པར་དུ་འཕགས་པའི་ཉམས་སྐྱེས་ཏེ་ཞབས་ལ་ཕྱག་བྱས་ཏེ་ཆོས་མཉན་པའི་ཕྱིར་འཁོད་པ་ན། བཅོམ་ལྡན་འདས་ཀྱིས་དེའི་ཁམས་དབང་དང་མཐུན་པར་ཆོས་བསྟན་པས་སྟན་དེ་ཉིད་དུ་འཁོད་བཞིན་དུ་བདེན་པ་མཐོང་ཞིང་། བདག་ལུས་འདི་ལྟར་མ་གྱུར་ན་རབ་ཏུ་བྱུང་བར་བྱ་སྟེ་སྙམ་པའི་མོད་ཉིད་ན་དེའི་མི་སྡུག་པ་མེད་པར་གྱུར་ཏེ་གཟུགས་བྱད་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་ནས་དེ་སྟོན་པས་ཚུར་ཤོག་གིས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་ལུང་ཕོག་སྟེ། དེས་ཀྱང་བརྩོན་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱི་དེའི་ལས་ཀྱི་རྒྱུ་ཞུས་པས་ན། སྔོན་རི་ཁྲོད་ཀྱི་གྲོང་ཞིག་ན་ཁྱིམ་བདག་སེར་སྣ་ཅན་འཇུངས་པ་ཡོ་བྱད་ཀུན་ཏུ་འཛིན་པ་ཞིག་ཡོད་པ་དེ་ཁྱིམ་ན་འཁོད་པའི་ཚེ། རང་སངས་རྒྱས་ཤིག་དེར་བྱོན་པ་ལ་ཐོག་མར་བསོད་སྙོམས་ཕུལ་ནས། སླར་འགྱོད་པ་སྐྱེས་ཏེ་ཁ་ཟས་རྣམས་ཕྱིར་ཕྲོགས་ནས་ལུས་དང་ངག་གི་ལས་ཚུལ་མི་སྡུག་པས་ཐོ་བཙམས་ནས་ཁྱིམ་ནས་བསྐྲད་དོ། །དེ་ནས་རང་སངས་རྒྱས་དེས་དེ་ཉིད་ལ་ཐུགས་བརྩེ་བའི་སླད་དུ་ནམ་མཁའ་ལ་འཕགས་ནས་འབར་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་པས། དེ་དད་ནས་འགྱོད་པར་གྱུར་ཏེ་ཞབས་ལ་ཕྱག་བྱས་ཤིང་བཟོད་པར་གསོལ་ནས། སླར་བསོད་སྙོམས་ཕུལ་ཏེ་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་ཁྱིམ་བདག་དེ་ནི་མི་སྡུག་པ་འདི་ཡིན་ཏེ། དེའི་ཚེ་རང་སངས་རྒྱས་ལས་བསོད་སྙོམས་ཕྱིར་ཕྲོགས་ཤིང་ལུས་ངག་གི་ཐོ་བཙམས་{བརྩམས}ཏེ་ཁྱིམ་ནས་བསྐྲད་པས། གང་དུ་སྐྱེས་པ་དེར་གཟུགས་མི་སྡུག་པར་གྱུར་ཏེ་ཁྱིམ་ནས་བསྐྲད་དོ། །སླར་འགྱོད་དེ་བསོད་སྙོམས་ཕུལ་ཞིང་སྨོན་ལམ་བཏབ་པས་གང་དུ་སྐྱེས་པ་དེར་ཕྱུག་པོའི་ཁྱིམ་དུ་སྐྱེས་ཤིང་། ད་ལྟར་སངས་རྒྱས་དང་ཕྲད་ནས་རབ་ཏུ་བྱུང་བར་འདོད་པའི་མོད་ལ་མི་སྡུག་པ་སངས་པ་དང་འབྲས་བུ་ཐོབ་ཀྱི་བར་བྱུང་བ་དང་། གཞན་ཡང་འདི་ཉིད་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཚངས་པར་སྤྱད་ནས་སྨོན་ལམ་བཏབ་པའི་འབྲས་བུ་ཡིན་པར་གསུངས་སོ། །འདིས་ནི་སེར་སྣའི་དབང་གིས་བྱིན་པ་སླར་ཕྲོགས་པ་སོགས་ཀྱི་ཉེས་དམིགས་དང་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕན་ཡོན་ཀྱང་བསྟན་ནོ། །

ལོག་གཡེམ་གྱི་ཉེས་པ་དང་། ཚུལ་ཁྲིམས་བསྲུང་བ་དང་བྱམས་པ་བསྒོམ་པ་སོགས་ཀྱི་ཕན་ཡོན་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། རྒྱལ་པོ་ཚངས་བྱིན་གྱི་བུ་མོ་བདེ་བྱེད་མ་ཞེས་བྱ་བ་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོར་བླངས་ཏེ། དེའི་ཚེ་བདེ་བྱེད་མའི་མིང་པོ་རྒྱལ་བུ་བདེ་བྱེད་ཅེས་པའང་དེ་དང་འབྲལ་མ་ཐུབ་སྟེ་མཉན་ཡོད་དུ་ཕྱིན་ནས། དེ་ཆེར་སྐྱེས་པ་ན་འཕྱོན་མ་ལ་ཞུགས་ཏེ། ཡུལ་དེར་ཚུལ་མ་ཡིན་པ་བརྒྱ་ཙམ་བྱས་ཏེ། བདེ་བྱེད་མ་དང་རྒྱལ་པོ་གསལ་རྒྱལ་དང་རྒྱལ་པོ་ཚངས་སྦྱིན་ཐམས་ཅད་ཀྱིས་བཟློགས་ཀྱང་མ་ཐུབ་པས། རྒྱལ་པོ་ཚངས་སྦྱིན་གྱིས་ཀྱང་བུ་མ་ཡིན་པར་བསྒྲགས་ལ། རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་ཕོ་བྲང་དུ་འོང་མི་ཆོག་པར་བྱས་སོ། །དེ་ནས་རྒྱལ་བུ་དེས་རྒྱལ་པོ་གསལ་རྒྱལ་གསོད་པའི་ཕྱིར་ཕོ་བྲང་གི་ཡང་སྟེང་དུ་འདུག་པ་ལ་མདའ་འཕངས་ཏེ་རྒྱལ་པོས་པི་ཝཾ་སྒྲོགས་པའི་རྒྱུད་བཅད་དེ་ས་ལ་ལྷུང་ངོ་། །དེ་ནས་རྒྱལ་པོ་གསལ་རྒྱལ་ཤས་ཆེར་ཁྲོས་ཏེ་གྲོང་མི་ཐམས་ཅད་བསྡུས་ཏེ་དེའི་མདུན་དུ་རྒྱལ་བུ་དེ་ཤགས་ཀྱིས་ཕམ་པར་བྱས་ནས་གཤེད་མ་ལ་གཏད་དེ་ལམ་གྱི་གཞི་མདོར་ཁྲིད་པ་ན་གསོད་སར་ཕྱིན་དུ་ཉེ་བའི་ཚེ་ཁྱེའུ་བདེ་བྱེད་སྙིང་རྗེའི་སྐད་དུ་ངུ་ཞིང་སྨྲེ་ངག་འདོན་པ་ན། བཅོམ་ལྡན་འདས་ཀྱིས་དེ་ཉིད་འདུལ་བའི་དུས་ལ་བབས་པར་གཟིགས་ནས་གྲོང་དུ་བསོད་སྙོམས་ལ་གཤེགས་ཏེ་དེ་དང་མི་རིང་བར་བྱོན་པས་ཁྱེའུ་བདེ་བྱེད་ཀྱིས་མཐོང་སྟེ་བཅོམ་ལྡན་འདས་ལ་སྐྱབས་ཞུས་ཤིང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གསལ་རྒྱལ་ལ། རྒྱལ་པོ་ཆེན་པོ་ཁྱེའུ་དེ་ཐོངས་ཤིག རྒྱལ་པོས་གསོལ་པ། གལ་ཏེ་རབ་ཏུ་བྱུང་ན་ནི་བཏང་བར་འཚལ་ལོ། །དེ་ནས་བཅོམ་འདས་ཀྱིས་ཁྱེའུ་དེ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་དེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས་ལུང་ཡང་ཕོག་ཅིང་། དེས་ཀྱང་བརྩོན་པས་དགྲ་བཅོམ་པ་ཐོབ་བོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས་ད་ལྟར་འབའ་ཞིག་ཏུ་མ་ཟད་སྔོན་ཡང་རྒྱལ་པོའི་འཇིགས་པ་ལས་བསྐྱབས་ཏེ་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་བཞག་པ་ཡིན་ཏེ། སྔོན་ཝཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་བྱིན་ཞེས་པས་རྒྱལ་སྲིད་བྱེད་པའི་ཚེ། མི་ཞིག་མ་གྲངས་ཤིང་མ་དུལ་བའི་མིང་ངོ་མཆན། གཡེམ་པར་གྱུར་པས་རྒྱལ་པོས་གསོད་དུ་བཏང་བའི་ཚེ། དེ་ནས་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་རྫུ་འཕྲུལ་དང་མཐུ་ཆེ་བ་ཞིག་ཡོད་པ་དེས། རྒྱལ་པོ་ལ་གསོལ་ནས་དཀའ་ཐུབ་ཀྱི་ནགས་སུ་ཁྲིད་ནས་རབ་ཏུ་བྱུང་ཞིང་ལུང་ཕོག་པས་མི་དེས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ཡང་ཐོབ་བོ། །དེའི་དུས་ཀྱི་དྲང་སྲོང་དེ་ནི་ང་ཡིན་ལ། མི་དེ་ནི་ཁྱེའུ་བདེ་བྱེད་དང་། རྒྱལ་པོ་དེ་ནི་གསལ་རྒྱལ་ཡིན་ནོ། །གཞན་ཡང་ཁྱེའུ་བདེ་བྱེད་འདི་སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་དགེ་སློང་ཞལ་ཏ་བར་གྱུར་ཏེ། དེའི་ཚེ་ཆོས་བཞིན་དུ་ཞལ་ཏ་བྱས་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་པ་དང་། བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་བསྒོམས་པས་གཟུགས་བཟང་ཞིང་ལྟ་ན་སྡུག་པ་དང་། ཚངས་པར་སྤྱད་ནས་སྨོན་ལམ་བཏབ་པས་ད་ལྟར་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གསུངས་སོ། །འདིས་ནི་གཡེམ་གྱི་ཉེས་པ་དང་། ཚུལ་ཁྲིམས་བསྲུང་བ་དང་བྱམས་པ་བསྒོམ་པ་སོགས་ཀྱི་ཕན་ཡོན་བསྟན་པ་ཡིན་ནོ། །

སྐྱབས་འགྲོ་སོགས་ཀྱི་ཕན་ཡོན་དང་ངག་གི་ཉེས་པར་སྤྱོད་པའི་རྣམ་སྨིན་བསྟན་པ།

༈ ཡང་བཅོམ་ལྡན་འདས་གྲོང་ཁྱེར་གྱེན་དུ་རྒྱལ་ཞེས་བྱ་བ་ན་གྲོང་གི་བྱང་ཕྱོགས་ཤིང་ཤ་པའི་ཚལ་ན་བཞུགས་སོ། །དེའི་ཚེ་ཡུལ་དེའི་རྒྱལ་པོ་གཏུམ་པོ་རབ་སྣང་བྱ་བས། ཨ་མྲའི་སྐྱེད་ཚལ་སྲུང་བ་ལ་ཡུལ་དེའི་གདོལ་པ་རྣམས་བསྐོས་པས། དེ་དག་གིས་ཨ་མྲ་རྐུས་པ་རྒྱལ་པོས་ཚོར་ཏེ་མི་རྣམས་ཁྱིམ་དུ་བཅུག་ནས་ཕྱི་རོལ་ནས་མེ་སྦར་ཏེ་དེ་དག་འཁོར་དང་བཅས་པ་བསྲེགས་སོ། །གྲོང་དེའི་ནང་ནས་གདོལ་པའི་ཁྱེའུ་གཅིག་གདོལ་པའི་ལས་ཀྱི་ངོ་ཚ་ནས་ལྷོ་ཕྱོགས་སུ་སོང་སྟེ་བྲམ་ཟེའི་ཆ་ལུགས་སུ་བསྒྱུར་ནས་ལུས་མི་སྣང་བར་འགྱུར་བའི་རིགས་སྔགས་བསླབས་ནས་ཕྱིར་འོང་བ་ན། གདོལ་པའི་གྲོང་རྣམས་མེར་བསྲེགས་པ་མཐོང་ནས་གཏམ་དྲིས་པས་ཇི་ལྟར་གྱུར་པ་བཤད་པས་དེ་མྱ་ངན་དུ་གྱུར་ཅིང་ཁྲོས་ཏེ་རྒྱལ་པོ་ལ་ལན་གླན་པར་བྱའོ་སྙམ་དུ་ལུས་མི་སྣང་བར་བྱས་ནས་རྒྱལ་པོའི་ཕོ་བྲང་དུ་སོང་སྟེ། རྒྱལ་པོའི་མགོ་ལ་ལྕག་གིས་གཞུས་ཏེ། དུས་ངན་པའི་རྒྱལ་པོ་ཁྱོད་ལ་གདོལ་པ་དེ་དག་གིས་ཉེས་པ་ཅི་ཞིག་བྱས། རྒྱལ་པོས་སྨྲས་པ། དེ་དག་གིས་ངའི་ཨ་མྲ་རྣམས་མེད་པར་བྱས་སོ། །གདོལ་པའི་ཁྱེའུས་སྨྲས་པ། གལ་ཏེ་སྐྱེས་པ་རྣམས་ཀྱི་ཉེས་སུ་ཟིན་ཀྱང་བུད་མེད་དང་ཁྱེའུ་དང་བུ་མོ་རྣམས་ཀྱི་ཉེས་པ་ཅི་བྱས། ད་ནི་རྒྱལ་པོ་འཆལ་བ་ཁྱོད་བྱ་བ་ཅི་ཡོད་པ་དང་དོན་ཅི་ཡོད་པ་དེ་བྱོས་ཤིག ཁྱོད་གསོན་པའི་དུས་ཟད་དེ་ཞག་བདུན་ན་འཆི་དགོས་སོ་ཞེས་བྱས་ནས་ཁྱེའུ་དེ་ཉིན་རེ་བཞིན་དུ་ཕོ་བྲང་དུ་ཕྱིན་ནས་རྒྱལ་པོ་ལ་རྡེག་ཅིང་། ཆེ་གེ་མོའི་ཉིན་པར་ཁྱོད་མེད་པར་བྱའོ་ཞེས་སྨྲས་པས། རྒྱལ་པོ་འཇིགས་ཤིང་སྐྲག་པར་གྱུར་པ་ལ་བློན་པོ་རྣམས་ཀྱིས་དབུགས་དབྱུང་ནས་འཕགས་པ་ཀཱ་ཏྱ་ཡ་ན་ལ་རྒྱལ་པོ་མི་མ་ཡིན་གྱི་གནོད་པ་ལས་སྐྱབས་པར་གསོལ་བ་གདབ་པས། འཕགས་པས་ཁྱེའུ་དེའི་རིགས་སྔགས་ཀྱི་ནུས་པ་བཤིག་ནས་ཕྱིན་ཆད་མི་སྣང་བར་བྱེད་མི་ནུས་པར་བྱས་སོ། །དེ་ནས་དེས་བསམ་པ། བདག་གི་རིགས་སྔགས་སུ་ཞིག་གིས་མ་རུངས་པར་བྱས་སྙམ་ནས། བློན་པོ་རྣམས་ལ་ཀྱེ་རྒྱལ་པོ་མི་མ་ཡིན་པའི་འཇིགས་པ་དེ་ལས་སུ་ཞིག་གི་སྐྱབས་བྱས་ཞེས་དྲིས་པས། འཕགས་པ་ཀཱ་ཏྱ་ཡ་ནས་བྱས་སོ། །ཞེས་པ་ཐོས་ནས། ཁྱེའུ་དེ་ཀཱ་ཏྱ་ཡ་ནའི་དྲུང་དུ་ཕྱིན་ཏེ། བཙུན་པ་ཁྱོད་ཀྱིས་ཅིའི་སླད་དུ་བདག་གི་རིག་སྔགས་རེངས་བར་མཛད། ཀཱ་ཏྱ་ཡ་ནས། བུ་འདུག་ཅིག་དང་ཁྱོད་ལ་རྒྱས་པར་བསྙད་པར་བྱའོ། །དེ་ནས་གདོལ་པའི་ཁྱེའུ་དེས་འཕགས་པ་ལ་ཕྱག་བྱས་ནས་འདུག་པ་ན། འཕགས་པས་ཀྱང་དེ་དང་མཐུན་པའི་ཆོས་བསྟན་པས་དེ་ཉིད་སྟན་ལ་འཁོད་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཅིང་། སླར་དེ་ཉིད་ཀྱི་དྲུང་དུ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཏེ་བསྒོམས་པས་དགྲ་བཅོམ་པ་མངོན་དུ་བྱས་སོ། །གཏམ་དེ་རྒྱལ་པོས་ཐོས་པ་དང་རབ་ཏུ་དགའ་ནས་འཕགས་པ་ཀཱ་ཏྱ་ཡ་ནའི་དྲུང་དུ་ཕྱིན་ནས་ཕྱག་བྱས་ཏེ་དྲིན་ལན་དུ་འཕགས་པ་འཁོར་དང་བཅས་པ་བདག་གི་ཁྱིམ་དུ་དགུང་བདུན་དུ་བཤོས་གསོལ་བར་ཞུས་པ་ན། འཕགས་པ་ཀཱ་ཏྱ་ཡ་ནས། ལྷ་གནས་འདིར་བཅོམ་ལྡན་འདས་བཞུགས་ཀྱིས། དེ་སྤྱན་དྲངས་ཤིག་གསུངས་པས། རྒྱལ་པོས་ཀྱང་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་ཤིང་དགུང་བདུན་གྱི་བར་དུ་བཤོས་ཕུལ་ཞིང་། ཉིན་ཐ་མར་བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་དང་། དགེ་སློང་གཞན་རྣམས་ལའང་རས་ཡུག་ཟུང་རེ་ཕུལ་ཏེ་ཆོས་ཉན་པ་ལ། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་གཏམ་ཡང་དག་པས་མགུ་བར་མཛད་དོ། །དེར་དགེ་སློང་རྣམས་ཀྱིས་གདོལ་པའི་ཁྱེའུའི་ལས་ཀྱི་རྒྱུ་ཞུས་པར། སྔོན་སངས་རྒྱས་རྣམ་གཟིགས་འཇིག་རྟེན་དུ་བྱོན་ནས་མྱ་ངན་ལས་འདས་པའི་ཚེ་ས་ཕྱོགས་དབེན་པ་ཞིག་ཏུ་སྐུ་གདུང་ཞུགས་ལ་བཞོན་ཏེ། རིང་བསྲེལ་རྣམས་བསྲུང་བའི་ཕྱིར་དེ་ནས་ཐག་མི་རིང་བ་ཞིག་ཏུ་གདོལ་པ་དག་གཅིག་ཉལ་བ་ལ། དེ་ནུབ་གཅིག་སྟག་གིས་ཟོས་པས། དེའི་རོགས་གདོལ་པ་གཞན་ཞིག་སྐྲག་སྟེ་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་པས་མ་གནོད་དོ། །དེ་ནས་ཕྱིས་རྒྱལ་པོ་མཉན་ཡོད་ཀྱིས་སྐུ་གདུང་གི་མཆོད་རྟེན་ལེགས་པར་བཞེངས་གྲུབ་ནས་དུས་སྟོན་གྱི་མཆོད་པའི་ཉིན། སྔར་གྱི་གདོལ་པ་དེས། བདག་གསོན་པོར་ཡོད་པ་འདི་སངས་རྒྱས་ཀྱི་མཐུ་ཡིན་ནོ་སྙམ་དུ་རིགས་ནས་མཆོད་རྟེན་དེ་ལ་བཀུར་སྟི་ཆེན་པོ་བྱས་ཏེ་བདག་སྟོན་པ་འདི་ལྟ་བུ་དང་ཕྲད་ནས་མཉེས་པ་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་གདོལ་པ་དེ་ནི་ད་ལྟའི་གདོལ་པའི་ཁྱེའུ་འདི་ཡིན་ནོ། །གཞན་ཡང་འདི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་འཐབ་ཀྲོལ་ཅན་དུ་གྱུར་ཏེ། དགེ་སློང་མང་པོ་ལ་ཁྲོས་ཏེ་གདོལ་པ་ཞེས་བརྗོད་པས་སྐྱེ་བ་ལྔ་བརྒྱའི་བར་དུ་གདོལ་པའི་རིགས་སུ་སྐྱེས་པ་དང་། དེའི་ཚེ་འགྱོད་པ་སྐྱེས་ཏེ་དེ་དག་ལ་བཟོད་གསོལ་བྱས་ཤིང་ཚེ་གཅིག་ཏུ་ཚངས་པར་སྤྱོད་ནས་འཆི་ཁར་སྨོན་ལམ་བཏབ་པས། ད་ལྟར་དགྲ་བཅོམ་པ་མངོན་དུ་བྱས་སོ་གསུངས། འདིས་ནི་སྐྱབས་འགྲོ་སོགས་ཀྱི་ཕན་ཡོན་དང་ངག་གི་ཉེས་པར་སྤྱོད་པའི་རྣམ་སྨིན་བསྟན་ཏོ། །

འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་དབང་པོ་ཡོངས་སུ་སྨིན་པར་བྱས་ཏེ་རྒྱུ་དེས་ད་ལྟར་རྣམ་པར་གྲོལ་བ།

༈ ཡང་བཅོམ་ལྡན་འདས་གྲོང་ཁྱེར་སེར་སྐྱའི་གནས་སུ་གཤེགས་ཏེ་ཡབ་སྲས་མཇལ་བའི་སྐབས་ཤིག་ན་རྒྱལ་པོ་ཟས་གཙང་མའི་ཤིང་རྟའི་ཁ་ལོ་པ་རབ་བཟང་གིས་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་ནས་བཤོས་གསོལ་ཏེ་ཆོས་ཉན་པའི་འོག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ནི་བདག་གི་ཡུན་རིང་པོའི་སྟོན་པ་ལགས་ཏེ། ཀྱེ་མ་བདག་ལ་བུ་ཞིག་སྐྱེས་ན་ནི། ཇི་ལྟར་བདག་རྒྱལ་པོ་ཟས་གཙང་གི་ཁ་ལོ་བ་འཚལ་བ་དེ་བཞིན་དུ། ང་ཡང་གཞོན་ནུའི་ཁ་ལོ་བ་འགྱུར་བ་ཞིག་ན། ང་ནི་བཅོམ་ལྡན་འདས་རབ་ཏུ་བྱུང་སྟེ། དེ་ལྟར་གྱུར་གྱིས་ཀྱང་གལ་ཏེ་ད་དུང་ཡང་བདག་ལ་བུ་ཞིག་བྱུང་ན་ནི། བཅོམ་ལྡན་འདས་ཀྱིས་ཞབས་འབྲིང་དུ་འབུལ་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁོང་དགེ་བ་རྣམས་ནི་དམ་བཅའ་བརྟན་པ་ཡིན་ནོ་གསུངས་ཏེ་གཤེགས་སོ། །དེ་ནས་ཕྱིས་ཞིག་ན་དེའི་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་གཅིག་བཙས་ཏེ་མིང་བཟང་པོར་བཏགས་སོ། །དེ་ཆེར་སྐྱེས་པ་ན་བཅོམ་ལྡན་འདས་ཀྱིས་ཕ་ལ་སྔོན་གྱི་དམ་བཅའ་དྲན་པར་བསྐུལ་ཞིང་དེས་ཀྱང་ཕུལ་ཏེ་ཁྱེའུ་གཙུག་ལག་ཁང་དུ་ཁྲིད་ནས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་ལུང་ཕོག་ཅིང་། དེས་ཀྱང་བརྩོན་པས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེ་ནས་དེས་བཅོམ་ལྡན་འདས་ཀྱི་བཀའ་དྲིན་བསབ་པའི་ཕྱིར་བདག་གིས་ཀྱང་སེམས་ཅན་གྱི་དོན་བྱའོ་སྙམ་སྟེ་རང་གི་འདུལ་སྐལ་གང་ཡོད་མངོན་ཤེས་ཀྱིས་བརྟགས་པས་ཐོག་མར་རང་གི་ཕ་མ་གཉིས་འདུལ་བར་རིག་ནས། དེ་གཉིས་ཀྱི་མདུན་གྱི་མཁའ་ལ་བྱ་ངང་པའི་རྒྱལ་པོ་ལྟར་འཕགས་ཏེ་འབར་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་ནས་ས་ལ་བབ་སྟེ་ཆོས་བསྟན་པས་ཕ་མ་གཉིས་པོ་སྟན་དེ་ལ་འཁོད་བཞིན་དུ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་བོ། །དེ་ནས་དེ་གཉིས་ཀྱིས་ཁྱིམ་གྱི་ཡོ་བྱད་མཐའ་དག་བསོད་ནམས་ཀྱི་ཕྱོགས་སུ་བཏང་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་ཞིང་བརྩོན་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བཟང་པོའི་ལས་ཀྱི་རྒྱུ་གསོལ་པ་ན་སྔོན་བསྐལ་པ་བཟང་པོ་འདི་ཉིད་ཀྱི་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པའི་དུས་སུ། སངས་རྒྱས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ་མྱ་ངན་ལས་འདས་པའི་འོག་ཏུ་དེའི་སྐུ་གདུང་ལ་རྒྱལ་བ་མཛེས་པས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ་འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིག་པར་བརྩམས་ནས་བློན་པོ་ཞིག་ལས་དཔོན་དུ་བསྐོས་པ་ན། བློན་པོ་དེ་རང་ལ་བུ་ཞིག་ཡོད་པ་དེ་ལས་དཔོན་དུ་བཞག་ནས་བློན་པོ་རང་ཉིད་ཀྱིས་རྒྱལ་པོའི་ཞབས་འབྲིང་བྱས་སོ། །དེ་ནས་བུ་དེས་ལས་དཔོན་བྱེད་པ་ན་དེ་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླང་ཞིང་ཕ་མ་གཉིས་ཀྱང་དད་པ་ཕུན་སུམ་ཚོགས་པ་ལ་བཀོད་ནས་སྐྱབས་འགྲོ་དང་བསླབ་གཞི་ལེན་དུ་བཅུག་གོ ། མཐར་མཆོད་རྟེན་ལེགས་པར་ཟིན་ནས་རྒྱལ་པོས་དུས་སྟོན་གྱི་མཆོད་པ་བཙུགས་པའི་ཚེ། དེ་གསུམ་ཤིན་ཏུ་དགའ་བར་གྱུར་ཏེ་མཆོད་པ་ཆེན་པོ་བྱས་ནས། བློན་པོའི་བུ་དེས། དགེ་བའི་རྩ་བ་འདིས་ཚེ་རབས་ཐམས་ཅད་དུ་ཕྱུག་ཅིང་ནོར་མང་ལ་གཟུགས་བཟང་ལྟ་ན་སྡུག་པར་སྐྱེས་ཏེ་སྟོན་པ་འདི་འདྲ་བ་མཉེས་པར་བྱས་ཏེ་དགྲ་བཅོམ་པ་ཐོབ་པར་གྱུར་ཅིག་ཅེས་བྱས་སོ། །དེའི་ཚེ་ཕ་མ་དེ་གཉིས་ཀྱིས་ཀྱང་། བདག་གཉིས་ཀྱང་དེའི་ཚེ་ཁྱོད་ཀྱིས་ཕ་མར་གྱུར་ཅིང་ཁྱོད་ལ་བརྟེན་ནས་སྟོན་པ་འདི་འདྲ་བ་མཉེས་པར་བྱས་ནས་སྲིད་པ་ལས་བརྒལ་བར་གྱུར་ཅིག་ཅེས་སྨོན་ལམ་དུ་བྱས་སོ། །དེའི་དུས་ཀྱི་བློན་པོའི་བུ་དེ་ནི་བཟང་པོ་འདི་ཡིན་ལ་དེའི་དུས་ཀྱི་ཕ་མ་གཉིས་ནི་ད་ལྟར་གྱི་ཕ་མ་སྟེ། ལས་ཀྱི་རྒྱུ་དེས་ཚེ་རབས་ཐམས་ཅད་དུ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། ད་ལྟར་སངས་རྒྱས་དང་ཕྲད་ཅིང་ཆོས་ཐོས་པ་ནས་དགྲ་བཅོམ་པའི་བར་དུ་གྱུར་པ་དང་གཞན་ཡང་འདི་གསུམ་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་དབང་པོ་ཡོངས་སུ་སྨིན་པར་བྱས་ཏེ་རྒྱུ་དེས་ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ་གསུངས།

སྦྱིན་པ་དང་ཚུལ་ཁྲིམས་ཀྱིི་ཕན་ཡོན་བསྟན་པ།

༈ ཡང་བྱང་ཆུབ་སེམས་དཔའ་ཁྱིམ་ན་བཞུགས་པའི་ཚེ། ཡུམ་སྒྱུ་འཕྲུལ་ཆེན་མོའི་མིང་པོར་གྱུར་པ་རྒྱལ་པོ་ལེགས་རྟོགས་ཀྱི་བུ་ལྷར་བཅས་ཞེས་བྱ་བ་འཕོང་གི་སློབ་དཔོན་འགྲན་ཟླ་དང་བྲལ་བ་ཞིག་ཡོད་པ་དེ། ཡབ་ཟས་གཙང་མས་རྒྱལ་བུ་དོན་གྲུབ་ལ་འཕོང་སློབ་པའི་སློབ་དཔོན་དུ་བཀུག་པའི་ཚེ་དེས་ཤེས་པ་ཐམས་ཅད་བྱང་ཆུབ་སེམས་དཔས་འབད་མེད་དུ་མཁྱེན་ཅིང་། དེས་མི་ཤེས་པ་ཡང་མང་པོ་མཁྱེན་པས་དེ་ངོ་མཚར་དུ་གྱུར་ནས། གཞོན་ནུ་ཉིད་ལས་སླར་སློབ་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ཁྱིམ་སྤངས་ཏེ་དཀའ་ཐུབ་ཀྱི་ནགས་ན་བཞུགས་པའི་ཚེ། ལྷར་བཅས་དེ་ཉིད་ཡངས་པ་ཅན་དུ་ཕྱིན་ནས་གཞོན་ནུ་ལྔ་བརྒྱ་ལ་གནས་ལྔ་བསླབས་པས་མཐར་ཕྱིན་པར་གྱུར་པས། དེ་དག་གཟུགས་དང་སྟོབས་ཀྱིས་དྲེགས་ཏེ་བདག་ཅག་དང་མཉམ་པ་གང་ནའང་མེད་དོ་སྙམ་སྟེ་གནས་པ་ལ། དེ་དག་གི་རྒྱགས་པ་ཞི་བའི་ཕྱིར་དུ། ལྷར་བཅས་ཀྱིས་བྱང་ཆུབ་སེམས་དཔའི་བསྔགས་པ་བརྗོད་པས་དེ་དག་གིས་བལྟ་བར་འདོད་པ་ན་ད་ལྟ་དཀའ་ཐུབ་ཀྱི་ནགས་སུ་གཤེགས་ཀྱིས་མཐོང་མི་ནུས་ཞེས་སྨྲས་སོ། །ཕྱིས་བྱང་ཆུབ་སེམས་དཔའ་མངོན་པར་སངས་རྒྱས་ནས་གདུལ་བྱ་འདུལ་བའི་སླད་དུ་མཐར་གྱིས་ཡངས་པ་ཅན་དུ་གཤེགས་པ་ན་ལྷར་བཅས་ཀྱིས་གཞོན་ནུ་ལྔ་བརྒྱ་པོ་ལ་སྦྲན་པས། དེ་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་པ་ན་གཟུགས་ཀྱི་རྒྱགས་པ་ཞི་ནས། བྱད་གཟུགས་ནི་བདག་ཅག་པས་ཆེས་ལྷག་མོད་སྟོབས་ཀྱིས་ནི་དེ་ལྟར་མ་ཡིན་ནོ་སྙམ་པ་ན། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མདའ་གཞུ་བླངས་ཏེ་དེར་འོངས་པར་གྱུར་ཏོ། །དེ་ནས་དེ་དག་གི་དྲེགས་པ་གཞོམ་པའི་ཕྱིར་སྐུ་དངོས་དེ་མི་སྣང་བར་མཛད་དེ་ལྷ་ཡི་ལུས་སུ་སྤྲུལ་ནས་མི་རིང་བ་ཞིག་ཏུ་ལྕགས་ཀྱི་ཏ་ལ་བདུན་དང་། འཁོར་ལོ་བདུན་དང་། རྔ་བོ་ཆེ་བདུན་དང་། ཕག་བདུན་རྣམས་སྤྲུལ་ནས་གཞོན་ནུ་དེ་དག་ལ། བུ་དག་ཁྱེད་ཀྱིས་མདའ་གཞུ་འདི་ལོངས་ལ་འབེན་འདི་ལ་མདའ་འཕོངས་ཤིག་ཅེས་གསུངས་པས། དེ་དག་གིས་གཞུ་བླངས་ཏེ་བདུང་བར་བརྩམས་པ་ན་བདུང་ཡང་མ་ནུས་སོ། །དེར་བཅོམ་ལྡན་འདས་ཀྱི་ཕྱག་གིས་བདུང་སྟེ་མདའ་འཕངས་པས་འབེན་དེ་ཐམས་ཅད་ཐལ་བྱུང་དུ་ཕུག་ནས་སའི་འོག་ཏུ་སོང་ངོ་། །དེ་མཐོང་བ་དང་དེ་ཐམས་ཅད་ཀྱི་སྟོབས་ཀྱི་རྒྱགས་པ་ཡང་མེད་པར་གྱུར་ནས་བཅོམ་ལྡན་འདས་ལ་མཆོག་ཏུ་དགའ་བ་སྐྱེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་མཐུན་པའི་ཆོས་བསྟན་པས་གཞོན་ནུ་ལྔ་བརྒྱ་པོ་སྟན་དེ་ལ་འཁོད་བཞིན་དུ་བདེན་པ་མཐོང་ཞིང་། དེ་ནས་སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་པ་ནས་དགྲ་བཅོམ་པའི་བར་དུ་གྱུར་ཏོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། སྔོན་བཅོམ་ལྡན་འདས་ཉིད་རྒྱལ་པོ་གངས་ཆེན་མཚོའི་ལྷ་ཞེས་བྱ་བའི་བུ་རྒྱ་མཚོའི་ལྷ་ཞེས་བྱ་བར་གྱུར་པའི་ཚེ་བཟོ་དང་སྒྱུ་རྩལ་རྒྱ་མཚོའི་ཕ་རོལ་དུ་སོན་ནས། ཕས་ཆོས་མིན་གྱིས་རྒྱལ་སྲིད་བྱེད་པར་མཐོང་བས་ཡིད་སྐྱོ་ནས་དཀའ་ཐུབ་ཀྱིས་ནགས་སུ་སོང་སྟེ་མངོན་ཤེས་ལྔ་དང་ལྡན་པའི་དྲང་སྲོང་དུ་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་ད་ལྟའི་ཁྱེའུ་འདི་རྣམས་བློན་པོའི་བུ་ལྔ་བརྒྱར་གྱུར་ཏེ། ད་ལྟའི་སློབ་དཔོན་གང་ཡིན་དེ་དེ་དུས་ཀྱང་སློབ་དཔོན་དུ་གྱུར་ནས། གནས་ལྔ་ལ་བྱང་བའི་ཚེ་ང་རྒྱལ་གྱིས་དྲེགས་པ་ན་སློབ་དཔོན་གྱིས་རྒྱལ་བུ་དྲང་སྲོང་གི་བསྔགས་པ་བརྗོད་པས་དེ་དག་དེའི་དྲུང་དུ་ཕྱིན་ནས་སེམས་མགུ་བར་གྱུར་ཏེ་དྲང་སྲོང་གི་ཐད་དུ་རབ་ཏུ་བྱུང་བས་བསམ་གཏན་དང་མངོན་ཤེས་བསྐྱེད་པར་གསུངས་ཤིང་། གཞན་ཡང་གཞོན་ནུ་ལྔ་བརྒྱ་པོ་འདི་དག་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་དུ་གྱུར་ནས་བསླབ་ཁྲིམས་ཡང་དག་པར་བསྲུངས་ཤིང་སྨོན་ལམ་བཏབ་པས། ད་ལྟར་དགྲ་བཅོམ་པའི་བར་དུ་གྱུར་པར་གསུངས་སོ། །འདི་དག་གིས་ཀྱང་སྦྱིན་པ་དང་ཚུལ་ཁྲིམས་ཀྱིི་ཕན་ཡོན་བསྟན་ཏོ། །

ངག་བག་མེད་པའི་ཉེས་པ་དང་ཆོས་ཐོས་པ་སོགས་ཀྱི་ཕན་ཡོན་འཆི་ཀ་མའི་དུས་ཀྱི་ཀུན་སློང་གཙོ་ཆེ་བར་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། རྒྱལ་བྱེད་ཚལ་དང་མི་རིང་བ་ཞིག་ན། བ་ལང་གི་ཁྱུ་གཅིག་འཁོད་དེ། དེར་གླང་ཁྱུ་མཆོག་གཉིས་འཐབ་ནས་གཅིག་གི་གཅིག་བརྡུང་ནས་གཅིག་གི་ལྟོ་དྲལ་ཏེ་དེའི་རྒྱུ་མ་ས་ལ་ལྷུང་ནས་ཟླ་དེ་ལ་སྡང་བའི་སེམས་སྐྱེས་ཏེ་ས་ལ་འགྱེལ་{སྒྱེེལ} ཏོ། །དེར་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པས། གལ་ཏེ་གླང་དེ་ད་ལྟའི་སྐབས་སུ་ཤི་བར་གྱུར་ན་ནི། སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ཏེ། འདི་ངན་སོང་ལས་དབྱུང་བའི་དུས་ལ་བབས་སོ་སྙམ་དུ་དགོངས་ནས་དེའི་དྲུང་དུ་གཤེགས་ཏེ་གླང་དེའི་རྒྱུ་མ་རྣམས་ཕྱིར་ལྟོ་བའི་ནང་དུ་བཅུག་སྟེ། རྨ་ཁ་དྲུབ་ནས་རྩྭ་དང་ཆུ་ཡང་བྱིན་ཏེ། བཀའ་སྩལ་པ། བཞིན་བཟང་འདི་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་གོ །ཆོས་ཐམས་ཅད་ནི་བདག་མེད་དོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ང་ལ་སེམས་དགའ་བར་གྱིས་ཤིག་དང་དུད་འགྲོའི་སྐྱེ་གནས་དང་བྲལ་བར་གྱུར་ཡང་སྲིད་དོ་ཞེས་གསུངས་ཤིང་གླང་དེ་ཡང་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏེ་ཚེ་འཕོས་ནས་མཉན་ཡོད་དུ་ཚོང་དཔོན་ཞིག་གི་ཁྱེའུ་གཟུགས་བྱད་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཏུ་སྐྱེས་ཏེ། ལོ་བདུན་ལོན་པ་ན་སངས་རྒྱས་ལ་དད་པ་རྙེད་ནས་རབ་ཏུ་བྱུང་ཞིང་ལོ་དེ་ཉིད་དུ་དགྲ་བཅོམ་པ་ཐོབ་ནས་རྫུ་འཕྲུལ་གྱིས་འགྲོ་ཞིང་། གནས་གཞན་དང་གཞན་དག་ནས་ལོ་མའི་ནང་དུ་མེ་ཏོག་དང་འབྲས་བུ་རྣམས་བཅུག་སྟེ་ཁྱེར་ནས་འོང་ཞིང་དགེ་འདུན་ལ་འབུལ་བར་བྱེད་དོ། །དེ་དགེ་སློང་རྣམས་ཀྱིས་མཐོང་ནས་ཡ་མཚན་དུ་གྱུར་ཏེ་དགེ་ཚུལ་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ་དགེ་སློང་ཆུའི་ཞལ་ཏ་བྱེད་པར་གྱུར་ཏེ། དེས་དགེ་འདུན་ལ་རིལ་བ་སྤྱི་བླུགས་ཀྱིས་ཆུ་འབྲིམ་པ་ལས། དགེ་སློང་དགྲ་བཅོམ་པ་ཞིག་གཞན་ཞིག་ལ་ཡེངས་པར་གྱུར་ཏོ། །དེ་དེ་དང་ཐུག་ནས་རིལ་པ་ལག་ནས་ཤོར་ཏེ་ཆག་པས། དེ་ཁྲོས་ནས་དགྲ་བཅོམ་པ་དེ་ལ། འདི་ནི་གླང་དིར་པོ་བཞིན་དུ་ཆེ་ཞིང་ཚོར་ཕྲིག་མེད་པ་ཞིག་གོ་སྨྲས་པས། དེ་ཐོས་ནས་དགྲ་བཅོམ་པ་དེས་དེ་ཉིད་ལོགས་ཤིག་ཏུ་ཁྲིད་ནས་ཉེས་པ་བཤགས་སུ་བཅུག་ཅིང་། དེས་ཀྱང་འགྱོད་ཚངས་ཕུལ་ནས་ཚེ་གཅིག་ཏུ་ཚངས་པར་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་བོ། །སྔར་གྱི་ལས་དེས་སྐྱེ་བ་ལྔ་བརྒྱའི་བར་དུ་གླང་འབའ་ཞིག་ཏུ་སྐྱེ་བ་བླངས་ཤིང་། ཕྱིས་ཀྱི་དེས་བཅོམ་ལྡན་འདས་ལས་ཆོས་ཚིག་གསུམ་དེ་ཐོས་ནས་སེམས་དགའ་བར་བྱས་པས་དུད་འགྲོའི་སྐྱེ་གནས་ལས་ཐར་ཏེ་དགྲ་བཅོམ་པའི་བར་དུ་གྱུར་ཏོ་གསུངས། འདིས་ནི་ངག་བག་མེད་པའི་ཉེས་པ་དང་ཆོས་ཐོས་པ་སོགས་ཀྱི་ཕན་ཡོན་འཆི་ཀ་མའི་དུས་ཀྱི་ཀུན་སློང་གཙོ་ཆེ་བར་བསྟན་པའོ། །

འོད་སྲུང་གི་བསྟན་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་བསྲུང་ཞིང་སྨོན་ལམ་བཏབ་པའི་འབྲས་བུས་དགྲ་བཅོམ་པ་ཐོབ་པ།

༈ ཡང་བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་སྤྲེའུ་རྫིང་གི་འགྲམ་ན་བཞུགས་པའི་ཚེ། སྡེ་དཔོན་སེང་གེའི་བུ་སྙིང་རྗེ་བཟང་པོ་ཞེས་པ་འཕྱོན་མ་ལ་ཞུགས་པར་གྱུར་ཏེ། དེའི་རྐྱེན་གྱིས་འཐབ་མོ་བྱུང་སྟེ་སྙིང་རྗེ་བཟང་པོས་མཛའ་སྡེ་མི་གསུམ་བསད་པས། ཡངས་པ་ཅན་རྣམས་ཀྱིས་བཟུང་སྟེ་གསོད་སར་ཁྲིད་པ་ན། བཅོམ་ལྡན་འདས་ཀྱིས་དེ་ཉིད་འདུལ་བའི་དུས་ལ་བབས་པར་གཟིགས་ནས་རྫུ་འཕྲུལ་གྱིས་དེར་གཤེགས་ནས་ཡངས་པ་ཅན་གྱི་མི་རྣམས་ལ་བཀའ་སྩལ་པ། བཞིན་བཟང་དག་ཁྱེའུ་འདི་གསོད་དེ་ཅི་རུང་གིས་ཐོངས་ཤིག མི་རྣམས་ཀྱིས་གསོལ་པ་བཙུན་པ་གལ་ཏེ་རབ་ཏུ་བྱུང་ན་ནི་བཏང་བར་འཚལ་ལོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས། དེ་ལ་ལུང་ཕོག་སྟེ་དེས་ཀྱང་བརྩོན་པས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ་སྔོན་ཡང་བཅོམ་ལྡན་འདས་ཉིད་དྲང་སྲོང་ཞིག་ཏུ་གྱུར་པའི་ཚེ། མི་དེ་གཡེམ་པ་ཞིག་ཏུ་གྱུར་པ། རྒྱལ་པོའི་ཁྲིམས་ལ་ཐོགས་ཏེ་གསོད་སར་ཁྲིད་པའི་ཚེ་དྲང་སྲོང་དེས་སྲོག་བསྐྱབས་ཤིང་དཀའ་ཐུབ་ཀྱི་ནགས་སུ་ཁྲིད་ནས་བསམ་གཏན་དང་མངོན་ཤེས་ལ་བཀོད་པར་གསུངས་ཤིང་། གཞན་ཡང་འོད་སྲུང་གི་བསྟན་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་བསྲུང་ཞིང་སྨོན་ལམ་བཏབ་པའི་འབྲས་བུས་དགྲ་བཅོམ་པ་ཐོབ་པར་གསུངས་སོ། །

བདག་གི་མཁན་པོ་བཞིན་དུ་ལུང་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ་བྲམ་ཟེ་ཞིག་ལ་ཁྱེའུ་ཚོ་ཞིང་པགས་པ་དང་ཤ་ཁྲག་རྒྱས་པ་ཞིག་བཙས་པས་མིང་གེལ་པོར་བཏགས། དེ་ཆེར་སྐྱེས་པ་ན་བྲམ་ཟེ་ལས་དྲུག་པར་གྱུར་ཏེ་མཐར་གྱིས་རིག་པའི་གནས་བཅོ་བརྒྱད་ལ་མཁས་པར་གྱུར་ཏོ། །དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་འགྲོགས་པས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཡང་དགའ་བར་གྱུར་ཅིང་ཕྱིས་ཕ་མ་གཉིས་ཤི་བ་ན་མཉན་ཡོད་དང་ཤུར་པ་ར་ཀའི་གྲོང་ཁྱེར་གྱི་རི་སུལ་ཞིག་ན་དྲང་སྲོང་ཞིག་ཡོད་པ་དེའི་ཐད་དུ་རབ་ཏུ་བྱུང་ཞིང་ནགས་ཁྲོད་དེ་ན་གནས་ཀྱང་ཡོན་ཏན་གྱིས་ཁྱད་པར་ཅིའང་མ་ཐོབ་བོ། །དེ་ནས་དྲང་སྲོང་དེ་ཡང་ཤི་ནས་གེལ་པོ་དཀའ་ཐུབ་ཀྱི་གནས་དེར་གནས་པ་ན་བཅོམ་ལྡན་འདས་ཤུར་པ་ར་ཀར་གཤེགས་པ་མཐོང་ནས་བསྙེན་བཀུར་བྱ་བར་འདོད་དེ། དེ་ཡང་བྲག་དེ་ལ་རྐང་པས་བབ་ན་ནི། བཅོམ་ལྡན་འདས་ཐལ་བར་འགྱུར་བ་མཐོང་ནས། བྲག་དེ་ལས་མཆོངས་པ་ན་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཏེ་ཅི་ཡང་མ་གནོད་པར་བདེ་བར་ཕྱིན་ནོ། །དེར་བཅོམ་ལྡན་འདས་ཀྱིས་ཞབས་ལ་ཕྱག་བྱས་ནས་ཕྱི་བཞིན་དུ་འབྲང་བ་ལ་བཅོམ་ལྡན་འདས་ཕྱོགས་གཅིག་ཏུ་བཞུགས་ནས་དེ་ལ་ཆོས་བསྟན་པས་དེ་ཉིད་སྟན་དེ་ལ་འཁོད་བཞིན་དུ་བདེན་པ་རྟོགས་པའི་མོད་ལ་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱས་སོ། །དེ་ནས་དེ་སྟོན་པས་ཚུར་ཤོག་གིས་རབ་ཏུ་བྱུང་གི་བསྙེན་པར་རྫོགས་ནས་གདམས་ངག་བསྟན་པས་དགྲ་བཅོམ་པ་མངོན་དུ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་དེ་དད་པ་དང་མོས་པ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་ནོ། །དེ་ནས་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་གསོལ་པ་ན། བཅོམ་ལྡན་འདས་ཉིད་སྔོན་དྲང་སྲོང་དུ་གྱུར་པའི་ཚེ། འདི་ཉིད་དཀའ་ཐུབ་པ་ཞིག་ཏུ་གྱུར་ནས་དད་དེ་བྲག་གཡང་ལ་མཆོངས་པ་དྲང་སྲོང་གི་ཕྱག་གིས་བཟུང་སྟེ་བླངས་ནས་བསམ་གཏན་དང་མངོན་ཤེས་བསྐྱེད་པར་གསུངས་ཤིང་། ད་ལྟར་དགྲ་བཅོམ་པ་ཐོབ་སྟེ་དད་མོས་དང་ལྡན་པའི་མཆོག་ཏུ་ལུང་བསྟན་པའི་རྒྱུ་ནི། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ། དྲང་སྲོང་ལྔ་བརྒྱ་མངོན་པར་དད་ནས། དཀའ་ཐུབ་ཀྱི་ནགས་སུ་སངས་རྒྱས་འོད་སྲུང་འཁོར་དང་བཅས་པ་སྤྱན་དྲངས་ནས་རྩ་བ་དང་འབྲས་བུའི་མཆོད་ནས་ཆོས་ཉན་པ་ན། སངས་རྒྱས་འོད་སྲུང་གིས་ཆོས་བསྟན་པས་དེའི་ནང་ནས་གཅིག་མ་གཏོགས་གཞན་ཀུན་གྱིས་བདེན་པ་རྟོགས་པའི་མོད་ལ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ནས། སླར་ཐམས་ཅད་ཀྱིས་རབ་ཏུ་བྱུང་བར་གསོལ་བས་དྲང་སྲོང་ལྔ་བརྒྱ་པོ་དགེ་སློང་རྣམས་ལ་གཏད་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དེ་དག་ལ་ལུང་ཕོག་ཅིང་བརྩོན་པས་གཞན་ཀུན་གྱིས་དགྲ་བཅོམ་པའི་གོ་འཕང་ཐོབ་ལ། དེ་ལས་དྲང་སྲོང་གཅིག་གིས་ནི་ཐ་ན་དྲོ་བ་ཙམ་གྱི་ཡོན་ཏན་ཡང་མ་ཐོབ་བོ། །དེ་གང་ལས་རབ་ཏུ་བྱུང་བའི་མཁན་པོ་དེ་ནི་སངས་རྒྱས་འོད་སྲུང་གིས་དད་པ་དང་མོས་པ་དང་ལྡན་པ་རྣམས་ཀྱིས་མཆོག་ཏུ་བསྟན་པ་ཡིན་པས། དེས་ཚེ་གཅིག་ལ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་མ་འོངས་པ་ན་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་དགྲ་བཅོམ་པའི་གོ་འཕང་ཐོབ་ནས། བདག་གི་མཁན་པོ་བཞིན་དུ་ལུང་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པར་གསུངས་སོ། །

ཚངས་སྤྱོད་ཀྱི་འབྲས་བུ་བསྟན་པ།

༈ ཡང་སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། ཡུལ་དེའི་བྲམ་ཟེ་འབྱུང་པོ་ཞེས་བྱ་བའི་བུ་ནག་པོ་ཞེས་བྱ་བ་རིག་པའི་གནས་བཅོ་བརྒྱད་ལ་བྱང་བ་ཞིག་རང་གི་ཕ་དེ་རྒས་པར་གྱུར་ནས་དེའི་སློབ་མ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་གྱི་སློབ་དཔོན་བྱེད་པ་ལས། བྲམ་ཟེ་རྣམས་ལ་རྩོད་པ་ཆེན་པོ་བྱུང་ནས་དེ་ཞི་བའི་ཐབས་རྩོམ་ཡང་ཞི་བར་བྱེད་མ་ནུས་པས་ཡིད་སྐྱོ་ནས་འཁོར་རྣམས་བོར་ཏེ་གཅིག་པུར་ནགས་ཁྲོད་ཅིག་ཏུ་སོང་ངོ་། །ནགས་དེ་ན་གནོད་སྦྱིན་ནག་པོ་ཞེས་བྱ་བ་སེམས་ཅན་གྱི་མདངས་འཕྲོག་ཅིང་སྲོག་ཆགས་སྟོང་ཕྲག་དུ་མ་ལ་སྡུག་བསྔལ་སྐྱེད་པ་ཞིག་ཀྱང་གནས་ཤིང་། དྲང་སྲོང་ཞིག་ཀྱང་གནས་ཏེ་དེ་གཉིས་ཕན་ཚུན་ཤིན་ཏུ་མཐུན་པ་ཞིག་གོ །དེ་ནས་བྲམ་ཟེ་ནག་པོ་དེ་དྲང་སྲོང་དེའི་ཐད་དུ་རབ་ཏུ་བྱུང་སྟེ། དེས་ཡིད་བྱེད་ཀྱི་ལུང་ཕོག་པས་ནག་པོས་ཀྱང་བསམ་གཏན་བཞི་དང་མངོན་ཤེས་ལྔ་ཐོབ་སྟེ་དྲང་སྲོང་རྒན་པོ་ཤི་བའི་འོག་ཏུ་གནས་དེར་འདུག་པར་བྱེད་དོ། །དེའི་ཚེ་བཅོམ་ལྡན་འདས་ལ་རྒྱལ་པོའི་ཁབ་ཀྱི་མི་རྣམས་ཀྱིས་གནོད་སྦྱིན་ནག་པོ་དེ་འདུལ་བར་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་དེ་རྫུ་འཕྲུལ་གྱིས་བཀུག་ནས་བཀའ་སྩལ་པ། ཀྱེ་སེམས་ཅན་རྣམས་ལ་གནོད་པ་མ་བྱེད་ཅིག སྡིག་པ་འདི་ཐོངས་ཤིག གནོད་སྦྱིན་གྱིས། བདག་ལ་ཇི་ལྟར་བཀའ་སྩལ་པ་དེ་བཞིན་དུ་འཚལ་ལོ་ཞེས་གསོལ་ནས་སྐྱབས་འགྲོ་དང་བསླབ་པའི་གཞི་བླངས་ནས་སླན་ཆད་རྒྱལ་པོའི་ཁབ་ཀྱི་མི་རྣམས་བསྲུང་བ་དང་བསྐྱབ་པར་ཁས་བླངས་སོ། །དེ་ནས་གནོད་སྦྱིན་དེ་རང་གནས་སུ་ཕྱིན་ཏེ་འདུག་པ་ན། དྲང་སྲོང་ནག་པོ་དེ་ཞག་བདུན་ན་འཆི་བར་མཐོང་ནས། དེ་ལ་སྙིང་བརྩེ་བའི་ཕྱིར་དེའི་ཐད་དུ་ཕྱིན་ནས་དོན་དེ་གོ་བར་བྱས་པས། དེ་མྱ་ངན་གྱིས་ནོན་ནས་རྫུ་འཕྲུལ་གྱི་སྟོབས་ཀྱང་ཉམས་ཏེ་སྨྲེ་སྔགས་འདོན་པ་ལ། གནོད་སྦྱིན་དེས་སངས་རྒྱས་ལ་སྐྱབས་སུ་འགྲོ་བར་བསྐུལ་བས། དྲང་སྲོང་ནག་པོས་དཀའ་ཐུབ་ཀྱི་ནགས་སྤངས་ནས་འོད་མའི་ཚལ་དུ་སོང་བ་ན། རྒྱང་མ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་ཆོས་བསྟན་པ་མཐོང་བས་དགེ་སློང་བསམ་གཏན་ལ་གནས་པ་བས་ཆེས་ཁྱད་པར་དུ་གྱུར་བའི་དགའ་བ་དང་བདེ་བ་སྐྱེས་ཏེ། དྲུང་དུ་ཕྱིན་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཆོས་ཉན་དུ་འཁོད་པ་ན། བཅོམ་ལྡན་འདས་ཀྱིས་མཐུན་པའི་ཆོས་བསྟན་པས་སྟན་དེ་ལ་འཁོད་བཞིན་དུ་བདེན་པ་མཐོང་བའི་མོད་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱས་ཤིང་། དེ་ནས་སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་པས་དགྲ་བཅོམ་པའི་བར་དུ་གྱུར་ཏོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ། སྔོན་ཡང་བཅོམ་ལྡན་འདས་ཉིད་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་ཞིག་ཏུ་གྱུར་པའི་ཚེ། དྲང་སྲོང་ནག་པོ་འདི་བྲམ་ཟེའི་ཁྱེའུ་ལེ་ལོ་ཅན་ཞིག་དུ་གྱུར་པ་ཞག་བདུན་ལས་ཚེ་མེད་པར་ཤེས་ནས། དེ་ལ་སྐྱོ་བ་བསྐྱེད་པའི་ཚིག་བརྗོད་པས། དེས་ཀྱང་བརྩོན་པས་བསམ་གཏན་དང་མངོན་ཤེས་ཐོབ་པའི་སྔོན་གྱི་རབས་གསུངས་ཤིང་། གཞན་ཡང་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་ཉིད་རབ་ཏུ་བྱུང་ཞིང་ཚངས་པར་སྤྱད་པས་དབང་པོ་ཡོངས་སུ་སྨིན་པར་བྱས་པ་དེས་ད་ལྟ་རྣམས་པར་གྲོལ་བར་གྱུར་ཏོ་གསུངས། འདི་དག་གིས་ཀྱང་ཚངས་སྤྱོད་ཀྱི་འབྲས་བུ་བསྟན་ཏོ། །

བསླབ་གཞི་ཉམས་པ་གསོ་བ་དང་རྒན་ཞུགས་འཆི་ཀ་མ་སོགས་ཀྱིས་ཀྱང་སྐྱབས་འགྲོ་དང་བསླབ་གཞི་བླངས་ན་དོན་ཆེ་བར་བསྟན་པ།

༈ ཡང་ཤཱཀྱ་ལག་ན་དབྱུག་ཐོགས་ཀྱི་བུ་ཁྱེའུ་མདའ་ཐོགས་ཅེས་བྱ་བ་གྲགས་འཛིན་མའི་མིང་པོར་གྱུར་པ་ཞིག་ཡོད་པ་དེ་སྔོན་བྱང་ཆུབ་སེམས་དཔའ་དང་ཤིན་ཏུ་མཛའ་བར་གྱུར་པ་ལས། ཕྱིས་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་ཚེ། ཅི་ཞིག་མཐོང་ན་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་བདག་ག ི་སྲིང་མོ་བོར་ཏེ་རབ་ཏུ་བྱུང་སྙམ་དུ་སེམས་མི་དགའ་ཞིང་འཁོན་དུ་གྱུར་ཏེ། ཕྱིས་མངོན་པར་རྫོགས་པར་སངས་རྒྱས་ནས། གདུལ་བྱའི་དོན་མཛད་ཅིང་སེར་སྐྱའི་གནས་སུ་གཤེགས་ཏེ་ཡབ་སྲས་གདན་འཛོམས་པར་མཛད་པ་དེར། ཤཱཀྱ་སྟོང་ཕྲག་དུ་མས་བསྙེན་བཀུར་བྱེད་པའི་ཕྱིར་མདུན་དུ་འགྲོ་བ་ན། ཤཱཀྱ་མདའ་ཐོགས་ནི་སྔར་གྱི་འཁོན་གྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་བར་མི་བྱེད་པ་ཤཱཀྱ་རྣམས་ཀྱིས་ནན་ཏན་གྱིས་ཁྲིད་པ་ན། དེས་ཤཱཀྱ་རྣམས་ཀྱི་ངོ་བསྲུང་བའི་ཕྱིར་བཅོམ་ལྡན་འདས་ལས་བསླབ་གཞི་ལྔ་མནོས་སོ། །དེ་ནས་ཕྱི་ཞིག་ན་དེས་སྔོན་གྱི་འཁོན་དྲན་ཏེ། བདག་གིས་དེ་ལས་བསླབ་གཞི་བླངས་མོད་བསྲུང་མི་དགོས་སོ་སྙམ་ནས་རྒྱུ་དེས་བསླབ་པའི་གཞི་ལྔ་ཉམས་པར་བྱས་སོ། །དེ་ཤཱཀྱ་རྣམས་ཀྱིས་ཚོར་ནས་དེ་ལ་སྙིང་རྗེ་བའི་དབང་གིས་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་ཕྱིན་ཏེ་དེ་ཉིད་ངན་སོང་མི་གཏོང་བར་གསོལ་པ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས། དེའི་དབང་པོ་ཡོངས་སུ་སྨིན་པར་བྱ་དགོས་སོ་སྙམ་དུ་དགོངས་ནས་རེ་ཞིག་དེ་ལ་ཅི་ཡང་བཀའ་མ་སྩལ་ནས། ཚེའི་ལྷག་མ་ཞག་བདུན་ལུས་པར་གཟིགས་ཏེ། དགེ་སློང་རྣམས་ལ་བཀའ་སྩལ་པ། ཤཱཀྱ་མདའ་ཐོགས་ནི་ད་སྟེ་ཞག་བདུན་ན་འཆི་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །དེ་ཤཱཀྱ་མདའ་ཐོགས་ཀྱིས་ཐོས་པས་བཅོམ་ལྡན་འདས་ལ་མ་དད་པར་གྱུར་ཏེ། ཁང་བཟང་གི་སྟེང་ན་འདུག་ཅིང་བུད་མེད་ཀྱི་འཁོར་གྱིས་བསྐོར་ཏེ་རོལ་མོའི་སྒྲས་རྩེ་ཞིང་དགའ་མགུར་སྤྱོད་དོ། །དེར་བཅོམ་ལྡན་འདས་ཀྱིས་སྔོན་དུ་ཉན་ཐོས་ཆེན་པོ་རྣམས་བཏང་ནས་ཕྱིར་རང་ཉིད་འབྱོན་པར་དགོངས་ཏེ་ཞག་དང་པོར་མ་འགགས་པ་དང་། གཉིས་པར་ཀུན་དགའ་བོ་དང་། གསུམ་པར་མོང་འགལ་གྱི་བུ་དང་། བཞི་པར་ཤཱ་རིའི་བུ་རྣམས་བཏང་སྟེ་དེ་དག་གིས་ཤཱཀྱ་མདའ་ཐོགས་ལ་དབང་པོ་ཡོངས་སུ་སྨིན་པའི་ཆོས་བསྟན་པས་མཐར་གྱིས་དེ་འཆི་བས་འཇིགས་ཤིང་སྐྲག་པར་གྱུར་ཏོ། །དེ་ནས་ཞག་ལྔ་པར་བཅོམ་ལྡན་འདས་ཉིད་བྱོན་པས་ཤཱཀྱ་མདའ་ཐོགས་དད་ནས་ནང་དུ་སྤྱན་དྲངས་ཤིང་ཞབས་ལ་ཕྱག་བྱས་ནས་ཆོས་ཉན་པའི་ཕྱིར་སྤྱན་སྔར་འདུག་པ་ན་བཀའ་སྩལ་པ། མདའ་ཐོགས་འདི་ལྟར་འཆི་བའི་འཇིགས་པ་འདི་ནི་འཇིགས་པ་རྣམས་ཀྱི་ནང་ནས་ཕྲན་ཚེགས་ཙམ་དུ་ཟད་དེ། འདི་ལྟ་སྟེ་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་རྣམས་ཀྱི་ངན་སོང་གི་འཇིགས་པ་འདི་ནི་འཇིགས་པ་རྣམས་ཀྱི་མཆོག་ཡིན་ནོ། །དེས་གསོལ་པ། སེམས་ཅན་དམྱལ་བ་དེ་དག་ཇི་ལྟ་བུ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐྱོ་བ་བསྐྱེད་པའི་ཕྱིར་རྫུ་འཕྲུལ་གྱིས་ཁྲིད་དེ་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་བསྟན་པས། དེས་གསོལ་པ་ལས་གང་གིས་འདིར་སྐྱེ་བར་འགྱུར་བ་ལགས། བཀའ་སྩལ་པ། སྲོག་གཅོད་པ་ཀུན་ཏུ་བརྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །གལ་ཏེ་དེ་ཤི་འཕོས་ནས་མི་རྣམས་དང་སྐལ་བ་མཉམ་པར་འདིར་སྐྱེས་ན་ཡང་ཚེ་ཐུང་བར་འགྱུར་རོ། །ཞེས་སོགས་མི་དགེ་བ་བཅུའི་ལས་ཀྱི་ལམ་རྒྱས་པར་བསྟན་པས། དེ་ལྷག་པར་འཇིགས་པ་སྐྱེས་ཏེ་བདག་གིས་བསླབ་གཞི་མ་བསྲུངས་པས་ངན་སོང་དུ་སྐྱེ་བར་མི་འགྱུར་གྲངས་སྙམ་ནས། དེས་བསླབ་པ་ཉམས་པ་དེ་དག་བཤགས་ནས་ཆོས་ཉན་པའི་ཕྱིར་འཁོད་པ་ན། བཅོམ་ལྡན་འདས་ཀྱིས་དེ་དང་མཐུན་པའི་ཆོས་བསྟན་པས་སྟན་དེ་ཉིད་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །དེ་ནས་ཚེ་འཕོས་ཏེ་ལྷར་སྐྱེས་ནས་གནས་གསུམ་ལ་བརྟགས་པས་འཆི་ཁར་བསླབ་གཞི་རྣམས་བསྲུངས་པ་དང་སངས་རྒྱས་ལ་དད་པས་ལྷར་སྐྱེས་པར་མཐོང་ནས་ཞག་མ་ལོན་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས་ཆོས་ཞུས་ནས་སླར་ལྷ་ཡུལ་དུ་སོང་ངོ་། །དེ་ནས་ཤཱཀྱ་རྣམས་འོངས་ནས་བཅོམ་ལྡན་འདས་ལ་ཤཱཀྱ་མདའ་ཐོགས་གར་སྐྱེས་ཞུས་པས་བཀའ་སྩལ་པ། གྲོགས་པོ་དག་ལྷར་སྐྱེས་སོ། །དེ་དག་གིས་གསོལ་བ་དེས་བསླབ་པ་ཉམས་པར་བགྱིས་ཏེ་ཆང་འཐུང་ན་དེ་ཇི་ལྟར་ལྷར་སྐྱེས། བཀའ་སྩལ་པ། དེས་འཆི་ཀར་བསླབ་པ་ཉམས་པ་བཤགས་ཏེ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པས་ལྷར་སྐྱེས་སོ། །དེར་ཐམས་ཅད་ངོ་མཚར་དུ་གྱུར་ནས། ཀྱེ་མ་སངས་རྒྱས། ཀྱེ་མ་ཆོས། ཀྱེ་མ་དགེ་འདུན། ཀྱེ་མ་ཆོས་ལེགས་པར་གསུངས་པ་འདི་ལྟར་ངན་སོང་དུ་འགྲོ་བའི་སེམས་ཅན་དག་ཀྱང་ངན་སོང་ནས་ཕྱུང་སྟེ་མཐོ་རིས་སུ་འགྲོ་བར་བྱེད་དོ་ཞེས་བསྔགས་ཤིང་། ལྷག་པར་ཡང་དཀོན་མཆོག་གསུམ་ལ་བཀུར་སྟི་བྱེད་པར་གྱུར་ཏོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ། ཝཱ་རཱ་ཎ་སཱིར་ཚོང་པ་དབུལ་པོ་ཞིག་འདུག་པ་དེས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་རྙེད་ནས། བསོད་ནམས་བྱ་བའི་ཕྱིར་རྒྱ་མཚོ་ཆེན་པོར་གྲུར་ཞུགས་ཏེ་བདེ་བར་འཁོར་ནས་སྦྱིན་པ་དག་སྦྱིན་ཅིང་བསོད་ནམས་དག་བྱེད་པ་ལ་ཞུགས་སོ། །དེ་ཡང་ཚེ་ཐུང་ངུ་ལས་མེད་པར་གཟིགས་ནས་དེ་སྐྱོ་བ་བསྐྱེད་པའི་ཕྱིར། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དེ་ཞག་བདུན་ནས་འཆི་བར་འགྱུར་བ་ལུང་བསྟན་པས། དེ་ཤིན་ཏུ་སྐྲག་ནས་སངས་རྒྱས་ཀྱི་སྤྱན་སྔར་ཕྱིན་ཏེ་སྐྱབས་འགྲོ་དང་བསླབ་གཞི་བླངས་ནས་ཤི་འཕོས་ཏེ་ལྷ་ཡུལ་དུ་སྐྱེས་སོ། །དེའི་དུས་ཀྱི་ཚོང་པ་དེ་ཤཱཀྱ་མདའ་ཐོགས་དེ་ཡིན་ཏེ། དེའི་ཚེ་ན་ཡང་འདི་འཆི་བས་འཇིགས་ཤིང་སྐྲག་ནས་བསླབ་གཞི་བསྲུངས་ཏེ་མཐོ་རིས་སུ་སྐྱེས་སོ། །ད་ལྟར་ཡང་འཆི་བས་འཇིགས་ཤིང་སྐྲག་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བསྲུངས་ཏེ་གཞི་དེ་ལས་མཐོ་རིས་སུ་འགྲོ་བ་དང་ཐར་པར་འགྲོ་བ་ཐོབ་པར་གྱུར་ཏོ་གསུངས་སོ། །འདིས་ནི་བསླབ་གཞི་ཉམས་པ་གསོ་བ་དང་རྒན་ཞུགས་འཆི་ཀ་མ་སོགས་ཀྱིས་ཀྱང་སྐྱབས་འགྲོ་དང་བསླབ་གཞི་བླངས་ན་དོན་ཆེ་བར་བསྟན་པ་ཡིན་ནོ། །

རྟེན་ཁྱད་འཕགས་ལ་མཆོད་ཅིང་སྨོན་ལམ་བཏབ་པའི་ཕན་ཡོན་བསྟན་པ།

༈ ཡང་གླེང་གཞི་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་བྲམ་ཟེ་ཞིག་གི་ཆུང་མ་ལ་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཞིག་བཙས་ཏེ། ཆེར་སྐྱེས་པ་ན་རིག་པའི་གནས་བཅོ་བརྒྱད་ལ་བྱང་བར་བྱས་པས། ལོ་བཅུ་དྲུག་ལོན་པ་དང་བསྟན་བཅོས་ཐམས་ཅད་རྟོགས་པར་གྱུར་ཏེ་གཞུང་གིས་རྩོད་པ་ཐམས་ཅད་ཚར་བཅད་ནས་དེ་རྒྱགས་པས་དྲེགས་ཏེ་བྲམ་ཟེ་ཐམས་ཅད་ཁྱད་དུ་གསོད་དེ་དེར་བྲམ་ཟེ་དག་གིས། འདི་དགེ་སྦྱོང་གོ་ཏ་མ་སར་བཏང་ན་དེས་རབ་ཏུ་བྱུང་ཡང་སྲིད། དེ་ལྟ་ན་བདག་ཅག་འདིའི་འོག་ནས་ཐར་བར་འགྱུར་རོ་བསམས་ནས་དེ་དག་གིས་སངས་རྒྱས་ཀྱི་བསྔགས་པ་བརྗོད་པས་དེ་ཐོས་པ་དང་བྲམ་ཟེའི་ཁྱེའུ་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་པ་ན་མཆོག་ཏུ་དགའ་བ་དང་བདེ་བ་སྐྱེས་ཏེ་བྱད་གཟུགས་ཀྱི་རྒྱགས་པ་མེད་པར་གྱུར་ནས། འདིའི་ཤེས་རབ་དང་ཐམས་ཅད་མཁྱེན་པ་ཡིན་མིན་བརྟག་པར་བྱའོ་སྙམ་དུ་ཡིད་ཀྱི་དྲི་བ་སྣ་ཚོགས་བྱས་པས། བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་ཐུགས་སུ་ཆུད་ནས་སོ་སོར་ལན་སྩལ་པས། འདི་ནི་ཐམས་ཅད་མཁྱེན་པར་ངེས་སོ་སྙམ་སྟེ་ལྷག་པར་ཡང་དགའ་བར་གྱུར་ཏེ། སངས་རྒྱས་འཁོར་དང་བཅས་པ་ཁྱིམ་དུ་སྤྱན་དྲངས་ཏེ། ཞག་བདུན་གྱི་བར་དུ་མངོན་པར་མཆོད་ནས། ཐ་མའི་ཉིན་བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་དང་། འཁོར་རྣམས་ལ་རས་ཟུང་རེ་ཕུལ་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་ནས་བཅོམ་ལྡན་འདས་ཀྱི་དེ་དག་ལ་མཐུན་པའི་ཆོས་བསྟན་པས་བྲམ་ཟེའི་ཁྱེའུ་དེ་འཁོར་དང་བཅས་པ་སྟན་དེ་ལ་འཁོད་བཞིན་དུ་བདེན་པ་མཐོང་ངོ་། །དེ་ནས་ཁྱེའུ་དེས་ཕ་མ་ལ་གནང་བ་ཞུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚུར་ཤོག་གིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་བརྩོན་པས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེ་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པས། བཀའ་སྩལ་པ་སྨོན་ལམ་གྱིས་དབང་ལས་གྱུར་ཏེ། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་ནས་མྱ་ངན་ལས་འདས་པའི་འོག་ཏུ་རྒྱལ་པོ་ཀྲྀ་ཀྲྀ་{ཀྲྀ་ཀཱིས }¡eཚིག་གསར་དུ་འདི་འདྲ་ཞིག་སྣང་བས་གང་ལྟར་ཡང་དཔྱད་གཞི་ཙམ་སྨྲས། ད་དུང་འདིར་འདྲ་ཁ་ཤས་སྣང་ཡང་རང་སར་བཞག་ཡོད། ཞུ་མཆན། ¡fདེའི་སྐུ་གདུང་གི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་པ་རིན་པོ་ཆེ་ལས་བརྩེགས་ནས་དུས་སྟོན་གྱི་མཆོད་པ་བྱེད་པའི་ཚེ་རྒྱལ་པོས་དྲིལ་བསྒྲགས་ཏེ། ཝཱ་རཱ་ཎ་སཱིར་འདི་ན་སྐྱེ་བོའི་ཚོགས་ཇི་སྙེད་ཡོད་པ་དེ་དག་མཆོད་རྟེན་གྱི་དུས་སྟོན་ལ་བབས་པ་ན་དེར་སོང་ལ་བཀུར་སྟི་གྱིས་ཤིག སུ་དེར་མ་སོང་ན་དེའི་ཅི་བདོག་པ་ཐམས་ཅད་སླར་བཞེས་སོ་ཞེས་བསྒོའོ། །དེའི་ཚེ་རྒྱལ་པོའི་མདུན་ན་འདོན་བྲམ་ཟེ་མ་དད་པ་ཞིག་ཡོད་པ་དེ་སྡང་བའི་སེམས་ཀྱིས་མ་སོང་ངོ་། །དེ་ཐོས་པ་དང་རྒྱལ་པོས་ངའི་བཀའ་བཅག་གོ་སྙམ་དུ་ཁྲོས་ཏེ་དེའི་ནོར་རྣམས་ཕྲོགས་པར་བརྩམ་པ་རྒྱལ་པོ་དེའི་བུས་ཐོས་ཏེ། རྒྱལ་བུ་དེ་དང་། མདུན་ན་འདོན་གྱི་བུ་གཉིས་མཛའ་གཅུགས་ཡིན་པས། དེས་དེ་ལ་སྦྲན་ཏེ། ཁྱོད་སོང་ལ་ཕ་ལ་མཆོད་རྟེན་གྱི་དུས་སྟོན་ལ་མགྱོགས་པར་སོངས་ཤིག རྒྱལ་པོས་ཁྱོད་ཀྱི་ནོར་རྣམས་ཕྲོགས་ཏ་རེ་ཞེས་གྱིས་ཤིགས་བྱས་སོ། །དེ་ཐོས་པ་དང་བྲམ་ཟེ་མདུན་ན་འདོན་བུ་དང་ལྷན་ཅིག་ཏུ་ཕྱིན་པ་ན། བུ་དེས་མཆོད་རྟེན་ལ་དད་པ་རྙེད་ནས་བཀུར་སྟི་ཆེན་པོ་བྱས་ཏེ། དགེ་བའི་རྩ་བ་འདིས་བདག་ཕྱུག་ཅིང་ནོར་མང་བའི་རིགས་སུ་སྐྱེས་ཤིང་གཟུགས་བཟང་ལྟ་ན་སྡུག་པ་དང་། བསྟན་བཅོས་ཐམས་ཅད་རྟོགས་ནས་གཞུང་གིས་རྩོད་པ་ཐམས་ཅད་ཚར་ཆོད་པ་དང་། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས། ཁྱེའུ་དེ་སྐྱེ་བོ་མང་པོས་བརྫིས་ཏེ་ཤི་འཕོས་ནས་ལྷར་སྐྱེས་སོ། །དེ་ནས་ལྷའི་བུ་དེས་གནས་གསུམ་ལ་བརྟགས་པས་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་སེམས་དགའ་བ་བསྐྱེད་པས་ལྷར་སྐྱེས་པར་མཐོང་ནས་དེ་མ་ཐག་པར་མཆོད་རྟེན་དེ་ཉིད་ཀྱི་དྲུང་དུ་འོངས་ནས་ལྷའི་མེ་ཏོག་དང་སྤོས་སྣ་ཚོགས་པས་གཏོར་ནས་སེམས་དགའ་བར་གྱུར་ཏེ་འདུག་གོ །དེའི་ཚེ་ཕ་དེས་རང་གི་བུ་དེ་སྐྱེ་བོ་རྣམས་ཀྱིས་བརྫིས་ནས་ཤི་བར་ཐོས་ཏེ། དེར་སོང་ནས་བུའི་རོ་ལ་འཁྱུད་ཅིང་སྨྲེ་སྔགས་འདོན་པ་ལྷའི་བུ་དེས་མཐོང་ནས་དེར་ཕྱིན་ཏེ་སྨྲས་པ། ཕ་ཅིག་བདག་གི་ཕྱིར་མྱ་ངན་མ་བྱེད་ཅིག བྲམ་ཟེས་སྨྲས་པ་ཁྱོད་སུ་ཡིན། དེས་བདག་ནི་ཁྱོད་ཀྱི་བུའོ། །བྲམ་ཟེས། ཁྱོད་གང་དུ་སྐྱེས། དེས་ལྷར་སྐྱེས་སོ། །བྲམ་ཟེས། ཁྱོད་ཀྱིས་ལས་ཅི་ཞིག་བྱས། དེས་སྨྲས་པ། མཆོད་རྟེན་འདི་ཉིད་ལ་བསྙེན་བཀུར་བྱས་ནས། སེམས་དགའ་བ་བསྐྱེད་དེ་ཁྱོད་ཀྱིས་ཀྱང་སྔོན་གྱི་ལྟ་བའི་རྣམ་པ་བོར་ལ་མཆོད་རྟེན་འདི་ལ་བསྙེན་བཀུར་བྱས་ཏེ་སེམས་དགའ་བར་གྱིས་ཤིག་དང་། དེས་ཁྱོད་ལེགས་པ་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་རོ་ཞེས་སྨྲས་ནས་ལྷའི་བུ་དེ་ཉིད་མི་སྣང་བར་གྱུར་ཏོ། །དེར་བྲམ་ཟེ་དེའི་མྱ་ངན་ཡང་སངས་ཤིང་། མཆོད་རྟེན་ལ་ཤིན་ཏུ་དགའ་བར་གྱུར་ནས། བཀུར་སྟི་ཆེན་པོ་བྱས་ཏེ། དགེ་བའི་རྩ་བ་འདིས། བུ་འདི་ཉིད་ལ་བརྟེན་ནས་སངས་རྒྱས་མཉེས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་མདུན་ན་འདོན་གྱི་བུ་དེ་ནི་བྲམ་ཟེའི་ཁྱེའུ་འདི་ཡིན་ལ་དེའི་ཚེ་ཕར་གྱུར་པ་དེ་ནི་བྲམ་ཟེ་འདི་ཁོ་ནའོ་གསུངས། འདིས་ནི་རྟེན་ཁྱད་འཕགས་ལ་མཆོད་ཅིང་སྨོན་ལམ་བཏབ་པའི་ཕན་ཡོན་བསྟན་ཏོ། །

ངག་གི་ཉེས་སྤྱོད་དང་སེར་སྣ་སོགས་ཀྱི་རྣམ་སྨིན་དང་ཚུལ་ཁྲིམས་བསྲུང་བ་དང་འཆི་ཁར་ཆོས་ཀྱི་སྒྲ་ཐོས་པའི་ཕན་ཡོན་རྣམས་ཀྱང་བསྟན་པ།

༈ ཡང་གླེང་གཞི་མཉན་ཡོད་དུ་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་ཕྱུག་པོ་ཞིག་གི་ཆུང་མ་ལ་བུ་ཆགས་པར་གྱུར་ཏེ། མ་དེའི་ལུས་མགོ་མཇུག་ཏུ་མི་གཙང་བའི་དྲིས་ཁྱབ་ཅིང་། ཟས་སྐོོམ་དུ་ཕྱི་ས་དང་ག ཅིན་ཟ་ཞིང་འབྱུང་འདོད་པར་གྱུར་ཏོ། །དེ་བཙས་པ་དང་ཁྱེའུ་ལུས་ཕྱི་ས་དང་གཅིན་གྱིས་ག ཡོགས་པ་ཞིག་བཙས་ཏེ། ཁྱིམ་གྱི་ཐོག་ཐག་ཏུ་ཕྱི་སའི་དྲིས་ཁྱབ་པར་གྱུར་ལ། དེ་བཀྲུས་ཏེ་ལུས་ལ་སྤོས་སྣ་ཚོགས་ཀྱིས་བསྐུས་ཀྱང་ཕྱི་སའི་དྲི་མེད་པར་མ་གྱུར་ཏོ། །དེ་འོ་མ་དང་ཞོ་དང་མར་ཁུ་དང་ཞུན་མར་དང་མར་གྱི་ཉིང་ཁུ་རྣམས་ཀྱིས་བསྐྱེད་བསྲིངས་ནས། འགྲོ་ནུས་པ་ཙམ་དུ་གྱུར་པའི་ཚེ་རང་གི་ཕྱི་ས་བླངས་ནས་ཟ་ཞིང་ལུས་ལ་སྐུད་པར་བྱེད་དོ། །དེ་ཆེར་སྐྱེས་ནས་མཁན་པོའི་སར་ཡི་གེ་སློབ་ཏུ་བཏང་བས། ཕྱི་སའི་འདམ་སྙག་སྙིག་གར་ཡོད་དུ་སོང་ནས་བཤང་གཅི་ཟ་བར་བྱེད་པས་ཕ་མ་གཉིས་ཤིན་ཏུ་མི་དགའ་བར་གྱུར་ཏེ་ཁྱིམ་ནས་བསྐྲད་དོ། །དེ་ནས་དེ་མི་གཙང་བའི་འདམ་སྙག་སྙིག་དེ་དག་ཏུ་གནས་བཅས་ཏེ་ཕྱི་ས་ཟ་ཞིང་གཅིན་དག་འཐུང་བར་བྱེད་དོ། །དེ་སྐྱེ་བོ་རྣམས་ཀྱིས་མཐོང་ནས། འདི་ནི་ཝ་བཞིན་དུ་ཕྱི་ས་དང་གཅིན་ཟ་ཞིང་འཐུང་ངོ་ཞེས་སྨྲས་ཏེ་མིང་ཡང་ཝ་ཞེས་ཐོགས་སོ། །དེ་འོད་སྲུང་རྫོགས་བྱེད་ཀྱིས་མཐོང་སྟེ་བརྟུལ་ཞུགས་ཅན་དུ་རིག་ནས་རང་གི་སློབ་མ་བྱས་ཏེ་སྐྲ་བཏོགས་ཕོར་པ་དང་རྨ་བྱའི་མདོངས་ཀྱི་ཕྱག་མ་བྱིན་ནས། ཕྱི་ས་ཟ་བའི་ཡི་དམ་བྱིན་ཏེ་བཏང་ངོ་། །དེ་ནས་ཕྱི་སའི་འདམ་དེར་སོང་སྟེ་འདུག་པ་ལ། དེ་ན་མཚན་མོ་ཡི་དྭགས་ལྔ་བརྒྱ་ཙམ་རྒྱུ་ཞིང་བཤང་གཅི་ལ་སྤྱོད་པར་བྱེད་པ་ལས། ཁྱེའུ་དེས་ཡི་དྭགས་དེ་རྣམས་ཀྱི་སྒྲ་ནི་ཐོས་གཟུགས་ནི་མ་མཐོང་ངོ་། །ཕྱི་ཞིག་རྫོགས་བྱེད་འོངས་ཏེ་དེ་ལ། བུ་ཁྱོད་ཀྱིས་བརྟུལ་ཞུགས་ཡི་དམ་དུ་བླངས་པ་འདིས་ཁྱད་པར་ཅུང་ཟད་ཐོབ་བམ། དེས་སྨྲས་པ། ཁྱད་པར་ཞེས་པ་ཇི་ལྟར་ཡིན། རྫོགས་བྱེད་ཀྱིས། ཁྱོད་ཀྱི་ལྷའི་གཟུགས་སྐུ་མཐོང་ངམ་ལྷའི་སྒྲ་སྐད་ཐོས་སམ། དེས་སྨྲས་པ། བདག་གིས་གཟུགས་ནི་མ་མཐོང་གི་སྐྱེ་བོ་མང་པོའི་སྒྲ་དག་ཐོས་སོ། །རྫོགས་བྱེད་ཀྱིས། དེ་དག་བརྟུལ་ཞུགས་གྲུབ་པ་ཡིན་གྱི་ད་ཡང་ཡི་དམ་དུ་གྱིས་དང་གཟུགས་ཀྱང་སྟོན་སྲིད་དོ་སྨྲས་སོ། །དེ་ནས་ཕྱི་ཞིག་ན་ཡི་དྭགས་དེ་རྣམས་ཀྱིས། འདི་དག་བདག་ཅག་མི་དགེ་བའི་ལས་ཀྱིས་འདིར་འཕངས་ཏེ་སྡུག་བསྔལ་མཉམ་པར་མྱོང་ན་འདི་ལ་གཟུགས་ཀྱང་སྟོན་པར་ཅི་སྟེ་མི་བྱ་སྙམ་དུ་དེ་ལ་གཟུགས་བསྟན་ནས་དེ་དག་དང་ལྷན་ཅིག་ཏུ་འགྲོགས་སོ། །དེར་རྫོགས་བྱེད་འོངས་ནས་དྲིས་པས། ཝས་ལུས་ནི་བསྟན་མོད་ཀྱི་མི་སྡུག་པའི་ཚུལ་དུ་བསྟན་ནོ། །རྫོགས་བྱེད་ཀྱིས། ད་དུང་ཡིད་དམ་བརྟན་པོར་མཛོད་དང་། རང་བཞིན་གྱིས་གཟུགས་ཀྱང་སྟོན་སྲིད་དོ། །དེ་ནས་ཕྱི་ཞིག་ན་འཕགས་པ་ཤཱ་རིའི་བུས་ཡི་དྭགས་ལྔ་བརྒྱ་པོ་ཚེ་ཟད་ནས་མི་རིང་བར་འཆི་བར་གཟིགས་ནས། དེ་རྣམས་ཀྱི་གན་དུ་བྱོན་ནས། བཞིན་བཟང་དག་འདི་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་གོ །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ང་ལ་སེམས་དགའ་བར་གྱིས་ཤིག་དང་། ཡི་དྭགས་ཀྱི་སྐྱེ་གནས་དང་བྲལ་བར་འགྱུར་ཡང་སྲིད་དོ། །ཞེས་གསུངས། དེར་ཡི་དྭགས་རྣམས་ཚེ་ཟད་ནས་དེ་དག་ཤཱ་རིའི་བུ་ལ་སེམས་དགའ་བར་གྱུར་ཏེ་ཤི་འཕོས་ནས་ལྷའི་ཡུལ་དུ་སྐྱེས་སོ། །དེ་ནས་དེ་དག་གིས་གནས་གསུམ་ལ་བརྟགས་པས། ཡི་དྭགས་ནས་ཤི་འཕོས་པ་དང་ལྷར་སྐྱེས་པ་དང་ཤཱ་རིའི་བུ་ལ་སེམས་དགའ་བར་གྱུར་པ་མཐོང་ནས་ཞག་མ་ལོན་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཏེ་ཆོས་ཉན་པས་དེ་དག་གིས་བདེན་པ་རྣམས་མཐོང་ངོ་། །དེ་རྣམས་ཀྱིས་བདེན་པ་མཐོང་ནས་ཁྱེའུས་ཝ་དྲན་ཏེ་དེ་ཉིད་ཀྱི་དོན་བྱའོ་སྙམ་དུ་དེའི་སྟེང་གི་བར་སྣང་ལ་ལྷའི་གཞལ་མེད་ཁང་དང་བཅས་པར་འཁོད་དེ་མཉན་ཡོད་ཀྱི་གྲོང་རྣམས་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །ཁྱེའུ་ཝས་དེ་མཐོང་ནས་ཁྱེད་སུ་ཡིན་ཅི་བྱེད་ཅེས་དྲིས་པས། ལྷ་རྣམས་ཀྱིས། བདག་ཅག་ནི་སྔོན་ཁྱོད་ཀྱི་གྲོགས་པོ་དེ་རྣམས་ཡིན་ནོ། །ཝས་སྔོན་ནི་ངས་ཚུལ་དེ་ལྟར་མ་མཐོང་ངོ་། །ལྷ་རྣམས་ཀྱིས་བདག་ཅག་ནི་གནས་འདི་ནས་ཤི་འཕོས་ཏེ་ལྷའི་ནང་དུ་སྐྱེས་སོ། །ཝས་ཁྱེད་བརྟུལ་ཞུགས་འདི་ཁོ་ནས་ལྷའི་ནང་དུ་སྐྱེས་སམ། ལྷ་རྣམས་ཀྱིས། དེ་ནི་མ་ཡིན་ཏེ་སྔོན་མི་དགེ་བའི་ལས་ཀྱིས་ཡི་དྭགས་སུ་སྐྱེས་པ་ལས། འཕགས་པ་ཤཱ་རིའི་བུ་ལ་བརྟེན་ནས་ཡི་དྭགས་ཀྱི་སྐྱེ་གནས་དང་བྲལ་ཏེ་ལྷའི་སྐྱེ་གནས་ཐོབ་བོ། །ཁྱེད་ཀྱང་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་སོངས་ཤིག་དང་ཁྱེད་ཀྱང་སྡུག་བསྔལ་འདི་ལས་ཐར་པར་འགྱུར་ཡང་སྲིད་དོ་ཞེས་བྱས་ཏེ་ལྷ་རྣམས་མི་སྣང་བར་གྱུར་ཏོ། །དེ་རྫོགས་བྱེད་ཀྱིས་མཐོང་ནས། གཞན་དག་ལའང་བསྙད་དེ་བདག་ཉིད་ཆེན་པོ་འདིས་ནི་བརྟུལ་ཞུགས་གྲུབ་པ་ཆེན་པོར་གྱུར་ཏེ་འདི་ལ་ནི་ལྷ་རྣམས་ཀྱིས་ལུང་བསྟན་པར་འོངས་སོ། །ཞེས་སྨྲས་ཏེ་སེམས་ཅན་མང་པོ་དག་གིས་ཕྱི་ས་ཟ་བའི་ཡི་དམ་བླངས་སོ། །ཁྱེའུ་ཝས་ནི་ལྷ་རྣམས་ཀྱི་ཚིག་ཐོས་ནས་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་སོང་ནས་ལུས་ལ་ཁྲུས་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་པས་སྐུ་མཐོང་བ་ཙམ་གྱིས་དགའ་བ་དང་བདེ་བ་ཁྱད་པར་ཅན་སྐྱེས་ཏེ་ཞབས་ལ་ཕྱག་བྱས་ཏེ་ཆོས་ཉན་དུ་འཁོད་པ་ན། བཅོམ་ལྡན་འདས་ཀྱིས་དེའི་ཁམས་དབང་མོས་པ་དང་མཐུན་པའི་ཆོས་བསྟན་པས་དེས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཅིང་རབ་ཏུ་བྱུང་བ་ནས་དགྲ་བཅོམ་པའི་བར་དུ་གྱུར་ཏོ། །དེར་དགེ་སློང་རྣམས་ཀྱིས་བཙུན་པ་ཝའི་ལས་ཀྱི་རྒྱུ་ཞུས་པས། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ། ཝཱ་རཱ་ཎ་སཱིའི་ཁྱིམ་བདག་ཕྱུག་པོ་རྣམ་སྲས་ཀྱི་ནོར་དང་ལྡན་པ་ཞིག་དཀོན་མཆོག་ལ་དད་པ་རྙེད་ནས་སྐྱབས་འགྲོ་དང་བསླབ་པའི་གཞི་རྣམས་བླངས་ཏེ་ཕྱིར་མི་འོང་གི་འབྲས་བུ་མངོན་སུམ་དུ་བྱས་ནས། དེས་བདག་གིས་དཀོན་མཆོག་ལ་བཀུར་སྟི་བྱའོ་སྙམ་སྟེ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གཙུག་ལག་ཁང་བརྩེགས་ནས་ཡོ་བྱད་ཐམས་ཅད་སྦྱར་ཏེ་དགེ་སློང་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱི་བསྙེན་བཀུར་བྱས་ནས་དེར་དགེ་སློང་ཞིག་ཞལ་ཏ་བར་བསྐོས་སོ། །དེ་ནས་ཕྱི་ཞིག་ན། ཞལ་ཏ་བ་དེ་ལྗོངས་སུ་བྱ་བ་ཞིག་ཡོད་དེ་ཁྱིམ་བདག་དེ་ལ་དྲིས་ནས་སོང་ངོ་། །དེའི་འོག་ཏུ་དགྲ་བཅོམ་པ་ཞིག་ལྗོངས་རྒྱུ་ཞིང་སོང་སོང་བ་ལས་གཙུག་ལག་ཁང་དེར་ཕྱིན་ཏེ། དེ་ཁྱིམ་བདག་གིས་མཐོང་ནས་ཤིན་ཏུ་དགའ་བར་གྱུར་ཏེ། འདི་ག ཅིག་པུ་སྤྱན་དྲངས་ན་ནི་གནང་བར་མི་འགྱུར་གྱི། འདི་ཁོ་ནའི་ཕྱིར་དུ་དགེ་སློང་གི་དགེ་འདུན་ཁྱིམ་དུ་སྤྱན་དྲངས་ལ་བཤོས་གསོལ་ལོ་སྙམ་ནས། དགྲ་བཅོམ་པ་དེ་དགེ་འདུན་གྱི་འཁོར་དང་བཅས་པ་སྤྱན་དྲངས་ཤིང་། ཁྱིམ་བདག་དེས་འདྲེག་མཁན་བཀུག་སྟེ། དགེ་སློང་རྣམས་ཀྱིས་སྐྲ་འདྲེག་ཏུ་བཅུག་ནས་ཁྲུས་བྱས་ཤིང་། རང་གི་ལག་ནས་བཟའ་བཅའ་གཙང་མ་བཟང་པོ་མང་པོས་ཚིམས་པར་བྱས་སོ། །དེའི་ཚེ་དགེ་སློང་ཞལ་ཏ་བ་དེ་གཙུག་ལག་ཁང་དུ་ཕྱིར་འཁོར་བ་ན། དགེ་སློང་རྣམས་མི་སྣང་བས་གཏམ་དྲིས་པ་ན། ཁྱིམ་བདག་གིས་དགེ་སློང་གསར་དུ་འོང་བ་ཞིག་གི་ཕྱིར་སྤྱན་དྲངས་སོ་ཞེས་ཐོས་པས། དེ་མི་དགའ་བར་གྱུར་ཏེ། དེའི་བྱ་བ་ཐམས་ཅད་བྱེད་པ་ནི་ང་ཡིན་ན་དགེ་སློང་གསར་འོང་ཞིག་གི་ཕྱིར། དེས་དགེ་སློང་རྣམས་སྤྱན་དྲངས་སོ་སྙམ་དུ་ཁྲོས་ཏེ། ཁྱིམ་བདག་གི་ཁྱིམ་དུ་སོང་བ་ན། ཁྱིམ་བདག་རང་ཉིད་ཀྱིས་དགྲ་བཅོམ་པ་དེ་ལ་གུས་པས་བསྙེན་བཀུར་བྱས་པ་མཐོང་ནས་ཕྲག་དོག་གིས་ཕྱིར་ཡང་ཁྲོས་སོ། །དེ་ནས་དགེ་སློང་རྣམས་བཤོས་གསོལ་ནས། གཙུག་ལག་ཁང་དུ་དོང་བའི་ཚེ་དགྲ་བཅོམ་པ་དེའི་ཐད་དུ་སོང་ནས་སྨྲས་པ། བཙུན་པ་ཁྱོད་ཀྱིས་ཁྱིམ་བདག་འདི་ལྟར་བྱེད་པ་འདི་སུ་ཡིན་ཤེས་སམ། དགྲ་བཅོམ་པས། ངས་ཤེས་ཏེ་ཕྱིར་མི་འོང་བ་ཡིན་ནོ། །ཞལ་ཏ་བས། གལ་ཏེ་དེ་ལྟར་ན་ཁྱོད་ཀྱིས་དེ་ལས་སྐྲ་བྲེགས་པ་ཉམས་སུ་བླངས་པ་བས་ནི། ཁྱོད་ཀྱི་སྐྲ་བཏོགས་ཀྱང་སླའོ། །ཁྲུས་ཀྱི་ཡོ་བྱད་བླངས་པ་བས་ནི། ཁྱོད་ཕྱི་སའི་འདམ་དུ་བྱིང་ཡང་སླའོ། །ཟས་སྐོམ་བླངས་པ་བས་ནི། ཁྱོད་ཀྱིས་ཕྱི་ས་དང་གཅིན་ཟོས་ཤིང་འཐུངས་ཀྱང་སླའོ་ཞེས་བྱས་སོ། །དེ་ནས་དགྲ་བཅོམ་པ་དེས་དེ་ལ་ཐུགས་བརྩེ་བའི་སླད་དུ་རང་ཉིད་འཕགས་པ་ཡིན་པར་གོ་བར་བྱས་ནས། དེ་ལ་ཉེས་པ་འཆགས་སུ་བཅུག་པས། དེ་ཡང་འགྱོད་ནས་བཟོད་པར་གསོལ་ཞིང་། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་ཞལ་ཏ་བ་ནི་ཝ་འདི་ཉིད་ཡིན་ཏེ། དེའི་ཚེ་དགྲ་བཅོམ་པ་དེ་ལ་ཚིག་རྩུབ་མོས་སྤྱོས་ཏེ་ཁྱོད་ཀྱི་སྐྲ་བཏོགས་ཀྱང་སླའོ་སྨྲས་པས་གང་དང་གང་དུ་སྐྱེས་པ་དེར་སྐྲ་བཏོགས་པར་གྱུར་ཏོ། །ཕྱི་སའི་འདམ་དུ་བྱིང་ཡང་སླའོ་སྨྲས་པས། ཚེ་རབས་ཐམས་ཅད་དུ་ཕྱི་སའི་འདམ་དུ་གནས་པར་གྱུར་ཏོ། །ཁྱོད་ཀྱིས་ཕྱི་ས་དང་གཅིན་ཟོས་ཤིང་འཐུངས་ཀྱང་སླའོ་སྨྲས་པས་ཚེ་རབས་སུ་ལུས་ལ་ཕྱི་སའི་དྲི་བྲོ་བ་དང་། ཟ་བ་གྱུར་ཏོ། །དེའི་ཚེ་ཆོས་བཞིན་ཏུ་ཞལ་ཏ་བགྱིས་པ་དང་ཚངས་པར་སྤྱོད་པ་དང་སྨོན་ལམ་གྱི་དབང་གིས་གང་དུ་སྐྱེས་པ་དེར་ཕྱུག་ཅིང་ནོར་མང་བའི་རིགས་སུ་སྐྱེས་ཤིང་། ད་ལྟར་སངས་རྒྱས་མཇལ་ཞིང་ཆོས་ཐོས་པ་ནས་དགྲ་བཅོམ་པའི་བར་དུ་གྱུར་པར་གསུངས། དེར་དགེ་སློང་རྣམས་ཀྱིས་ཡི་དྭགས་ལྔ་བརྒྱ་པོའི་ལས་ཀྱི་རྒྱུ་ཞུས་པས། དེ་རྣམས་སངས་རྒྱས་འོད་སྲུང་གི་དུས་སུ་དགེ་བསྙེན་དུ་གྱུར་ཏེ། དེ་དག་ལ་དགེ་སློང་རྣམས་ཀྱིས་བསོད་སྙོམས་བསླངས་པས་སེར་སྣ་སྐྱེས་ཏེ། དགེ་སྦྱོང་འདི་དག་ནི་ཡི་དྭགས་བཞིན་དུ་རྟག་ཏུ་གཞན་ལ་རེ་ཞིང་རྒྱུའོ་ཞེས་ཚིག་རྩུབ་མོ་སྨྲས་པའི་རྒྱུ་དེས་སྐྱེ་བ་ལྔ་བརྒྱར་ཡི་དྭགས་སུ་སྐྱེས་ཤིང་། དེའི་དུས་སུ་སྐྱབས་འགྲོ་དང་བསླབ་གཞི་བསྲུངས་ཏེ་དབང་པོ་ཡོངས་སུ་སྨིན་པར་བྱས་པ་དེས་ནི་ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ་གསུངས། འདིས་ནི་ངག་གི་ཉེས་སྤྱོད་དང་སེར་སྣ་སོགས་ཀྱི་རྣམ་སྨིན་དང་ཚུལ་ཁྲིམས་བསྲུང་བ་དང་འཆི་ཁར་ཆོས་ཀྱི་སྒྲ་ཐོས་པའི་ཕན་ཡོན་རྣམས་ཀྱང་བསྟན་པ་ཡིན་ནོ། །

སྦྱིན་པའི་བསོད་ནམས་དང་དུད་འགྲོ་སོགས་སེམས་ཅན་འཆི་ཀ་མའི་རྣ་ལམ་དུ་ཆོས་སྒྲ་ཐོས་པའི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་བོ་ལ་བཞུགས་ཏེ་འཁོར་མང་པོ་ལ་ཆོས་སྟོན་པའི་སྐབས་ཤིག་ན། རི་སྤོས་ཀྱི་ངད་ལྡང་ནས་རྨ་བྱ་ལྟ་ན་སྡུག་ཅེས་བྱ་བ་ཞིག་སྟེང་གིི་ནམ་མཁའ་ལས་འོང་བ་དེས། སངས་རྒྱས་ཀྱི་གསུང་ཐོས་ནས་ས་ལ་བབ་སྟེ་དྲུང་དུ་འཁོད་པ་ན། འདུ་བྱེད་མི་རྟག་པ་ལ་སོགས་པའི་ཆོས་ཚིག་གསུམ་པོ་བསྟན་ཏེ། ང་ལ་སེམས་དགའ་བར་གྱིས་དང་དུད་འགྲོའི་སྐྱེ་གནས་དང་བྲལ་བར་འགྱུར་ཡང་སྲིད་དོ། །ཞེས་བཀའ་སྩལ་པས། དེ་དགའ་ནས་སྟེང་གི་ནམ་མཁའ་ལ་འཕུར་ཏེ་སོང་བ་ལམ་དུ་ཁྲས་བསད་དེ། སངས་རྒྱས་ལ་སེམས་དགའ་བཞིན་དུ་ཚེ་འཕོས་པས། རྒྱལ་པོའི་ཁབ་དེར་ཚོང་དཔོན་ཕྱུག་པོ་ཞིག་གི་བུར་སྐྱེས་ཏེ། ཆུང་ངུ་ནས་དད་པ་རྙེད་དེ་ཕ་མ་ལ་གནང་བ་ཞུས་ནས་རབ་ཏུ་བྱུང་ཞིང་དེ་ཉིད་ན་ཚོད་ཀྱི་ལོ་བདུན་ཁོ་ན་ལོན་པའི་ཚེ་དགྲ་བཅོམ་པ་མངོན་དུ་བྱས་ནས་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏེ། དེ་རྫུ་འཕྲུལ་གྱིས་གནས་གཞན་དང་གཞན་དུ་སོང་ནས་ལོ་མའི་ནང་དུ་མེ་ཏོག་དང་འབྲས་བུ་རྣམས་བཅུག་སྟེ་ཁྱེར་འོང་ཞིང་དགེ་འདུན་རྣམས་ལ་འབུལ་བར་བྱེད་དོ། །དེ་མཐོང་ནས་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས་སྔར་རྨ་བྱར་གྱུར་པ་ལས་ཆོས་ཐོས་ཏེ་སེམས་དགའ་བར་གྱུར་བས་མིར་སྐྱེས་ཤིང་འབྲས་བུ་ཐོབ་པའི་བར་དུ་གྱུར་པར་གསུངས་པ་ན། དེ་ཉིད་བྱར་སྐྱེས་པའི་རྒྱུ་གསོལ་བ་ན། སྔོན་འདས་པའི་དུས་ཞིག་ན། ཡུལ་ཀཱ་ཤིའི་གྲོང་ཁྱེར་ཝཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་བྱིན་ཞེས་པ་དང་། ཡུལ་ལུས་འཕགས་ན་རྒྱལ་པོའི་བི་དེ་ཧ་བྱ་བ་གཉིས་ཡོད་དེ། དེ་གཉིས་ཕན་ཚུན་མི་མཐུན་ནས་སྐྱེ་བོ་མང་པོ་ཁ་འདོགས་པར་བྱེད་པ་ལས། ནམ་ཞིག་ན་རྒྱལ་པོ་ཚངས་བྱིན་གཡུལ་ཕ མ་ནས་གཅིག་པུར་བྲོས་པས་ཐར་ནས་ནགས་ཁྲོད་གཅིག་ཏུ་ཞུགས་ཏེ་རྟ་ལས་བབ་སྟེ་འདུག་པ་ན། རྨ་བྱ་ཕོ་མོ་དག་རྩེ་ཞིང་དགའ་མགུར་སྤྱོད་པ་མཐོང་ནས་དེ་ལ་སྨོན་པར་གྱུར་ཏེ། འདི་ནི་འདོད་པ་ཡང་སྤྱོད་ལ་གནོད་པ་བྱེད་པ་ཡང་མེད་པས་སྐྱེ་གནས་འདི་བཟང་པོ་ཞིག་གོ་སྙམ་མོ། །དེ་ནས་ནགས་ཁྲོད་དེར་རང་སངས་རྒྱས་ཞིག་བཞུགས་པ་དེ་མཇལ་བས་རབ་ཏུ་དགའ་བར་གྱུར་ཏེ། རང་གི་རྟའི་འཕོང་ལ་ཁ་ཟས་ཅུང་ཟད་ཙམ་བཏགས་ཡོད་པ་དེ་བླངས་ནས་བཤོས་གསོལ་ཏོ། །རང་སངས་རྒྱས་དེས་ཀྱང་རྒྱལ་པོ་དེ་སྟེང་གི་ནམ་མཁའ་ལ་ཁྱེར་ནས་འཇིགས་པ་མེད་པའི་གནས་སུ་བཞག་གོ ། དེར་རྒྱལ་པོ་དེས་སྨོན་ལམ་བཏབ་པ་དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེར་རྨ་བྱར་སྐྱེ་བར་གྱུར་ཅིག འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱས་ནས། ཡོན་ཏན་འདི་ལྟ་བུ་ཐོབ་པར་གྱུར་ཅིག་ཅེས་བྱས་སོ། །དེའི་དུས་ཀྱི་རྒྱལ་པོ་ཚང་བྱིན་ནི་ད་ལྟར་གྱི་འདི་ཉིད་ཡིན་ཏེ། འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ་གསུངས། འདིས་ནི་སྦྱིན་པའི་བསོད་ནམས་དང་དུད་འགྲོ་སོགས་སེམས་ཅན་འཆི་ཀ་མའི་རྣ་ལམ་དུ་ཆོས་སྒྲ་ཐོས་པའི་ཕན་ཡོན་ཀྱང་བསྟན་པ་ཡིན་ནོ། །

ངག་གི་ཉེས་སྤྱོད་ཀྱི་རྣམ་སྨིན་དང་འཆི་ཀར་སངས་རྒྱས་རྗེས་སུ་དྲན་པ་སོགས་ཀྱི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། རི་སྤོས་ཀྱི་ངད་ལྡང་ལ་བྱ་ཀུ་མུ་དའི་དུས་སྟོན་སྣ་ཚོགས་ཅན་ཞེས་བྱ་བ་ནད་པ་རིང་པོར་མི་ཐོགས་པར་འཆི་བར་འགྱུར་བ་ཞིག་འདུག་གོ །དེར་བཅོམ་ལྡན་འདས་ཀྱིས་བྱ་དེ་ལུང་བསྟན་པའི་དུས་ལ་བབ་སྟེ། འདི་ལ་བརྟེན་ནས་གདུལ་བར་བྱ་བའི་སྐྱེ་བོ་མང་པོ་དྲང་བར་བྱའོ་སྙམ་དུ་དགོངས་ནས། དེ་དང་ཐག་མི་རིང་བ་ཞིག་ཏུ་བྱོན་ཏེ་བྱ་ཙ་ཤ་ལྔ་བརྒྱས་སྐོར་བ་བྱེད་པར་གྱུར་པ་དེ་ལྟར་བྱིན་གྱིས་རླབས་སོ། །དེ་ནས་བྱ་དེས་བྱ་ཙ་ཤ་ལྔ་བརྒྱས་བཅོམ་ལྡན་འདས་ལ་སྐོར་བ་བྱེད་པར་མཐོང་ནས། བདག་གིས་ཀྱང་བཅོམ་ལྡན་འདས་ལ་བསྐོར་བ་བྱའོ་སྙམ་དུ་དེའི་འདོད་པ་སྐྱེས་སོ། །དེ་ལྟར་བྱ་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་བཞིན་དུ་ཤི་འཕོས་ནས་ལྷའི་ཡུལ་དུ་སྐྱེས་ཏེ། ལྷ་དེ་ཉིད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོང་བ་ལ་ཆོས་བསྟན་པས་བདེན་པ་མཐོང་ནས་སླར་རང་གནས་སུ་སོང་ངོ་། །དེར་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་བྱ་དེའི་རོ་བསྟན་ཏེ་འདིའི་ལས་ཀྱི་རྒྱུ་ཅི་ལྟ་བུ་ཞེས་འདྲི་བར་མཛད་པས། ཤཱ་རིའི་བུའི་མངོན་ཤེས་ཀྱི་རྩལ་ཅི་ཡོད་ཀྱིས་བརྟགས་ཀྱང་བྱ་ཉིད་ནས་བྱར་སྐྱེ་བ་འབའ་ཞིིག་ལས་དེའི་ལས་ཀྱི་རྒྱུ་རྩད་མ་ཆོད་དོ། །དེ་ནས་བཅོམ་ལྡན་འདས་ལ་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་འདས་པའི་དུས་ན་སངས་རྒྱས་དོན་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། དེའི་དུས་སུ་བྱ་འདིར་རབ་ཏུ་བྱུང་སྟེ། དགེ་སློང་གི་ཞལ་ཏ་བྱེད་པར་གྱུར་ནས། དེས་སྦྱིན་བདག་དང་སྦྱིན་པ་པོ་རྣམས་ལས་བཟའ་བཏུང་བསླངས་ཏེ། ཁྱིམ་པ་ལ་རྟེན་པར་བྱེད་ནས་དགེ་སློང་མང་པོས་བཀག་པས་དེ་ཁྲོས་ཏེ། ཁྱེད་ནི་དུད་འགྲོ་བཞིན་དུ་བསམ་མནོ་མེད་པ་ཡིན་ཏེ། དགེ་སློང་དག་གིས་བྱ་བ་གང་ཡིན་པ་ལྟར་བྱེད་པ་མ་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་དེ་ཕྱིས་འགྱོད་པར་གྱུར་ཏེ། ཉེས་པ་ལ་ཉེས་སོ་ཞེས་བཤགས་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་འཆི་ཁར་སྨོན་ལམ་བཏབ་བོ། །དེའི་དུས་སུ་དགེ་སློང་དེ་དག་ལ་ཚིག་རྩུབ་སྨྲས་པའི་ལས་དེའི་རྣམ་སྨིན་གྱིས། སངས་རྒྱས་དོན་གཟིགས་ཀྱི་རིང་ནས་ད་ལྟར་གྱི་བར་དུ་དུད་འགྲོའི་སྐྱེ་བ་ཤ་སྟག་བར་མ་ཆད་པ་བླངས་ཤིང་། ད་ནི་ང་ལ་སེམས་དགའ་བ་སྐྱེས་པས་ཤི་འཕོས་ཏེ་ལྷར་སྐྱེས་ཏ ེ། སྔོན་གྱི་དུས་དེར་ཚངས་པར་སྤྱོད་པ་དང་སྨོན་ལམ་གྱི་དབང་གིས་བདེན་པ་ཡང་མཐོང་ཟིན་པར་གསུངས་པས། དགེ་སློང་དེ་དག་སྐྱོ་བ་ཆེན་པོ་སྐྱེས་པར་གྱུར་ཅིང་། དེ་དང་མཐུན་པར་ཆོས་བསྟན་པས་དགེ་སློང་དེ་དག་སྟན་དེ་ཉིད་ལ་འཁོད་བཞིན་དུ་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །འདིས་ནི་ངག་གི་ཉེས་སྤྱོད་ཀྱི་རྣམ་སྨིན་དང་འཆི་ཀ ར་སངས་རྒྱས་རྗེས་སུ་དྲན་པ་སོགས་ཀྱི་ཕན་ཡོན་ཀྱང་བསྟན་པ་ཡིན་ནོ། །

ཚུལ་ཁྲིམས་བསྲུང་ཞིང་སྨོན་ལམ་བཏབ་པས་ད་ལྟར་དགྲ་བཅོམ་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་བྲམ་ཟེ་རིགས་ཆེ་ཞིང་མཐོ་བ་རྣམ་ཐོས་བུའི་ནོར་དང་ལྡན་པ་ལུས་འཕགས་ཞེས་པ་དང་། དེའི་བུ་ལྷག་འཕགས་ཞེས་པ་རིགས་གནས་བཅྭོ་བརྒྱད་ལ་བྱང་ཞིང་གཞུང་གིས་རྩོད་པ་ཐམས་ཅད་ཚར་གཅོད་ནུས་པ་ཞིག་ཡོད་དོ། །དེའི་ཚེ་བྲམ་ཟེ་ལུས་འཕགས་ཀྱིས་མཆོད་སྦྱིན་བྱ་བར་འདོད་ནས་ཁྱུ་མཆོག་ལྔ་བརྒྱ་དང་། བ་ལང་དང་། མ་ཧེ་དང་། མ་ཧེ་མོ་དང་། བཞོན་པ་དང་། བེའུ་དང་། བེའུ་ཆུང་དང་། ར་དང་། ལུག་དང་། སྲོག་ཆགས་ཕྲ་མོ་རྣམས་ཀྱང་བསགས་ཏེ་སྡོང་པོ་ལ་བཏགས་ཤིང་གཞན་བཟའ་བཅའ་མང་པོའང་བཤམས། ཉི་འོག་གི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱང་བོས་ཏེ། དེའི་བསམ་པ་ལ། དགེ་སློང་ག་ཏ་མ་འདི་ཐམས་ཅད་མཁྱེན་པ་ཡིན་པས་འདིས་མི་མཁྱེན་པ་དང་ཐུགས་སུ་མི་ཆུད་པ་ཅི་ཡང་མེད་པས། བདག་གི་མཆོད་སྦྱིན་ཡང་ཡན་ལག་འགའ་ཙམ་གྱི་སྒོ་ནས་ཉམས་པར་གྱུར་ན་མི་རུང་གིས་འདི་ལ་ཡང་དྲི་བར་བྱའོ་སྙམ་ནས་འབྱོར་པ་ཆེན་པོ་དང་བཅས་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་སྔར་གྱི་དོན་དེ་གསོལ་པ་ན། བཅོམ་ལྡན་འདས་ཀྱིས་དེ་ལས་བརྩམས་ནས་མཐུན་པའི་ཆོས་བསྟན་པས་བྲམ་ཟེ་ལུས་འཕགས་དང་ཁྱེའུ་ལྷག་འཕགས་གཉིས་སྟན་དེ་ལ་འཁོད་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །དེ་ནས་ལྷག་འཕགས་ཀྱིས་སྨྲས་པ། ཕྱིན་ཆད་བདག་ཅག་བྲམ་ཟེ་རྣམས་ལ་སྟོན་མོ་མི་བགྱིད་དོ། །ལུས་འཕགས་ཀྱིས་དེ་སྐད་མ་ཟེར་ཅིག སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་བཤོས་གསོལ་ཏེ། ཡོན་ཕུལ་བའི་འོག་ཏུ། དེའི་ལྷག་མ་ལས་བྲམ་ཟེ་ལ་ཡང་སྦྱིན་པར་བྱའོ། །དེ་ནས་དེས་ཀྱང་དེ་ལྟར་བྱའོ་ཞེས་སྨྲས་ནས་སངས་རྒྱས་འཁོར་དང་བཅས་པ་སང་གི་གདུགས་ཚོད་ལ་སྤྱན་དྲངས་ཤིང་། ཁྱིམ་དུ་ཕྱིན་པ་ན་ཁྱུ་མཆོག་ལ་སོགས་པའི་སྲོག་ཆགས་ཐམས་ཅད་ཀྱང་བདེ་བར་བཏང་ཞིང་། མཚན་མོ་ཞལ་ཟས་བཟང་པོ་དག་སྟ་གོན་བྱས་ཏེ། ནང་པར་གདན་ཁྲིའི་བཀོད་པ་སོགས་བཤམས་ནས་དུས་ལ་བབས་པ་ན་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་ཤིང་། རང་གི་ལག་ནས་བཟའ་བཅའ་གཙང་མ་མང་པོ་བསྟབས་ཤིང་རས་ཟུང་རེའི་ན་བཟའ་ཡང་ཕུལ་ཏེ་ཆོས་ཉན་པ་ན། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཀྱི་གཏམ་ཡང་དག་པས་དགའ་བར་མཛད་ནས་སླར་གཤེགས་སོ། །དེ་ནས་མཆོད་སྦྱིན་གྱི་གནས་དེར་བྲམ་ཟེ་ཐམས་ཅད་ཁྲོས་ཏེ་འདི་སྐད་དོ། །ལྟོས་དང་བདག་ཅག་གི་ཕྱིར་མཆོད་སྦྱིན་བརྩམས་པ་ལས་དགེ་སྦྱོང་ག་ཏ་མ་ལ་སྦྱིན་ནོ་ཞེས་ཟེར་རོ། །དེར་བྲམ་ཟེ་ལུས་འཕགས་ཀྱིས། ཁྱེད་ལ་དགེ་སྦྱོང་ག་ཏ་མས་ཅི་གནང་། བདག་གིས་ཁྱེད་ཀྱི་ཡོན་བཤམས་པ་ནི་ཁྱེད་ལ་སྦྱིན་པར་བྱའོ་ཞེས་སྨྲས་ཀྱང་མ་ཉན་ཏེ། ངེད་ལ་ཕྱིན་ཆད་ཁྱོད་ཀྱི་ཡོན་མི་དགོས་སོ་ཞེས་སྨྲས་ཏེ་གསོད་པར་བརྩམས་པ་ན། དེ་ཕ་སྤད་གཉིས་པོ་བྲོས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་རབ་ཏུ་བྱུང་བས་གཉིས་ཀས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ཀྱིས་དེ་གཉིས་ཀྱི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ་བྲམ་ཟེ་ཞིག་གིས་མཆོད་སྦྱིན་བྱ་བར་བརྩམས་པ་ལས། དེར་འཐབ་མོ་བྱུང་སྟེ་བྲམ་ཟེ་གཞན་ཞིག་ལ་མཚོན་བསྣུན་ཏེ་བསད་པས་གཞི་དེ་ལས་བྲམ་ཟེ་ཐམས་ཅད་ཁྲོས་ནས་དམོད་པས་གསོད་པར་གྲོས་པ་ན། དེ་ཕ་སྤད་བྲོས་ནས་སངས་རྒྱས་འོད་སྲུང་གི་སྤྱན་སྔར་རབ་ཏུ་བྱུང་ཞིང་། ཚེ་གཅིག་ཏུ་ཚངས་པར་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ་དེའི་དུས་ཀྱི་བྲམ་ཟེ་ཕ་སྤད་ནི་ད་ལྟར་གྱི་འདི་གཉིས་ཏེ། དེའི་དུས་སུ་ཚུལ་ཁྲིམས་བསྲུང་ཞིང་སྨོན་ལམ་བཏབ་པས་ད་ལྟར་དགྲ་བཅོམ་པ་ཐོབ་བོ་གསུངས།

ད་ལྟར་ཡང་ཕ་སྤད་དུ་གྱུར་ཏེ་སངས་རྒྱས་མཉེས་པར་བྱས་ཀྱི་མི་མཉེས་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་གཅིག་ལ་བུ་བདུན་ཡོད་པ་ལས། དེ་དག་ཆེར་སྐྱེས་པའི་ཚེ། ཕ་དེས་བུ་རྣམས་ལ་སྨྲས་པ། ངའི་ཚིག་གིས་ཁྱིིམ་བདག་མགོན་མེད་ཟས་སྦྱིན་ལ་རྟེན་ཆོས་ཤིག་དང་། དེས་ཁྱེད་ཚེ་འདི་དང་། ཚེ་ཕྱི་མའི་ཕན་པ་ལ་འཛུད་པར་བྱེད་དོ་ཞེས་བྱས་ཀྱང་། བུ་ཆེ་བ་དྲུག་གི་མ་ཉན་ཏེ་དང་པོ་ནི་འོད་སྲུང་རྫོགས་བྱེད་དང་། གཉིས་པ་ནི་ཀུན་ཏུ་རྒྱུ་གནག་ལྷས་བུ་དང་། གསུམ་པ་ནི་སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། བཞི་པ་ནི་མི་ཕམ་སྐྲའི་ལྭ་བ་ཅན་དང་། ལྔ་པ་ནི་ཀཱ་ཏྱའི་བུ་ནོག་ཅན་དང་། དྲུག་པ་ནི་གཅེར་བུ་པ་གཉེན་གྱི་བུ་རྣམས་ལ་དགའ་བར་གྱུར་ཅིང་། ཐ་ཆུང་དེས་ཕའི་ངག་ཉན་ཏེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་རྟེན་བཅས་པས་སངས་རྒྱས་ཀྱི་བསྟན་པ་ལ་དགའ་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་བུ་ཆེ་རིམ་ནས་བཟུང་དྲུག་པོས་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་པོ་སོ་སོར་བོས་ནས་ཟས་བྱིན་པའི་འོག་ཏུ། ཐ་ཆུང་དེས་ཕུ་བོ་རྣམས་ལ་སྨྲས་པ། ཁྱེད་ཀྱིས་རང་རང་གི་སྟོན་པ་ལ་ཟན་བྱིན་ཏེ། བདག་གིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ལ་བཤོས་གསོལ་གྱིས། དེར་ཁྱེད་ཀུན་གྱིས་ཀྱང་བདག་གི་གྲོགས་གྱིས་ཤིག་ཅེས་བྱས་ནས། ཁྱེའུ་དེས་སངས་རྒྱས་འཁོར་དང་བཅས་པ་ཁྱིམ་དུ་སྤྱན་དྲངས་ཤིང་མཆོད་ནས་ཆོས་ཉན་དུ་འཁོད་པ་ན། སྟོན་པས་དེ་དག་གི་ཁམས་དབང་མོས་པ་དང་མཐུན་པར་ཆོས་བསྟན་པས་ཁྱིམ་བདག་དེ་བུ་དང་འཁོར་དུ་བཅས་པ་ཐམས་ཅད་སྟན་དེ་ཉིད་ལ་འདུག་བཞིན་དུ་བདེན་པ་མཐོང་ནས། ཁྱིམ་བདག་དེས་སངས་རྒྱས་འཁོར་དང་བཅས་པ་ཇི་སྲིད་འཚོའི་བར་དུ་མཆོད་པར་ཞུས་ཀྱང་སྟོན་པས་མ་གནང་སྟེེ་སླར་གཤེགས་སོ། །དེ་ནས་བུ་རྣམས་ཀྱིས་ཕ་མ་ལ་གནང་བ་ཞུས་ཏེ་སྟོན་པའི་སྤྱན་སྔར་ཚུར་ཤོག་གིས་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་གོ་འཕང་ཐོབ། དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས་ལས་ཀྱི་རྒྱུ་གསོལ་པ་ན། སྔོན་ཉི་འོག་གི་རྒྱལ་པོ་བདུན་ཕན་ཚུན་མི་མཐུན་ཏེ་སྐྱེ་བོ་མང་པོ་ཁ་འདོགས་རེས་བྱེད་པ་ལས། ཕྱིས་ཞིག་ན་ཀཱ་ཱཤཱིའི་རྒྱལ་པོ་ཚངས་བྱིན་གྱིས་བསྡུམ་པའི་བློ་སྐྱེས་ཏེ། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྫུ་འཕྲུལ་ཆེ་བ་ཞིག་ཡོད་པ་དེའི་སྤྱན་སྔར་ཕྱིན་ཏེ། རྒྱལ་པོ་དྲུག་པོ་བསྡུམ་པར་གསོལ་བ་བཏབ་པས། དྲང་སྲོང་དེ་རྒྱལ་པོ་དྲུག་དཔུང་གི་ཚོགས་དང་བཅས་ཏེ་གནས་པའི་མཁར་རྫུ་འཕྲུལ་གྱིས་ཕྱིན་པས། རྒྱལ་པོ་དྲུག་པོ་དེ་དྲང་སྲོང་དེ་ལ་ཤིན་ཏུ་དགའ་སྟེ་རྐང་པ་ལ་ཕྱག་བྱས་ཏེ་འཁོད་པ་ན། དེས་ཆོས་བསྟན་པས་དེ་དག་གིས་འཁོན་པ་ཞི་སྟེ་ཕན་ཚུན་མཇལ་དུམ་བྱས་ནས། ཐམས་ཅད་དྲང་སྲོང་དེའི་ཐད་དུ་རབ་ཏུ་བྱུང་བས་བསམ་གཏན་བཞི་དང་མངོན་ཤེས་ལྔ་བསྐྱེད་པའི་སྔོན་རབས་ཀྱང་གསུངས་ཏེ། དེའི་དུས་ཀྱི་དྲང་སྲོང་ནི་བཅོམ་ལྡན་འདས་ཉིད་དང་རྒྱལ་པོ་དྲུག་ནི་བུ་ཕོ་དྲུག་པོ་དང་། ཚངས་བྱིན་ནི་ཐ་ཆུང་འདི་ཉིད་ཡིན་པར་གསུངས་ཤིང་། གཞན་ཡང་སྔོན་སངས་རྒྱས་འོད་སྲུང་གི་དུས་ཀྱང་ཁྱིམ་བདག་ཕ་སྤད་དུ་གྱུར་ཏེ། དེའི་ཚེ་ཡང་ཕུ་བོ་དྲུག་ལྟ་བ་མི་མཐུན་པར་གྱུར་པ་ལ། ཐ་ཆུང་འདིས་སངས་རྒྱས་ལ་དད་པར་བྱས་ཏེ། ཁྱིམ་བདག་གིས་སྐྱབས་འགྲོ་དང་བསླབ་གཞི་བླངས་ཤིང་། སྤུན་བདུན་པོ་རབ་ཏུ་བྱུང་ཞིང་ཚེ་གཅིག་ལ་ཚངས་པར་སྤྱོད་དེ་འཆི་ཁར་ཐམས་ཅད་ཀྱིས་སྨོན་ལམ་བཏབ་པས། ད་ལྟར་ཡང་ཕ་སྤད་དུ་གྱུར་ཏེ་སངས་རྒྱས་མཉེས་པར་བྱས་ཀྱི་མི་མཉེས་པར་མ་བྱས་སོ་གསུངས།

དགེ་སློོང་དགོན་པ་ལ་གནས་པའི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་གླིང་གཞི་སྟོན་པ་རྒྱལ་པོའི་ཁབ་ཏུ་བཞུགས་ཏེ་འཁོར་བརྒྱ་ཕྲག་མང་པོ་ལ་ཆོས་སྟོན་པར་མཛད་པའི་སྐབས་ཤིག་ན། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དགོན་པའི་གནས་མལ་ཞིག་ཏུ་ཡུན་རིང་དུ་ལོན་ཏེ། སྐྲ་དང་ཁ་སྤུ་རིང་ཞིང་གོས་རྙིང་པར་གྱུར་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་བྱོན་པས། དགེ་སློང་གསར་བུ་པ་རྣམས་ཀྱིས་དེ་ལ་བརྙས་པའི་སེམས་སྐྱེས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱོད་ཀྱིས་དགེ་སློང་འདི་ལ་བརྙས་པའི་སེམས་མ་བསྐྱེད་ཅིག འདི་ནི་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ངའི་བསྟན་པའི་དོན་བྱེད་པར་འགྱུར་ཏེ། སྡེ་སྣོད་གསུམ་ཡང་དག་པར་སྡུད་པར་བྱེད་ཅིང་། ཆོས་ཀྱི་ཚུལ་འཕེལ་བར་བྱེད་དོ་ཞེས་གསུངས་ཤིང་། འོད་སྲུང་ལ་བཀའ་སྩལ་པ། འོད་སྲུང་ཚུར་ཤོག འོངས་པ་ལེགས་སོ། །སྟན་ཕྱེད་འདི་ལ་འདུག་ཅིག ཅེས་སོགས་གསུངས་ཏེ་སྟན་གྱི་ཕྱེད་བསྟབས་པས་ཐམས་ཅད་འགྱོད་ཅིང་ངོ་མཚར་དུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་སྐྱོ་བ་བསྐྱེད་པའི་ཕྱིར་དགོན་པ་ལ་གནས་པའི་བསྔགས་པ་དང་ཚེ་དང་ལྡན་པ་འོད་སྲུང་གི་ཆེ་བ་འབྱིན་པའི་ཕྱིར་འཁོར་མང་པོ་དེའི་ནང་དུ་སྟོན་པ་རང་ཉིད་དང་འདྲ་བའི་བསྔགས་པ་རྒྱ་ཆེར་གསུངས་པས། འོད་སྲུང་ཆེན་པོ་ནི་ལྷག་པར་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་བླ་མར་གྱུར་ཏོ། །དེའི་ཚེ་དགེ་སློང་རྣམས་ཀྱིས་དོན་དེ་གསོལ་བ་ན། ད་ལྟར་མ་ཟད། སྔོན་གྱི་དུས་སུའང་ངས་འདི་ལ་བཀུར་སྟི་བྱས་པས་དེའི་ཚེ་ཡུལ་གྱི་སྐྱེ་བོ་ཐམས་ཅད་ཀྱི་བླ་མར་གྱུར་པ་ཡིན་ཏེ། སྔོན་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བས་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བར་མཛད་པ་ལ་སྲས་ཆུང་ངུ་ཞིག་ལས་མེད་པས་དེས་རྒྱལ་སྲིད་ཀྱི་བྱ་བ་མི་འཁྱོང་བར་གཟིགས་ནས། རྒྱལ་པོ་དེ་ཉིད་གཤེགས་ཁར་བློན་པོའི་མཆོག་མཛོད་ཅེས་བྱ་བ་ཞིག་ཡོད་པ་ལ་བཀུར་སྟི་ཆེན་པོས་བོས་ཏེ་སྲས་དང་རྒྱལ་སྲིད་གཏད་ཅིང་། དེས་ཀྱང་རྒྱལ་པོ་གྲོངས་པའི་འོག་ཏུ་རྒྱལ་སྲིད་ཀྱི་བྱ་བ་ལ་ཞུགས་པས་སྐྱེ་བོ་ཐམས་ཅད་ཀྱི་བླ་མར་གྱུར་ཏེ་སྲས་དང་རྒྱལ་སྲིད་ཡོངས་སུ་བསྲུངས་པར་བྱས་སོ། །དེའི་དུས་ཀྱི་རྒྱལ་པོ་ཚངས་བྱིན་ནི་བཅོམ་ལྡན་འདས་དང་། བློན་པོ་མཆོག་མཛོད་ནི་འོང་སྲུང་ཡིན་པར་གསུངས་སོ། །འདིས་ནི་དགེ་སློོང་དགོན་པ་ལ་གནས་པའི་ཕན་ཡོན་ཀྱང་བསྟན་ཏོ། །

དམ་པའི་ཆོས་ཡོངས་སུ་འཛིན་པར་སྨོན་ལམ་བཏབ་པའི་ཕན་ཡོན་གྱི་ཁྱད་པར་ཡང་བསྟན་པ།

༈ ཡང་གང་གི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོར་རབ་ཏུ་བྱུང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལོབས་ནས། བཅོམ་ལྡན་འདས་ཀྱིས་ཀྱང་། ཐོས་པ་འཛིན་པ་རྣམས་དང་། ཐོས་པ་བསགས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཡང་། བཅོམ་ལྡན་འདས་ཀྱིས་སྦྱངས་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ཞིང་བདག་ཉིད་དང་འདྲ་བར་ཆེ་བ་དང་རྒྱ་ཆེ་བར་སྟོན་པ་དེའི་ཚེ། དེ་གཉིས་ལྷ་དང་བཅས་པའི་འཇིག་རྟེན་གྱི་བླ་མར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་འདི་གཉིས་ཀྱིས་ནི་ང་ཡོངས་སུ་མྱ་ངན་ལས་འདས་ནས་བསྟན་པའི་དོན་བྱེད་ནུས་པར་འགྱུར་ཏེ། གཅིག་གིས་ནི་ཐོས་པའི་མཛོད་སྲུང་བར་ནུས་སོ། །གཅིག་གིས་ནི་བསྟན་པའི་དོན་བྱེད་ནུས་པར་འགྱུར་རོ་སྙམ་དུ་དགོངས་ནས་ཀུ་ཤའི་གྲོང་ཁྱེར་དུ་གཤེགས་ཏེ། དེ་ཡང་མི་འབའ་ཞིག་དང་མི་མ་ཡིན་པ་འབའ་ཞིག་ལ་བསྟན་པ་གཏད་ན་ཡང་ཡུན་རིང་དུ་གནས་པར་མི་འགྱུར་གྱི་དེ་བས་གཉིས་ཀ་ལ་གཏད་པར་བྱའོ་དགོངས་ནས། ཚེ་དང་ལྡན་པ་འོད་སྲུང་ལ་བཀའ་སྩལ་པ། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པའི་དོན་བྱས་ཏེ། སྡེ་སྣོད་གསུམ་ཡང་དག་པར་བསྡུས་ནས། དགེ་སློང་ཀུན་དགའ་བོས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཀྱི་བར་དུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག དེར་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱང་དྲང་སྲོང་ཉི་མ་གུང་པ་རབ་ཏུ་མ་བྱུང་གི་བར་དུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག དེ་ལའང་ཁྱེད་ཀྱིས་འདི་སྐད་ཅེས་གྱིས་ཤིག ཀླུའི་རྒྱལ་པོ་ཧུ་ལུ་རུ་བཏུལ་ཏེ། ཁ་ཆེའི་ཡུལ་བཙུགས་ནས་དེར་བསྟན་པ་གནས་པར་བྱས་ཏེ་རྒྱས་པར་བྱས་ནས། དེ་བཞིན་དུ་ཁྱིམ་བདག་གསོ་མ་ཅན་རབ་ཏུ་བྱུང་སྟེ། དེས་ཀྱང་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་ལ་ཁྱོད་ཀྱི་ཐོས་པ་རྣམས་མ་གཏད་ཀྱི་བར་དུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག གསོ་མ་ཅན་ལ་ཡང་འདི་སྐད་གྱིས་ཤིག་ཁྱོད་ཀྱིས་ཀྱང་ཀླུའི་རྒྱལ་པོ་གར་མཁན་དཔའ་བོ་གཉིས་བཏུལ་ཏེ། གར་མཁན་དང་དཔའ་བོའི་དགོན་པའི་གནས་བཙུགས་ནས། དེ་བཞིན་དུ་ཡུལ་བཅོམ་བརླག་ཏུ་སྤོས་འཚོང་སྲུང་བ་ཞེས་བྱ་བ་ཞིག་ཡོད་དེ། དེའི་བུ་ཉེ་སྲུང་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་བ་དེ་རབ་ཏུ་བྱུང་ནས་དེས་ཀྱང་དགྲ་བཅོམ་པ་ཉིད་མངོན་དུ་བྱས་ནས། དེ་ལ་ཡང་ཐོས་པ་རྣམས་མ་གཏད་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག ཉེ་སྲུང་ལའང་འདི་སྐད་ཅེས་གྱིས་ཤིག ཁྱོད་ཀྱིས་ཀྱང་རིགས་ཀྱི་བུ་བློ་ལྡན་རབ་ཏུ་བྱུང་སྟེ་དེས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་ལ་ཡང་ཐོས་པ་རྣམས་མ་གཏད་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག དེ་ལའང་འདི་སྐད་ཅེས་གྱིས་ཤིག ཁྱོད་ཀྱིས་ཀྱང་ཡུལ་དམར་བུ་ཞེས་བྱ་བར་ཟས་དུག་ཅན་གྱི་བསམ་པ་མ་བྱས་ཀྱི་བར་དུ་ཡོངས་སུ་མྱང་ངན་ལས་འདའ་བར་མ་བྱེད་ཅིག་ཅེས་གྱིས་ཤིག་ཅེས་གསུངས་སོ། །དེ་ནས་དེ་གཉིས་ཀྱིས་ཀྱང་། བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་བཞིན་དུ་འཚལ་ལོ་ཞེས་གསོལ་ཏོ། །དེའི་འོག་ཏུ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཐུགས་བསྐྱེད་པས། ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་འོངས་ནས་སྤྱན་སྔར་འཁོད་པ་ན་བཀའ་སྩལ་པ། དབང་པོ་དག་དེ་བཞིན་གཤེགས་པ་ནི་རིང་པོར་མི་ཐོགས་པར། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱིས། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཁྱེད་ཀྱིས་བསྟན་པ་སྲུང་བར་གྱིས་ཤིག ཅེས་སོགས་བསྟན་པ་ཡུལ་གང་དུ་ནུབ་པ་དང་། ཇི་ལྟར་ནུབ་པའི་རྐྱེན་སོགས་རྒྱས་པར་བསྟན་ནས། དབང་པོ་དག་ཕྱི་མའི་དུས་ན་གང་དུ་བསྟན་པ་ལ་གནོད་པ་ཆེན་པོ་འབྱུང་བར་འགྱུར་བ་དེར། ཁྱེད་གཅིག་ཏུ་བསྡོམས་ལ་བསྟན་པ་སྲུང་བར་གྱིས་ཤིག ཅེས་གསུངས་པས། རྒྱལ་པོ་ཡུལ་འཁོར་སྲུང་གིས་ཤར་ཕྱོགས་ནས་དང་། འཕགས་སྐྱེས་པོས་ལྷོ་ཕྱོགས་ནས་དང་། མིག་མི་བཟང་གིས་ནུབ་ཕྱོགས་ནས་དང་། རྣམ་ཐོས་སྲས་ཀྱིས་བྱང་ཕྱོགས་ནས་དང་། བརྒྱ་བྱིན་གྱིས་ཐམས་ཅད་ནས་བསྲུང་བར་འཚལ་ལོ་ཞེས་དམ་བཅས་ཏེ་རང་གི་གནས་སུ་སོང་ངོ་། །དེ་ལྟར་འོད་སྲུང་དང་ཀུན་དགའ་བོ་ལ་བསྟན་པ་གཏད་པ་དེའི་ཚེ་དགེ་སློང་རྣམས་ཀྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་འོད་སྲུང་ལ་བསྟན་པ་གཏད་དེ། ཀུན་དགའ་བོ་ལ་ཐོས་པའི་མཛོད་གཏད་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་འདི་གཉིས་ཀྱིས་བསྟན་པ་རྒྱས་པར་བགྱིད་པར་འགྱུར་བ་ལ་གཟིགས། བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། ཇི་ལྟར་འདས་པའི་དུས་ན་ཡང་ངས་དགེ་སློང་འོད་སྲུང་ལ་དཔུང་གི་ཚོགས་ཡན་ལག་བཞི་དང་ཡུལ་གཏད་དེ་ཀུན་དགའ་བོ་ལ་ནོར་གྱི་བང་མཛོད་གཏད་ནས་འདི་གཉིས་ཀྱིས་ང་ཤི་བའི་འོག་ཏུ་བསྲུངས་ཏེ་རྒྱལ་པོའི་ཕོ་བྲང་རྒྱས་པར་བྱས་པ་ཡིན་ཏེ། སྔོན་གྲོང་ཁྱེར་མི་ཐི་ལ་ན། རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བའི་རྒྱལ་སྲིད་བྱེད་པ་ལས། རྒྱལ་པོ་དེ་ཉིད་སྐུ་བགྲེས་པར་གྱུར་ཏེ། སྲས་རྒྱལ་བུ་ཆུང་ངུ་ཞིག་ལས་མེད་པས། བློན་པོའི་མཆོག་དགའ་བོ་དང་ཉེ་དགའ་ཞེས་བྱ་བ་གཉིས་ཡོད་པ་དེ་བཀུག་ནས་གཅིག་ལ་རྒྱལ་པོའི་བུ་དང་དཀོར་མཛོད་གཏད། གཅིག་ལ་དཔུང་གི་ཚོགས་ཡན་ལག་བཞི་དང་ཡུལ་གཏད་དེ། ང་འདས་པའི་འོག་ཏུ་ཁྱེད་གཉིས་ཀྱིས་རྒྱལ་པོའི་ཕོ་བྲང་སྲུངས་ལ། རྒྱས་པར་གྱིས་ཤིག་ཅེས་བསྒོ་ནས། རྒྱལ་པོ་དེས་བུ་རྒྱལ་སར་བཅུག་སྟེ་དུས་ལས་འདས་སོ། །དེའི་འོག་ཏུ་བློན་པོ་མཆོག་གཉིས་ཀྱིས་དེ་ལྟར་བསྲུངས་ཏེ། རྒྱལ་བུ་ཉིད་ཤེད་བྱེ་ཞིང་མཐུ་དང་ལྡན་པར་གྱུར་པ་ན་དེ་གཉིས་ཀྱིས་དཀོར་མཛོད་དཔུང་བཅས་འབུལ་བར་བྱས་སོ། །དེའི་དུས་ཀྱི་རྒྱལ་པོ་བགྲེས་པོ་ནི་ང་ཉིད་ཡིན་ལ། བློན་པོ་གཉིས་ནི་འོད་སྲུང་དང་ཀུན་དགའ་བོ། རྒྱལ་བུ་དེ་ནི་གསོ་མ་ཅན་ཡིན་ནོ། །གཞན་ཡང་དགེ་སློང་འདི་གཉིས་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ་དེ་གཉིས་གཅིག་གི་མཁན་པོ་ནི་སངས་རྒྱས་འོད་སྲུང་གིས་ཐོས་པ་འཛིན་པའི་མཆོག་དང་། གཅིག་གི་མཁན་པོ་ནི་སྦྱངས་པའི་ཡོན་ཏན་ལ་གནས་པའི་མཆོག་ཏུ་ལུང་བསྟན་པ་ཡིན་པས། དེ་གཉིས་ཀྱིས་ཀྱང་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་དུ་མ་འོངས་པ་ན་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་དགྲ་བཅོམ་པའི་གོ་འཕང་ཐོབ་ནས་རང་རང་གི་མཁན་པོ་ལ་སངས་རྒྱས་འོད་སྲུང་གིས་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་བསྟན་པར་གྱུར་ཅིག ཅེས་བྱས་ཤིང་། ཁྱད་པར་ཀུན་དགའ་བོས། དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་བདག་གིས་ཐོས་པའི་མཛོད་རྒྱས་པར་བྱེད་པར་གྱུར་ཅིག་ཅེས་དང་། འོད་སྲུང་དེ་ནས་འཕོས་ཏེ་རྒྱལ་པོ་ཀྲྀ་ཀཱིའི་བློན་པོའི་བུར་གྱུར་ཏེ། དེའི་ཚེ་སངས་རྒྱས་འོད་སྲུང་མྱ་ངན་ལས་འདས་ནས་རྒྱལ་པོ་ཀྲྀ་ཀཱིས་དེའི་སྐུ་གདུང་ལ་མཆོད་རྟེན་བྱས་ཏེ། དུས་སྟོན་གྱི་ཚེ་དགེ་སློང་རྣམས་སྤྱན་འདྲེན་པར་འདོད་པ་ན། སངས་རྒྱས་མྱ་ངན་ལས་འདས་ཏེ་ཞག་བདུན་ནས་བསྟན་པའང་ནུབ་པར་གྱུར་ཏེ། དགེ་སློང་དབང་ཐོབ་པ་རྣམས་ནི་སྟོན་པ་འདས་ནས་ཐམས་ཅད་ཡོངས་སུ་མྱང་ངན་ལས་འདས་པར་གྱུར་ཅིང་། སོ་སོ་སྐྱེ་བོ་དག་ནི་ཁྱིམ་པར་གྱུར་ཏོ། །དེས་ན་དེའི་ཚེ་དགེ་སློང་གཅིག་ཀྱང་མ་རྙེད་པས། རྒྱལ་པོས་དེའི་བསྟན་པ་འཛིན་པར་འགྱུར་བ་གཅིག་ཀྱང་མེད་དོ་ཞེས་སྨྲས་ཏེ། མཆོད་པ་བྱས་ཏེ་སོང་ངོ་། །དེའི་ཚེ་བློན་པོའི་བུ་དེས་མཆོད་རྟེན་དེ་ལ་བཀུར་སྟི་ཆེན་པོ་བྱས་ཏེ། བདག་གིས་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཡོངས་སུ་མྱ་ངན་ལས་འདས་ནས་བསྟན་པ་འཛིན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་ལས་ཀྱི་རྒྱུས་ད་ལྟར་དེ་བཞིན་དུ་གྱུར་པར་གསུངས་སོ། །འདིས་ནི་དམ་པའི་ཆོས་ཡོངས་སུ་འཛིན་པར་སྨོན་ལམ་བཏབ་པའི་ཕན་ཡོན་གྱི་ཁྱད་པར་ཡང་བསྟན་པ་ཡིན་ནོ། །

སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་ཉིད་དགེ་བསྙེན་དུ་གྱུར་ཏེ་ཚེ་གཅིག་ཏུ་སྐྱབས་འགྲོ་དང་བསླབ་གཞི་ཡང་དག་པར་བསྲུངས་ནས་འཆི་ཁར་སྨོན་ལམ་བཏབ་པ།

༈ ཡང་སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། བྲམ་ཟེ་འཛིན་བྱེད་ཀྱི་བུ་ཞེས་བྱ་བ། འཕགས་པ་ཤཱ་རིའི་བུས་ཕའི་གཉེན་གྱི་བུར་གྱུར་ཅིང་། ཤཱ་རིའི་བུ་དང་བྱིས་པའི་དུས་ཡི་གེའི་བསླབ་གྲྭར་མཉམ་དུ་ཞུགས་པ་ཞིག་ཡོད་པ་དེ། སྐབས་དེར་རྒྱལ་པོ་གཟུགས་ཅན་སྙིང་པོའི་བློན་པོར་གྱུར་ཏེ། དེས་རྒྱལ་པོའི་ཁབ་དེར་རྒྱལ་པོ་ལ་བརྟེན་ཅིང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ནོར་ལེན་པར་བྱེད་དོ། །བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་བརྟེན་ཅིང་རྒྱལ་པོའི་ནོར་ལེན་པར་བྱེད་དོ། །དེར་འཕགས་པ་ཤཱ་རིའི་བུས་དེ་ཉིད་འདུལ་བའི་དུས་ལ་བབ་པར་དགོངས་ཏེ་དེའི་གམ་དུ་བྱོན་པ་ན། དེས་ཀྱང་དགའ་བས་བསུས་ཤིང་གདན་བཤམས་ཏེ་བཤོས་གསོལ་བ་ན། ཤཱ་རིའི་བུས་ང་ལ་སེམས་དགའ་བར་བྱས་ཟིན་གྱིས་དེས་ཆོག་གོ །འཛིན་བྱེད་ཀྱི་བུས། ཁྱོད་ཡུན་རིང་མོ་ཞིག་ན་གདོད་བདག་གི་ཁྱིམ་དུ་ཕྱིན་ན་ཅིའི་ཕྱིར་ཟན་གཅིག་ཙམ་ཡང་ཟར་མི་བཏུབ། ཤཱ་རིའི་བུས། འདི་ལྟར་ཁྱོད་ནི་ངང་ཚུལ་འཆལ་ཞིང་ངང་ཚུལ་ཉམས་པ་ཡིན་ཏེ། རྒྱལ་པོ་ལ་བརྟེན་ཅིང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ནོར་ལེན་པར་བྱེད་ལ། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་བརྟེན་ཅིང་རྒྱལ་པོའི་ནོར་ལེན་པར་བྱེད་པའི་ཕྱིར་རོ། །འཛིན་བྱེད་ཀྱི་བུས། བདག་ནི་ཁྱིམ་པ་སྟེ། ཁྱིམ་ལ་གནས་པ་ལགས་ན། བདག་གིས་ནི་བདག་ཉིད་དང་ཕ་མ་དང་ཆུང་མ་དང་བྲན་དང་ལས་བྱེད་དང་ཞོ་ཤས་འཚོ་བ་དང་མཛའ་བོ་དང་སྙིང་ཉེ་བ་དང་ཉེ་དུ་དང་རྒན་རབས་དག་ཀྱང་ཚིམ་པར་བྱ་དགོས་ཤིང་། རྒྱལ་པོ་ལ་ཡང་འབུལ་དགོས་ལ། སྔོན་གྱི་མཚུན་གཏོང་བ་དང་དགེ་སྦྱོང་དང་བྲམ་ཟེ་རྣམས་ལའང་ཟན་སྦྱིན་དགོས་ཏེ། བདག་གིས་ནི་ཆོས་བཞིན་དུ་བྱེད་པ་འབའ་ཞིག་གིས་བདེ་བླག་ཏུ་འབྱོར་མི་ནུས་སོ། །ཤཱ་རིའི་བུས་འོ་ན་ཁྱོད་ཉིད་ལ་འདྲི་བར་བྱ་ཡིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་ཏུ་ལན་ཐོབས་ཤིག དཔེར་ན་མི་ཞིག་གི་ཕ་མ་སོགས་དེ་དག་གི་ཕྱིར་ཆོས་མ་ཡིན་པ་སྤྱོད་ཅིང་ལོག་པར་སྤྱོད་དེ། ཤི་འཕོས་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ནས། དེ་སེམས་ཅན་དམྱལ་བའི་སྲུང་མ་རྣམས་ཀྱིས་བཟུང་སྟེ། སྡུག་བསྔལ་དྲག་པོ་མི་བཟད་པ་མྱོང་དུ་བཅུག་ན་དམྱལ་སྲུང་དེ་དག་ལ་བདག་ལ་གནོད་པ་འདི་ལྟ་བུ་མ་བྱེད་ཅིག ཅིའི་ཕྱིར་ན་བདག་གིས་ཕ་མ་སོགས་དེ་དག་གི་ཕྱིར་ཆོས་མ་ཡིན་པ་སྤྱད་ཅིང་ལོག་པར་སྤྱད་པའི་དབང་གིས་འདིར་སྐྱེས་པར་ཟད་དོ་ཞེས་ཟེར་ན། མི་དེས་སེམས་ཅན་དམྱལ་བའི་སྲུང་མ་ལས་དོན་དེ་འགྲུབ་པར་འགྱུར་རམ། འཛིན་བྱེད་ཀྱི་བུས། དེ་ནི་མི་འགྲུབ་བོ། །ཤཱ་རིའི་བུས། དད་པ་དང་ལྡན་པའི་རིགས་ཀྱི་བུས་ཆོས་དང་ལྡན་པ་དང་། ལས་ཀྱི་ཡོན་ཏན་དག་གིས་ལོངས་སྤྱོད་རྣམས་བསྒྲུབས་ཏེ། ཕ་མ་སོགས་ལ་དུས་དང་དུས་སུ་ཡང་དག་པར་རི་མོར་བྱེད། བསྙེན་བཀུར་བྱེད། བདེ་བས་བསྟེན་པར་བྱེད་དེ། སྡིག་པའི་ལས་ཅུང་ཟད་ཀྱང་མི་བྱེད་ལ། བསོད་ནམས་ཀྱི་ལས་ཡང་དག་པར་བླངས་ཏེ་འདུག་ན་དེ་ལ་ཕ་མ་སོགས་ཀྱང་སླར་སྙིང་བརྩེ་བར་བྱེད་དེ། དགེ་བའི་ཆོས་རྣམས་འཕེལ་བ་འབའ་ཞིག་ཏུ་འགྱུར་ཏེ་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །ཞེས་སྨྲས་པས། བྲམ་ཟེ་འཛིན་བྱེད་ཀྱི་བུ་ངུས་ཏེ་མཆི་མ་བླགས་ཤིང་བསླབ་པའི་གཞི་ལྔ་ལེགས་པར་བླངས་སོ། །དེ་ནས་དེ་ཕྱིས་བྲོ་ནད་ཀྱིས་ཟིན་པར་གྱུར་པ་ན། འཕགས་པ་ཤཱ་རིའི་བུས་གཏམ་དེ་ཐོས་པས་བྲམ་ཟེ་དེའི་ཁྱིམ་དུ་ཕྱིན་ནས་དེ་ལ་ཆོས་བསྟན་པས་ཚངས་པའི་གནས་པ་བཞི་ལ་བཀོད་ནས་སླར་བྱོན་ནོ། །དེར་བཅོམ་ལྡན་འདས་ཀྱིས་དེ་ཚངས་པའི་གནས་པ་ཙམ་ལ་བཀོད་པ་བས་བདེན་པ་ལ་མ་སྦྱར་བར་གཟིགས་ནས་འོད་མའི་ཚལ་དུ་མི་སྣང་བར་གྱུར་ཏེ་བྲམ་ཟེ་འཛིན་བྱེད་ཀྱི་ཁྱིམ་དུ་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་མཐུན་པའི་ཆོས་བསྟན་པས། དེ་ཉིད་སྟན་དེ་ལ་འཁོད་བཞིན་དུ་ཕྱིར་མི་འོང་གི་འབྲས་བུ་ཐོབ་བོ། །དེ་ལྟར་དེ་བདེན་པ་ལ་བཀོད་ནས་སྐུ་ཉིད་དེར་མི་སྣང་བར་གྱུར་ཏེ་འོད་མའི་ཚལ་དུ་གདན་ལ་བཞུགས་པར་གྱུར་ཏེ། མི་རིང་བར་བྲམ་ཟེ་དེ་ཡང་ཚེ་འཕོས་ཏེ་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་དོན་དེ་རྒྱས་པར་བཀའ་སྩལ་པ་ན། དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་གསོལ་བ་ན། སྔོན་གྲོང་ཁྱེར་འཐབ་མེད་ཅེས་བྱ་བ་ན་རྒྱལ་པོ་ཀླུ་ཡི་ལྷ་ཞེས་པས་རྒྱལ་སྲིད་བྱེད་པའི་ཚེ། དེའི་མདུན་ན་འདོན་གྱི་འབྱོར་པའི་ཁྱད་པར་དག་བྲམ་ཟེ་དབུལ་པོ་ཞིག་གིས་མཐོང་ནས། འདི་ལྟ་བུའི་དཔལ་ཉམས་སུ་མྱོང་བ་ནི་སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པའི་ལས་རྣམ་པ་གསུམ་གྱི་འབྲས་བུ་ཡིན་གྱིས། བདག་གིས་ཀྱང་དགེ་བའི་རྩ་བ་ཅུང་ཟད་ཅིག་བྱས་ན་དབུལ་བ་འདི་རྒྱུན་ཆད་པར་འགྱུར་རོ་སྙམ་ནས། རང་སངས་རྒྱས་ཞིག་ལ་བསོད་སྙོམས་ཕུལ་ཏེ། དགེ་བའི་རྩ་བ་འདིས། བདག་གང་དུ་སྐྱེས་པ་དེར་ཕྱུག་ཅིང་ནོར་མང་བའི་རིགས་སུ་སྐྱེས་ཤིང་། རྒྱལ་པོ་ལ་བརྟེན་ཅིང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ནོར་ལེན་པ་དང་། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་བརྟེན་ཅིང་རྒྱལ་པོ་ལས་ནོར་ལེན་པ་དང་། འདི་བས་ཀྱང་ཆེས་ཁྱད་པར་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་བྲམ་ཟེ་དབུལ་པོ་དེ་ནི་འདི་ཉིད་ཡིན་ནོ། །གཞན་ཡང་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་ཉིད་དགེ་བསྙེན་དུ་གྱུར་ཏེ་ཚེ་གཅིག་ཏུ་སྐྱབས་འགྲོ་དང་བསླབ་གཞི་ཡང་དག་པར་བསྲུངས་ནས་འཆི་ཁར་སྨོན་ལམ་བཏབ་པར་གསུངས་སོ། །

བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་པ།

༈ ཡང་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས་ཀུ་ཤའི་གྲོང་ཁྱེར་དུ་གཤེགས་ཏེ་གཟིམས་མལ་གྱི་ཐ་མལ་བཞུགས་པའི་ཚེ། སྐུ་དངོས་ཀྱིས་གདུལ་བར་བྱ་བ་ཀུན་ཏུ་རྒྱུ་རབ་བཟང་དང་། དྲི་ཟའི་རྒྱལ་པོ་རབ་དགའ་གཉིས་ལུས་པར་གཟིགས་ཏེ་དེ་ལས་ཀུན་ཏུ་རྒྱུ་རབ་བཟང་ནི་འདུལ་བར་སླ་ལ། དྲི་ཟའི་རྒྱལ་པོ་རབ་དགའ་ནི་རྒྱགས་ཤིང་བག་མེད་པར་གནས་ཏེ་ངའི་ཐད་དུ་མི་འོང་གིས་ང་དེའི་ཐད་དུ་འགྲོ་བར་བྱའོ་སྙམ་དུ་དགོངས་སོ། །དེ་ལ་དྲི་ཟའི་རྒྱལ་པོ་རབ་དགའ་ནི་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་གནས་ཏེ་དེས་ལྷའི་དབང་པོ་བརྒྱ་བྱིན་དགའ་བར་བྱེད་པའི་ཕྱིར་གླུ་དབྱངས་ཀྱི་སྦྱོར་བ་ལ་ཞུགས་པ་ལས་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུ མས་སུ་ཞུགས་པ་དང་། སྐུ་བལྟམས་པ་དང་། རབ་ཏུ་བྱུང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་རྣམས་སུ་དྲི་ཟ་རབ་དགའ་ལ་སངས་རྒྱས་མཆོད་པའི་ཕྱིར་འགྲོ་བར་བསྐུལ་ཡང་ཀ་ཤི་ཀ་བདག་གིས་གླུ་དབྱངས་སྦྱར་བ་རྩོམ་ལགས་ཏེ། དེ་རེ་ཞིག་ལགས་པར་བགྱིས་ནས། སླད་ཀྱིས་སླེབས་སོ་ཞེས་ཟེར་ནས་འགྲོར་མ་ཉན་ནོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་སྐུ་ལུས་སྤྲུལ་པ་གཅིག་གཟིམས་མལ་དུ་བཞག་སྟེ། དྲི་ཟའི་རྒྱལ་པོར་བཻཌཱུཪྱའི་པི་ཝང་རྒྱུད་སྟོང་དང་ལྡན་པ་ཐོགས་པ་ཞིག་ཏུ་སྤྲུལ་ནས་དྲི་ཟའི་རྒྱལ་པོ་རབ་དགའ་གནས་པའི་སྒོ་དྲུང་དུ་བྱོན་ཏེ་སྒོ་བས་ནང་དུ་སྦྲན་པ་ན། དེ་ང་རྒྱལ་གྱིས་དྲེགས་པས་བདག་གིས་ཚར་བཅད་པར་བྱའོ་སྙམ་སྟེ་ནང་དུ་བོས་ནས་པི་ཝང་འགྲན་པ་ན། ཐོག་མར་བཅོམ་ལྡན་འདས་ཀྱིས་རྒྱུད་གཅིག་བཅད་པ་ནས་མཐར་གྱིས་དགུ་བརྒྱ་དགུ་བཅུ་གོ་དགུའི་བར་བཅད་དེ། རྒྱུད་གཅིག་པོ་དེ་ལས་སྒྲ་ཐམས་ཅད་འབྱུང་བར་མཛད་ཅིང་། རབ་དགས་ཀྱང་དེ་ལྟར་རྒྱུད་གཅིག་པོ་དེ་ལུས་ཀྱི་བར་བཅད་ནས་སྦྲེངས་པས་སྒྲ་ཐམས་ཅད་བྱུང་ངོ་། །དེ་ནས་རྒྱུད་གཅིག་པོ་དེའང་བཅད་པས་བཅོམ་ལྡན་འདས་ཀྱིས་ནི་སྒྲ་སྔ་མ་ལྟར་གྱུར་ལ་རབ་དགས་སྒྲ་གྲགས་པར་མ་གྱུར་པས་དེ་ང་རྒྱལ་ཆག་གོ །དེར་བཅོམ་ལྡན་འདས་ཀྱི་སྐུ་དངོས་བསྟན་ཏེ་ཆོས་བཤད་པས་རྒྱུན་དུ་ཞུགས་པ་ཐོབ་སྟེ་སྐྱབས་འགྲོ་དང་བསླབ་གཞི་བླངས་སོ། །དེ་ནས་དེར་མི་སྣང་བར་མཛད་དེ་རྩྭ་ཅན་དུ་བྱོན་ཏེ། དེར་ཀུན་ཏུ་རྒྱུ་རབ་བཟང་ཞེས་བྱ་བ་ལོ་བརྒྱ་ཉི་ཤུ་ལོན་པ། ཕྱོགས་དེའི་སྐྱེ་བོ་རྣམས་ཀྱིས་དགྲ་བཅོམ་པར་བཀུར་བ་ཞིག་ཡོད་པ་དེ། རྫིང་བུ་དལ་འབབ་ཀྱི་འགྲམ་མེ་ཏོག་ཨུ་དུམ་བཱ་རའི་ཚལ་ན་ཉིན་པར་གནས་ཏེ། དེས་བལྟས་པས་བྱང་ཆུབ་སེམས་དཔའ་བལྟམས་པའི་ཚེ་ཨུ་དུམ་བཱ་རིའི་མེ་ཏོག་རྣམས་ཁ་འབུས་ཞིང་། སངས་རྒྱས་ནས་ཆོས་འཁོར་བསྐོར་བའི་ཚེ་ལྷག་པར་ཡང་རྒྱས་པར་མཐོང་བས་དེ་དག་བདག་གི་བསོད་ནམས་ལས་གྱུར་ཏོ་སྙམ་མོ། །སྐབས་འདིར་མེ་ཏོག་གི་ཚལ་རྣམས་རྙིང་པར་གྱུར་པས་མྱ་ངན་གྱིས་ནོན་ཏེ་སྨྲེ་སྔགས་འདོན་པར་བྱེད་པ་ན། དེ་ལ་དགའ་བའི་ལྷ་ཞིག་གིས་ཚལ་འདི་ཁྱོད་ཀྱི་བསོད་ནམས་ཀྱི་མཐུས་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་མངོན་པར་སངས་རྒྱས་ཏེ་ཆོས་འཁོར་བསྐོར་བའི་མཐུ་ལས་བྱུང་བ་ཡིན་ན་དོ་ནུབ་ཐ་མའི་གཟིམས་ཁྲི་ལ་བཞུགས་ཏེ་མྱ་ངན་ལས་འདས་པར་འགྱུར་བ་དེའི་ཕྱིར་མེ་ཏོག་གི་ཚལ་རྙིང་པ་ཡིན་ནོ། །ཞེས་སྨྲས་པས། དེ་ཐོས་པ་ན་རབ་བཟང་གིས་བདག་གི་ཐེ་ཚོམ་བསལ་བར་བྱའོ་སྙམ་སྟེ། ཤིང་སཱ་ལ་ཟུང་གི་ཚལ་དུ་སོང་བ་ན་ཀུན་དགའ་བོ་ཕྱི་རོལ་དུ་འཆག་པ་དང་འཕྲད་དེ། དགེ་སྦྱོང་ག་ཏ་མ་དོ་ནུབ་འདའ་ཞེས་ཐོས་ན། བདག་ཐེ་ཚོམ་འགའ་ཞིག་ཞུའོ་ཟེར་བ་ལ། དེ་བཞིན་གཤེགས་པ་ནི་སྐུ་བསྙེལ་གྱིས་གནོད་པ་མ་བྱེད་ཅིག་ཅེས་ཀུན་དགའ་བོས་བཟློག་གོ །དེ་ལྟར་རབ་བཟང་གི་ལན་གསུམ་གྱི་བར་དུ་སྨྲས་ཀྱང་ཀུན་དགའ་བོས་བཟློག་པ་ན། བཅོམ་ལྡན་འདས་ཀྱིས་གསན་ཏེ། ང་དང་མུ་སྟེགས་བྱེད་ལྷན་ཅིག་གཏམ་བྱེད་པའི་ཐ་མ་འདི་ཡིན་གྱིས་ཐོངས་ཤིག ཅེས་གསུངས་པས་རབ་བཟང་ནང་དུ་བཏང་ངོ་། །དེས་ཀྱང་ཞུ་བ་རྣམས་ཞུས་པ་ན། བཀའ་སྩལ་པ། རབ་བཟང་ང་ནི་ན་ཚོད་ཉི་ཤུ་དགུ་ལོན་ནས། །ལེགས་པ་གང་ཡིན་ཚོལ་ཕྱིར་རབ་ཏུ་བྱུང་བར་གྱུར། །རབ་བཟང་ང་ནི་རབ་ཏུ་བྱུང་བའི་ཕྱིན་ཆད་ནས། །ལོ་གྲངས་ལྔ་བཅུའི་བར་དུ་ཏིང་འཛིན་བསྒོམས་པ་བྱས། །ང་ནི་ཚུལ་ཁྲིམས་རྣམས་དང་ཞབས་དང་རིག་པ་དང་། །སེམས་ཀྱི་རྩེ་གཅིག་བཏུད་པ་དག་ཀྱང་བསྒོམས་པར་བྱས། །རིགས་པར་ལྡན་པའི་ཆོས་ཀྱི་ཕྱོགས་ཙམ་བརྗོད་པ་ཡང་། །འདི་ལས་ཕྱི་རོལ་པ་ཡི་དགེ་སྦྱོང་གཞན་ན་མེད། །ཅེས་དང་། དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་ཡོད་པ་ལ་དགེ་སྦྱོང་ཡོད་ཀྱི་དེ་མེད་པ་ལ་དགེ་སྦྱོང་མེད་པར་གསུངས་པས་རབ་བཟང་གིས་བདེན་པ་མཐོང་ཞིང་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་ཐོབ་བོ། །དེས་བསམ་པ་སྟོན་པ་མྱ་ངན་ལས་འདའ་བ་བལྟ་བ་ནི་ལེགས་པ་མ་ཡིན་ཏེ། སྔོན་དུ་རང་ཉིད་མྱ་ངན་ལས་འདའ་འོ་སྙམ་ནས་གནས་ལྔ་བྱིན་གྱིས་བརླབས་ཏེ་དེ་ཉིད་དུ་མྱ་ངན་ལས་འདས་སོ། །གནས་ལྔ་ནི་རབ་བཟང་རང་ཉིད་ཀྱི་ལུས་དགེ་སློང་གིས་བལྟས་ན་དགེ་སློང་གི་ཆ་བྱད་དང་མུ་སྟེགས་ཅན་གྱིས་བལྟས་ན་མུ་སྟེགས་ཅན་གྱི་ཆ་བྱད་དུ་མཐོང་བ་དང་གཅིགརྫིང་བུ་ཞིག་སྤྲུལ་ནས་བསྐོར་ཏེ་དེར་མུ་སྟེགས་པ་རྣམས་བྱིང་ལ་དགེ་སློང་རྣམས་མི་བྱིང་བར་དྲུང་དུ་འོང་ནུས་པ་དང་གཉིས། གདུང་འདེགས་པའི་ཁྱོགས་མུ་སྟེགས་པས་འདེགས་མི་ནུས་དགེ་སློང་གི་འདེགས་ནུས་པ་དང་གསུམ། གདུང་བསྲེགས་པའི་མེ་མུ་སྟེགས་ཅན་རྣམས་ཀྱིས་སྦར་མི་ནུས་ཤིང་དགེ་སློང་རྣམས་ཀྱིས་ནུས་པ་དང་བཞི། རུས་བུ་མུ་སྟེགས་ཅན་རྣམས་ཀྱིས་མི་མཐོང་ཞིང་དགེ་སློང་རྣམས་ཀྱིས་མཐོང་ཞིང་མཆོད་ནུས་པ་སྟེ་ལྔའོ། །དེ་ལྟར་ཀུན་ཏུ་རྒྱུ་རབ་བཟང་ཆོ་འཕྲུལ་དང་བཅས་ཏེ་མྱ་ངན་ལས་འདས་པ་མུ་སྟེགས་ཅན་རྣམས་ཀྱིས་ཐོས་པས། རྒྱལ་མཚན་བསྒྲེངས་ཤིང་ལམ་སྲང་རྣམས་བསྐོར་ཏེ། ག་ཏ་མས་ངའི་བསྟན་པ་ལས་གཞན་དུ་མྱ་ངན་ལས་འདས་པ་ཐོབ་པ་མེད་ཅེས་ཟེར་ན། དེང་ཁོ་བོ་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཀུན་ཏུ་རྒྱུ་རབ་བཟང་མྱ་ངན་ལས་འདས་པ་ཐོབ་བོ་ཞེས་ཟེར་རོ། །དེར་དགེ་སློང་རྣམས་དང་མུ་སྟེགས་བྱེད་རྣམས་བདེན་པའི་སྟོབས་བོར་ནས། རབ་བཟང་འདི་སངས་རྒྱས་པའམ་མུ་སྟེགས་བྱེད་སུའི་ཚངས་པ་མཚུངས་པར་སྤྱོད་པ་དེ། དེའི་ཐད་དུ་འགྲོ་ནུས་པ་དང་། གདུང་འདེགས་ནུས་པ་དང་། གདུང་ལ་མེ་སྦར་ནུས་པ་དང་། དེའི་མེ་གསོད་ནུས་པ་དང་། རུས་བུ་བླངས་སྟེ་མཆོད་ནུས་པར་འགྱུར་ལ་མ་ཡིན་པ་དེ་མི་ནུས་སོ་བྱས་ནས་བྱ་བ་དེ་དག་ལ་ཞུགས་པ་ན། མུ་སྟེགས་བྱེད་དེ་དག་གིས་ནི་ཆུ་ཆེན་པོས་བསྐོར་བར་མཐོང་སྟེ་དེའི་ཐད་དུ་འགྲོ་ཡང་མ་ནུས་ཤིང་། གཞན་གདུང་འདེགས་པ་སོགས་ཐམས་ཅད་བྱས་ཀྱང་གང་ཡང་མི་ནུས་པར་གྱུར་ཏེ་རུས་བུའང་མི་མཐོང་ངོ་། །དགེ་སློང་གིས་ནི་དེ་དག་ཐམས་ཅད་ནུས་པར་གྱུར་ཏེ། རུས་བུ་མཆོད་རྟེན་གྱི་ནང་དུ་བཞག་ནས་མཆོད་པར་བྱས་པས་སྐྱེ་བོ་ཐམས་ཅད་ངོ་མཚར་དུ་གྱུར་ཏོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན་བཅོམ་ལྡན་འདས་ཀྱིས། འདི་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཏེ། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་དུས། ཐོག་མར་བྱང་ཆུབ་སེམས་དཔའ་སྐུ་འཁྲུངས་ནས་བྲམ་ཟེ་མཚན་མཁན་ལ་བསྟན་པ་འདི་ནི་གཉིས་སུ་འགྱུར་ཏེ། ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་བར་ལུང་བསྟན་པ་དེ་བྱང་ཆུབ་སེམས་དཔའ་མཛའ་གྲོགས་སུ་གྱུར་པ་བྲམ་ཟེའི་ཁྱེའུ་མྱ་ངན་མེད་ཅེས་བྱ་བས་ཐོས་ནས། དེས་བྱང་ཆུབ་སེམས་དཔའ་ལ། ང་དང་མ་འགྲོགས་པར་ཁྱེད་དཀའ་ཐུབ་ཀྱི་ཚལ་དུ་མ་གཤེགས་ཤིག་ཅེས་བྱས་ལ། བྱང་ཆུབ་སེམས་དཔས་ཀྱང་མྱ་ངན་ལས་འདས་པ་ལ་དགོངས་ནས་དེ་ལྟར་ཞལ་གྱིས་བཞེས་སོ། །དེ་ནས་དཀའ་ཐུབ་ཀྱི་ནགས་ན་གཤེགས་པའི་ཚེ་མྱ་ངན་མེད་ཀྱིས་དམ་བཅས་པ་ལྟར་མ་བྱས་སོ་སྙམ་སྟེ་མི་དགའ་བར་གྱུར་ཏོ། །ཕྱིས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་རྒྱལ་པོ་ཀྲྀ་ཀཱིས་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་གདན་དྲངས་པའི་ལམ་གྱི་ཐག་མི་རིང་བ་ཞིག་ན་བྲམ་ཟེའི་ཁྱེའུ་མྱ་ངན་མེད་གནས་ཏེ་དྲུང་དུ་མི་འོང་བ་ལ་བཀའ་སྩལ་པ། མྱ་ངན་མེད་ཁྱོད་ཅིའི་ཕྱིར་ང་དང་ཕྲད་དུ་མི་འོང་། དེས་གསོལ་པ་སྔོན་བདག་ལ་དམ་པ་ཞེས་པ་ནི་ང་གང་དུ་འགྲོ་བ་དེར་ཁྱོད་ཁྲིད་དེ་འགྲོའོ། །གསུངས་པ་ལས་ཁྱེད་གཅིག་པུར་དཀའ་ཐུབ་ཀྱི་ནགས་སུ་བཞུགས་པའི་ཕྱིར་མི་དགའ་འོ། །བསྐལ་སྩལ་པ། ངས་ནི་མྱ་ངན་ལས་འདས་པ་ལ་བསམས་ཏེ་སྨྲས་པ་ཡིན་ན་ད་ནི་དུས་ལ་བབ་བོ། །དེ་ནས་མྱ་ངན་མེད་དེ་སངས་རྒྱས་འོད་སྲུང་གི་སྤྱན་སྔར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་ལུང་ཡང་མནོས་ནས། དེ་ལེ་ལོའི་དབང་གིས་འདུག་པ་ལ། སངས་རྒྱས་འོད་སྲུང་གིས་དགོན་པའི་བསྔགས་པ་བསྟན་དེ་དགོན་པ་ཞིག་ན་གནས་བཅས་པ་ལས། ཕྱིས་འོད་སྲུང་མྱ་ངན་ལས་འདའ་ཁར་ལྷ་རྣམས་ནམ་མཁར་འགྲོ་བ་ལས་དོ་ནུབ་སངས་རྒྱས་མྱ་ངན་ལས་འདའོ་ཞེས་པའི་གཏམ་དགེ་སློང་མྱ་ངན་མེད་ཀྱིས་ཐོས་པས་ཤིན་ཏུ་མི་དགའ་ཞིང་སྨྲེ་སྔགས་འདོན་པ་ན་ལྷ་ཞིག་གིས་ཁྱེར་ཏེ་སངས་རྒྱས་ཀྱིས་སྤྱན་སྔར་བཞག་པས་དེ་ལ་མཐུན་པའི་ཆོས་བསྟན་པས་སྟན་དེར་དགྲ་བཅོམ་པ་མངོན་དུ་བྱས་ཏེ། སངས་རྒྱས་མ་གཤེགས་པའི་སྔ་ལོགས་དེར་མྱ་ངན་ལས་འདས་སོ། །དེར་ལྷ་དེས་བསམ་པ་འདིས་ཁྱད་པར་འདི་ལྟ་བུ་ཐོབ་པ་དེ་བདག་གི་མཐུ་ཡིན་ནོ་སྙམ་སྟེ། དགེ་བའི་རྩ་བ་འདིས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་བདག་དེ་བས་སྔར་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་པ། དེའི་འོག་ཏུ་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་ལྷ་དེ་ནི་རབ་བཟང་ཡིན་ནོ་གསུངས། གཞན་ཡང་སངས་རྒྱས་འཁོར་བ་འཇིག་རྟེན་དུ་བྱོན་པའི་ཚེ་ནགས་ཁྲོད་ཅིག་ན་དྲང་སྲོང་ལྔ་བརྒྱ་གནས་པ་ལ། དེ་དང་བཤེས་པའི་ལྷ་ཞིག་གིས་སངས་རྒྱས་ཀྱི་བསྔགས་པ་བརྗོད་ཅིང་བསྐུལ་བས་དེ་དག་སངས་རྒྱས་ཀྱི་སྤྱན་སྔར་ཕྱིན་ཏེ་རབ་ཏུ་བྱུང་བ་ནས་དགྲ་བཅོམ་པའི་བར་དུ་གྱུར་ཏེ་དེ་ཐམས་ཅད་སངས་རྒྱས་མྱ་ངན་ལས་འདས་པའི་སྔ་ལོགས་སུ་མྱ་ངན་ལས་འདའ་བར་གྱུར་པ་ན། ལྷ་དེས་ཀྱང་དེ་དང་ཚུལ་མཐུན་པའི་སྨོན་ལམ་བཏབ་སྟེ། དེའི་དུས་ཀྱི་ལྷ་དེ་ཡང་རབ་བཟང་འདི་ཉིད་ཡིན་པར་གསུངས་ཤིང་། སྔོན་བཅོམ་ལྡན་འདས་ཉིད་རྟ་ཅང་ཤེས་སུ་འཁྲུངས་པའི་ཚེ། རབ་བཟང་འདི་ཉིད་རྒྱལ་པོ་ཚང་སྦྱིན་བྱ་བར་གྱུར་པའི་ཚེ་སྐྱེད་མོས་ཚལ་དུ་རྒྱུ་བ་ན་ཉི་འོག་གི་རྒྱལ་པོ་རྣམས་ཀྱི་དམག་བསྡུས་ཏེ་དཔུང་གིས་བསྐོར་བའི་ཚེ་གྲོང་ཁྱེར་གྱི་འོབས་ཟབ་པ་པདྨས་གང་བ་ཞིག་ཡོད་པ་དེ་ལས་པདྨའི་སྟེང་དུ་བརྫིས་ཏེ་ཆས་པའི་ཚེ་མདའ་རྟེའུ་ཁས་རྟ་ཅང་ཤེས་དེའི་རྒྱུ་ལྟོ་དྲལ་ཡང་། རྒྱལ་པོ་དེ་ལ་སྙིང་བརྩེ་བས་མ་འཇིགས་ཤིག་བྱས་ཏེ་འབད་པས་གྲོང་ཁྱེར་དུ་བསྐྱལ་བ་དང་། ཡང་བཅོམ་ལྡན་འདས་ཉིད་རི་དྭགས་ལྔ་བརྒྱའི་ཁྱུ་དཔོན་དུ་གྱུར་པའི་ཚེ་རྒྱལ་པོ་རྣ་བ་ཅན་ཞེས་པའི་དཔུང་གིས་བསྐོར་བའི་ཚེ། འབབ་ཆུ་དྲག་པོ་ཞིག་ཡོད་པའི་ནང་དུ་ཁྱུ་མཆོག་རང་ཉིད་འདུག་སྟེ་ཟམ་པ་བྱས་ནས་དེའི་སྟེང་དུ་ཐམས་ཅད་བྲོས་སུ་བཅུག་པས། དེ་རྣམས་ཀྱི་རྨིག་པས་རྒལ་བ་བཤུས་ཏེ་སླར་སོང་བ་ན་བལྟས་པས། ཤུལ་དུ་རི་དྭགས་གཅིག་ལུས་འདུག་པ་དེ་མཐོང་ནས་དེ་ཡང་འབད་པས་ཕ་རོལ་དུ་བསྒྲལ་ཏེ་དེའི་འོག་ཏུ་རང་ཉིད་ཚེའི་དུས་བྱས་སོ། །དེའི་དུས་ཀྱི་ཤུལ་དུ་ལུས་པ་དེ་ནི་རབ་བཟང་ཡིན་ཏེ། གནས་སྐབས་དེ་དག་ཏུ་ཡང་འདི་ཉིད་འཇིགས་པ་ལས་བསྒྲལ་ཏེ་ད་ལྟར་ཡང་གཡུང་དྲུང་གི་ཆོས་ལ་བཀོད་དོ་གསུངས། དེར་དགེ་སློང་རྣམས་ཀྱིས་དྲི་ཟ་རབ་དགའི་ལས་ཀྱི་རྒྱུ་ཞུས་པར། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་འདི་ཉིད་དགེ་བསྙེན་དབུལ་པོ་ཞིག་ཏུ་གྱུར་པ་ལས། དེའི་ཚེ་རྒྱལ་པོ་ཀྲྀ་ཀྲྀའི་རོལ་མོ་མཁན་འབྱོར་པ་དང་ལྡན་པར་མཐོང་ནས་དེ་ལ་ཡིད་སྨོན་སྐྱེས་ཏེ། ཚེ་དེར་སྐྱབས་འགྲོ་དང་བསླབ་གཞི་རྣམས་བསྲུངས་ནས། དགེ་བའི་རྩ་བ་འདིས་གང་དུ་སྐྱེས་པ་དེར་ཕྱུག་ཅིང་ནོར་མང་བ་དང་རོལ་མོ་མཁན་གྱི་རྒྱལ་པོར་འགྱུར་བ་དང་སངས་རྒྱས་མཉེས་པར་གྱུར་ཅིག ཅེས་འཆི་ཁར་སྨོན་ལམ་བཏབ་པའི་རྒྱུ་དེས་དེ་ལྟར་བྱུང་བར་གསུངས་ཤིང་། གཞན་ཡང་བཅོམ་ལྡན་འདས་ཉིད་རྒྱལ་པོ་རྣམ་པར་རྒྱལ་བ་ཞེས་བྱ་བར་འཁྲུངས་པའི་ཚེ། དཀོར་མཛོད་རྣམས་སྦྱིན་པར་བཏང་ཞིང་མངའ་འབངས་ཐམས་ཅད་དགེ་བ་བཅུ་ལ་སྤྱོད་དུ་བཅུག་པས་སྐྱེ་བོ་ཚེ་འཕོས་པ་རྣམས་ལྷ་ཡུལ་དུ་སྐྱེས་ཏེ་ལྷ་རྣམས་རྒྱས་པར་གྱུར་པ་ན། ལྷའི་དབང་པོ་བརྒྱ་བྱིན་གྱིས་དེའི་རྒྱུ་བརྟགས་པས། བྱང་ཆུབ་སེམས་དཔའི་མཐུར་རིག་ནས་དེའི་ཉམས་བརྟག་པའི་ཕྱིར། སེམས་ཅན་མང་པོ་ཞིག་ཏུ་སྤྲུལ་ཏེ་རྒྱལ་པོའི་སྤྱན་སྔར་ཕྱིན་ཏེ། ངེད་ཅག་ལ་བསད་མ་ཐག་པའི་མིའི་ཤ་དང་ཁྲག་དྲོན་མོ་དག་ཁ་ཟས་སྦྱིན་པར་བྱས་ན་དགེ་བ་བཅུའི་ཁྲིམས་བསྲུང་ངོ་ཞེས་སྨྲས་པས། རྒྱལ་པོས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། རང་གི་ལུས་ཀྱི་ཤ་དག་བཅད་ཅིང་ཁྲག་རྣམས་ཟགས་ཏེ་སྦྱིན་པར་བྱས་པས་བརྒྱ་བྱིན་ངོ་མཚར་དུ་གྱུར་ནས་དྲིས་པས། རྒྱལ་པོས་འགྱོད་པར་མ་གྱུར་པའི་བདེན་ཚིག་བརྗོད་པས་ལུས་སྔ་མ་བཞིན་སོར་ཆུད་པར་གྱུར་པའི་སྔོན་རབས་ཀྱང་གསུངས་སོ། །འདི་དག་གིས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་གཞན་གྱིས་དགེ་བའི་གྲོགས་བགྱིས་པ་སོགས་ཀྱི་བསོད་ནམས་ཀྱང་བསྟན་ཏོ། །

ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པའི་རྒྱུ་ལས་བྱུང་བ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་ཁྱིམ་བདག་བཟའ་བྲན་གཉིས་འདུག་པ་དཀོན་མཆོག་ལ་དད་པར་གྱུར་ཏེ་སྐྱབས་འགྲོ་དང་བསླབ་གཞི་ཡང་བླངས་སྦྱིན་པ་དག་བྱིན་ཅིང་བསོད་ནམས་དག་ཀྱང་བྱེད་དེ། ཁྱིམ་དེ་ནི་ཆུ་དོང་ལྟ་བུར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་སངས་རྒྱས་འཁོར་དང་བཅས་པ་དེའི་ཁྱིམ་དུ་སྤྱན་དྲངས་ཤིང་། བཅོམ་ལྡན་འདས་ཀྱིས་མཐུན་པའི་ཆོས་བསྟན་པས་རྒྱུན་དུ་ཞུགས་པ་ཐོབ་ཅིང་། དེའི་ཕྱི་ཞིག་ན་འཕགས་པ་ཤཱ་རིའི་བུ་སོགས་བྱོན་ནས་ཡོན་བསྔོ་མཛད་ཅིང་ཆོས་བསྟན་པས་དེ་གཉིས་ཀྱིས་ཕྱིར་མི་འོང་བའི་འབྲས་བུ་ཐོབ། དེ་ནས་དེ་གཉིས་ཀྱིས་ཁྱིམ་སྤངས་ཏེ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། དེ་གཉིས་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ཞིང་སྦྱིན་པ་དང་བསོད་ནམས་དག་བྱས་ཏེ། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པའི་རྒྱུ་ལས་བྱུང་བར་གསུངས་སོ། །

ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པའི་འབྲས་བུ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ་ཁྱིམ་བདག་ཅིག་གིས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་གཏོང་བ་ཟིལ་གྱིས་གནོན་འདོད་པར་གྱུར་ཏེ། དེ་རྒྱ་མཚོ་ལ་ཕྱིན་ནས་རིན་པོ་ཆེ་དག་བླངས་ཏེ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ཀྱང་དེས་ཟིལ་གྱིས་གནོན་མ་ནུས་པས་ཤཱ་རིའི་བུ་ལ་ཐབས་དྲིས་པ་ན། ཤཱ་རིའི་བུས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ནི་ས་འོག་གི་གཏེར་རྣམས་ཀྱང་མཐོང་བས་ཁྱོད་ཀྱི་སྦྱིན་པས་ཟིལ་གྱིས་གནོན་པར་མི་ནུས་ཏེ། ཁྱོད་རབ་ཏུ་བྱུང་དང་དེས་ཟིལ་གྱིས་གནོན་ནུས་པར་འགྱུར་རོ་གསུངས་པས། དེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ། གཏམ་དེ་མགོན་མེད་ཟས་སྦྱིན་གྱིས་ཐོས་པས་རབ་ཏུ་དགའ་ནས་དེའི་རྐང་པ་ལ་ཕྱག་བྱས་ཤིང་མངོན་པར་མཆོད་པར་གྱུར་ཏོ། །དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། འདི་ཉིད་སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་ཁྱིམ་བདག་ཅིག་ཏུ་གྱུར་ཏེ་དེས་ཁྱིམ་བདག་ཆུ་སྟོད་ཟིལ་གྱིས་གནོན་པར་འདོད་ཀྱང་མནན་མ་ནུས་ཏེ། རབ་ཏུ་བྱུང་བས་དེ་ཟིལ་གྱིས་མནན་ཅིང་། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པའི་འབྲས་བུར་གསུངས་སོ། །

ཆོས་ལ་ཕྱི་བཤོལ་དང་ལེ་ལོ་བགྱིས་པའི་ཉེས་དམིགས་དང་མྱུར་དུ་བརྩོན་འགྲུས་བརྩམས་པའི་ཕན་ཡོན་རྣམས་བསྟན་པ།

༈ ཡང་མཉན་ཡོད་ན་བཞུགས་པའི་ཚེ། འཕགས་སྐྱེས་པོས་ཤཱཀྱ་རྣམས་ཁ་བཏགས་པ་དེའི་ཚེ་ཀུན་དགའ་བོའི་སྲིང་མོའི་བུ་གཉིས་ཕ་མ་དང་བྲལ་ཏེ་འཁྱམས་པ་ལས་མཐར་གྱིས་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་ནས་ཀུན་དགའ་བོ་ལ་ཇི་ལྟར་གྱུར་པའི་གཏམ་སྨྲས་པས་ཀུན་དགའ་བོ་ཤིན་ཏུ་ཡི་མུག་སྟེ་བཅོམ་ལྡན་འདས་ཀྱིས་དད་པས་བྱིན་པ་ཆུད་གསོན་པར་མི་བྱའོ་ཞེས་གསུངས་ན་བདག་གིས་འདི་གཉིས་ཇི་ལྟར་བསྐྱང་བར་བྱ་སྙམ་པ་ན། དགེ་སློང་རྣམས་ཀྱིས་དེའི་རྒྱུ་དྲིས་ནས་སྨྲས་པ། ཕན་འདོགས་པ་ལ་སྦྱིན་པར་བྱའོ་ཞེས་སངས་རྒྱས་ཀྱིས་མ་གསུངས་སམ། འདི་གཉིས་ཀྱིས་ཀྱང་བདག་ཅག་ལ་ལྷུང་བཟེད་ཀྱི་བྱ་བཏའ་དང་། མེ་ཏོག་དང་འབྲས་བུ་རྣམས་ཀྱིས་ཕན་ཐོགས་པར་འགྱུར་རོ་ཞེས་བྱས་ཏེ། དགེ་སློང་རྣམས་ཀྱིས་ཀྱང་ཁ་ཟས་ཅུང་ཟད་ཙམ་དག་ཁྱེར་ཏེ་འོང་ཞིང་དེ་གཉིས་ལ་སྦྱིན་པར་བྱེད་ཅིང་། ཀུན་དགའ་བོས་ནི་བསོད་སྙོམས་བླངས་པའི་ཕྱེད་དེ་གཉིས་ལ་བྱིན། ཕྱེད་རང་གིས་གསོལ་བས་རྒྱུ་དེས་ཤིན་ཏུ་ཉམ་ཆུང་ཞིང་རིད་པར་གྱུར་ཏོ། །དེར་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱེའུ་འདི་གཉིས་རབ་ཏུ་འབྱུང་ངམ། གསོལ་པ། རབ་ཏུ་འབྱུང་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེའི་ཕྱིར་དགེ་འདུན་གྱི་ཟས་ནི་རབ་ཏུ་འབྱུང་བ་ལ་ལྟོས་པར་ངས་གནང་ངོ་། །ཅི་རིགས་པའི་ལས་ལྷུང་བཟེད་ཀྱི་བྱ་བཏའ་དང་། མེ་ཏོག་དང་། འབྲས་བུ་དང་། སོ་ཤིང་རྣམས་ཀྱང་འབུལ་དུ་ཆུག་ཅིག་ཅེས་དགེ་འདུན་གྱི་ཟས་གནང་སྟེ། དེ་གཉིས་ཀྱིས་ཀྱང་ཟ་བཞིན་བག་ཡངས་སུ་གནས་པ་ན། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ། ཁྱེའུ་འདི་གཉིས་རབ་ཏུ་འབྱུང་ངོ་ཞེ་ན་ཅིའི་ཕྱིར་རབ་ཏུ་མི་འབྱུང་གསོལ་པ། རབ་ཏུ་འབྱུང་ལགས་སོ། །བཀའ་སྩལ་པ། འོ་ན་རབ་ཏུ་འབྱུང་ན་ཅི་ཉེས། གསོལ་པ། བཅོམ་ལྡན་འདས་ཀྱིས་གང་ཟག་ལོ་བཅོ་ལྔ་མ་ལོན་པ་རབ་ཏུ་འབྱུང་བར་མི་བྱ་བསྙེན་པར་རྫོགས་པར་མི་བྱ་ཞེས་བཀའ་སྩལ་ཏེ། འདི་གཉིས་ལོ་བདུན་ལས་མ་ལགས་ན། བདག་གིས་འདི་གཉིས་ཇི་ལྟར་རབ་ཏུ་འབྱུང་ལགས། བཀའ་སྩལ་པ། འདི་གཉིས་ཀྱིས་དགེ་འདུན་ཀྱི་ཁ་ཟས་བཤམས་པ་ལས་བྱ་རོག་སྐྲོད་ནུས་སམ། བཅོམ་ལྡན་འདས་རྔོ་ཐོགས་ལགས་སོ། །བཀའ་སྩལ་པ། དེ་བས་ན་ལོ་བདུན་ལོན་པ་བྱ་རོག་སྐྲོད་ནུས་པ་རབ་ཏུ་འབྱུང་བར་ངས་གནང་གིས་རབ་ཏུ་ཕྱུངས་ཤིག དེ་ནས་ཀུན་དགའ་བོས་ཁྱེའུ་དེ་གཉིས་རབ་ཏུ་ཕྱུང་སྟེ་ཁ་ཏོན་སློབ་ཏུ་བཅུག་པ་ན་ཀུན་དགའ་བོ་ནི་གཉེན་ལ་བྱམས་པས་ནན་ཏུར་གྱིས་ཚར་གཅོད་མི་བཟོད་པས་དེ་གཉིས་ཀྱིས་གཉིད་དང་བྲེ་མོའི་གཏམ་སོགས་ལ་གཡེངས་ནས་ཇི་བཞིན་དུ་ཀློག་པར་མི་བྱེད་དོ། །དེ་ནས་དེ་གཉིས་འཕགས་པ་མོང་འགལ་གྱི་བུ་ཆེན་པོ་ལ་གཏད་ཀྱང་། དེ་ཡང་དེས་ཤིང་འགྲོགས་ན་བདེ་བས་དེའི་རྒྱུས་ལོན་ནས་ཇི་བཞིན་པར་སློབ་པར་མི་བྱེད་དོ། །དེར་དེ་གཉིས་སྐྱོ་བ་བསྐྱེད་པའི་ཕྱིར། མོང་འགལ་བུས་སེམས་ཅན་དམྱལ་བ་ཞིག་སྤྲུལ་ནས་དེ་གཉིས་ལ་བསྟན་པས། དེར་ལྕགས་སྣོད་སྟོང་པ་ཞིག་ཏུ་ཆུ་བཀོལ་ཞིང་མེ་འབུད་པ་མཐོང་ནས། དེའི་རྒྱུ་དྲིས་པ་ན། འདི་ནི་ཀུན་དགའ་བོའི་ཚ་བོ་གཉིས་དད་པས་བྱིན་པ་ལ་ལོངས་སྤྱོད་ཅིང་ལེ་ལོ་ལ་གནས་པས་དེ་གཉིས་ཤི་བའི་འོག་ཏུ་འདིར་སྐྱེ་བར་འགྱུར་བས་དེའི་དོན་དུའོ་ཞེས་སྨྲས་པས། དེ་གཉིས་ཤིན་ཏུ་སྐྲག་སྟེ་ཕྱིན་ཤིན་ཏུ་བརྩོན་པར་བྱེད་ཀྱང་། སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་སྔ་དྲོ་དྲན་ན་དེའི་ཉིན་པར་ཟན་ཟ་མི་ནུས་ཤིང་། ཕྱི་དྲོ་དྲན་ན་ཅི་ཟོས་པ་ཐམས་ཅད་སྐྱུག་པར་གྱུར་པས། རྒྱུ་དེས་ཤིན་ཏུ་ཉམ་ཆུང་བར་གྱུར་ནས་བརྩོོན་པའི་མཐུ་མེད་པར་གྱུར་ཏོ། །དེར་སྤྲོ་བ་བསྐྱེད་པའི་ཕྱིར་ཡང་ལྷ་གནས་ཀྱི་བཀོད་པ་སྤྲུལ་ཏེ་བསྟན་པས། དེ་གཉིས་བལྟར་ཕྱིན་པ་ན། གནས་དེར་སེང་གེའི་ཁྲི་སྟོང་པ་གཉིས་ལྷ་ཡི་བུ་མོ་མང་པོས་བསྐོར་ཞིང་འདུག་པ་མཐོང་བས་དེའི་རྒྱུ་དྲིས་པ་ན། འདི་ནི་ཀུན་དགའ་བོའི་ཚ་བོ་གཉིས་རབ་ཏུ་བྱུང་ནས་བརྩོན་འགྲུས་བརྩམས་པས་ཚེ་འཕོས་ནས་ལྷ་ཡུལ་དུ་སྐྱེ་བར་འགྱུར་པས་དེའི་ཁྲི་ཡིན་ནོ་སྨྲས་པས། དེ་གཉིས་རབ་ཏུ་དགའ་སྟེེ་ལྷག་པར་ཡང་བརྩོན་འགྲུས་རྩོམ་པར་བྱེད་དོ། །དེ་ནས་ཕྱིས་ཞིག་ན་འཁོར་ལོ་ལྟར་བསྡུས་པའི་མདོ་བརྩམས་ཏེ་དེ་གཉིས་ཀྱིས་ཐོས་པས། འཁོར་བ་ན་འཁོར་ཕན་ཆད་ཟོ་ཆུན་རྒྱུད་མོའི་འཁྲུལ་འཁོར་བཞིན་དུ་ཡང་དང་ཡང་དུ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་དང་། ལྷ་དང་མིར་འཁོར་དགོས་པས་ན་བདག་ཅག་གཉིས་ལྷ་དང་མིར་སྐྱེས་ཀྱང་དགོས་པ་མེད་པས་དངོས་པོ་མེད་པ་ཉིད་དུ་བརྩོན་འགྲུས་བརྩམ་པར་བྱའོ་སྙམ་མོ། །དེ་ནས་མོང་འ གལ་གྱི་བུ་ཆེན་པོས་དེ་གཉིས་ཀྱི་དབང་པོ་དུལ་བར་རིག་ནས་ལུང་ཕོག་པས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་ཏེ། དེ་གཉིས་ཀྱིས་རྫུ་འཕྲུལ་གྱིས་གནས་ཐ་དད་པ་ནས་མེ་ཏོག་དང་འབྲས་བུ་རྣམས་བླངས་ཏེ་དགེ་འདུན་ལ་འབུལ་བར་བྱེད་དོ། །དེར་དགེ་སློང་རྒན་པོ་དག་གིས་མཐོང་ནས་རང་ཉིད་ལ་སྐྱོ་བ་སྐྱེས་ཏེ། ལོ་བདུན་པ་འདི་གཉིས་ཀྱིས་ཀྱང་ཡོན་ཏན་འདི་ལྟ་བུ་ཐོབ་ན། བདག་ཅག་སྐྲའི་མདོག་ལན་གསུམ་གྱི་བར་དུ་འགྱུར་ཡང་ཡོན་ཏན་གྱི་ཁྱད་པར་ཅི་ཡང་མ་ཐོབ་བོ་སྙམ་སྟེ་སྐྱོ་བར་གྱུར་ནས་བརྩོན་པས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ཀྱིས་དེ་གཉིས་ཀྱི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་གྱི་སྨོན་ལམ་གྱིས་དབང་ལས་གྱུར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ་མཛའ་སྡེ་ལྔ་བརྒྱ་ཙམ་སྐྱེད་མོས་ཚལ་དུ་སོང་སྟེ་རྩེ་ཞིང་དགའ་མགུར་སྤྱོད་པ་ལས། རྒྱང་རིང་མོ་ཞིག་ནས་སངས་རྒྱས་འོད་སྲུང་བྱོན་པ་མཐོང་སྟེ། དེ་དག་གིས་ད་ལྟར་སངས་རྒྱས་འཇིག་རྟེན་དུ་བྱོན་པས་འཛམ་བུའི་གླིང་དགྲ་བཅོམ་པས་གང་ཞིང་འདུག་པས། བདག་ཅག་ད་ལྟར་འབྱུང་བ་གཞོན་པས་ཁྱིམ་ལ་གནས་ཏེ་འདོད་པ་རྣམས་ལོངས་སྤྱོད་ལ། ཕྱིས་རྒས་པར་གྱུར་པའི་ཚེ་རབ་ཏུ་བྱུང་བས་ཆོག་གིས་དེ་ལྟར་བྱའོ་ཞེས་སྨྲས་ཏེ་གནས་པ་ལས། དེ་དག་གཡེངས་པ་སྣ་ཚོགས་ཀྱིས་ཁྱེར་དེ་གདོད་རབ་ཏུ་བྱུང་ངོ་སྙམ་པའི་ངང་དེར་ཚེ་ཟད་ནས་གཞན་ཐམས་ཅད་ཤི་འཕོས་ཏེ། ཤུལ་དུ་གཉིས་ཁོ་ན་ལུས་པ་དང་། དེ་གཉིས་ཀྱང་རྒས་ཤིང་འཁོགས་པར་གྱུར་པས་སེམས་སྐྱོ་སྟེ་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ཞིང་། བཅོམ་ལྡན་འདས་ཀྱིས་དགེ་སློང་གསར་བུས་དགེ་འདུན་གྱི་བསྙེན་བཀུར་གྱིས་ཤིག་ཅེས་བཀའ་སྩལ་པས། དེ་གཉིས་ཀྱིས་དགེ་འདུན་གྱི་གཡོག་བྱེད་པ་ལ་གཞན་དག་ག ིས་ཀྱང་རྒན་ཞུགས་ཞེས་བརྗོད་པར་བྱས་ཏེ། དེས་ཀྱང་ཡིད་མི་དགའ་སྟེ་བདག་གཉིས་གཞོན་ནུ་ནས་རབ་ཏུ་མ་བྱུང་བས་འདི་ལྟར་གྱུར་ཏོ་སྙམ་མོ། །དེ་ནས་དེ་གཉིས་ཀྱིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་དུ། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་མངོན་དུ་བྱེད་པར་གྱུར་ཅིག གལ་ཏེ་དེས་བྱིས་པ་ཆུང་ཆེས་པར་རབ་ཏུ་བྱུང་བར་མི་བྱའོ། །ཞེས་བསླབ་པའི་གཞི་རྣམས་བཅས་པར་གྱུར་ན་ཡང་དེའི་ཚེ་བདག་གཉིས་ལ་བརྟེན་ནས་གནང་བར་གྱུར་ཅིག་ཅེས་བྱས་སོ། །དེའི་དུས་ཀྱིས་རྒན་ཞུགས་གཉིས་ནི་དགེ་ཚུལ་རབ་ཏུ་བྱུང་བ་འདི་གཉིས་ཏེ། དེའི་ཚེ་ཚངས་པར་སྤྱོད་ཅིང་སྨོན་ལམ་བཏབ་པའི་རྒྱུ་དེས། འདི་གཉིས་ལོ་བདུན་ལོན་པ་ན་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་དུ་བྱས་ནས་འདི་གཉིས་ཁོ་ན་ལ་བརྟེན་ཏེ། ལོ་བདུན་ལོན་པ་བྱ་རོག་སྐྲོད་ནུས་པ་རབ་ཏུ་འབྱུང་བར་ངས་གནང་ངོ་ཞེས་གསུངས། འདིས་ནི་ཆོས་ལ་ཕྱི་བཤོལ་དང་ལེ་ལོ་བགྱིས་པའི་ཉེས་དམིགས་དང་མྱུར་དུ་བརྩོན་འགྲུས་བརྩམས་པའི་ཕན་ཡོན་རྣམས་བསྟན་པ་ཡིན་ནོ། །

ང་རྒྱལ་དང་ངག་བག་མེད་པའི་ཉེས་པ་དང་། སྦྱིན་པ་དང་ཚུལ་ཁྲིམས་སོགས་ཀྱི་འབྲས་བུ་བསྟན་པ།

༈ ཡང་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་གཅིག་ལ་ཁྱེའུ་རོ་སྟོད་གཟུགས་བཟང་ཞིང་ལྟ་ན་སྡུག་པ་མཛེས་ལ། རོ་སྨད་ཡན་ལག་མ་ཚང་བ་ཞིག་བྱུང་བས་མིང་འཕྱེ་བོར་བཏགས། དེ་བཙས་པའི་ཚེ་ཁྱིམ་དེར་དོན་ཐམས་ཅད་གྲུབ་ཅིང་འབྱོར་པར་གྱུར་ཏེ། དེ་ཇི་ཙམ་ཆེར་སྐྱེས་པ་དེ་ཙམ་དུ་ཁྱིམ་བདག་དེའི་ཁྱིམ་འབྱོར་ཞིང་རྒྱས་པར་གྱུར་པས་ཁྱེའུ་འདི་ནི་དཔལ་ཡོན་ཅན་ཞིག་ཡིན་ཞེས་ཀུན་ཏུ་གྲགས་པར་གྱུར་པས། མཉན་ཡོད་ན་གནས་པའི་སྐྱེ་བོ་མང་པོ་དག་དུས་དུས་སུ་དེ་ལ་བལྟར་འགྲོ་ཞིང་། དོན་ཅི་རྩོམ་པ་དེ་དག་ཐམས་ཅད་དེའི་མིང་གིས་རྩོམ་པར་བྱེད་དེ། དེས་དོན་རྣམས་གྲུབ་པར་གྱུར་པས་ལྷག་པར་ཡང་མཉན་དུ་ཡོད་པ་ཐོག་ཐག་ཏུ་གྲགས་པར་གྱུར་ཏོ། །དེ་ནས་དེས་ཡིག་རྩིས་དང་བརྟག་པ་བརྒྱད་སོགས་ལའང་ཤིན་ཏུ་བྱང་བར་བྱས་ཤིང། ཕྱིས་ཞིག་ན་དེ་རིན་པོ་ཆེའི་ཁྱོགས་ལ་ཞོན་ཏེ་སྐྱེ་བོ་ཕལ་མོ་ཆེས་གཡོག་བྱས་ནས། སྐྱེད་མོས་ཚལ་དུ་སོང་བ་ལས་སྐྱེ་བོ་མང་པོ་རྒྱལ་བྱེད་ཀྱིས་ཚལ་དུ་འགྲོ་བར་མཐོང་ནས་དེ་དག་ལ་གཏམ་དྲིས་པས། བཅོམ་ལྡན་འདས་བཞུགས་པར་ཐོས་ཏེ་དེར་ཕྱིན་པ་ན། རྒྱང་མ་ནས་མཚན་དཔེའི་སྐུ་མཆོག་མཐོང་བས་དགེ་སློང་བསམ་གཏན་ལ་གནས་པ་བས་ཆེས་ཁྱད་པར་དུ་འཕགས་པའི་དགའ་བདེའི་ཉམས་སྐྱེས་ཤིང་དྲུང་དུ་འཁོད་དེ་ཆོས་མཉན་པ་ན་བཅོམ་ལྡན་འདས་ཀྱིས་དེ་དང་མཐུན་པའི་ཆོས་བསྟན་པས་སྟན་དེ་ཉིད་དུ་བདེན་པ་མཐོང་ཞིང་། ལུས་འདི་ལྟར་མ་གྱུར་ན་རབ་ཏུ་བྱུང་བ་ལ་སྙམ་པའི་མོད་ལ་ལུས་ཀྱིས་ཡན་ལག་རངས་པར་གྱུར་ཏོ། །དེར་སྟོན་པས་ཚུར་ཤོག་གིས་རབ་ཏུ་བྱུང་བ་ནས་དགྲ་བཅོམ་པའི་བར་དུ་གྱུར་ཏོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ། འདི་ཉིད་དགེ་བསྙེན་མང་དུ་ཐོས་པ། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲས་པ། དགེ་བསྙེན་གྱི་སྐྱེ་བོ་ཐམས་ཅད་ཀྱིས་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་པ་ཞིག་ཏུ་གྱུར་ཏེ། དེའི་ཚེ་དགེ་བསྙེན་དེ་དག་གིས་དགེ་བསྙེན་དེ་ལས་ཆོས་ཉན་ཞིང་ཡོན་ཀཪྵ་པ་ཎ་ལྔ་བརྒྱ་རེ་འབུལ་བར་བྱེད་ལ། དེས་ཀྱང་དགེ་འདུན་རྣམས་ལ་འབུལ་བར་བྱེད་དེ། དེ་ནས་ཕྱི་ཞིག་ན་དགེ་བསྙེན་དེ་དགེ་བསྙེན་གྱིས་སྡེ་ཚན་དེ་དག་དང་ལྷན་ཅིག་ཏུ་གཙུག་ལག་ཁང་དུ་དོང་ངོ་། །དེའི་ཚེ་དགེ་སློང་གི་དགེ་འདུན་རྣམས་འདུལ་བའི་ཆོ་གའི་ལས་བྱ་བ་ཞིག་བྱུང་ནས་གཙུག་ལག་ཁང་སྐྱོང་གིས་དགེ་བསྙེན་ཐམས་ཅད་གཙུག་ལག་ཁང་གི་ཕྱི་རོལ་དུ་བསྐྲད་དེ། འདི་ཁྱེད་ཀྱིས་མཉན་པར་མ་བྱེད་ཅིག་ཅེས་བྱས་སོ། །དེ་ནས་དགེ་བསྙེན་སྡེ་ཚན་དེ་དག་གིས་དགེ་བསྙེན་དེ་ལ་སྨྲས་པ། དེ་ལྟར་བདག་ཅག་ནི་དགེ་སློང་རྣམས་ཀྱིས་བསྐྲད་དུ་རུང་ན་ཁྱོད་ལྟ་བུ་མང་དུ་ཐོས་པ། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བ་ཡིན་ན་ཅི་སྟེ་བསྐྲད་ཅེས་ཟེར་ནས། དེ་དག་དེ་ལ་མཁས་པར་འཛིན་པ་གང་ཡིན་པ་དེ་མེད་པར་གྱུར་ཏོ། །དེ་ནས་དགེ་བསྙེན་དེ་གཞི་དེ་ལས་ཁྲོས་ཏེ། དགེ་སློང་རྣམས་ལ་སྨྲས་པ། ངས་ནི་འཕྱེ་བོ་ཁྲི་ལ་འདུག་པ་ཁྱེད་རྣམས་ལ་ཅི་རྙེད་པ་བསྒྲུབས་ཏེ་བྱིན་ན་ཁྱེད་ཀྱིས་བདག་གཅིག་པུ་ལ་མི་ཟེར་བར་མང་པོའི་ནང་དུ་དམའ་ཕབ་བོ་ཞེས་བྱས་སོ། །དེ་ནས་ཕྱིས་དགེ་བསྙེན་དེ་ཉིད་འགྱོད་པར་གྱུར་ནས་ཉེས་པ་ལ་ཉེས་སོ་ཞེས་བཤགས་ནས། སྦྱིན་པ་དག་སྦྱིན་བསོད་ནམས་དག་བྱས་ཏེ་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བསྲུངས་ནས་འཆི་ཀར་སྨོན་ལམ་བཏབ་པ། ཀྱེ་མ་འདི་ལྟར་བདག་གིས་སེམས་ཅན་དག་པ་འདི་ལྟ་བུ་ལ་ཚིག་རྩུབ་སྨྲས་པའི་རྣམ་སྨིན་ཉམས་སུ་མི་མྱོང་ཞིང་། གལ་ཏེ་མྱོང་ནའང་རབ་ཏུ་བྱུང་བའི་སེམས་བསྐྱེད་མ་ཐག་ཏུ་བདག་གི་བཀྲ་མི་ཤིས་པ་དེ་མེད་པར་གྱུར་ཏེ་བཀྲ་ཤིས་པར་གྱུར་ཅིག བདག་གིས་དཀོན་མཆོག་མཆོད་ཅིང་སྦྱིན་པ་གཏོང་བ་དང་། སྐྱབས་འགྲོ་དང་བསླབ་གཞི་བསྲུངས་པའི་དགེ་བའི་རྩ་བ་འདིས་གང་དུ་སྐྱེ་བར་འགྱུར་བ་དེར་ཕྱུག་ཅིང་ནོར་མང་བ་དང་། བདག་གི་མིང་འཇིག་རྟེན་པ་ཀུན་གྱིས་བཀྲ་ཤིས་པར་འཛིན་ཅིང་། ཅི་བསམ་པ་དང་ཅི་འདོད་པ་དེ་དག་ཐམས་ཅད་འབྱོར་ཞིང་གྲུབ་པར་གྱུར་ཅིག ཅེས་བྱས་སོ། །དེའི་ཚེ་དགེ་སློང་ལ་ཚིག་རྩུབ་སྨྲས་པའི་རྒྱུ་དེས་ཚེ་རབས་ལྔ་བརྒྱར་འཕྱེ་བོར་གྱུར་ལ། སྦྱིན་པ་དང་ཚུལ་ཁྲིམས་ཀྱི་འབྲས་བུ་སྨོན་པ་བཞིན་དུ་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ་འཇིག་རྟེན་ཐམས་ཅད་ཀྱི་བཀྲ་ཤིས་སུ་གྱུར་ནས། འདིར་ཡང་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་བཀྲ་མི་ཤིས་པ་མེད་པར་གྱུར་ཏེ། བཀྲ་ཤིས་པ་བྱུང་བར་གྱུར་ནས་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ་གསུངས། འདིས་ནི་ང་རྒྱལ་དང་ངག་བག་མེད་པའི་ཉེས་པ་དང་། སྦྱིན་པ་དང་ཚུལ་ཁྲིམས་སོགས་ཀྱི་འབྲས་བུ་བསྟན་པ་ཡིན་ནོ། །

འཆི་ཁར་སྨོན་ལམ་བཏབ་པའི་ལས་ཀྱི་རྒྱུ་དེས་ད་ལྟར་དགྲ་བཅོམ་པའི་བར་དུ་གྱུར་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ནགས་ཁྲོད་གཅིག་ན་དྲངས་སྲོང་ལྔ་བརྒྱ་ཙམ་གནས་ཏེ་མི་ཡི་སྦྱིན་སྲེག་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་ཉིད་འདུལ་བའི་དུས་ལ་བབ་པར་གཟིགས་ནས་། མེ་ཐབ་ཐམས་ཅད་ཀྱི་ནང་དུ་སངས་རྒྱས་ཀྱི་ཞབས་རྗེས་མཐོང་ལ། དེ་ཕྱིན་ཆད་མེ་སྦར་མི་ནུས་པར་བྱིན་གྱིས་བརླབས་སོ། །དེར་དྲང་སྲོང་རྣམས་ཀྱིས་རྗེས་འདིའི་མཐུས་བདག་ཅག་གིས་མེ་སྦར་མ་ནུས་ཏེ། འདི་ནི་མཐུ་ཆེ་བས་ན་ལྷ་ཆེན་པོའི་རྗེས་ཡིན་ཡང་དག་གོ་སྙམ་སྟེ། ཞབས་རྗེས་དེ་ཉིད་ལ་བསྲེག་རྫས་ཕུལ་བས་སངས་རྒྱས་ཀྱི་མཐུས་མེ་རང་འབར་དུ་བྱུར་ཏེ་ཚངས་པའི་འཇིག་རྟེན་ལ་ཐུག་གི་བར་སོང་བས། དྲང་སྲོང་རྣམས་ཡ་མཚན་དུ་གྱུར་ཏེ་གནས་པ་ན་རྗེས་དེ་ལྟ་བུ་མེ་ཐབ་ཀྱི་དྲུང་ནས་རྒྱལ་བྱེད་ཀྱི་ཚལ་ལ་ཐུག་གི་བར་དུ་མཐོང་བར་མཛད་པ་ན། དྲང་སྲོང་རྣམས་ཀྱང་དེའི་རྗེས་བཅད་དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །དེར་བཅོམ་ལྡན་འདས་མཐོང་བས་ཤིན་ཏུ་དད་པ་ལ་ཡང་དག་པའི་ཆོས་གསུངས་པས་ཐམས་ཅད་ཀྱང་ཕྱིར་མི་འོང་བའི་འབྲས་བུ་ཐོབ། དེ་ནས་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་མི་རིང་བར་དགྲ་བཅོམ་པའི་འབྲས་བུ་ཡང་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་གི་ཆོ་འཕྲུལ་ཆེན་པོ་བསྟན་པ་དེའི་ཚེ་ས་ལ་ཞབས་རྗེས་བཞག་པས། དེའི་ཚེ་དྲང་སྲོང་ལྔ་བརྒྱ་སྟེང་གི་ནམ་མཁའ་ལ་འཕུར་ནས་འགྲོ་བ་ལ། ཞབས་རྗེས་ཀྱི་སྟེང་དུ་སོན་པ་ན་དེ་དག་འགྲོ་མ་ནུས་ཏེ་དེའི་རྒྱུ་རྟོག་པ་ན། ལྷ་ཞིག་གིས་བསྟན་པས་དེ་དག་ས་ལ་བབས་ཏེ་ཞབས་རྗེས་ལ་ཕྱག་བྱས་ཤིང་དེའི་རྗེས་བཅད་པས་སངས་རྒྱས་དང་མཇལ་ཏེ། དད་པས་རབ་ཏུ་བྱུང་ཞིང་ཚེ་གཅིག་ཚངས་པར་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་མ་ཐོབ་ནས་འཆི་ཁར་སྨོན་ལམ་བཏབ་པའི་ལས་ཀྱི་རྒྱུ་དེས་ད་ལྟར་དགྲ་བཅོམ་པའི་བར་དུ་གྱུར་པར་གསུངས་སོ། །

བུད་མེད་ཀྱི་ཕྱིར་གཞན་ལ་གནོད་པ་བགྱིས་པ་དང་སེམས་ཅན་གྱི་མིག་ཕྱུང་བའི་རྣམ་སྨིན་བསྟན་པ།

༈ ཡང་བཅོམ་ལྡན་འདས་ཡུལ་མི་ཐི་ལ་ན། ལྷ་ཆེན་པོའི་ཨ་མྲའི་ཚལ་ན་བཞུགས་པའི་ཚེ་ཡུལ་དེའི་ཁྱིམ་བདག་ཕྱུག་པོ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ་ཚོགས་ཅན་ཞེས་བྱ་བའི་ཆུང་མ་ལ་བུ་བྱད་ངན་པོ་ལོང་བ་ཞིག་བཙས་པས། ཕ་མ་གཉིས་མི་དགའ་བར་གྱུར་ནས། བུ་དེ་ནམ་སྲོས་སུ་ལམ་སྲང་དུ་བོར་ཏེ་ཁྱི་ལ་བྱིན་ནོ། །དེར་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་ལུང་བསྟན་པའི་དུས་ལ་བབ་ཅིང་དེ་ལ་བརྟེན་ནས་སྐྱེ་བོ་མང་པོའི་དོན་འབྱུང་བར་གཟིགས་ཏེ། དེ་ནུབ་ཁྱིས་མི་ཟ་བར་བྱིན་གྱིས་བརླབས་ཏེ། ནང་པར་དགེ་སློང་གི་དགེ་འདུན་གྱི་འཁོར་གྱིས་བསྐོར་ཏེ་དེར་གཤེགས་པ་ན། སྔོན་གྱི་དགེ་རྩས་བསྐུལ་ཏེ་སྐྱེ་བོ་མང་པོ་དག་ཀྱང་འདུས་སོ། །དེར་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེའི་སྔོན་གྱི་ལས་དྲན་ཅིང་སྨྲ་ཤེས་པར་བྱིན་གྱིས་བརླབས་ཏེ་བཀའ་སྩལ་པ། ཁྱེའུ་ཁྱོད་མི་སྡུག་པ་ཡིན་ནམ། བཅོམ་ལྡན་འདས་མི་སྡུག་པ་ལགས་སོ། །བཀའ་སྩལ་པ། ཉེས་པར་སྤྱོད་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མི་སྡུག་པ་ཉམས་སུ་མྱོང་བ་ཡོད་དམ། གསོལ་པ། ཉམས་སུ་མྱོང་བ་མཆིས་ལགས་སོ། །བཀའ་སྩལ་པ། ཁྱོད་ཀྱི་མི་དགེ་བའི་བཤེས་གཉེན་སུ་ཡིན། གསོལ་པ། རང་གི་སེམས་ལགས་སོ། །དེར་སྐྱེ་བོ་རྣམས་ཐེ་ཚོམ་དུ་གྱུར་པ་ན། ཀུན་དགའ་བོས་འདི་ཉིད་སུ་ལགས་ཞེས་གསོལ་བས། བཅོམ་ལྡན་འདས་ཀྱིས། འདི་ནི་མི་དགེའི་ལས་བྱེད་པ་སྟེ། སྔོན་བྱུང་བ་འདས་པའི་དུས་ན་ཡུལ་མི་ཐི་ལ་འདི་ཉིད་ན་རྒྱལ་པོ་མི་སྡུག་པ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ནི་ཕྲག་དོག་ཅན་དུ་གྱུར་ནས། རང་གི་བཙུན་མོའི་འཁོར་རྣམས་ལ་གཞན་གྱི་མིག་གིས་བལྟས་པ་ཙམ་ལའང་ཁྲོ་བར་གྱུར་ནས། དེའི་མིག་འབྱིན་པར་བྱེད་ཅིང་། ཕྱིས་ཞིག་ན་དེ་སྐྱེད་མོས་ཚལ་དུ་སོང་བ་ན། རང་སངས་རྒྱས་ཞིག་དེར་བྱོན་པ་དང་འགྲིགས་ནས། བཙུན་མོའི་འཁོར་རྣམས་ཀྱིས་དེ་ལ་ཕྱག་བྱས་པས། རྒྱལ་པོ་དེ་ཁྲོས་ནས། འདིའི་མིག་ཕྱུངས་ཤིག་ཅེས་སྨྲས་པས། རང་སངས་རྒྱས་དེ་ཡང་སྔོན་གྱི་ལས་མྱོང་བར་གྱུར་པ་དེ་མངོན་སུམ་དུ་གྱུར་ནས་རྫུ་བ་ཡང་མ་དྲན་ན། འཕྲུལ་བ་ལྟ་ཅི་སྨོས། དེ་ནས་ཞབས་འབྲིང་བ་དེ་རྣམས་ཀྱིས་དེའི་མིག་གཉིས་ཕྱུང་བའི་འོག་ཏུ་རང་སངས་རྒྱས་དེ་འབར་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་ནས་མྱ་ངན་ལས་འདས་སོ། །དེར་རྒྱལ་པོ་དེ་ཡང་འགྱོད་པར་གྱུར་ཏེ་དེའི་སྐུ་གདུང་ལ་མཆོད་པ་བྱས་ཤིང་སྨོན་ལམ་ཡང་བཏབ་བོ། །དེའི་དུས་ཀྱི་རྒྱལ་པོ་མི་སྡུག་པ་དེ་ནི་ལོང་བ་འདི་ཁོ་ན་ཏེ། དེས་རང་སངས་རྒྱས་ཀྱི་མིག་ཕྱུང་བ་དང་། སེམས་ཅན་སྟོང་ཕྲག་དུ་མའི་མིག་མེད་པར་བྱས་པས། དེ་ལས་དེའི་རྣམ་སྨིན་གྱིས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་མྱོང་ཞིང་། དེ་ནས་ཀྱང་ཡི་དྭགས་ཀྱི་སྐྱེ་བ་ལྔ་བརྒྱ་དང་། དུད་འགྲོའི་སྐྱེ་བ་ལྔ་བརྒྱ། མིའི་སྐྱེ་བ་ལྔ་བརྒྱ་སྟེ་དེ་ཐམས་ཅད་དུ་དམུས་ལོང་འབའ་ཞིག་ཏུ་གྱུར་ནས་སྡུག་བསྔལ་མྱོང་བར་གྱུར་ཏོ་གསུངས། ཡང་ཀུན་དགའ་བོས་སེམས་ཅན་འདི་སྡུག་བསྔལ་ལས་ནམ་ཐར་བར་འགྱུར་ཞུས་པས། མ་འོངས་པ་དུས་རིང་མོ་ཞིག་ན་སངས་རྒྱས་ཡིད་བཟང་ཞེས་བྱ་བ་འཇིག་རྟེན་དུ་འབྱོན་པར་འགྱུར་ལ། དེའི་བསྟན་པ་ལ་འདི་ཉིད་མིར་སྐྱེས་ཏེ། དབང་པོ་ཚང་བར་འགྱུར་ཞིང་། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་ནས་ཀྱང་། ལས་ལས་སྐྱེས་པའི་བྱ་རོག་དག་ལྷགས་ནས་མིག་གཉིས་འབྱིན་པར་འགྱུར་ལ། དེ་གཞི་དེ་ལས་མྱ་ངན་ལས་འདའ་བར་འགྱུར་ཏེ། དེར་ལས་འདི་ལས་ཐར་བར་འགྱུར་རོ། །ཞེས་གསུངས་པས་སྐྱེ་བོ་ཕལ་ཆེ་སེམས་རབ་ཏུ་སྐྱོ་བར་གྱུར་པ་ལ། དེ་དང་མཐུན་པའི་ཆོས་བསྟན་པས་ཐེག་པ་གསུམ་གྱི་ལམ་ལ་ཡང་དག་པར་གཞོལ་བར་གྱུར་ཏོ། །འདིས་ནི་བུད་མེད་ཀྱི་ཕྱིར་གཞན་ལ་གནོད་པ་བགྱིས་པ་དང་སེམས་ཅན་གྱི་མིག་ཕྱུང་བའི་རྣམ་སྨིན་བསྟན་པ་ཡིན་ནོ། །

སྐྱབས་འགྲོ་དང་བསླབ་གཞི་བླངས་ནས་འཆི་ཀར་སྨོན་ལམ་བཏབ་པའི་འབྲས་བུ།

༈ ཡང་སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། རི་ཁྲོད་ཅིག་ན་བྲམ་ཟེ་དབུལ་པོ་ཞིང་ལས་ཀྱིས་འཚོ་བ་ཞིག་ལ་བུ་འོད་སྲུང་ཞེས་བྱ་བ་ཞིག་ཡོད་པ་དེ་ཆེར་སྐྱེས་པ་ན། ཕ་དེས་ཞིང་ལས་བྱེད་པས་སྲོག་ཆགས་སྟོང་ཕྲག་དུ་མ་ཁ་འདོགས་པར་མཐོང་ནས་སེམས་སྐྱོ་སྟེ། སངས་རྒྱས་ཀྱི་སྤྱན་སྔར་རབ་ཏུ་བྱུང་འདོད་དེ་འོང་བའི་ལམ་དུ། གཅེར་བུ་པ་གཉེན་གྱི་བུ་དང་ཕྲད་པས། དགེ་སྦྱོང་ག་ཏ་མ་འདི་ཡིན་ནོ་སྙམ་སྟེ་དེའི་ཐད་དུ་རབ་ཏུ་བྱུང་བས་མིང་ཡང་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་ཞེས་གྲགས་སོ། །དེ་ནས་ཕྱིས་ཞིག་ན་ཚེ་ཟད་པའི་རྟགས་མཐོང་ཏེ་ཞག་བདུན་ནས་འཆི་བར་ཤེས་ཏེ་མྱ་ངན་གྱིས་ནོན་པ་ན། དེ་ལ་དགའ་བའི་ལྷ་ཞིག་གིས་བཅོམ་ལྡན་འདས་ལ་བལྟ་བར་བསྐུལ་བས། དེ་རྒྱལ་པོའི་ཁབ་ནས་བྱུང་སྟེ། འོད་མའི་ཚལ་གྱིས་ལོགས་སུ་ཆས་པ་ལས། ལམ་ཕྱེད་ཙམ་དུ་སླེབ་པ་ན། དགེ་སློང་རྣམས་ནི་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ཡིན་ལ། བདག་ནི་གཅེར་བུར་འདུག་པས་དེ་དག་དང་མངོན་སུམ་དུ་ཕྲད་པར་འགྲོ་མི་ནུས་སོ་སྙམ་སྟེ། དེ་ཉིད་དུ་འདུག་པ་ན་བཅོམ་ལྡན་འདས་ཀྱིས་དེ་ཉིད་འདུལ་བའི་དུས་ལ་བབ་པར་དགོངས་ཏེ། དེར་གཤེགས་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཟབ་མོ་བསྟན་པས། དེས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་ཏེ་སྐྱབས་འགྲོ་དང་བསླབ་གཞི་རྣམས་ཀྱང་བླངས་སོ། །དེ་ནས་མི་རིང་བར་བ་དྲུས་མ་ཞིག་གིས་བརྡུངས་ཏེ་ཚེ་འཕོས་པ་ལས། དེ་འཆི་ཀར་དབང་པོ་རྣམས་དྭངས་ཤིང་བཞིན་གྱིས་མདོག་ཡོངས་སུ་དག་ལ་པགས་པའི་མདོག་དཀར་པོར་འདུག་གོ །དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་ན་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་དེ་ནི་ནོར་དུ་གྱུར་པ་ཡིན་ཏེ། དེས་ངའི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་མངོན་པར་རྟོགས་པས་ན། དེས་ན་ང་ལ་གནོད་པ་མ་བྱས་ཀྱིས་དགེ་སློང་དག་རིགས་ཀྱི་བུ་དེས་ནི་འདི་ལྟ་སྟེ་ཆོས་ལ་ལྷག་པར་བྱ་བ་བྱས་ནས། མྱ་ངན་ལས་འདས་ཀྱིས། དེའི་རུས་བུ་ལ་རུས་བུའི་མཆོད་པ་གྱིས་ཤིག ཅེས་མཆོག་ཏུ་ལུང་བསྟན་པས། རྒྱལ་པོའི་ཁབ་དེར་ལྷ་རྣམས་ཀྱི་གཅེར་བུ་བ་འོད་སྲུང་དང་རུས་གཅིག་པ་མྱ་ངན་ལ་འདས་སོ་ཞེས་བསྒྲགས་སོ། །དེ་ཐོས་པ་དང་མུ་སྟེགས་བྱེད་རྣམས་དགའ་སྟེ་ལམ་སྲང་རྣམས་སུ་བ་དན་སྒྲེང་ཞིང་། དགེ་སྦྱོང་ག་ཏ་མ་ན་རེ་ངའི་ཆོས་འདུལ་བ་འབའ་ཞིག་ལ་ཐར་པ་ཡོད་ཀྱི་གཞན་ལ་མེད་དོ་ཞེ་ན། ངེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་འདི་ཡང་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་ལྷ་རྣམས་ཀྱིས་སྒྲོགས་པར་བྱེད་དོ་ཞེས་རུས་བུ་མཆོད་པར་སོང་བས་དགེ་སློང་རྣམས་དང་འདོད་པ་མི་མཐུན་པར་གྱུར་ནས། སུའི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་པ་ལྷ་རྣམས་ལ་འདྲི་བར་བྱས་པས། ལྷ་རྣམས་ཀྱིས་འདི་ནི་དགེ་སློང་རྣམས་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཏེ། འདིས་བཅོམ་ལྡན་འདས་ལས་ཆོས་རྟོགས་ནས་དེས་ན་བར་མ་དོར་མྱ་ངན་ལས་འདས་པར་གྱུར་ཏོ། །ཞེས་སྨྲས་པ་ཀུན་ཏུ་རྒྱུ་རྣམས་སྐྱེངས་པར་གྱུར་ཏོ། །དེར་དགེ་སློང་རྣམས་ཀྱིས་དེའི་རུས་བུ་ལ་མཆོད་པ་བྱས་ཤིང་། དེའི་ལས་ཀྱི་རྒྱུ་ཞུས་པས། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ། འདི་ཉིད་བྲམ་ཟེའི་ཁྱེའུ་ཞིག་ཏུ་གྱུར་ནས་སྐྱབས་འགྲོ་དང་བསླབ་གཞི་བླངས་ནས་འཆི་ཀར་སྨོན་ལམ་བཏབ་པའི་འབྲས་བུར་གསུངས་སོ། །

ཐོས་པས་དྲེགས་པའི་ཉེས་དམིགས་དང་། དོན་ལ་སེམས་པའི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ་རིའི་སུལ་ཞིག་ན་དྲང་སྲོང་འཁོར་ཁྲི་ཉིས་སྟོང་ཡོད་པ་ཞིག་གནས་ཏེ། དྲང་སྲོང་དེ་ནི་བསྟན་བཅོས་ཐམས་ཅད་ཀྱི་མཐར་ཕྱིན་པ། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་སྟེ་དེས་བྲམ་ཟེ་ཁྲི་ཉིས་སྟོང་པོ་དེ་དག་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་དོ། །ནམ་ཞིག་གི་ཚེ་བཅོམ་ལྡན་འདས་འཁོར་ལྔ་བརྒྱ་དང་བཅས་ཏེ་མཚོ་མ་དྲོས་པ་ནས་རྒྱལ་བྱེད་ཀྱི་ཚལ་དུ་ནམ་མཁའ་ལས་གཤེགས་པར་མཐོང་ནས། དྲང་སྲོང་རྣམས་མངོན་པར་དགའ་སྟེ་ཕྱི་བཞིན་དུ་འབྲང་སྟེ། རྒྱལ་བྱེད་ཀྱི་ཚལ་དུ་ཞུགས་ནས་སྟོན་པའི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འཁོད་པ་ན། བཅོམ་ལྡན་འདས་ཀྱིས་མཐུན་པའི་ཆོས་བསྟན་པས། དྲང་སྲོང་ཁྲི་ཉིས་སྟོང་པོ་ནི་སྟན་དེ་ལ་འཁོད་བཞིན་དུ་ཕྱིར་མི་འོང་གིས་འབྲས་བུ་མངོན་དུ་བྱས་ལ། དྲང་སྲོང་གཙོ་བོ་དེ་ནི་ཐོས་པས་དྲེགས་ཏེ་ཅི་ཡང་མ་ཐོབ་བོ། །དེར་དྲང་སྲོང་ཁྲི་ཉིས་སྟོང་པོ་ཚུར་ཤོག་གི་བསྙེན་པར་རྫོགས་ཏེ་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དྲང་སྲོང་གཙོ་བོ་དེ་ནི་རབ་ཏུ་བྱུང་ཡང་ཅི་ཡང་མ་ཐོབ་སྟེ། དེ་ཐོས་པ་ལ་ཞུགས་པས་རིང་པོར་མ་ལོན་པར་སྡེ་སྣོད་གསུམ་ལོབས་ནས་རིག་པ་དང་གྲོལ་བའི་སྤོབས་པ་ཅན་དུ་གྱུར་ནས་སེམས་ཅན་སྟོང་ཕྲག་དུ་མ་ལ་ཆོས་སྟོན་པར་བྱེད་པ་ལས། ཕྱིས་ཞིག་ན་བདག་གི་གྲོགས་པོ་རྣམས་ཀྱིས་ནི་དགྲ་བཅོམ་པ་ཐོབ་ལ་བདག་གིས་ནི་ཅི་ཡང་མ་ཐོབ་བོ་སྙམ་དུ་སྐྱོ་སྟེ་ཆོས་སྟོན་པ་ལ་སྤྲོ་བ་མེད་པར་གྱུར་ཏེ། དོན་ལ་སེམས་ཤིང་རབ་ཏུ་བརྩོན་པ། མཐར་གྱིས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་དྲང་སྲོང་དེ་ཐོས་པའི་རྒྱགས་པས་དྲེགས་ནས་ཅི་ཡང་མ་ཐོབ་ལ། སླད་ཀྱི་ཐོས་པ་དེ་ཉིད་སེམས་པ་དང་། འཇལ་བ་དང་། ཉེ་བར་བརྟགས་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཐོབ་པ་ལ་གཟིགས། བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། སྔོན་འདས་པའི་དུས་ན་ཡང་འདི་ཉིད་བྲམ་ཟེ་འོད་སྲུང་གཙོ་བོ་ཞེས་བྱ་བར་གྱུར་ཏེ། དེ་རི་སུལ་ཞིག་ན་དྲང་སྲོང་འཁོར་ཁྲི་ཉིས་སྟོང་ཡོད་པ་ཞིག་གི་ཐད་དུ་རབ་ཏུ་བྱུང་ཞིང་བསྟན་བཅོས་ཐམས་ཅད་ཁོང་དུ་ཆུད་པར་བྱས་སོ། །དེ་ནས་ཕྱིས་ཞིག་ན་དྲང་སྲོང་གཙོ་བོ་དེ་འདས་ནས། དེའི་འཁོར་བྲམ་ཟེའི་ཁྱེའུ་ཁྲི་ཉིས་སྟོང་པོ་མྱ་ངན་གྱིས་ནོན་པ་ན། དེ་ཐམས་ཅད་འོད་སྲུང་གཙོ་བོས་བསྐྱངས་ཏེ་དེ་དག་ལ་ཡིད་བྱེད་ཀྱི་ལུང་ཕོག་པས། དེ་ཐམས་ཅད་ཀྱིས་བསམ་གཏན་བཞི་དང་། མངོན་ཤེས་ལྔ་བསྐྱེད་དོ། །དེ་ནས་ཕྱི་ཞིག་ན་འོད་སྲུང་གཙོ་བོས་བསམ་པ་བདག་གི་སློབ་མ་འདི་རྣམས་ཀྱིས་ནི་བདག་གི་ཡིད་ལ་བྱེད་པས་ཆོས་འདི་ལྟ་བུ་རྟོགས་པར་གྱུར་ལ། བདག་ནི་ཐོས་པའི་རྒྱགས་པས་དྲེགས་པས་ཅི་ཡང་མ་ཐོབ་ན། བདག་ལ་ཐོས་པ་འདི་ཅི་དགོས་སྙམ་ནས། ངེས་ཀྱང་སེམས་པ་དང་། འཇལ་བ་དང་། ཉེ་བར་བརྟགས་པས་བསམ་གཏན་བཞི་དང་། མངོན་ཤེས་ལྔ་བསྐྱེད་དེ་དེའི་ཚེ་ཡང་ཐོས་པས་དྲེགས་ནས་ཅིའང་མ་ཐོབ་པ་ལ། ཕྱིས་ཐོས་དོན་སེམས་པས་བསམ་གཏན་དང་མངོན་ཤེས་བསྐྱེད་པར་གསུངས་སོ། །དེར་དགེ་སློང་རྣམས་ཀྱིས་དྲང་སྲོང་དེ་རྣམས་ཀྱི་ལས་ཀྱི་རྒྱུ་ཞུས་པ་ན། དེ་ནི་སྨོན་ལམ་གྱི་དབང་གིས་ཏེ། སྔོན་བསྐལ་པ་བཟང་པོ་འདིའི་སྐྱེ་དགུ་རྣམས་ཚེ་ལོ་བཞི་ཁྲི་ཐུབ་པའི་དུས་སུ་སངས་རྒྱས་འཁོར་བ་འཇིག་འཇིག་རྟེན་དུ་བྱོན་ནས་སྐུ་མྱ་ངན་ལས་འདས་པའི་སྐུ་གདུང་ལ་རྒྱལ་པོ་མཛེས་ལྡན་གྱིས་མཆོད་རྟེན་བཞེངས་ཏེ་དུས་སྟོན་གྱི་མཆོད་པ་བཙུགས་པ་ན། རི་ཁྲོད་ཀྱི་རྒྱལ་པོ་འཁོར་ཁྲི་ཉིས་སྟོང་དང་ལྡན་པ་ཞིག་གིས་ཀྱང་མངོན་པར་མཆོད་ནས། སྟོན་པ་འདི་འདྲ་བའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་པར་གྱུར་ཅིག་བྱས་སོ། །འཁོར་རྣམས་ཀྱིས་ཀྱང་། བདག་ཅག་རྣམས་ཀྱང་ཁྱོད་ལ་བརྟེན་ནས་སྟོན་པ་འདི་འདྲ་བ་མཉེས་པར་བྱས་ཏེ། དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བྱས་སོ། །དེའི་དུས་ཀྱི་རྒྱལ་པོ་ནི་དྲང་སྲོང་འདི་ཉིད་ཡིན་ལ། འཁོར་ཁྲི་ཉིས་སྟོང་པོ་ནི་བྲམ་ཟེའི་ཁྱེའུ་འདི་རྣམས་ཡིན་ལ། གཞན་ཡང་འདི་ཐམས་ཅད་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ཞིང་དབང་པོ་ཡོངས་སུ་སྨིན་པར་བྱས་པས་ད་ལྟར་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ་གསུངས་སོ། །འདིས་ནི་ཐོས་པས་དྲེགས་པའི་ཉེས་དམིགས་དང་། དོན་ལ་སེམས་པའི་ཕན་ཡོན་ཀྱང་བསྟན་པ་ཡིན་ནོ། །

ཁྲིམས་གྲོགས་མེད་པར་གཅིག་པུར་བུད་མེད་དང་མཉམ་དུ་འགྲོགས་པའི་ཉེས་དམིགས་ཀྱང་བསྟན་པ།

༈ ཡང་སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། རྒྱལ་པོ་གཟུགས་ཅན་སྙིང་པོའི་གླང་པོ་ཆེའི་བླ། གླང་ཆེན་སྙིང་པོ་ཞེས་བྱ་བའི་བུ་ནག་པ་གླང་ཆེན་གནས་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་བཟོ་དང་སྒྱུ་རྩལ་གྱི་རིགས་ཐམས་ཅད་ལ་བྱང་བར་བྱས་པ་ཞིག་ཡོད་པ་དེ། ཕ་མ་ཤི་བའི་འོག་ཏུ་རྒྱལ་པོ་གཟུགས་ཅན་སྙིང་པོས་གླང་པོ་ཆེའི་བླར་བསྐོས་ཏེ། ཕའི་ལས་ཐབས་དེ་ཉིད་བྱིན་ཅིང་། ཆུང་མ་དང་བཅས་ཏེ་ཁྱིམ་དུ་དགའ་མགུར་སྤྱོད་པ་ལས། ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་རབ་ཏུ་བྱུང་ཞིང་། སྡེ་སྣོད་གསུམ་བསླབས་ཏེེ། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ཅིང་བསམ་གཟུགས་ཀྱི་ཏིང་ངེ་འཛིན་རྣམས་ཀྱང་བསྐྱེད་ནས། འཁོར་སློབ་མ་ལྔ་བརྒྱ་ཙམ་བསྡུས་ཏེ་ལྗོངས་རྒྱུ་བ་ལས་མཐར་གྱིས་རྒྱལ་པོའི་ཁབ་ཏུ་རང་གི་ཁྱིམ་དང་ཉེ་བར་ཕྱིན་པ་ན། སྔར་ཁྱིམ་ན་གནས་པའི་ཆུང་མ་དེས་ཁྱིམ་དུ་སྤྱན་དྲངས་ནས། དེའི་རྒྱུད་བརྟགས་པས་དེས་འཕགས་པའི་ཆོས་མ་ཐོབ་པར་རིག་ནས་ཐབས་སྣ་ཚོགས་པས་འཁོར་རྣམས་དང་ཕྲལ་ནས་གཅིག་པུར་གྱུར་པ་ན། ངན་གཡོས་བསླུས་ཏེ་དེས་ཀྱང་བསླབ་གཞི་ཕུལ་ཏེ་ཁྱིམ་དུ་གནས་པར་གྱུར་ཏོ། །དོན་དེ་དགེ་སློང་རྣམས་ཀྱིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པས། བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་དེ་ནི་ཡུན་རིང་དུ་ཁྱིམ་ན་མི་གནས་ཏེ། དེ་ནི་ཡང་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་འགྱུར་རོ་གསུངས། དེ་ནས་ཕྱི་ཞིག་ན་ནག་པ་གླང་ཆེན་གནས་དེ་ཉིད་འདུལ་བའི་དུས་ལ་བབ་པར་གཟིགས་ནས། བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ནས་བསོད་སྙོམས་བཞེས་ཏེ་ཚུར་ཕེབས་པའི་ལམ་ཀར་དེའི་སྒོ་དྲུང་དུ་བྱོན་ནས་ནག་པ་གླང་ཆེན་གནས་ལ། ཁྱོད་ཁྱིམ་ན་གནས་པ་ཐོངས་ལ་ཚུར་ཤོག ཡང་ངའི་ཐད་དུ་རབ་ཏུ་ཕྱུངས་ཤིག་ཅེས་བཀའ་སྩལ་ཏོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་ནི། སྐུ་ཚེ་སྔ་མ་རྣམས་སུ་བླ་མ་དང་བླ་མའི་གནས་ལྟ་བུར་གྱུར་པ་སུའི་ངག་ཀྱང་མ་བཅག་པས་ན། བཅོམ་ལྡན་འདས་ཀྱི་བཀའ་ཡང་སུས་ཀྱང་གཅོག་མི་ནུས་པས། ངེས་ཀྱང་བཀའ་བཞིན་དུ་འཚལ་ལོ་ཞེས་གསོལ་ཏེ་ཕྱི་བཞིན་དུ་འབྲངས་ནས་འོད་མའི་ཚལ་དུ་ཁྲིད་ནས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་ལུང་ཕོག་པ་དང་། བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པས། སྔོན་རི་ཁྲོད་ཀྱི་གྲོང་ཞིག་ན། ཁྱིམ་བདག་ནག་པ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་བ་ཞིག་མཆིས་པ་དེ་སྐྱེད་མོས་ཚལ་དུ་རྩེ་བ་ན། རང་སངས་རྒྱས་ཞིག་བསོད་སྙོམས་ལ་བྱོན་པ་དང་འཕྲད་ནས་དད་པའི་སེམས་སྐྱེས་ཏེ་བསོད་སྙོམས་ཕུལ་ཞིང་། རང་སངས་རྒྱས་དེ་བཞུགས་པའི་གནས་དྲིས་ཏེ་དུས་དང་དུས་སུ་བཤོས་ཕུལ་ཞིང་བསྙེན་བཀུར་གྱི་ཕྱིར་འགྲོ་བ་ལས། ཕྱིས་ཞིག་ནས་རབ་ཏུ་བྱུང་འདོད་ཀྱི་བློ་སྐྱེས་ཏེ། རང་སངས་རྒྱས་དེ་ལས་རབ་ཏུ་བྱུང་བར་གསོལ་བ་གདབ་པས། དེས་སྨྲས་པ། དེ་ནི་རབ་ཏུ་བྱུང་བར་མི་བྱེད་དོ། །དྲང་སྲོང་རྣམས་ཀྱི་ཐད་དུ་སོངས་ཤིག དེ་ནས་དེས་ཁྱིམ་བཏང་སྟེ་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་སྟེ་བསམ་གཏན་བཞི་དང་མངོན་ཤེས་ལྔ་ཡང་བསྐྱེད་དོ། །དེ་ནས་དེས་སྔོན་གྱི་རང་སངས་རྒྱས་ལ་བསྙེན་བཀུར་བྱ་བར་འདོད་ནས་སོང་བ་དང་དེ་ཉིད་མྱ་ངན་ལས་འདས་ཟིན་པས་དེའི་སྐུ་གདུང་ལ་མཆོད་རྟེན་བརྩེགས་ནས་བཀུར་སྟི་བྱས་ཏེ་སྨོན་ལམ་བཏབ་བོ། །དེ་ནས་ཕྱི་ཞིག་ན་དེ་ཚེ་འཕོས་ཏེ་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དེའི་དུས་ཁྱིམ་བདག་ནག་པར་གྱུར་པ་གང་ཡིན་པ་དེ་ནི་འདི་ཉིད་ཡིན་ཏེ། དེའི་ཚེ་རང་སངས་རྒྱས་ལ་མཆོད་པས་ཕྱུག་ཅིང་ནོར་མང་བ་དང་། སྨོན་ལམ་བཏབ་པས་སངས་རྒྱས་དང་ཕྲད་ཅིང་འབྲས་བུ་ཐོབ་པའི་བར་དུ་གྱུར་ཏོ། །གཞན་ཡང་སྔོན་འདས་པའི་དུས་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་ཞེས་པས་རྒྱལ་པོ་བྱེད་པའི་ཚེ། དེའི་མདུན་ན་འདོན་བྲམ་ཟེ་མེས་སྦྱིན་ཞེས་པའི་ཆུང་མ་ལ་ཁྱེའུ་གཉིས་བྱུང་སྟེ། དེ་གཉིས་གཅིིག་མིང་ལ་མེ་བུ་དང་། གཅིག་ལ་མེ་ལྕེ་ཞེས་བཏགས་སོ། །དེ་གཉིས་ཆེར་སྐྱེས་པ་ན་ཁྱིམ་བཏང་སྟེ་ནགས་སུ་སོང་བས་དེ་གཉིས་ཀྱི་བསམ་གཏན་བཞི་དང་མངོན་ཤེས་ལྔ་ཡང་གྲུབ་སྟེ་རང་གི་ཁྱིམ་དུ་ཕ་མ་ལ་བལྟར་ཕྱིན་པས། ཕ་མའང་ཤིན་ཏུ་དགའ་སྟེ་མངོན་པར་མཆོད་ནས་དེའི་སྐྱེད་མོའི་ཚལ་དུ་སྤྱིལ་པོ་བཅས་ཏེ་དྲང་སྲོང་དེ་གཉིས་འཁོད་པ་ན། རྒྱལ་པོ་ཚངས་བྱིན་ཡང་དད་ནས་སྤྱན་དྲངས་པས། དུས་དུས་སུ་དྲང་སྲོང་དེ་གཉིས་ནམ་མཁའ་ལ་འཕུར་ནས་རྒྱལ་པོའི་ཕོ་བྲང་དུ་འགྲོ་བར་བྱེད་པ་ལ། རྒྱལ་པོས་ཀྱང་ནམ་མཁའ་ནས་པང་པས་བླངས་ཏེ་སྟན་ལ་བཞག་ནས། ཁ་ཟས་བཟང་པོས་ཚིམས་པར་བྱས་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་པ་ལས། ཕྱིས་ཞིག་ན་རྒྱལ་པོ་ཚངས་བྱིན་གྱིས་འབངས་རི་ཁྲོད་པ་རྣམ་ལོག་ནས་དཔུང་གི་ཚོགས་དང་བཅས་ཆས་ནས། བུ་མོ་ལ་སྔར་ལྟར་དྲང་སྲོང་གཉིས་འོངས་ན་བཀུར་སྟི་གྱིས་ཤིག་བྱས་སོ། །དེ་སོང་བའི་འོག་ཏུ་དྲང་སྲོང་མེ་ལྕེ་ཕོ་བྲང་དུ་ཕྱིན་པ་ན་བུ་མོ་དེས་པང་པས་བླངས་པས། བུ་མེད་རྣམས་ནི་རེག་ན་གདུག་པ་ཡིན་པས། དེས་རེག་མ་ཐག་ཏུ་དྲང་སྲོང་མེ་ལྕེ་རྫུ་འཕྲུལ་ལས་ཉམས་སོ། །དེ་ནས་རྒྱལ་པོའི་བུ་མོ་དེའང་བྲམ་ཟེ་ལ་ཆགས་ཏེ་ཕན་ཚུན་འཁྲིག་པའི་ཆོས་བསྟན་ཏེ། དེ་ཉིད་དུ་གནས་པ་དང་། རྒྱལ་པོའང་ཕྱིར་འཁོར་ཏེ་ཐེ་ཚོམ་དུ་གྱུར་པ་ན། དྲང་སྲོང་མེའི་བུ་དཀའ་ཐུབ་ཀྱི་ཚལ་ན་གནས་པས་མངོན་ཤེས་ཀྱིས་བརྟགས་པས་དེའི་དོན་རིག་ན། འདི་དེང་དུ་སྲོག་ཡལ་བར་གྱུར་སྲིད་དོ་སྙམ་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འོངས་ནས། རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནས་རྒྱལ་པོ་ལ་མགུ་བར་འགྱུར་བའི་ཆོས་བཤད་ནས། ནུ་བོ་ཁྲིད་དེ་སྟེང་གི་ནམ་མཁའ་ལས་དཀའ་ཐུབ་ཀྱི་ནགས་སུ་སོང་ཞིང་། དེ་ལ་ཡིད་བྱེད་ཀྱི་མན་ངག་ཕོག་པས། ཕྱིར་ཡང་བསམ་གཏན་དང་མངོན་ཤེས་ལ་བཀོད་དོ། །དེ་ནས་རྒྱལ་པོས་སྔར་གྱིས་གཏམ་ཐོས་པས་ཁྲོས་ནས། དཔུང་གི་ཚོགས་དང་བཅས་དྲང་སྲོང་དེ་གསོད་པའི་ཕྱིར་དཀའ་ཐུབ་ཀྱི་ཚལ་ན་འོང་བའི་ཚེ། དྲང་སྲོང་གིས་ཀྱང་དེའི་དོན་རིག་ནས་སྟེང་གི་ནམ་མཁའ་ལ་རྫུ་འཕྲུལ་གྱིས་འཁོད་ཅིང་སླར་ཡང་བསམ་གཏན་དང་མངོན་ཤེས་ཐོབ་པར་བསྟན་པས་རྒྱལ་པོ་ཡང་དགའ་བར་གྱུར་ཏེ་རྐང་པ་ལ་ཕྱག་བྱས་ཤིང་བཟོད་པར་གསོལ་ནས་སོང་ངོ་། །དེའི་ཚེ་དྲང་སྲོང་མེའི་བུར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་ནི་ང་ཡིན་ལ། དེའི་ནུ་བོར་གྱུར་པ་དེ་ནི་ནག་པ་གླང་ཆེན་གནས་འདི་ཁོ་ན་ཡིན་ཏེ། དེའི་ཚེ་རྒྱལ་པོའི་བུ་མོར་གྱུར་པ་དེ་ནི་ཆུང་མ་འདི་ཉིད་དོ། །དེའི་ཚེ་ན་ཡང་འདི་ཚངས་སྤྱོད་ལས་ཉམས་པར་བྱས་པ་ངས་དྲངས་སོ། །གཞན་ཡང་སངས་རྒྱས་འོད་སྲུང་གི་དུས་འདི་ཉིད་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་སྤྱོད་ལ་གནས་ཤིང་། དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པས་ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ་གསུངས། འདིས་ནི་ཁྲིམས་གྲོགས་མེད་པར་གཅིག་པུར་བུད་མེད་དང་མཉམ་དུ་འགྲོགས་པའི་ཉེས་དམིགས་ཀྱང་བསྟན་པ་ཡིན་ནོ། །

རབ་ཏུ་བྱུང་བ་སོགས་ཡུལ་དམ་པ་ལ་ལྕག་གིས་གཞུས་པ་སོགས་ཁྲིམས་གཏད་པའི་ཉེས་དམིགས་ཀྱང་བསྟན་པ།

༈ ཡང་སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། ཡུལ་གྱེན་དུ་རྒྱལ་གྱི་རྒྱལ་པོ་རབ་སྣང་དང་། ཡུལ་དཔའ་རབ་ཀྱི་རྒྱལ་པོ་འཆར་ཀ་གཉིས་ཕན་ཚུན་མི་མཐུན་པར་གྱུར་ཏེ། དུས་དུས་སུ་སྐྱེ་བོ་ཕལ་མོ་ཆེ་ལ་འདོག་པར་བྱེད་དོ། །དེའི་ཚེ་འཕགས་པ་ཀཱ་ཱཏྱ་ཡ་ནའི་བུས། དགྲ་བཅོམ་པ་ཐོབ་སྟེ་སངས་རྒྱས་ལ་བྱས་པ་གཟོ་བའི་ཕྱིར། སེམས་ཅན་ལ་ཕན་འདོགས་པར་བྱའོ་སྙམ་དུ་རང་གི་འདུལ་སྐལ་གང་ཡོད་བརྟགས་པས། ཡུལ་དཔའ་རབ་ཀྱི་སྐྱེ་བོ་རྣམས་ལྷག་པར་གདུལ་དུ་རུང་བར་མཐོང་ནས་བཅོམ་ལྡན་འདས་ལ་ལྗོངས་རྒྱུ་བར་གསོལ་བས་བཀའ་སྩལ་པ། ཀཱ་ཏྱ་ཡ་ནའི་བུ་ཁྱོད་སོང་ལ་བདག་བརྒལ་ནས་གཞན་སྒྲོལ་ཅིག་བདག་གྲོལ་ནས་གཞན་གྲོལ་བར་གྱིས་ཤིག བདག་དབུགས་དབྱུང་ནས་གཞན་དབུགས་ཕྱུངས་ཤིག བདག་ཡོངས་སུ་མྱ་ངན་ལས་འདས་ནས་གཞན་ཡོངས་སུ་མྱ་ངན་ལས་ཟློས་ཤིག དེ་ནས་ཚེ་དང་ལྡན་པ་ཀཱ་ཏྱ་ཡ་ནའི་བུས་ཕྱག་བྱས་ཏེ། འཁོར་ལྔ་བརྒྱ་དང་བཅས་ལྗོངས་རྒྱུ་ཞིང་སོང་ནས། ཡུལ་གྱེན་དུ་རྒྱལ་དུ་རྒྱལ་པོ་གཏུམ་པོ་རབ་སྣང་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པར་བྱས་ཤིང་། ཡུལ་དཔའ་རབ་ཏུ་སོང་ནས། རྒྱལ་པོ་འཆར་ཀ་དད་པ་ཕུན་སུམ་ཚོགས་པ་ལ་གནས་པར་བྱས་སོ། །སྐྱེ་བོ་ཕལ་མོ་ཆེ་ཡང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པར་བྱས་སོ། །དེའི་ཚེ་རྒྱལ་པོ་འཆར་ཀའི་བུ་ས་ར་ན་ཞེས་པ་བཟོ་དང་སྒྱུ་རྩལ་གྱི་གནས་མཐའ་དག་ལ་བྱང་བར་བྱས་པ་ཞིག་ཡོད་པ་དེ་བསྟན་པ་ལ་དད་པ་རྙེད་ནས་ཕ་མ་ལ་གནང་བ་ཞུས་ཏེ་ཚེ་དང་ལྡན་པ་ཀཱ་ཏྱ་ནའི་བུའི་ཐད་དུ་རབ་ཏུ་བྱུང་ཤིང་བསྙེན་པར་རྫོགས་སོ། །དེ་ནས་དེ་ཁྲིད་དེ་ཡུལ་གྱེན་དུ་རྒྱལ་དུ་སོང་ནས་འཁོད་པ་ན། ཚེ་དང་ལྡན་པ་ས་ར་ན་གྲོང་དུ་བསོད་སྙོམས་ལ་ཕྱིན་པ། རྒྱལ་པོའི་ཕོ་བྲང་དུ་སོང་ནས་རྒྱལ་པོའི་བཙུན་མོ་རྣམས་དད་པར་གྱུར་ཏེ་སྟན་བཤམས་ཤིང་བཟའ་བཅའ་མང་པོས་ཚིམས་པར་བྱས་ཏེ་ཆོས་ཉན་དུ་འཁོད་པ་ན། རྒྱལ་པོ་རབ་སྣང་གིས་མཐོང་སྟེ་ཁྲོས་ནས་ཚེ་དང་ལྡན་པ་ས་ར་ན་ལ་སྨྲས་པ། ཅི་ཁྱེད་དགྲ་བཅོམ་པ་ཡིན་ནམ། དེས་སྨྲས་པ། རྒྱལ་པོ་ཆེན་པོ་མ་ཡིན་ནོ། །དེ་བཞིན་དུ། ཕྱིར་མི་འོང་བ་དང་། ལན་ཅིག་ཕྱིར་འོང་བ་དང་། རྒྱུན་དུ་ཞུགས་པ་དང་། གཟུགས་མེད་པ་བཞི་དང་། བསམ་གཏན་བཞི་རྣམས་ཐོབ་པ་ཡིན་ནམ་ཞེས་དྲིས་པས། དེས་རྒྱལ་པོ་ཆེན་པོ་མ་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་རྒྱལ་བ་དེས་ཞམ་རིང་བ་རྣམས་བོས་ནས་དགེ་སློང་དེ་ལྕག་གིས་ཞེན་པར་བཞུས་ཏེ་བཏང་ང་ོ། །དེ་ནས་དེ་ཁྲོས་ཏེ་བདག་མ་ཉེས་བཞིན་དུ་དུས་ངན་པའི་རྒྱལ་པོ་གཏུམ་པོ་འདིས་བརྡེགས་ཀྱིས། བདག་ཕའི་ཡུལ་དུ་སོང་ནས་དཔུང་གི་ཚོགས་ཡན་ལག་བཞི་བསགས་ཏེ་འདི་ཉིད་མེད་པར་བྱའོ་སྙམ་སྟེ་མཁན་པོའི་རྐང་པ་ལ་ཕྱག་བྱས་ནས་དོན་དེ་རྒྱས་པར་བསྙད་དེ་བསླབ་གཞི་རྣམས་བཞེས་པར་གསོལ་པས། མཁན་པོས་བུ་ཁྲོ་བའི་དབང་དུ་མ་འགྲོ་ཞིག་བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བ་ནི། འཇིག་རྟེན་གྱི་ཆོས་བརྒྱད་དེ། རྙེད་པ་དང་། མ་རྙེད་པ་དང་། གྲགས་པ་དང་། གྲགས་པ་མ་ཡིན་པ་དང་། བསྟོད་པ་དང་། སྨད་པ་དང་། བདེ་བ་དང་། སྡུག་བསྔལ་བ་ཐམས་ཅད་བཟོད་པར་བྱའོ་ཞེས་མ་གསུངས་སམ་ཞེས་བྱས་ཏེ་ལན་དུ་མར་བཀག་ཀྱང་དགག་མ་ནུས་ནས། ཁྱོད་ཅིས་ཀྱང་འགྲོ་འདོད་ན་ད་ལྟར་ནམ་སྲོས་སུ་ཉེ་བས་གཅན་གཟན་སོགས་ལམ་གྱི་འཇིགས་པ་ཆེ་བས་དོ་ནུབ་འདིར་སྡོད་ལ་ནང་བར་སོངས་ཤིག དེས་ཀྱང་བཀའ་བཞིན་འཚལ་ལོ་ཞེས་བྱས་ཏེ་གནས་དེར་ཉལ་བ་ན། ཚེ་དང་ལྡན་པ་ཀཱ་ཏྱ་ཡ་ནའི་བུས་དེ་བཟློག་པའི་ཕྱིར་རྨི་ལམ་དུ་འདི་ལྟར་རྨི་བ་བྱིན་གྱིས་བརླབས་ཏེ། དེས་བསླབ་པ་ཕུལ་ཏེ་ཁྱིམ་དུ་ཕྱིན་ནས་རྒྱལ་སྲིད་ལ་དབང་སྒྱུར་ཞིང་དཔུང་གི་ཚོགས་བསགས་ཏེ། རྒྱལ་པོ་རབ་སྣང་གི་སྟེང་དུ་དྲངས་པ་ལས། དེས་རང་ཉིད་ཕམ་པར་བྱས་ཏེ་རྒྱལ་པོ་རབ་སྣང་གིས་བཟུང་སྟེ་གཤེད་མའི་མི་རྣམས་ཀྱིས་ཁྲིད་ནས་གསོད་སར་ཕྱིན་དུ་ཉེ་བ་ན་འཕགས་པ་ཀཱ་ཏྱ་ཡ་ནའི་བུ་གྲོང་དུ་བསོད་སྙོམས་བྱེད་ཅིང་འདུག་པར་གུས་བཏབ་སྟེ། མཁན་པོ་བདག་གི་སྐྱབས་མཛད་དུ་གསོལ། བདག་ལ་དཀའ་བ་མཛད་པ་དང་། སྲོག་ཕངས་པ་སྦྱིན་པར་མཛད་དུ་གསོལ་ཞེས་ཟེར་ཞིང་འདུག་པ་ན་རྨི་ལམ་སད་པར་མཛད་པས། དེ་རྨི་ལམ་སད་ནས་ཀྱང་དེ་སྐད་ཟླ་བར་བྱེད་པ་ལ། འཕགས་པས་དེ་ལ། བུ་ཁྱོད་ཀྱིས་རྨི་ལམ་མཐོང་བར་ཟད་ཀྱིས་མ་འཇིགས་ཤིག་བྱས་པས་དེ་ཐོས་པ་དང་སེམས་རྣལ་དུ་བབས་ཏེ་མནོ་བསམ་བཏང་བས་དེ་ལྷག་པར་ཡང་སེམས་སྐྱོ་བར་གྱུར་པ་ལ། དེ་དང་མཐུན་པའི་ཆོས་བསྟན་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་ས་ར་ནས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེར་རྒྱལ་པོ་རབ་སྣང་གིས་ཀྱང་གཏམ་ཐོས་ནས་བཟོད་པར་གསོལ་ཞིང་དེ་ལ་བརྟེན་ནས་ཀཱ་ཏྱ་ཡ་ནའི་བུ་ཞག་བདུན་གྱི་བར་དུ་བཤོས་ལ་སྤྱན་དྲངས་ཤིང་། དེ་ནས་རིམ་པར་རྒྱལ་པོའི་ཁབ་ཏུ་ཕྱིན་པས། དགེ་སློང་རྣམས་ཀྱིས་དེའི་གཏམ་ཐོས་ནས་བཅོམ་ལྡན་འདས་ལ་བཙུན་པ་ས་ར་ནའི་ལས་ཀྱི་རྒྱུ་ཞུས་པར། བཀའ་སྩལ་པ། བཙུན་པ་ས་ར་ན་འདི་སྔོན་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བར་གྱུར་ཏེ། དེ་སྐྱེད་མོས་ཚལ་དུ་རྒྱུ་བ་ལས། དེར་རང་སངས་རྒྱས་ཞིག་བཞུགས་པ་ལ་བཙུན་མོའི་འཁོར་རྣམས་དད་ནས་ཕྱག་བྱས་ཏེ་དྲུང་དུ་འཁོད་པ་ན། རྒྱལ་པོ་དེ་ཉིད་ཁྲོས་ཏེེ་རང་སངས་རྒྱས་དེ་ལྕག་གིས་ཞེན་པར་བཞུས་སོ། །དེ་ནས་རང་སངས་རྒྱས་དེས་དེ་ལ་ཐུགས་བརྩེ་བའི་སླད་དུ་སྟེང་གི་ནམ་མཁའ་ལ་འཕགས་ཏེ་འབར་བ་ལ་སོགས་པའི་ཆོ་འཕྲུལ་སྣ་ཚོགས་པ་བསྟན་པས་རྒྱལ་པོ་དེར་རབ་ཏུ་དད་ནས་འགྱོད་པ་ཆེན་པོས་ནོངས་པ་བཤགས་ཤིང་སྐྱེད་མོས་ཚལ་དེར་སྤྱིལ་པོ་ཕུབ་ནས་ཇི་སྲིད་འཚོ་བའི་བར་དུ་བསྙེན་བཀུར་ཕུལ་ཞིང་། དེ་མྱ་ངན་ལས་འདས་ནས་སྐུ་གདུང་ལ་མཆོད་རྟེན་བྱས་ཏེ་བཀུར་སྟི་ཆེན་པོས་མཆོད་པར་བྱས་ནས་སྨོན་ལམ་བཏབ་བོ། །དེའི་ཚེ་རང་སངས་རྒྱས་དེ་ལ་ལྕག་གིས་གཞུས་པས་ཚེ་རབས་ཐམས་ཅད་དུ་ལྕག་གི་འོག་ཏུ་ཤི་བར་གྱུར་ལ། སླར་འགྱོད་ཚངས་ཕུལ་ནས་བསྙེན་བཀུར་བས་ཕྱུག་ཅིང་ནོར་མང་བ་དང་། སྨོན་ལམ་གྱི་དབང་གིས་སངས་རྒྱས་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ། །གཞན་ཡང་འདི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ། རབ་ཏུ་བྱུང་ཞིང་ཚངས་པར་སྤྱད་ནས་དབང་པོ་དུལ་བར་བྱས་པའི་རྒྱུས་ད་ལྟར་རྣམ་པར་གྲོལ་ལོ་གསུངས། འདིས་ནི་རབ་ཏུ་བྱུང་བ་སོགས་ཡུལ་དམ་པ་ལ་ལྕག་གིས་གཞུས་པ་སོགས་ཁྲིམས་གཏད་པའི་ཉེས་དམིགས་ཀྱང་བསྟན་པ་ཡིན་ནོ། །

ངག་བག་མེད་པའི་ཉེས་པ་དང་ཚུལ་ཁྲིམས་ཀྱི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། ཡུལ་བི་དེ་ཧའི་ལྗོངས་ཀྱི་རི་དྭགས་ཀྱི་བརྟུལ་ཞུགས་ཅན་རི་དྭགས་ཀྱི་ལྤགས་པ་གྱོན་ཞིང་རྭ་ཐོགས་པ་རི་དྭགས་རྣམས་དང་ལྷན་ཅིག་ཏུ་རྩྭ་ཟ་ཞིང་ཆུ་འཐུང་བ་ལྔ་བརྒྱ་ཙམ་ཞིག་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་འདུལ་བའི་དུས་ལ་བབ་པར་གཟིགས་ནས། དེ་རྣམས་ཀྱིས་རི་དྭགས་དེ་རྒྱལ་པོའི་ཁབ་ཏུ་འགྲོ་བར་མཐོང་ལ། དེ་དག་དང་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཏུ་འགྲོ་བར་འགྱུར་བ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་སྤྲུལ་པའི་རི་དྭགས་དེ་རྣམས་མི་སྣང་བར་བྱས་པས། དེ་དག་རིམ་གྱིས་འོད་མའི་ཚལ་དུ་ཞུགས་ཏེ་སངས་རྒྱས་དང་མཇལ་བས་སེམས་རབ་ཏུ་དགའ་ནས་ཆོས་མཉན་པའི་ཕྱིར་འཁོད་པ་ལ། མཐུན་པའི་ཆོས་བསྟན་པས་དེ་རྣམས་ཀྱིས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ཅིང་། དེ་ནས་ཚུར་ཤོག་གིས་བསྙེན་པར་རྫོགས་པས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ཀྱིས་དེ་དག་གི་ལས་ཀྱི་རྒྱུ་ཞུས་པས། འདི་རྣམས་སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་དཀའ་ཐུབ་ཀྱི་གནས་ཞིག་ན་བྲམ་ཟེ་འཁོར་ལྔ་བརྒྱ་དང་ལྡན་པ་ཞིག་ཏུ་གྱུར་ཏེ། དེའི་ཚེ་སངས་རྒྱས་འཁོར་དང་བཅས་པ་གཤེགས་པར་མཐོང་ནས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། འོད་སྲུང་གི་དགེ་སློང་རི་དྭགས་བཞིན་དུ་རྒྱུ་བ་འདི་ལ་ལྟོས། འདི་རྣམས་ནི་གནས་མེད་དེ། གང་དགའ་བར་རྒྱུ་བར་བྱེད་དོ་ཞེས་བྱས་སོ། །དེ་ནས་ཕྱིས་བྲམ་ཟེ་དེ་དད་པར་གྱུར་ནས། སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འཁོར་ལྔ་བརྒྱ་དང་བཅས་རབ་ཏུ་བྱུང་ཞིང་། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་། ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ནས་འཆི་ཀར་སྨོན་ལམ་བྱས་སོ། དེའི་ཚེ་དགེ་སློང་རྣམས་ལ་ཚིག་རྩུབ་མོ་སྨྲས་པས་སྐྱེ་བ་ལྔ་བརྒྱར་རི་དྭགས་སུ་སྐྱེས་ཤིང་། ད་ལྟར་སྲིད་པ་ཐ་མ་དང་གནས་ཐ་མར་གྱུར་པའི་བར་དུ་ཡང་རི་དྭགས་ཀྱི་ཆ་ལུགས་འཛིན་པར་གྱུར་ཏོ། །དེའི་ཚེ་ཚངས་པར་སྤྱོད་ཅིང་སྨོན་ལམ་བཏབ་པས་ད་ལྟར་སངས་རྒྱས་མཇལ་ཞིང་ཆོས་ཐོས་པ་ནས་དགྲ་བཅོམ་པའི་བར་དུ་གྱུར་པར་གསུངས། འདིས་ནི་ངག་བག་མེད་པའི་ཉེས་པ་དང་ཚུལ་ཁྲིམས་ཀྱི་ཕན་ཡོན་ཀྱང་བསྟན་ཏོ། །

ཚུལ་ཁྲིམས་དང་ལྡན་པས་ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་པར་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་བྲམ་ཟེ་ཆེ་ཞིང་མཐོ་བ་ཟླ་བ་བདེ་བ་ཞེས་པའི་ཆུང་མ་ལ་སྲིད་ཆགས་པས། དེའི་མཐུས་མ་དེས་ཀྱང་གཞུང་གི་རྩོད་པ་རྣམས་དང་ལྷན་ཅིག་ཏུ་གཏམ་ཟེར་ཡང་ཅི་མ་རུང་སྙམ་མོ། །དེ་ནས་དེ་ཟླ་དུས་ལ་བབས་པ་ན་བུ་མོ་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་བཙས་ཏེ་མིང་ཟླ་བར་བཏགས་སོ། །དེ་ཆེར་སྐྱེས་པ་ན་ཡི་གེ་དང་བསྟན་བཅོས་མཐའ་དག་ཚར་རེས་ལོས་པར་གྱུར་ཏེ་གཞུང་གི་རྩོད་པ་ཐམས་ཅད་ཚར་བཅད་དོ། །དེ་ནས་ཕྱི་ཞིག་ལ་སངས་རྒྱས་བཅོམ་ལྡན་འདས་ལ་མངོན་པར་དད་པར་གྱུར་ཏེ་སྤྱན་སྔར་ཕྱིན་ཅིང་ཆོས་མཉན་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཅིང་། དེ་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་དེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་སོ། །དེར་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམས་ཀྱི་ལས་ལ་འདུ་བ་ལོགས་ཞིག་ཏུ་གྱིས་ཤིག་ཅེས་བཀའ་སྩལ་པས། སྐྱེ་དགུའི་བདག་མོས་སོ་ཐར་གྱི་མདོ་འདོན་པར་མ་ནུས་ནས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱི་དགེ་སློང་རྣམས་ལ་སོ་སོར་ཐར་པ་བསྟན། དགེ་སློང་མ་རྣམས་ལ་ནི་མ་བསྟན་ལགས་ན། བཅོམ་ལྡན་འདས་ཀྱིས་སོ་སོར་ཐར་པ་བསྟན་དུ་གསོལ། བཀའ་སྩལ་པ། གལ་ཏེ་ལན་གཅིག་སྨྲས་པས་འཛིན་ནུས་ན་ནི་བསྟན་པར་བྱའོ། །དེའི་ཚེ་དགེ་སློང་མ་ཟླ་བ་འཁོར་དེ་ཉིད་དུ་འདུས་པས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བར་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སོ་སོར་ཐར་པ་བསྟན་དུ་གསོལ། ལན་གཅིག་བཀའ་སྩལ་པས། བདག་གིས་བཟུང་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་སོ་ཐར་གྱི་མདོ་བསྟན་ཏེ། ལན་གཅིག་པོ་དེས་དགེ་སློང་མ་ཟླ་བས་ལོབས་ཏེ་དེས་སྡེ་སྣོད་གསུམ་ཡང་ལོབས། ཚིག་ཏུ་བྱ་བ་ཅི་ཡང་རུང་བ་དེ་ཐམས་ཅད་ཀྱང་ཐོས་མ་ཐག་ཏུ་ལོབས་ནས། བཅོམ་ལྡན་འདས་ཀྱིས་དེ་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེར་དགེ་སློང་རྣམས་ཀྱིས་དེའི་རྒྱུ་ཞུས་པས་སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་འདི་ཉིད་དགེ་སློང་མར་གྱུར་ཏེ། དེ་རབ་ཏུ་བྱུང་བའི་མཁན་མོ་དེ་སངས་རྒྱས་འོད་སྲུང་གིས་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་ཡིན་ལ་དེའི་ཚེ་ཚེ་གཅིག་ཏུ་ཚངས་པ་མཚུངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཁྱད་པར་གང་ཡང་མ་ཐོབ་ནས། འཆི་ཀར་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་སྟེ་ཐོས་པ་འཛིན་པའི་མཆོག་ཏུ་ལུང་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་དུ་བྱས་སོ། །ལས་དེའི་རྒྱུས་ད་ལྟར་དགྲ་བཅོམ་པ་ཉིད་མངོན་དུ་བྱས་ནས་ངས་འདི་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ་གསུངས། འདིས་ནི་ཚུལ་ཁྲིམས་དང་ལྡན་པས་ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་པར་བསྟན་པ་ཡིན་ནོ། །

བྱང་ཆུབ་སེམས་དཔའི་ཕྱིར་རང་གི་སྲོག་བཏང་བའི་ལོ་རྒྱུས།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་ཕྱུག་པོ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ་ཞིག་ལ། ཁྱེའུ་ལྟ་{བལྟ་འདིའི་འདི་ལྟར་ཞུས། }ན་སྡུག་པ་ཞིག་བྱུང་སྟེ་དེ་གཟུགས་བྱད་ཧ་ཅང་མཛེས་ཆེས་པས་མིང་མིའམ་ཅི་ཞེས་བཏགས་སོ། །དེ་ཆེར་སྐྱེས་པ་ན་གཟུགས་བྱད་ཀྱི་དྲེགས་པས་སུ་ལའང་འདུད་པར་མི་བྱེད་པས་ཕ་མ་གཉིས་ཀྱིས་དེའི་དྲེགས་པ་བསལ་བའི་ཆེད་དུ། བཅོམ་ལྡན་འདས་ཀྱི་བསྔགས་པ་བརྗོད་ནས་དེའི་སྤྱན་སྔར་བཏང་བས། དེས་སངས་རྒྱས་ཀྱི་མཚན་དཔེའི་སྐུ་མཆོག་མཐོང་བའི་མོད་ལ་དྲེགས་པ་དེ་མེད་པར་གྱུར་ནས་ཞབས་ལ་ཕྱག་བྱས་ཏེ་ཆོས་ཉན་པས་རྒྱུན་དུ་ཞུགས་པ་ཐོབ་ཅིང་། རབ་ཏུ་བྱུང་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས་དོན་དེ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ད་ལྟར་འབའ་ཞིག་མ་ཡིན་ཏེ། ངས་སྔོན་ཡང་འདིའི་བྱད་གཟུགས་ཀྱི་རྒྱགས་པ་བསལ་ནས་བསམ་གཏན་དང་མངོན་པར་ཤེས་པ་ལ་བཀོད་པ་ཡིན་ཏེ། འདི་ཉིད་སྔོན་ཝཱ་རཱ་ཎ་སཱིར་བྲམ་ཟེའི་ཁྱེའུ་ཞིག་ཏུ་གྱུར་ཏེ་བྱད་གཟུགས་ཀྱིས་དྲེགས་ཏེ། སུ་ལའང་འདུད་པར་མི་བྱེད་པ་ལས། ཕ་མ་གཉིས་ཀྱིས་འདིའི་རྒྱགས་པ་བསལ་དགོས་སྙམ་སྟེ། དཀའ་ཐུབ་ཀྱི་ཚལ་ཞིག་ན་བཅོམ་ལྡན་འདས་ཉིད། དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གནས་པས། དེའི་ཐད་དུ་ཕྱིན་ནས་བུའི་དྲེགས་པ་བསལ་བར་ཞུས་ཏེ། ཁྱེའུ་དེ་དེར་བཏང་བས། དྲང་སྲོང་དེ་དེ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་བྱད་གཟུགས་ཅན་དུ་སྤྲུལ་པས་དེའི་དྲེགས་པ་སེལ་ནས། དེའི་ཐད་དུ་རབ་ཏུ་བྱུང་བས། བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་པར་བྱས་སོ། །གཞན་ཡང་འདི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཚེ་གཅིག་ཚངས་པར་སྤྱད་ཅིང་། དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པས། ད་ལྟར་རྣམ་པར་གྲོལ་ལོ་གསུངས། །སྐབས་འདིར་གྲགས་འཛིན་མ་མིའམ་ཅི་མོར་གྱུར་པའི་དུས་སུ་བྱང་ཆུབ་སེམས་དཔའི་ཕྱིར་རང་གི་སྲོག་བཏང་བའི་ལོ་རྒྱུས་ཀྱང་ཡོད་ལ་བྲམ་ཟེ་གང་པོ་བྱང་ཆུབ་ཏུ་ལུང་བསྟན་པའི་ཚུལ་ནི་འོག་ཏུ་འཆད་དོ། །

རྫོགས་པའི་སངས་རྒྱས་དོན་གཟིགས་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། ཡུལ་དེའི་བྲམ་ཟེ་ཞིག་གི་ཆུང་མ་ལ་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཞིག་བཙས་ཏེ། དེར་ཆེར་སྐྱེས་པ་ན་བྲམ་ཟེ་ལས་དྲུག་པར་གྱུར་ཏེ་མཐར་གྱིས་རིག་པའི་གནས་བཅོ་བརྒྱད་ལ་བྱང་ཞིང་བསྟན་བཅོས་ཐམས་ཅད་ཁོང་དུ་ཆུད་ནས་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་དོ། །དེ་ནས་ཕྱི་ཞིག་ན་དེའི་ཕ་མ་གཉིས་ཤི་བར་གྱུར་པའི་རྗེས་སུ་བྱད་གཟུགས་དང་ཐོས་པས་བདག་དང་མཚུངས་པ་ཡང་མེད་ན། ལྷག་པར་ལྟ་ག་ལ་ཡོད་སྙམ་མོ། །དེར་བྲམ་ཟེ་རྣམས་ཀྱིས་དེ་ལ་སྨྲས་པ། ཁྱེའུ་ཁྱེད་ཀྱི་ཕ་མ་ཡང་མཆོད་སྦྱིན་བྱེད་ཀྱིས་ཁྱོད་ཀྱིས་ཀྱང་ཕའི་ལུགས་མཐུན་པར་གྱིས་ཤིག ཁྱེའུ་དེ་ན་རེ་བྱད་གཟུགས་དང་ཐོས་པ་བདག་དང་མཚུངས་པ་མེད་ན། ཅིའི་ཕྱིར་བདག་གིས་འདི་ལ་སྦྱིན་པ་སྦྱིན་ཞེས་ཟེར་རོ། །དེར་བྲམ་ཟེ་དེ་དག་དེ་ལ་མི་དགའ་བར་གྱུར་ཏེ། ཕྱིན་ཆད་དེ་དང་མི་འདྲིལ་{འདྲུལ}བར་ནང་ཁྲིམས་བཅས་སོ། །དེ་ཡང་དེ་དག་ལ་མི་དགའ་བར་གྱུར་ནས་བདག་ལ་ཡོན་གནས་འདི་ལྟ་བུ་ཅི་དགོས་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ཉིད་འདུལ་བའི་དུས་ལ་བབ་པར་གཟིགས་ནས། རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ། བྲམ་ཟེའི་ཁྱེའུ་དེའི་ཁྱིམ་དུ་ས་བརྟོལ་ཏེ་གྱེན་དུ་འཕགས་ནས་འོད་ཀྱིས་སྣང་བར་མཛད་པས། དེ་མཐོང་ནས་བྲམ་ཟེའི་ཁྱེའུ་དེ་རབ་ཏུ་དགའ་ནས་གདན་བཤམས་པ་ལ་བཞུགས་སུ་གསོལ་ཞིང་། བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་སྦྱིན་པ་དང་ལྡན་པའི་ཆོས་བསྟན་ཏེ། དེ་ཡང་སྦྱིན་པ་ལ་སྤྲོ་བར་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས་ཁྱིམ་དེ་ནས་གཏེར་ཀྱང་སྟོན་པར་མཛད་པས་དེ་ལྷག་པར་ཡང་དགའ་བར་གྱུར་ཏེ། སངས་རྒྱས་འཁོར་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་སྤྱན་དྲངས་ཤིང་། ཡ་མཚན་ཅན་རྣམས་ལའང་དེའི་བར་དུ་མཆོད་སྦྱིན་བྱེད་པར་དྲིལ་བསྒྲགས་པས། བྲམ་ཟེ་རྣམས་སྔར་གྱི་ནང་ཁྲིམས་ཀྱིས་མི་འོང་བར་གྱུར་པ་ན། དེས་གལ་ཏེ་ཁྱེད་རྣམས་ལོངས་སྤྱད་པར་མི་བྱེད་ན་ཁྱེད་རྣམས་ལ་བསྔོས་པའི་ཡོ་བྱད་རྣམས་ཀྱང་དགེ་སྦྱོང་ག་ཏ་མ་འཁོར་བཅས་ལ་ཕུལ་ནས། དེའི་བསྟན་པ་ལ་རབ་ཏུ་བྱུང་བར་བྱའོ་སྨྲས་པས། དེ་དག་གིས་དེ་ལྟར་ན་བདག་ཅག་ཡོན་གྱིས་ཕམ་པར་འགྱུར་རོ་སྙམ་སྟེ་ནང་ཁྲིམས་བཤིགས་ནས་དེར་སོང་སྟེ་ལོངས་སྤྱད་དོ། །དེར་བྲམ་ཟེའི་ཁྱེའུ་དེས་ཟླ་བ་གསུམ་གྱི་རིང་ལ་སངས་རྒྱས་འཁོར་དང་བཅས་པ་མཆོད་ཅིང་། ཡ་མཚན་ཅན་རྣམས་ཀྱང་བཟའ་བཏུང་གིས་ཚིམས་པར་བྱས་ཤིང་ཐམས་ཅད་ལ་ཡོན་ཕུལ་ནས་ཉིན་ཐ་མར་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་རྣམས་ཞལ་ཟས་རོ་བརྒྱ་དང་ལྡན་པས་ཚིམས་པར་བྱས་ནས། བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་དང་དགེ་སློང་གཞན་རྣམས་ལའང་རས་ཡུག་ཟུང་རེ་ཕུལ་ནས། བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ནི་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་དེ་ལ་བཀའ་སྩལ་པ་ལེགས་སོ་ལེགས་སོ། །བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་གཟིགས་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པར་མཛད་དོ། །

མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོབས་དང་བརྩོན་འགྲུས་ཀྱི་རྩལ་དང་ལྡན་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་ཕྱུག་པོ་རྣམ་ཐོས་བུའི་ནོར་དང་ལྡན་པ་ཞིག་ལ་ཁྱེའུ་ལྟ་ན་སྡུག་པ་ཞིག་བྱུང་བ་དེར་ཆེར་སྐྱེས་པ་ན། ལེ་ལོ་ཅན་མཆོག་ཏུ་ལེ་ལོ་ཅན་ཞིག་སྟེ་ཁྲི་ལ་ཉལ་ནས་ཁྲི་ལས་ལྡང་དུ་མི་བཏུབ་པ་ཞིག་བྱུང་བས་དེ་ལ་ཕ་མ་གཉིས་ཀྱིས་ཐབས་སྣ་ཚོགས་པས་བསྒོ་ཡང་ལན་ཡང་སྨྲར་མི་བཏུབ་ཅིང་། དེ་སྨན་པ་རྣམས་ལ་བསྟན་པ་ན་དེ་ལེ་ལོས་ལྡང་མི་མོས་པ་ལས་ལུས་སེམས་ཀྱི་གདུང་བ་ཅིའང་མེད་དོ། །ཞེས་སྨྲས་སོ། །དེ་ནས་ཕྱི་ཞིག་ན་ཡོན་གནས་དག་སྤྱན་དྲངས་ལ་བཤོས་གསོལ་ན། དེ་དག་མཐོང་ན་ཞེ་ས་བསྐྱེད་དེ་ལྡང་སྲིད་དོ་སྙམ་ནས། དེ་དག་གིས་སྟོན་པ་སྡེ་དྲུག་ག་ཡར་དྲངས་ཏེ་ཟན་བྱིན་པས་ཁྱེའུ་དེས་དེ་དག་མཐོང་ཡང་མ་ལངས་སོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་པས། ཁྱེའུ་དེས་རྒྱང་རིང་པོ་ནས་མཐོང་བས་གུས་པར་སྒྲིམ་པའི་ཤུགས་ཀྱིས་སྟན་ལས་ལངས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་ཞབས་ལ་ཕྱག་བྱས་ཤིང་། ཕ་མ་དང་ལྷན་ཅིག་ཏུ་རང་གི་ལག་གིས་བཟའ་བཅའ་སྣ་ཚོགས་པ་ཅི་བཞེད་པ་བསྟབས་ནས་ཆོས་ཉན་པར་འཁོད་པ་ན་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་ལ་བརྩོན་འགྲུས་ཀྱི་བསྔགས་པ་བརྗོད་དེ། བུ་བརྩོན་འགྲུས་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ་ཞེས་བཀའ་སྩལ་པས། ཁྱེའུ་དེས། བདག་བརྩོན་འགྲུས་ཞན་པས་བླ་མའི་ཁྱད་པར་ཐོབ་མི་ནུས་ཀྱིས། ད་བདག་རྒྱ་མཚོར་སོང་སྟེ་དོན་བསྒྲུབས་ནས། དཀོན་མཆོག་གསུམ་ལ་བཀུར་སྟི་བྱའོ་སྙམ་སྟེ། དེ་རྒྱ་མཚོ་ཆེན་པོར་ཕྱིན་ནས་གྲུའི་དོན་ལེགས་པར་གྲུབ་པ་དང་། མཉན་ཡོད་དུ་ཕྱིན་ནས་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་ཏེ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བ་བྱས་ཏེ། ཐ་མའི་ཉིན་པར་ཁ་ཟས་རོ་བརྒྱ་དང་ལྡན་པ་དང་ན་བཟའ་འབུམ་རི་བ་སོགས་ཕུལ་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོབས་དང་བརྩོན་འགྲུས་ཀྱི་རྩལ་དང་ལྡན་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །

ཁྱོད་མ་འོངས་པའི་དུས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་ཅེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ་ཡུལ་དེ་ན་བྲམ་ཟེ་དབུལ་པོ་བཟའ་བྲན་མང་པོ་དང་ལྡན་པ་ཞིག་ཡོད་པ་དེས། བདག་ཁྱིམ་བདག་ཕྱུག་པོ་ཞིག་ལ་བརྟེན་ནས་འཚོ་བ་བཙལ་བར་བྱའོ་སྙམ་སྟེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཕྱི་བཞིན་དུ་འབྲངས་ནས་དོན་དེ་བསྙད་པས། མགོན་མེད་ཟས་སྦྱིན་གྱིས་དེ་ལ་མཁོ་བ་རྣམས་བྱིན་ནོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི་ཉིན་རེ་བཞིན་དུ་འཁོར་ལྔ་བརྒྱ་ཙམ་རེ་ཁྲིད་ནས་རྒྱལ་བྱེད་ཀྱི་ཚལ་དུ་འགྲོ་ཞིང་རང་ཉིད་ཀྱིས་ཕྱག་དར་བྱེད་པ་ལས་བྲམ་ཟེ་དེའང་དེའི་ནང་དུ་ཁྲིད་དོ། །ཉིན་གཅིག་ཁྱིམ་བདག་ལ་བྱ་བ་ཞིག་བྱུང་ནས་མགྱོགས་པར་ཁྱིམ་དུ་འགྲོ་དགོས་པ་བྱུང་བས་བྲམ་ཟེ་དེ་རྡུལ་ཕྱག་བྱེད་པར་བཞག་པས། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་ལ་བླ་ན་མེད་པའི་དགེ་བའི་རྩ་བ་བསྐྱེད་པར་དགོངས་ནས། དེས་ཇི་ཙམ་ཕྱག་པ་དེ་དེ་མ་ཐག་ཏུ་རྡུལ་གྱིས་གང་ནས་ཅུང་ཟད་ཙམ་ཡང་ཕྱག་དར་བྱས་པ་མི་མངོན་པ་དེ་ལྟར་བྱིན་གྱིས་བརླབས་ནས། དེ་དེས་གཡེངས་ཏེ་ཉི་མ་ཐལ་ནས། དེ་ནུབ་ཁྱིམ་དུ་མ་ཕྱིན་པར་རྒྱལ་བྱེད་ཀྱི་ཚལ་དེར་ཉལ་བ་ན། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་ཏེ། རྒྱལ་བྱེད་ཀྱི་ཚལ་གྱི་ནང་དུ་བྲམ་ཟེ་དེའི་མལ་ཆོས་ལ། ཁྱེད་ཀྱང་དེའི་འདབས་སུ་འདུག་སྟེ། དེས་ཅི་དང་ཅི་དྲིས་པ་ལ་ལན་ཐོབ་ཅིག གཞན་དགེ་སློང་ཁྱེད་རྣམས་ཀྱིས་ཀྱང་བྲམ་ཟེ་འདི་ལ་བརྩེ་བའི་ཕྱིར་དུ་རང་རང་གི་རྫུ་འཕྲུལ་ཅི་དང་ཅི་ཐོབ་པ་དེ་དོ་ནུབ་འདིའི་མདུན་དུ་སྟོན་པར་གྱིས་ཤིག་གསུངས་པས། ཐམས་ཅད་ཀྱིས་བཀའ་བཞིན་དུ་འཚལ་ལོ་ཞེས་བྱས་ཏེ་དེ་ལྟར་གྱིས་རང་རང་གི་བྱ་བ་ལ་ཞུགས་པ་ན། བྲམ་ཟེ་དེས་དགེ་སློང་རྣམས་ཀྱི་རྫུ་འཕྲུལ་སྣ་ཚོགས་པ་སྟོན་པར་མཐོང་ནས་ཀུན་དགའ་བོ་ལ། འདི་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་འདི་དག་སུ་ཞིག་ཅེས་དྲིས་པས། ཀུན་དགའ་བོས། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཡིན་ནོ། །དེའི་བསམ་པ་འཁོར་སློབ་མ་རྣམས་ཀྱང་འདི་འདྲ་ན། དགེ་སྦྱོང་ག་ཏ་མ་ལྟ་ཅི་སྨོས་ཏེ་དེ་ཅི་འདྲ་བ་ཞིག་གུ་སྙམ་མོ། །དེར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པས། སྲོད་ལ་རྒྱལ་པོ་ཆེན་པོ་བཞི་དང་། ནམ་ཕྱེད་ལ་ལྷའི་དབང་པོ་བརྒྱ་བྱིན་དང་། ཐོ་རངས་ན་མི་མཇེད་ཀྱི་བདག་པོ་ཚངས་པ་རྣམས་བཅོམ་ལྡན་འདས་ཀྱི་མདུན་དུ་འོངས་པ་ན། དེ་དག་བྲམ་ཟེས་མཐོང་ནས་ཀུན་དགའ་བོ་ལ་དྲིས་པས། དེ་དང་དེའོ་ཞེས་བཤད་པས། བྲམ་ཟེ་དེ་རབ་ཏུ་དགའ་ནས། མིར་གྱུར་པ་ལའང་འདི་ལྟ་བུ་གནས་ཐོབ་པ་ཡོད་པ་ལྟར། ཀྱེ་མ་བདག་ཀྱང་སངས་རྒྱས་སུ་གྱུར་ཏེ། འཇིག་རྟེན་དུ་འབྱུང་བར་གྱུར་ཅིག འོན་ཀྱང་བདག་གི་ཡིད་སྨོན་ཙམ་གྱིས་འགྲུབ་པར་མི་འགྱུར་གྱི། བདག་གིས་སྦྱིན་པ་དག་བྱིན་བསོད་ནམས་དག་བྱས་ནས་གཟོད་སྨོན་ལམ་གདབ་པར་བྱའོ་སྙམ་སྟེ་ནམ་ལངས་པ་ན་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་ཕྱིར་མཉན་ཡོད་ཀྱི་གྲོང་དུ་ཆས་པ་ན། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བྲམ་ཟེ་དེ་ལ། ཁྱོད་ཀྱིས་རྒྱལ་བྱེད་ཀྱི་ཚལ་དུ་དེའི་བར་ལ་ངོ་མཚར་བའི་ལྟད་མོ་ཅི་མཐོང་དྲིས་པས་དེས་ཀྱང་རྒྱས་པར་བཤད་དོ། །དེར་བྲམ་ཟེ་ཁྱེད་ཀྱིས་ངོ་མཚར་རྨད་དུ་བྱུང་བ་དེ་ལྟ་བུ་དག་མཐོང་ན། ཁྱོད་ཅི་འདོད་པར་གྱུར་སྨྲས་པས། བྲམ་ཟེས། བདག་བླ་ན་མེད་པའི་བྱང་ཆུབ་འདོད་མོད་ཀྱི། གནས་དེ་ཡིད་སྨོན་ཙམ་གྱིས་འགྲུབ་པར་མི་འགྱུར་བས། བདག་གིས་སློང་མོ་བྱས་ལ་སྦྱིན་པ་དང་བསོད་ནམས་བྱ་བར་འདོད་དོ། །དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཐོས་ནས། བྲམ་ཟེ་དེ་ལ་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནོ། །དེ་ནས་བྲམ་ཟེ་དེས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་དུ་སྤྱན་དྲངས་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཡོ་བྱད་ཐམས་ཅད་སྦྱར་ནས་བསྙེན་བཀུར་བགྱིས་ཏེ། ཐ་མའི་ཉིན་པར་ཁ་ཟས་རོ་བརྒྱ་པ་དང་། ན་བཟའ་འབུམ་རི་བ་སོགས་ཕུལ་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་ལ་ལེགས་སོ་བྱིན་ནས། ཁྱོད་མ་འོངས་པའི་དུས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་ཅེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །

ཁྱོད་མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་མཐུན་མཛད་ཅེས་བྱ་བར་འགྱུར་རོ་ཞེས་ལུང་བསྟནཔ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་མཐར་གྱིས་བུ་བདུན་བྱུང་བ་ཆེར་སྐྱེས་ནས། དེ་དག་ཕས་སངས་རྒྱས་པའི་མཛའ་སྡེ་དགེ་བསྙེན་དཀོན་མཆོག་གསུམ་ལ་དད་པ་རྣམས་ཀྱི་ནང་དུ་བཙུད་ནས་དེ་རྣམས་དགེ་བའི་ལས་ལ་སྤྲོ་ཞིང་འཁོད་པ་ལས། མཉན་ཡོད་ན་བྲམ་ཟེའི་ཁྱེའུ་དབུལ་པོ་འཚོ་བས་ཕོངས་པ་ཞིག་ཡོད་པ་དེས་བདག་དགེ་བསྙེན་གྱི་མཛའ་སྡེ་དག་གི་ནང་དུ་ཞུགས་ལ། བདག་གི་དེ་དག་ལ་བརྟེན་ནས་འཚོ་བ་བཙལ་བར་བྱའོ་སྙམ་ནས་དེར་སོང་ནས། ནོར་གྱི་བུ་ངས་ཇི་ཙམ་གྱིས་ན་ཁྱོད་ཀྱི་ནང་དུ་འཇུག་ཏུ་དབང་དྲིས་པས། དེ་དག་གིས། ཀཱར་ཥ་པ་ཎ་ལྔ་བརྒྱས་ངེད་ཀྱི་ནང་དུ་འཇུག་ཏུ་དབང་ངོ་། །བྲམ་ཟེས། བདག་ལ་དེ་ལྟ་བུ་ག་ལ་ཡོད་ཁྱོད་ནི་དབང་ཕྱུག་གིས་ཆོག་པར་འདུག་ལ་སྦྱིན་པ་ལ་སྲེད་པ་ཡིན་ན་བདག་ནི་དབུལ་པོ་འཚོ་བས་ཕོངས་པ་ཞིག་ཡིན་པས། བདག་གིས་ཁྱེད་ལ་ནོར་དེ་སྙེད་དབུལ་མི་ནུས་སོ། །དེ་ནས་མགོན་མེད་ཟས་སྦྱིན་གྱི་བུ་རྣམས་ཀྱིས་སྨྲས་པ། གལ་ཏེ་ཁྱོད་སངས་རྒྱས་ཀྱི་བསྟན་པ་ལ་དད་པར་བྱེད་ན་ནི། ངེད་ཀྱིས་ཁྱོད་ལ་ཀཱར་ཥ་པ་ཎ་ལྔ་བརྒྱ་སྦྱིན་ནོ། །དེར་བྲམ་ཟེས་སངས་རྒྱས་ཀྱི་ཡོན་ཏན་ཅི་ལྟ་བུ་ཞེས་དྲིས་ཤིང་། དེ་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་བསྔགས་པ་རྒྱ་ཆེར་བརྗོད་པས། བྲམ་ཟེ་དེ་རབ་ཏུ་དགའ་ནས། བདག་ཀྱང་ཁྱེད་ཀྱི་ནང་དུ་ཞུགས་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བགྱིའོ་ཞེས་སྨྲས་པས། དེ་རྣམས་ཀྱིས་ཀྱང་ཀཱར་ཥ་པ་ཎ་བརྒྱ་ཕྲག་དུ་མ་བྱིན་ཅིང་། བྲམ་ཟེའི་ཁྱེའུ་དེ་ཡང་དེ་རྣམས་ཀྱི་ནང་དུ་འཁོད་པ་ལས། ཕྱི་ཞིག་ན་མཛའ་སྡེ་དེ་རྣམས་ཀྱི། སངས་རྒྱས་ལ་སོགས་པའི་དགེ་འདུན་ཟླ་བ་གསུམ་གྱི་བར་དུ་བསྙེན་བཀུར་བྱ་བར་འདོད་ཅིང་། དེ་ཡང་ཉིན་རེ་བཞིན་རེས་མོས་ཀྱིས་བཤོས་གསོལ་བ་གྲོས་བྱས་པས། བྲམ་ཟེའི་ཁྱེའུས། བདག་ནི་དབུལ་བས་དེ་ལྟ་བུ་མི་ནུས་ཀྱིས། བདག་ཀུན་གྱི་རྗེས་ལ་ཞོག་ལ་ཁྱེད་རྣམས་ཀྱི་ཡོ་བྱད་ཀྱི་ལྷག་རོལ་ཅི་ཡོད་པ་དེ་བདག་ལ་བྱིན་ཅིག་སྨྲས་པས་མཛའ་སྡེ་རྣམས་ཀྱིས་ཀྱང་དེ་ལྟར་བྱའོ་ཞེས་སྨྲས་ཏེ་སངས་རྒྱས་འཁོར་དང་བཅས་པ་ཟླ་བ་གསུམ་གྱིས་རིང་ལ་རེས་མོས་ཀྱིས་བསྙེན་བཀུར་ཞུས་ཤིང་། དེའི་ཚེ་བྲམ་ཟེའི་ཁྱེའུ་དེས་དེ་རྣམས་ཀྱི་ལྷག་རོལ་རྣམས་བསགས་ཤིང་གཞན་ལས་ཀྱང་འཚལ་ནས། ཐ་མའི་ཉིན་དེར་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་ཤིང་། རྒྱལ་པོ་གསལ་རྒྱལ་དང་། མགོན་མེད་ཟས་སྦྱིན་ལ་ཡང་བསྐུལ་ནས། རང་གི་ལག་ནས་བཟའ་བ་དང་བཅའ་བ་དང་གཙང་མ་བཟང་པོ་མང་པོས་ཚིམས་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་བཅོམ་ལྡན་འདས་ལ་ཆེ་བ་ལ་འོས་པའི་ན་བཟའ་དང་། དགེ་སློང་གཞན་དག་ལའང་རེ་རེ་ལ་རས་ཟུང་རེ་ཕུལ་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས། བྲམ་ཟེའུ་ཁྱེའུ་དེ་ལ་ལེགས་སོ་བྱིན་ནས། ཁྱོད་མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་མཐུན་མཛད་ཅེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ནོ། །

ཁྱེད་མ་འོངས་པའི་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་མ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། རྒྱལ་པོ་གསལ་རྒྱལ་ཉིན་རེ་ཞིག་དུས་གསུམ་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་ཞུར་ཕྱིན་ཏེ་སྤོས་དང་མེ་ཏོག་ལ་སོགས་པས་མཆོད་པར་བྱེད་དོ། །དེའི་ཚེ་ཀུན་དགའ་ར་བའི་སྲུང་མའི་གནས་དགའ་ལྡན་གྱི་པདྨའི་མཚོའི་ནང་ན། དུས་མ་ཡིན་པར་པདྨ་ཞིག་སྐྱེས་ནས། དེས་རྒྱལ་པོ་གསལ་རྒྱལ་ལ་འབུལ་བར་བྱའོ་སྙམ་ནས་མཉན་ཡོད་དུ་ཁྱེར་ཏེ་ཕྱིན་པའི་ལམ་དུ། སྲེད་མེད་བུ་ལ་དད་པ་ཞིག་གིས་དེ་མཆོད་པའི་ཕྱིར་ཀཱར་ཥ་པ་ཎ་ལྔ་བརྒྱ་སྦྱིན་ནོ་ཞེས་སྨྲས་སོ། །དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཐོས་ནས་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་ཀཱར་ཥ་པ་ཎ་སྟོང་སྦྱིན་ནོ་ཞེས་སྨྲས་པས། སྲེད་མེད་བུ་ལ་དད་པ་དེའང་ང་རྒྱལ་སྐྱེས་ཏེ་ཉིས་སྟོང་སྦྱིན་པར་བྱས་སོ། །དེ་བཞིན་དུ་དེ་གཉིས་ཀྱིས་ཀཱར་ཥ་པ་ཎ་འབུམ་གྱི་བར་དུ་གོང་ནས་གོང་དུ་བསྐྱེད་དོ། །དེར་ཀུན་དགའ་ར་བའི་སྲུང་མ་དེ་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ལ་མངོན་པར་དད་པར་གྱུར་ཏེ་མེ་ཏོག་དེ་བདག་ཉིད་ཀྱིས་བཅོམ་ལྡན་འདས་ལ་འབུལ་བར་བྱའོ་སྙམ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སྨྲས་པ། བདག་ལ་ནོར་མི་དགོས་ཀྱི་བདག་ཉིད་ཀྱིས་བཅོམ་ལྡན་འདས་དེ་ལ་མཆོད་པར་བྱའོ་ཞེས་བྱས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས། སངས་རྒྱས་ཀྱི་ཞབས་ལ་ཕྱག་བྱས་ཏེ། མེ་ཏོག་དེ་མཆོད་པའི་ཕྱིར་སྟེང་དུ་བོར་བ་ན། སངས་རྒྱས་ཀྱི་མཐུས་པདྨ་དེ་ཤིང་རྟའི་འཕང་ལོ་ཙམ་དུ་གྱུར་ཏེ། བཅོམ་ལྡན་འདས་གཤེགས་ན་ནི་འགྲོ་བཞུགས་ན་ནི་སྡོད་པར་གྱུར་ཏོ། །དེ་མཐོང་བ་དང་ཀུན་དགའ་ར་བའི་སྲུང་མ་དེ་ཤིན་ཏུ་དགའ་བར་གྱུར་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ལེགས་སོ་བྱིན་ནས། ཁྱོད་མ་འོངས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་བླ་མ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཀུན་དགའ་ར་བ་སྲུང་བ་ཞིག་གིས་མཚོ་ནང་ན་དུས་མ་ཡིན་པར་པདྨ་ཞིག་སྐྱེས་པས། དེས་པདྨ་འདི་རྒྱལ་པོ་གསལ་རྒྱལ་ལ་ཕུལ་ན། བདག་ལ་ལོངས་སྤྱོད་ཆེན་པོ་འབྱུང་བར་འགྱུར་རོ་སྙམ་སྟེ་ཕོ་བྲང་དུ་སོང་བ་ན། བཅོམ་ལྡན་འདས་ཀྱིས་དེ་ལ་བླ་ན་མེད་པའི་དགེ་བའི་རྩ་བ་བསྐྱེད་པར་དགོངས་ནས། དེའི་ལོགས་སུ་བསོད་སྙོམས་ལ་གཤེགས་པས། ཀུན་དགའ་ར་བའི་སྲུང་མ་དེས་བཅོམ་ལྡན་འདས་ཀྱི་མཚན་དཔེའི་སྐུ་མཆོག་དེ་མཇལ་བའི་མོད་ལ་སེམས་ཤིན་ཏུ་དགའ་བར་གྱུར་ནས། མེ་ཏོག་དེ་རྒྱལ་པོ་ལ་མ་ཕུལ་བར་སངས་རྒྱས་ཀྱི་སྐུའི་སྟེང་དུ་མཆོད་པས། བཅོམ་ལྡན་འདས་ཀྱི་མཐུས་པདྨ་དེ་ཤིང་རྟའི་འཕང་ལོ་ཙམ་དུ་གྱུར་ཏེ་སྟེང་གི་ནམ་མཁའ་ལ་འཁོར་ཞིང་། བཅོམ་ལྡན་འདས་གཤེགས་ན་འགྲོ། བཞུགས་ན་སྡོད་པར་གྱུར་པས། དེ་ལྷག་པར་དུ་ཡང་དགའ་བར་གྱུར་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེར་བཅོམ་ལྡན་འདས་ཀྱིས་ཀུན་དགའ་ར་བའི་སྲུང་མ་དེ་ལ་ལེགས་སོ་བྱིན་པས། ཁྱེད་མ་འོངས་པའི་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་མ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །

ཁྱོད་མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ལེགས་མཐོང་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་ཁྱིམ་བདག་ཕྱུག་པོ་རྣམ་ཐོས་བུའི་ནོར་དང་ལྡན་པ་བྱམས་པ་དང་སྙིང་རྗེ་ལྡན་ཞིང་སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ། སྦྱིན་པ་ལ་སྲེད་ཅིང་སྦྱིན་པ་ལ་བློ་སྙོམས་པ་ཞིག་གནས་ཏེ། དེ་ནི་ཡ་མཚན་ཅན་རྣམས་དང་ལྟ་བ་མཚུངས་པ། དུས་དུས་སུ་མཆོད་སྦྱིན་ཆེན་པོ་བྱེད་ལ་བསྟན་བཅོས་སྤྱོད་པ་རྣམས་ཀྱི་གཞུང་སྤྱོད་པར་བྱེད་པ་ལས། དེས་བལྟས་པས་ཐམས་ཅད་ཀྱང་བདག་ལ་ནི་བསྟོད། གཞན་ལ་ནི་སྨོད་པར་བྱེད་པས་སེམས་མ་མགུ་ནས། ཕྱིས་ཞིག་ན་བཅོམ་ལྡན་འདས་ཀྱི་བསྔགས་པ་ཐོས་པས་སེམས་རབ་ཏུ་མགུ་བར་གྱུར་ནས་བཅོམ་ལྡན་འདས་དེ་བདག་གི་མཆོད་སྦྱིན་གྱི་གནས་འདིར་གཤེགས་ན་ཅི་མ་རུང་སྙམ་མོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེའི་བླ་ན་མེད་པའི་དགེ་རྩ་བསྐྱེད་པར་དགོངས་ནས་རྒྱལ་བྱེད་ཀྱི་ཚལ་དུ་མི་སྣང་བར་གྱུར་ཏེ། ཁྱིམ་བདག་དེའི་མཆོད་སྦྱིན་གྱི་གནས་སུ་བཞུགས་པར་གྱུར་ཏེ་ཁྱིམ་བདག་དེ་བླ་ན་མེད་པའི་བྱང་ཆུབ་ཏུ་སྤྲོ་བ་བསྐྱེད་པས། ཁྱིམ་བདག་དེས་སངས་རྒྱས་དང་བཅས་པའི་དགེ་འདུན་ཐམས་ཅད་ཟླ་བ་གསུམ་གྱི་བར་དུ་སྤྱན་དྲངས་ནས་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཏེ། ཐ་མའི་ཉིན་པར་ཁ་ཟས་རོ་བརྒྱ་དང་ལྡན་པ་དང་ན་བཟའ་འབུམ་རི་བ་སོགས་ཕུལ་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེར་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་ལ་ལེགས་སོ་བྱིན་ནས། ཁྱོད་མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ལེགས་མཐོང་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །

ཁྱོད་མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། དེད་དཔོན་ཞིག་ཟོང་ཁྱེར་ཏེ། རྒྱ་མཚོ་ཆེན་པོར་འགྲོ་བ་ལ། མཉན་དུ་ཡོད་པའི་ཕྱི་སྒོ་ཆེན་མོ་ལས་བྱུང་སྟེ། ལམ་པོ་ཆེར་ཞུགས་པ་ན། གལ་ཏེ་བདག་རྒྱ་མཚོ་ཆེན་པོའི་ནང་ནས་བདེ་བར་འཁོར་ཞིང་གྲུའི་དོན་གྲུབ་ན་སྒོ་འདིར་བདག་གི་སྒོའི་དུས་སྟོན་བྱ་ཞིང་། ལམ་པོ་ཆེ་འདིར་ཡང་ལམ་གྱི་དུས་སྟོན་བྱའོ། །ཞེས་བྱས་ཏེ་རྒྱ་མཚོ་ཆེན་པོར་སོང་བ་ལས། རིན་པོ་ཆེའི་གླིང་དུ་ཕྱིན་ནས་བདེ་བར་རྒྱ་མཚོའི་འགྲམ་དུ་བྱུང་བ་དང་། འགྲམ་དེར་རྒྱ་མཚོའི་ལྷ་དང་གྲུ་བོ་ཆེ་ལ་གནས་པའི་ལྷ་རྣམས་ལ་བཀུར་སྟི་ཆེན་པོ་བྱས་ཏེ། མཉན་ཡོད་དུ་ཆས་ཏེ་ཕྱིན་པ་ན། ཟོང་རྣམས་དེར་བཞག་ནས་གྲོང་ཁྱེར་གྱི་སྒོ་ཆེན་པོ་དང་ལམ་པོ་ཆེའི་ལྷ་རྣམས་ལ་མཆོད་པ་བྱས་ཤིང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་ཏེ། དེས་རིན་པོ་ཆེའི་ཕུང་པོ་ཆེན་པོ་སྤུངས་ནས། དགེ་སྦྱོང་དང་བྲམ་ཟེ་དང་། སྤྱོད་པ་བ་དང་ཀུན་ཏུ་རྒྱུ་དང་། སྡུག་ཅིང་ཕོངས་པ་དང་། བཀྲེས་པ་རྣམས་ལ་སྦྱིན་པ་བྱེད་པ་ལ་ཞུགས་སོ། །དེར་བཅོམ་ལྡན་འདས་ཀྱི་དེད་དཔོན་དེ་བླ་ན་མེད་པའི་བྱང་ཆུབ་ལ་གཟུད་པར་དགོངས་ནས་སངས་རྒྱས་འཁོར་དང་བཅས་པ་སྒོ་དེ་ཉིད་ནས་མཉན་དུ་ཡོད་པའི་ནང་དུ་གཤེགས་པ་ན་དེད་དཔོན་གྱིས་དེ་མཐོང་ནས་དགའ་བ་ཆེན་པོ་སྐྱེས་ཏེ་རིན་པོ་ཆེ་སྦར་གྱིས་བཏབ་སྟེ་བཅོམ་ལྡན་འདས་ལ་གཏོར་བས་དེ་དག་སངས་རྒྱས་ཀྱི་མཐུས། བཅོམ་ལྡན་འདས་ཀྱི་སྐུའི་སྟེང་དུ་ལྡིང་ཁང་དུ་གྱུར་ཏེ་གཤེགས་ན་འགྲོ་བཞུགས་ན་སྡོད་པར་གྱུར་ཏོ། །དེ་མཐོང་བས་ལྷག་པར་ཡང་དགའ་བ་སྐྱེས་ཏེ། སངས་རྒྱས་འཁོར་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་སྤྱན་དྲངས་ནས་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས། ཐ་མའི་ཉིན་དེར་ཁ་ཟས་རོ་བརྒྱ་བ་དང་། ན་བཟའ་འབུམ་རི་བ་སོགས་ཕུལ་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེད་དཔོན་དེ་ལ་ལེགས་སོ་བྱིན་ནས། ཁྱོད་མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །

ཁྱོད་མ་འོངས་པ་ན་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་རྣམས་ལ་ལམ་སྟོན་པ་རྫོགས་པའི་སངས་རྒྱས་ཆུ་རླབས་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་ཞིག་གི་ཆུང་མ་ལ་ཁྱེའུ་གཟུགས་བྱད་ལྟ་ན་སྡུག་པ་ཞིག་སྐྱེས་ཏེ། དེ་ཉིད་ཆེར་སྐྱེས་པ་ན་རྒྱ་མཚོ་ན་རིན་པོ་ཆེ་ལེན་དུ་སོང་ངོ་། །དེའི་ཤུལ་དུ་ཁྱིམ་བདག་དེས་ཀྱང་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་སྐྱབས་འགྲོ་དང་བསླབ་གཞི་བླང་ཞིང་། སངས་རྒྱས་འཁོར་དང་བཅས་པ་ཁྱིམ་དུ་སྤྱན་དྲངས་ཤིང་ཆོས་ཐོས་པས། ཁྱིམ་བདག་འཁོར་དང་བཅས་པ་དེས་རྒྱུན་དུ་ཞུགས་པའི་འབྲས་ཐོབ་ཅིང་། དུས་དུས་སུ་རྒྱལ་བྱེད་ཀྱིས་ཚལ་དུ་འོངས་ནས་བཅོམ་ལྡན་འདས་ལས་ཆོས་མཉན་པར་བྱེད་ཅིང་། བདག་གི་བུ་དེ་ཡང་འདིར་འོངས་ནས་སངས་རྒྱས་ལ་དད་པར་གྱུར་ན་ཅི་མ་རུང་སྙམ་མོ། །དེ་ནས་ཕྱི་ཞིག་ན་བུ་དེ་རྒྱ་མཚོ་ལས་དོན་གྲུབ་སྟེ་ཁྱིམ་དུ་འོང་བ་ན། ཕ་མ་གཉིས་ཆོས་ཉན་དུ་སོང་བ་དང་འགྲིགས་པས་བུ་དེ་ཡང་རིངས་པར་རྒྱལ་བྱེད་ཀྱི་ཚལ་དུ་འོངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཤིང་། ཕ་མ་གཉིས་ཀྱི་མགུལ་ནས་འཇུས་ནས་ཆོས་ཉན་པའི་ཕྱིར་འཁོད་པ་ལ། བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་སྤྲོ་བ་སྐྱེད་པའི་ཆོས་ཀྱི་གཏམ་མཛད་པས་ཁྱེའུ་དེ་རྫོགས་པའི་བྱང་ཆུབ་ཏུ་འདུན་པ་སྐྱེས་སོ། །དེ་ནས་དེ་རྣམས་ཁྱིམ་དུ་ཕྱིན་པ་ན། ཕ་མ་གཉིས་ཀྱིས་བུ་ཁྱོད་ཀྱིས་ནི་རྒྱ་མཚོའི་ནང་དུ་སོང་ནས་སྡུག་བསྔལ་སྟོང་ཕྲག་མང་པོ་མྱོང་སྟེ་རིན་པོ་ཆེ་ཐ་མལ་པ་དག་ཁྱེར་ཏེ་འོངས་སོ། །བདག་གཉིས་ནི་འདི་ན་འདུག་བཞིན་དུ། ཚེགས་ཆུང་ངུས་རིན་པོ་ཆེ་རིན་ཐང་ཆེ་བ་དག་རྙེད་དོ་ཞེས་སྨྲས་ཏེ་བདེན་པ་མཐོང་ཟིན་པ་དེ་གོ་བར་བྱས་པས། ཁྱིམ་བདག་གི་བུ་དེ་ལྷག་པར་ཡང་དགའ་བར་གྱུར་ཏེ་སངས་རྒྱས་དང་བཅས་པའི་དགེ་འདུན་ཟླ་བ་གསུམ་གྱིས་བར་དུ་སྤྱན་དྲངས་ནས། དེའི་རིང་ལ་ན་བཟའ་དང་ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། བསྙུན་གསོས་དང་སྨན་ཟོང་སྟེ་མཁོ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས། ཐ་མའི་ཉིན་པར་ཞལ་ཟས་རོ་བརྒྱ་དང་ལྡན་པ་དང་། ན་བཟའ་འབུམ་རི་བ་ལ་སོགས་ཕུལ་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གི་བུ་དེ་ལ་ལེགས་སོ་བྱིན་ནས། ཁྱོད་མ་འོངས་པ་ན་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་རྣམས་ལ་ལམ་སྟོན་པ་རྫོགས་པའི་སངས་རྒྱས་ཆུ་རླབས་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །

རྫོགས་པའི་བྱང་ཆུབ་ཆེན་པོ་དང་རྗེས་སུ་འབྲེལ་བའི་བླ་ན་མེད་པའི་དགེ་བའི་རྩ་བ་བསྐྱེད་པའི་འབྲས་བུ་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། བྱང་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་དང་ལྷོ་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་གཉིས་ཕན་ཚུན་མི་མཐུན་པར་གྱུར་ཏེ། དུས་དུས་སུ་སྐྱེ་བོ་ཕལ་མོ་ཆེ་ཁ་འདོགས་པར་བྱེད་དོ། །རྒྱལ་པོ་གསལ་རྒྱལ་དེ་གཉིས་ཀ་དང་བཤེས་པ་ཡིན་པས། དེས་བཅོམ་ལྡན་འདས་ལ་རྒྱལ་པོ་དེ་གཉིས་འདུལ་བར་གསོལ་བ་བཏབ་བོ། །དེར་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་དུ་མི་སྣང་བར་གྱུར་ཏེ་ཡུལ་དེ་གཉིས་ཀྱི་བར་དུ་བཞུགས་ནས། རྒྱལ་པོ་དེ་གཉིས་འཐབ་པར་བྱས་ཏེ། དེའི་ཚེ་སངས་རྒྱས་ཀྱི་མཐུས་རྒྱལ་པོ་རང་རང་གི་དཔུང་རྣམས་ཕམ་ནས་རང་ཉིད་གཅིག་པུར་ཐར་པ་དེ་ལྟ་བུར་མཐོང་བར་མཛད་ནས་རྒྱལ་པོ་གཉིས་ཤིང་རྟ་ལ་ཞུགས་ནས་བྲོས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་འཁོད་པ་ལ། དེ་གཉིས་ཕན་ཚུན་གཅིག་གིས་གཅིག་མི་མཐོང་བར་བྱིན་གྱིས་བརླབས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་དེ་གཉིས་ལས་གཅིག་གིས་ནི་དགྲ་བཅོམ་པ་ཐོབ་པར་འགྱུར་བ་དང་། གཅིག་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བར་གཟིགས་ནས་གཅིག་ལ་ནི་འཕགས་པའི་བདེན་པ་བཞིའི་ཆོས་བསྟན་ཅིང་། གཅིག་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྲོ་བར་འགྱུར་བའི་གཏམ་གསུངས་པས། ལྷོ་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་ནི་ཚུར་ཤོག་གིས་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་ལ། བྱང་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོས་ནི་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་ཏེ། ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་སྦྱར་ནས་མངོན་པར་མཆོད་ཅིང་། ཉིན་ཐ་མ་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པ་དང་། ན་བཟའ་འབུམ་རི་བ་སོགས་ཕུལ་ནས་བླ་ན་མེད་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་དེ་ལ་ལེགས་སོ་བྱིན་ནས། ཁྱོད་མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་རྒྱལ་བ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །འདི་རྣམས་ཀྱིས་ནི་རྫོགས་པའི་བྱང་ཆུབ་ཆེན་པོ་དང་རྗེས་སུ་འབྲེལ་བའི་བླ་ན་མེད་པའི་དགེ་བའི་རྩ་བ་བསྐྱེད་པའི་འབྲས་བུ་བསྟན་པ་ཡིན་ནོ། །

ཕ་མ་རྒན་རབས་ལ་བཀུར་སྟི་དགོས་པར་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། ཡུལ་དེ་ན་བྲམ་ཟེ་ཞིག་ལ་བུ་བདུན་ཡོད་དེ། དེ་དག་ཆེར་སྐྱེས་ནས་བྲམ་ཟེ་ལས་དྲུག་པར་གྱུར་པ་ན་སོ་སོར་ཆུང་མ་བླངས་ཏེ་ཁྱིམ་ཕུབ་ནས་བྲམ་ཟེ་དེས་ནོར་རྣམས་བགོ་བཤའ་བྱས་ཏེ་ཅི་ཡོད་པ་རྣམས་དེ་དག་ལ་བྱིན་ནོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་དེའི་ཆུང་མའང་ཤི། བྲམ་ཟེ་དེ་ཡང་རྒས་ཤིང་འཁོགས་ཏེ་མིག་གིས་མི་མཐོང་བར་གྱུར་པ་དང་། དེ་བུ་རྣམས་ཀྱིས་ཁྱིམ་ནས་བསྐྲད་དེ། དེ་གཞན་དག་གི་ཁྱིམ་དུ་སློང་ཞིང་འཚོ་བར་བྱེད་དོ། །དེར་བཅོམ་ལྡན་འདས་ཀྱིས་དེ་ཉིད་གདུལ་བའི་དུས་ལ་བབ་པར་གཟིགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་ནས་བྲམ་ཟེ་རྒས་འཁོགས་སློང་ཞིང་འགྲོ་བ་དེ་ལ་གཟིགས་ཏེ་བཀའ་སྩལ་པ། ཁྱོད་ཅིའི་ཕྱིར་འཁར་བ་དང་སྣོད་ཐོགས་ཤིང་། གཞན་གྱི་ཁྱིམ་དུ་སློང་བར་བྱེད། བྲམ་ཟེས་གསོལ་པ། བདག་ལ་བུ་བདུན་མཆིས་ཏེ། དེ་རྣམས་བདག་གིས་གསོས་ནས་བསྐྱེད་བསྲིངས་ནས། ཐོས་པས་ཀྱང་མཐར་ཕྱིན་པར་བགྱིས་ཏེ་བཞག མཆིས་བྲང་དང་བཅས་ཏེ་བཙེམས་ཏེ་བདག་གི་ཁྱིམ་ན་ཅི་བདོག་པ་དེ་དག་ཐམས་ཅད་ཀྱང་བདག་གིས་སོ་སོར་བགོས་ཏེ་སྩལ་ན། དེ་རྣམས་ཀྱིས་བདག་ཁྱིམ་ནས་བསྐྲད་པས་ན། འཁར་བ་དང་སྣོད་ཐོགས་ཤིང་གཞན་དག་གི་ཁྱིམ་དུ་སློང་ཞིང་རྒྱུ་བར་བྱེད་དོ། །བཀའ་སྩལ་པ། བྲམ་ཟེ་ཁྱོད་ཀྱིས་ང་ལས་ཚིགས་སུ་བཅད་པ་བསླབས་ཏེ་ཀུན་ཆུབ་པར་བྱས་ལ། བུ་དེ་རྣམས་འཁོར་གྱི་ནང་ན་འཁོད་པ་ལ་བསྒྲགས་པར་ནུས་སམ། གསོལ་བ་བདག་གིས་རྔོ་ཐོགས་སོ། །དེར་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་དག་བཙས་ནས་དགའ་འགྱུར་བ། །གང་ཕྱིར་ནོར་ནི་ཀུན་བསགས་པ། །དེ་དག་བདག་གིས་ཚེམས་དང་སྦྱར། །བདག་ནི་ཁྱིམ་ནས་བསད་པར་གྱུར། །ནོར་ཟད་པས་ནི་གང་དག་གིས། །བདག་སྤངས་དེ་དག་དེ་ན་མིན། །སྲིན་པོ་བུ་ཡི་ཆ་ལུགས་ཅན། །ཕ་བུ་ཞེས་བརྗོད་དེ་མི་བརྗིད། །རྟ་རྒན་ཞོ་ཤ་ཟད་པ་བཞིན། །ན་ཚོད་ཡལ་བར་གྱུར་པ་ན། །གཞོན་ནུ་རྣམས་ཀྱི་ཕ་རྒན་ཞིག ། གཞན་གྱི་ཁྱིམ་དུ་སློང་བར་གྱུར། །རྟེན་ལ་མ་ཕན་བུ་རྣམས་པས། །བདག་གི་ཁར་བ་འདི་འདམ་སྟེ། །ཁར་བ་འདི་ཡི་ཡོན་ཏན་མཐུས། །བ་ལང་རྡུང་ཞིང་འོང་བ་དང་། །སྦྲུལ་དང་ཁྱི་ཟ་ཟློག་པར་བྱེད། །མུན་པའི་ནང་ན་མདུན་དུ་འགྲོ། །ཡ་ངའི་གནས་སུ་ཚོད་ཀྱང་རིག ། རྡེག་འཆོས་ན་ཡང་བདག་ལ་རྟོན། །དེ་ནས་བྲམ་ཟེ་དེས་ཚིག་དེ་བློ་ལ་བཟུང་ནས་བུ་རྣམས་ཀྱི་འཁོར་དུ་སོང་སྟེ་བརྗོད་པར་བྱས་པས། དེ་ཐོས་པ་དང་བུ་རྣམས་ཀྱིས་ཕ་ལ་བཟོད་པར་གསོལ་ཏེ་སྔ་མ་ཁོ་ན་བཞིན་དུ་ཁྱིམ་གྱི་བདག་པོར་བཞག་གོ །དེ་ནས་བྲམ་ཟེ་དེས། བདག་གི་དཔལ་དང་སྐལ་བ་ལྡན་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱི་བཀའ་དྲིན་ཡིན་ནོ་བསམས་ནས་བཅོམ་ལྡན་འདས་སྤྱན་དྲངས་ཏེ་བཟའ་བཅའ་གཙང་མ་བཟང་པོ་མང་པོ་དག་གསོལ་ནས་རིན་ཐང་ཆེ་བའི་ན་བཟའ་ཕུལ་ལོ། །དེར་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཕ་བུ་དེ་རྣམས་ཀྱི་ཁམས་དབང་དང་མཐུན་པར་ཆོས་བསྟན་པས། བྲམ་ཟེ་དེ་འཁོར་དང་བཅས་པ་སྟན་དེ་ལ་འཁོད་བཞིན་དུ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཅིང་། སླར་ཚུར་ཤོག་གིས་བསྙེན་པར་རྫོགས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས་ད་ལྟར་འབའ་ཞིག་མ་ཡིན་ཏེ། སྔོན་བྱུང་བ་འདས་པའི་དུས་ནའང་གྲོང་ཁྱེར་ཙམ་པ་ཞེས་བྱ་བ་ན། ཁྱིམ་བདག་ཅིག་ལ་བུ་བདུན་ཡོད་པ་ལས། བུ་བདུན་པོ་དེ་ཆེར་སྐྱེས་ནས་བརྟག་པ་བརྒྱད་ལ་བྱང་བར་གྱུར་ནས་ཕ་དེས་ཐམས་ཅད་ལ་ཁྱིམ་ཕུབ་ཅིང་ཅི་བདོག་པ་ཐམས་ཅད་སོ་སོར་བགོས་ཏེ་དེ་རྣམས་ལ་བྱིན་ནས། ཁྱིམ་བདག་དེ་རྒས་པར་གྱུར་པ་ན་དེ་རྣམས་ཀྱིས་བསྐྲད་ནས་ཡུལ་གཞན་དུ་འཁྱམས་པ་ན། དཀའ་ཐུབ་ཀྱི་ནགས་ཤིག་ན་དྲང་སྲོང་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་ཡོད་པ་དང་ཕྲད་ནས་དེ་ལ་གཏམ་བྱས་པས། དྲང་སྲོང་དེ་ཁྱིམ་བདག་རྒན་པོ་དེ་སླར་བུ་རྣམས་ཀྱི་ཁྱིམ་དུ་ཁྲིད་ནས་ཆོས་བསྟན་པས་བུ་རྣམས་ཀྱིས་ཀྱང་ཕ་དེ་ཁྱིམ་དུ་བོས་ནས་སྔ་མ་ཁོ་ན་བཞིན་གྱུར་པ་ན། ཁྱིམ་བདག་དེས་དྲིན་གཟོ་བའི་ཕྱིར་དྲང་སྲོང་དེ་ཁྱིམ་དུ་བོས་ནས་ཟན་བྱིན་ཅིང་། དེའི་ཐད་དུ་རབ་ཏུ་བྱུང་བས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེའི་དུས་ཀྱི་དྲང་སྲོང་བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་གནས་པ་དེ་ནི་ང་ཉིད་ཡིན་ལ། ཁྱིམ་བདག་དེ་ནི་བྲམ་ཟེ་རྒན་པོ་དང་། བུ་རྣམས་ནི་ད་ལྟར་གྱི་བུ་འདི་རྣམས་ཡིན་ནོ། །གཞན་ཡང་འདི་རྣམས་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། དབང་པོ་རྣམས་ཡོངས་སུ་སྨིན་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ། །འདིས་ནི་ཕ་མ་རྒན་རབས་ལ་བཀུར་སྟི་དགོས་པར་བསྟན་པའང་ཡིན་ནོ། །

སྐྱབས་སུ་སོང་བའི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་སྟོན་པ་མཉམ་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་གི་ཁྱེའུ་ཞིག་བརྟག་པ་བརྒྱད་སོགས་ལ་བྱང་བར་གྱུར་ནས། ཕ་དེས་མཛའ་སྡེ་རྣམས་ཀྱི་ནང་དུ་བཏང་བ་ན། དེ་དག་ལྟ་བ་དང་འདོད་པ་མི་མཐུན་པར་སྨྲ་བ་ཤ་སྟག་སྟེ། རང་རང་གང་ལ་དགའ་བ་དེའི་བསྔགས་པ་བརྗོད་པར་བྱེད་པ་ལས། ཁྱིམ་བདག་གི་ཁྱེའུ་དེས་ཀུན་ལ་དྲིས་ཤིང་བརྟགས་པས་ཀུན་ལ་ཡིད་ཆེས་ཀྱི་གནས་སུ་རུང་བར་མ་མཐོང་ངོ་། །དེ་ནས་ཕྱི་ཞིག་ན་དགེ་བསྙེན་ཞིག་གིས་སངས་རྒྱས་ཀྱི་བསྔགས་པ་བརྗོད་པས་དེ་སྤྲོ་བར་གྱུར་ཏེ། སངས་རྒྱས་ཀྱི་སྤྱན་སྔར་ཕྱིན་ཅིང་ཆོས་ཉན་པས། དེ་སྦྱིན་པ་ལ་སྤྲོ་བར་གྱུར་ཀྱང་ཁྱིམ་ན་ཡོ་བྱད་ཀྱི་དངོས་པོ་ཅི་ཡང་མེད་པར་མཐོང་ནས། བདག་རྒྱ་མཚོ་ཆེན་པོའི་ནང་དུ་སོང་ནས་སྦྱིིན་པ་དང་བསོད་ནམས་བྱའོ་སྙམ་སྟེ་དེ་ཚོང་པ་ལྔ་བརྒྱ་ཙམ་དང་འགྲོགས་ནས་རྒྱ་མཚོ་ཆེན་པོའི་ནང་དུ་སོང་བས། རིན་པོ་ཆེའི་གླིང་དུ་ཕྱིན་ནས་དགོས་པ་གྲུབ་སྟེ་ཕྱིར་འོངས་པ་ན་རླུང་མི་བཟད་པ་བྱུང་ནས། གྲུ་བོ་ཆེ་དེ་རིའི་གཅོང་རོང་ཞིག་ཏུ་བཙངས་ཏེ། དུས་རླབས་ཕྱིར་ལོག་པ་དང་། ཚོང་པ་དེ་དག་འཇིགས་ཤིང་སྐྲག་ནས། བདག་ཅག་ནི་ཤི་ཟིན་ནོ་ཞེས་སྨྲེ་སྔགས་སྣ་ཚོགས་པ་འདོན་པར་བྱེད་པ་ན། དེད་དཔོན་དེས་མ་འཇིགས་ཤིག སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་དེངས་ཤིག་དང་། དེས་བདག་ཅག་གི་སྐྱབས་མཛད་པར་འགྱུར་རོ་སྨྲས་པས། ཐམས་ཅད་ཀྱིས་སངས་རྒྱས་ལ་སྐྱབས་སུ་སོང་བས། དེའི་མོད་ལ་གྲུབ་ཕྱིར་ལྡོག་སྟེ་རྒྱ་མཚོའི་འགྲམ་དུ་བདེ་བར་ཕྱིན་ནོ། །དེར་མཐར་གྱིས་ཚོང་པ་རྣམས་མཉན་ཡོད་དུ་ཕྱིན་རྫས་རྣམས་བཞག་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱེད་པར་ཕྱིན་པས། བཅོམ་ལྡན་འདས་ཀྱིས་དེ་དག་དང་མཐུན་པའི་ཆོས་བསྟན་པས་དེད་དཔོན་ལ་སོགས་པའི་ཚོང་པ་ལྔ་བརྒྱ་པོ་སྟན་དེ་ཉིད་ལ་འཁོད་བཞིན་དུ་བདེན་པ་མཐོང་ངོ་། །དེ་ནས་དེ་རྣམས་དགེ་སློང་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་བརྩོན་པས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས། ད་ལྟར་འབའ་ཞིག་མ་ཡིན་ཏེ། སྔོན་བྱུང་བ་འདས་པའི་དུས་ནའང་། གྲོང་ཁྱེར་ཝཱ་སཱ་རཱ་ཎ་སཱི་ན་དཀའ་ཐུབ་ཀྱི་གནས་ཞིག་ན། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་ཞིང་རྫུ་འཕྲུལ་དང་མཐུ་ཆེ་བ་ཞིག་གནས་ཏེ། དེ་ལ་སྐྱེ་བོ་མང་པོས་བཀུར་སྟི་བྱའོ། །དེ་ནས་ཡུལ་དེའི་ཚོང་པ་ལྔ་བརྒྱ་ཙམ་རྒྱ་མཚོར་སོང་བ་ལས། ཕྱིར་ལོག་པ་ན་རྒྱ་མཚོའི་དུས་རླབས་འཁྲུགས་པས་དེ་དག་ཤིན་ཏུ་འཇིགས་ཤིང་སྐྲག་པར་གྱུར་པའི་ཚེ། དེད་དཔོན་གྱིས་ཚོང་པ་གཞན་རྣམས་ལ་བསྐུལ་ནས་ཐམས་ཅད་དྲང་སྲོང་དེ་ལ་སྐྱབས་སུ་སོང་བས། དྲང་སྲོང་དེས་ཚོང་པ་ལྔ་བརྒྱ་པོ་རྫུ་འཕྲུལ་གྱིས་རྒྱ་མཚོ་ཆེན་པོའི་ནང་ནས་ཕྱུང་སྟེ། རང་གི་དཀའ་ཐུབ་ཀྱི་ཚལ་དུ་བཀོད་དོ། །དེ་ནས་ཚོང་པ་རྣམས་ཀྱིས་བདག་ཅག་གསོན་པོར་གྱུར་པ་འདི་དྲང་སྲོང་འདིའི་མཐུ་ཡིན་ནོ་སྙམ་ནས་སྦྱིན་པ་དག་བྱིན་ཅིང་བསོད་ནམས་དག་བྱས་ཏེ། དྲང་སྲོང་དེའི་ཐད་དུ་ཐམས་ཅད་རབ་ཏུ་བྱུང་བས་བསམ་གཏན་དང་མངོན་པར་ཤེས་པ་བསྐྱེད་དོ། །དེའི་དུས་ཀྱི་དྲང་སྲོང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་ང་ཡིན་ལ། དེད་དཔོན་དང་ཚོང་པར་གྱུར་པ་གང་ཡིན་པ་དེ་ནི་ད་ལྟར་གྱི་འདི་རྣམས་ཡིན་ཏེ། དེའི་ཚེ་ཡང་འཇིགས་པ་ཆེན་པོ་ལས་བསྐྱབས་ནས་བསམ་གཏན་དང་མངོན་ཤེས་ལ་བཀོད་དོ། །གཞན་ཡང་འདི་དག་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་དུ་གྱུར་ནས་དབང་པོ་ཡོངས་སུ་སྨིན་པར་བྱས་པས། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ་གསུངས། འདིས་སྐྱབས་སུ་སོང་བའི་ཕན་ཡོན་ཀྱང་བསྟན་ནོ། །

སྦྱིན་པ་དང་ཚུལ་ཁྲིམས་ཀྱི་འབྲས་བུ་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་ཕྱུག་པོ་རྣམ་སྲས་ཀྱི་ནོར་དང་ལྡན་པ། བུ་དང་བུ་མོ་བྱུང་ངོ་ཅོག་འཆི་བ་ཞིག་ཡོད་པ་དེ། ཕྱིས་འཕགས་པ་མ་འགགས་པ་ལ་བརྟེན་ནས་སྐྱབས་འགྲོ་དང་བསླབ་གཞི་བླངས་ནས་སྦྱིན་པ་དང་སྦྱིན་པའི་བགོ་བཤའ་ལ་བརྩོན་པར་བྱེད་དོ། །ཕྱིས་ཞིག་ན་ཁྱིམ་བདག་དེའི་ཆུང་མ་ལ་ཁྱེའུ་ལྟ་ན་སྡུག་པ་ཞིག་བཙས་ཏེ་དེ་འཚོ་བའི་ཕྱིར་འཕགས་པ་མ་འགགས་པ་ལ་ཕུལ་ནས། ཉིན་རེ་བཞིན་དུ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་ཅིང་གསོ་བར་བྱེད་ལ། དགེ་སློང་གི་ཆ་ལུགས་སུ་བཅོས་ནས། དགེ་སློང་དང་ལྷན་ཅིག་ཏུ་བསོད་སྙོམས་ལ་རྒྱུ་བར་བྱེད་དོ། །དེ་ནས་དེ་གང་གི་ཚེ་ཤེད་བྱེ་བར་གྱུར་པ་ན། ཁྱིམ་བདག་དེས་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་ནས་བཤོས་ཕུལ་ཏེ། ཁྱེའུ་དེའི་གླུད་དུ་གསེར་དངུལ་མང་པོ་ཕུལ་ཞིང་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཀྱི་གཏམ་ཡང་དག་པས་དགའ་བར་མཛད་ནས་སླར་གཤེགས་སོ། །དེའི་འོག་ཏུ་ཁྱིམ་བདག་དེས་ཁྱེའུ་དེའི་ཆོས་གོས་རྣམས་ཕུད་དེ། ཁྱིམ་པའི་གོས་དང་རྒྱན་བསྐོན་པ་ན་དེ་དག་མི་སྣང་བར་གྱུར་ནས། ཆོས་གོས་ཚོན་ཅན་དེ་དག་འབའ་ཞིག་ཏུ་གྱུར་པས་ཆ་ལུགས་བསྒྱུར་མ་ནུས་ནས། དགེ་སློང་གི་ཆ་ལུགས་སུ་འདུག་བཞིན་དུ་གསོ་བར་བྱེད་དོ། །ཁྱིམ་དེ་ཉིད་དུ་ནེའུ་ལྡངས་ཀྱི་གྲོགས་པོ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཡི་གེ་སློབ་ཏུ་བཅུག་གོ །དེ་ནས་དེ་རང་གི་ཁྱིམ་དེར་ཡང་དགའ་བ་མེད་ན་གཞན་དུ་ལྟ་ཅི་སྨོས་ཏེ། གཙུག་ལག་ཁང་འབའ་ཞིག་ཏུ་འགྲོ་འདོད་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་དེས་བུ་དེ་གཙུག་ལག་ཁང་གི་ནང་དུ་ཁྲིད་ནས་དེ་ཉིད་དུ་གསོས་སོ། །དེ་ནས་གཙུག་ལག་ཁང་དུ་བསྟན་བཅོས་ཐམས་ཅད་རྟོགས་པར་གྱུར་ནས། དེ་ཕྱིར་ཁྱིམ་དུ་འགྲོ་མི་འདོད་དེ། གཙུག་ལག་ཁང་དུ་འདུག་བཞིན་དུ་དེས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཅིང་། དེར་ཕ་མ་ལ་ཞུས་ནས། ཚེ་དང་ལྡན་པ་མ་འགགས་པའི་ཐད་དུ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཤིང་། དེ་ལས་ལུང་མནོས་ཏེ་བརྩོན་པས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་ནས། བདག་ཉིད་ཀྱི་འདུལ་སྐལ་གར་ཡོད་བརྟགས་པས། རང་གི་ཕ་མ་སོགས་དང་ནེའུ་ལྡངས་ཀྱི་གྲོགས་པོ་ལྔ་བརྒྱ་པོ་འདུལ་བར་གྱུར་པ་མཐོང་ནས་རྒྱལ་བྱེད་ཀྱི་ཚལ་དུ་མི་སྣང་བར་གྱུར་ཏེ། རང་གི་ཁྱིམ་དུ་ཕ་མ་གཉིས་ཀྱི་མདུན་ནས་ས་བརྟོལ་ཏེ་བྱུང་ངོ་། །དེ་མཐོང་བ་དང་ཕ་མ་གཉིས་དེ་ལ་ཤིན་ཏུ་དགའ་བར་གྱུར་ཏེ་དེ་ལ་ཆོས་ཉན་པའི་ཕྱིར་མདུན་དུ་འདུག་གོ །དེ་ནས་དེས་ཆོས་བསྟན་པས་ཕ་མ་ལ་སོགས་པ་འཁོར་དང་བཅས་པ་བདེན་པ་ལ་བཀོད་ནས་སྐྱབས་འགྲོ་དང་བསླབ་པའི་གཞི་རྣམས་ཀྱང་བྱིན་སྦྱིན་པ་དང་སྦྱིན་པའི་བགོ་བཤའ་ཡང་བྱེད་དུ་བཅུག་སྟེ་ཁྱིམ་དེ་ཁྲོན་པ་དང་འདྲ་བར་བྱས་ཏེ་བཞག་གོ །དེས་ནེའུ་ལྡངས་ཀྱིས་གྲོགས་པོ་ལྔ་བརྒྱ་པོ་དེ་དག་ཀྱང་བདེན་པ་ལ་སྦྱར་ཞིང་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ལ་བཀོད་དོ། །དེར་དགེ་སློང་རྣམས་ཀྱིས་དེ་དག་གི་ལས་ཀྱི་རྒྱུ་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་དེ་ནི་སྔོན་གྱི་སྨོན་ལམ་གྱིས་སྟོབས་ལས་གྱུར་པ་སྟེ། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་གྲོང་ཁྱེར་ཝཱ་རཱ་ཎ་སཱི་ན་ཁྱིམ་བདག་གཅིག་ལ་བུ་གཟུགས་བཟང་བ་ལྟ་ན་སྡུག་པ་ཞིག་བཙས་ཏེ། དེ་ཆེར་སྐྱེས་ནས་སངས་རྒྱས་ལ་དད་པ་རྙེད་ནས་སྐྱབས་འགྲོ་དང་བསླབ་གཞི་བླངས་སོ། །དེ་གང་གི་ཉིན་པར་བཙས་པའི་དེ་ཁོ་ནའི་ཉིན་པར་ཁྱིམ་བདག་གཞན་གྱི་བུ་ལྔ་བརྒྱ་ཡང་བཙས་ཏེ། དེ་དག་ཆེར་སྐྱེས་པ་དེའི་ཚེ་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏེ། དེ་ནས་དེ་དག་སོ་སོའི་ཕ་མ་རྣམས་ཀྱིས་མཛའ་སྡེའི་ནང་དུ་བཏང་ངོ་། །དེ་ནས་ཕྱིས་ཞིག་ན་དཔྱིད་ཀྱི་དུས་ལ་བབས་པའི་ཚེ་མཛའ་སྡེ་རྣམས་སྐྱེད་མོས་ཚལ་དུ་འགྲོ་འདོད་པར་གྱུར་ནས། ནེའུ་ཟླ་རྣམས་ཀྱིས་ཁྱེའུ་དེ་སྔོན་དུ་བཏང་ནས། ཁྱོད་སྔར་སོང་ལ་བཟའ་བཅའ་དག་སྟ་གོན་གྱིས་ཤིག་དང་བདག་ཅག་སླད་ནས་འོང་ངོ་ཞེས་སྨྲས་སོ། །དེ་ནས་དེ་སོང་ནས་བཟའ་བཅའ་གཙང་མ་དག་སྟ་གོན་བྱས་པ་དང་། སངས་རྒྱས་འོད་སྲུང་འཁོར་དང་བཅས་པ་དེར་བསོད་སྙོམས་ལ་བྱོན་པ་དང་འགྲིགས་པས། ཁྱེའུ་དེ་མངོན་པར་དད་ནས་སྐྱེད་ཚལ་དེར་སྤྱན་དྲངས་ཏེ་ཁ་ཟས་དེ་དག་གིས་མངོན་པར་མཆོད་ནས་བསོད་སྙོམས་ཕུལ་ལོ། །དེའི་འོག་ཏུ་མཛའ་སྡེ་རྣམས་འོངས་པ་ན། དེ་དག་ཁྲོས་ནས་ཁྱིམ་བདག་གི་ཁྱེའུ་དེ་གསོད་པར་བརྩམ་པ་ན། དེ་སྐྲག་ནས་དྲང་སྲོང་སྨྲ་བར་སོང་སྟེ་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་སྦྱངས་པས་ལོབས་ཏེ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ནས། དེས་ཕ་མ་གཉིས་སྐྱབས་འགྲོ་དང་བསླབ་པའི་གཞི་རྣམས་ལ་བཀོད་ནས་སྦྱིན་པ་དང་སྦྱིན་པའི་བགོ་བཤའ་བྱེད་དུ་བཅུག་གོ །དེ་ནས་མཛའ་སྡེ་རྣམས་ཀྱང་འགྱོད་དེ་བཟོད་གསོལ་ཕུལ་ཞིང་། དེ་ལས་སྐྱབས་འགྲོ་དང་བསླབ་གཞི་རྣམས་ཀྱང་བླངས་སོ། །དེ་ནས་ཕྱིས་དགེ་སློང་དེ་ནད་ཀྱིས་ཐེབས་ནས་འཆི་ཀར། མ་འོངས་པ་ན་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བྱས་སོ། །དེའི་ཚེ་ཕ་མ་དང་མཛའ་སྡེའི་ཚོགས་དེ་དག་ཀྱང་དྲུང་དུ་འཁོད་པས་བདག་ཅག་རྣམས་ཀྱང་ཁྱོད་ལ་བརྟེན་ནས་སངས་རྒྱས་དེ་མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པར་བྱེད་པར་མ་གྱུར་ཅིག ཅེས་བྱས་སོ། །དེའི་དུས་ཀྱིས་དགེ་སློང་སྡེ་སྣོད་གསུམ་པ་གང་ཡིན་པ་དེ་ནི། ད་ལྟར་གྱི་ཁྱིམ་བདག་གི་ཁྱེའུ་འདི་ཡིན་ལ། དེའི་ཕ་མར་གྱུར་པ་དེའང་ད་ལྟར་གྱི་ཕ་མ་འདི་གཉིས་དང་མཛའ་སྡེ་ལྔ་བརྒྱ་པོ་ནི་ནེའུ་ལྡངས་ལྔ་བརྒྱ་པོ་འདི་ཡིན་ཏེ་འདི་རྣམས་ཀྱིས་ད་ལྟར་ང་མཉེས་པར་བྱས་ཀྱི་མི་མཉེས་པར་མ་བྱས་སོ་གསུངས། འདི་ནི་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་འབྲས་བུ་བསྟན་ཏོ། །

ད་ལྟར་གྱི་ལས་ཀྱང་ཡོད་དེ་སེང་གེ་དེ་གཉིས་ང་ལ་སེམས་དགའ་བར་གྱུར་པས་ལྷའི་ཡུལ་དུ་སྐྱེས་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་ཀོ་ས་ལ་དང་། ཡུལ་མ་ག་དྷཱའི་བར་མཚམས་ནས་སེང་གེ་མཐུ་རྩལ་ཆེ་བ་གཉིས་གནས་ཏེ། དེ་གཉིས་ཀྱིས་སྐྱེ་བོ་མང་བོ་ཁ་འདོགས་པར་བྱེད་པས་དེ་གཉིས་ཀྱི་བར་གྱི་ལམ་གྱི་རྒྱུ་འགྲུལ་ཐམས་ཅད་ཆད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་དེ་གཉིས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས། ཀུན་དགའ་བོ་ལ་བཀའ་སྩལ་ནས་འཁོར་མང་པོ་དང་བཅས་ཏེ་ཡུལ་མ་ག་དྷཱའི་ཕྱོགས་སུ་ལྗོངས་རྒྱུ་ཞིང་ལམ་དེ་ནས་གཤེགས་པས། དེའི་ཚེ་སེང་གེ་གཉིས་པོ་ཕན་ཚུན་འཐབ་པར་ཆས་པ་ལས། བཅོམ་ལྡན་འདས་དེ་གཉིས་ཀྱི་མདུན་ལོགས་སུ་བཞུགས་པས། སེང་གེ་དེ་གཉིས་ཀྱིས་བཅོམ་ལྡན་འདས་མཐོང་བ་དང་རབ་ཏུ་དགའ་ནས་འཐབ་པའི་སེམས་ཞི་སྟེ་ཞབས་ལ་བཏུད་དེ་དྲུང་དུ་འཁོད་པ་དང་། བཀའ་སྩལ་པ། བཞིན་བཟང་ཁྱེད་གཉིས་སྔོན་གྱི་ཉེས་པར་སྤྱོད་པའི་ལས་ཀྱིས་དུད་འགྲོོའི་ནང་དུ་སྐྱེ་ན། ཁྱེད་གཉིས་ད་ལྟར་ཡང་དེ་འབའ་ཞིག་གི་རྒྱུ་བྱེད་ཅིང་འདུག་གོ །བཞིན་བཟང་གཉིས་འདི་ལྟར། འདུ་བྱེད་ཐམས་ཅད་ནི་མི་རྟག་གོ །ཆོས་ཐམས་ཅད་ནི་བདག་མེད་དོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ང་ལ་སེམས་དགའ་བར་གྱིས་ཤིག་དང་། དུད་འགྲོའི་སྐྱེ་གནས་དང་བྲལ་བར་འགྱུར་ཡང་སྲིད་དོ། །ཞེས་བཀའ་བསྩལ་ནས་བཅོམ་ལྡན་འདས་གཤེགས་སོ། །སེང་གེ་དེ་གཉིས་ཀྱང་ཟས་བཅད་དེ། བཅོམ་ལྡན་འདས་ལ་མངོན་པར་དགའ་བཞིན་དུ་ཤི་འཕོས་ཏེ། ལྷའི་ནང་དུ་སྐྱེས་སོ། །དེར་གནས་གསུམ་ལ་བརྟགས་པས་བཅོམ་ལྡན་འདས་ལ་སེམས་དགའ་བས་དུད་འགྲོ་ལས་ལྷར་སྐྱེས་པ་མཐོང་ནས། ཞག་མ་ལོན་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས་ཆོས་ཉན་པས་བདེན་པ་མཐོང་ནས་ཕྱིར་ལྷ་ཡུལ་དུ་སོང་ངོ་། །དེའི་ཚེ་རྒྱལ་བྱེད་ཀྱི་ཚལ་འོད་ཀྱི་སྣང་བ་ཆེན་པོས་ཁྱབ་པས། དགེ་སློང་རྣམས་ཀྱིས་དེའི་དོན་དྲིས་པ་ན། བཅོམ་ལྡན་འདས་ཀྱིས་ནགས་ཁྲོད་ཀྱི་སེང་གེ་གཉིས་ཀྱིས་ཆོས་ཐོས་ཤིང་དད་པའི་སེམས་ཀྱིས་ཚེ་འཕོས་ཏེ་ལྷ་ཡུལ་དུ་སྐྱེས་ནས་མདང་སུམ་འདིར་འོངས་ཏེ་བདེན་པ་མཐོང་ནས་རང་གནས་སུ་སོང་ངོ་གསུངས་པས་ཐམས་ཅད་ངོ་མཚར་དུ་གྱུར་པ་ན་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། སྔོན་འདས་པའི་དུས་ན་ཡུལ་ཀཱ་ཤིའི་རྒྱལ་པོ་ཚངས་སྦྱིན་དང་། བི་དེ་ཧིའི་རྒྱལ་པོ་དབང་ཆེན་སྡེ་གཉིས་མི་མཐུན་ཏེ་སྐྱེ་བོ་ཕལ་མོ་ཆེ་ཁ་འདོགས་པར་བྱེད་པ་ལ། དྲང་སྲོང་ཆེན་པོ་མངོན་ཤེས་ལྔ་དང་ལྡན་པ་ཞིག་གིས་རྫུ་འཕྲུལ་གྱིས་འདུམ་པར་མཛད་ཅིང་ཆོས་བསྟན་པས། རྒྱལ་པོ་དེ་གཉིས་ཀྱིས་རང་རང་གི་བུ་རྒྱལ་སར་བཞག་སྟེ། དྲང་སྲོང་གི་ཐད་དུ་གཉིས་ཀ་རབ་ཏུ་བྱུང་བས་བསམ་གཏན་བཞི་དང་མངོན་ཤེས་ལྔ་ཐོབ་བོ། །དེའི་དུས་ཀྱི་དྲང་སྲོང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་ནི་ད་ལྟར་ང་ཡིན་ལ། རྒྱལ་པོ་དེ་གཉིས་ནི་སེང་གེ་འདི་ཡིན་ཏེ། དེའི་ཚེ་ཡང་འདི་གཉིས་འཁོན་བྱང་བར་བྱས་ནས་བསམ་གཏན་གྱི་བདེ་བ་ལ་བཀོད་དོ་གསུངས། དེར་དེ་གཉིས་ཀྱི་ལས་ཀྱི་རྒྱུ་ཞུས་པས། འདི་ལ་འདས་པའི་ལས་ཀྱང་ཡོད་དེ། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་གཉིས་དགེ་བསྙེན་དུ་གྱུར་ཏེ། དེའི་ཚེ་ཁྲོས་པའི་སེམས་ཀྱིས་སྐྱེ་བོ་མང་པོ་ལ་དུད་འགྲོ་ཞེས་པའི་ཚིག་སྨྲས་པས་དུད་འགྲོའི་སྐྱེ་གནས་སུ་གྱུར་ལ། སྐྱབས་འགྲོ་དང་བསླབ་གཞི་བསྲུངས་ཤིང་འཆི་ཁར་སྨོན་ལམ་བཏབ་པས་སངས་རྒྱས་དང་མཇལ་ཞིང་ཆོས་ཐོས་ནས་བདེན་པ་མཐོང་བར་གྱུར་ཏོ། །ད་ལྟར་གྱི་ལས་ཀྱང་ཡོད་དེ་སེང་གེ་དེ་གཉིས་ང་ལ་སེམས་དགའ་བར་གྱུར་པས་ལྷའི་ཡུལ་དུ་སྐྱེས་པའོ་གསུངས་སོ། །

ཆོས་ཐོས་པ་དང་སངས་རྒྱས་ལ་དད་པའི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ནགས་ཁྲོད་ཅིག་ན་རྔོན་པ་མང་པོས་རི་དྭགས་བཤོར་བའི་ཕྱིར་རྒྱ་དང་། རྙི་དང་། འཇོལ་རླུབས་དང་རྙི་མང་པོ་བཙུགས་ནས། དེར་རི་དྭགས་མང་པོ་ཞིག་བཟུང་བ་ལ། རྔོན་པ་དག་དེར་སོང་སྟེ་རྙིས་བཟུང་བའི་རི་དྭགས་རྣམས་ལ་མདའ་འཕངས་ནས་ཕལ་ཆེར་བསད་དེ་ཉུང་ཤས་ཤིག་ལུས་པ་ན། བཅོམ་ལྡན་འདས་ཕྱོགས་དེར་གཤེགས་པས། རི་དྭགས་དང་རྔོན་པ་དེ་རྣམས་ཀྱིས་རྒྱང་རིང་ནས་མཐོང་བས་དེ་དག་ཤིན་ཏུ་དགའ་བར་གྱུར་ཏེ། རྔོན་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཆོས་ཉན་དུ་འཁོད་པ་ན། བཅོམ་ལྡན་འདས་ཀྱིས་མཐུན་པའི་ཆོས་བསྟན་པས་དེ་དག་སྟན་དེ་ཉིད་ལ་འཁོད་བཞིན་དུ་བདེན་པ་མཐོང་ནས། དེ་དག་ཚུར་ཤོག་གིས་བསྙེན་པར་རྫོགས་ཤིང་བརྩོན་པས་དགྲ་བཅོམ་པ་ཐོབ་བོ། །རི་དྭགས་དེ་རྣམས་ཀྱང་བཅོམ་ལྡན་འདས་ལ་སེམས་དགའ་བཞིན་དུ་ཤི་འཕོས་ཏེ་ལྷ་ཡི་ཡུལ་དུ་སྐྱེས་ཤིང་ཞག་མ་ལོན་པར་བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་ནས་ཆོས་ཞུས་པས་བདེན་པ་མཐོང་ནས་སླར་ལྷ་ཡུལ་དུ་སོང་ངོ་། །དེར་དགེ་སློང་རྣམས་ཀྱིས་དེ་དག་གི་ལས་ཀྱི་རྒྱུ་ཞུས་པས། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་རབ་ཏུ་བྱུང་སྟེ། དགེ་སློང་འཐབ་ཀྲོལ་ཅན་དུ་གྱུར་ནས་དགེ་སློང་དག་ལ་ཁ་ཅིག་གིས་གདོལ་པ་དང་། ཁ་ཅིག་གིས་དུད་འགྲོོ་ཞེས་ཚིག་ཏུ་བརྗོད་པས་ད་ལྟར་གདོལ་པ་དང་དུད་འགྲོའི་སྐྱེ་གནས་སུ་གྱུར་ལ། དེའི་ཚེ་ཚངས་པར་སྤྱོད་ཅིང་དབང་པོ་ཡོངས་སུ་སྨིན་པར་བྱས་པས་ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ་གསུངས། འདི་རྣམས་ཀྱི་ཆོས་ཐོས་པ་དང་སངས་རྒྱས་ལ་དད་པའི་ཕན་ཡོན་ཀྱང་བསྟན་པ་ཡིན་ནོ། །

ངག་གི་རྫུན་སྤངས་ཤིང་བདེན་པར་སྨྲ་བ་དང་བྱམས་སེམས་བསྒོམས་པའི་འབྲས་བུའང་བསྟན་པ།

༈ ཡང་བཅོམ་ལྡན་འདས་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་དང་། ཚོང་པ་ལྔ་བརྒྱ་དང་། སྤྲང་པོ་ལྔ་བརྒྱ་དང་། ཐབས་ཅིག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ལས། ནགས་ཁྲོད་ཅིག་ཏུ་ནགས་ལ་མེ་ཆེན་པོ་འབར་བས་སྐྱེ་བོ་ཐམས་ཅད་འཇིགས་ཤིང་སྐྲག་པར་གྱུར་པ་ན། བཅོམ་ལྡན་འདས་མགྲོན་པོ་རྣམས་ཀྱི་མདུན་ལོགས་སུ་གཤེགས་པ་ལས། སངས་རྒྱས་ཀུན་གྱི་སྟོབས་གང་དང་། །དགྲ་བཅོམ་གང་གི་སྟོབས་གང་དང་། །སངས་རྒྱས་དཀོན་མཆོག་གཟི་བྱིན་གྱིས། །མེ་ཁྱོད་ལམ་ནི་དབྱེ་བར་གྱིས། །དེ་བཞིན་དུ་གཞན་འདྲ་བ་ལས། རྐང་པ་གསུམ་པའི་གནས་སུ། དམ་ཆོས་དང་། དགེ་འདུན་ཞེས་ཁ་བསྒྱུར་བའི་ཚིགས་སུ་བཅད་པ་གསུམ་གསུངས་པས་དེའི་མོད་ལ་མེ་ཞི་བར་གྱུར་པས། ཚོང་པ་དེ་དག་རབ་ཏུ་དགའ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་ནས་ཆོས་མཉན་པས་ནི་དེ་དང་མཐུན་པའི་ཆོས་གསུངས་པས་དེ་དག་ཐེག་པ་གསུམ་གྱི་ལམ་ལ་སྨིན་པར་བྱས་ཏེ་འབྲས་བུ་ཐོབ་པ་ཡང་མང་ངོ་། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས། ད་ལྟར་འབའ་ཞིག་མ་ཡིན་ཏེ། སྔོན་འདས་པའི་དུས་ནའང་། ནགས་ཁྲོད་གཅིག་ན་བྱ་མང་པོ་གནས་པ་ལས། ནགས་ལ་མེ་ཤོར་ཏེ་བྱ་དེ་དག་གི་ནང་ནས་འགྲོ་ནུས་པ་རྣམས་བྲོས། འགྲོ་མི་ནུས་པ་དང་། སྒོ་ང་རྣམས་དེ་ཉིད་དུ་བོར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་གོང་མ་སྲེག་ཅིག་ཏུ་སྐྱེ་བ་བཞེས་ཏེ། དེས་དེ་ལྟར་མཐོང་ནས་སྙིང་རྗེ་ཆེན་པོ་སྐྱེས་ཏེ། བདག་གིས་འདི་རྣམས་ཀྱི་ཕྱིར་ཡང་བརྩོན་འགྲུས་མ་བསྐྱེད་ན་སེམས་ཅན་རྣམས་འཁོར་བ་ལས་ཇི་ལྟར་བསྒྲལ་བར་བྱ་སྙམ་སྟེ། འདབ་མ་ཆུ་སྦངས་ནས། མེ་ཆེན་པོའི་སྟེང་གི་ནམ་མཁའ་ལ་འདུག་སྟེ་འདབ་མ་སྤྲུགས་ནས་ཚིགས་སུ་བཅད་དེ་སྨྲས་པ། འདི་དག་འདབ་མ་ཡོད་མོད་ཀྱི། །འདི་དག་ད་དུང་འཕུར་མི་ནུས། །འདི་དག་རྐང་པ་ཡོད་མོད་ཀྱི། །འདི་དག་ད་དུང་འགྲོར་མི་ནུས། །འདི་རྣམས་ཕ་མ་འཕུར་ཏེ་སོང་། །མེ་ཁྱོད་སྡོད་ལ་མ་འགུལ་ཅིག ། བདེན་དང་བདེན་ཚིག་གང་ཡིན་པ། །བདག་གིས་བྱམས་སེམས་རབ་བསྒོམས་པའི། །བདེན་པའི་ཚིག་ནི་འདི་ཡིས་ནི། །མེ་ཁྱོད་སྡོད་ལ་མ་འགུལ་ཅིག ། དེར་ལྷའི་དབང་པོ་བརྒྱ་བྱིན་གྱིས་མཐོང་ནས་བྱང་ཆུབ་སེམས་དཔའི་གྲོགས་བྱའོ་སྙམ་སྟེ་ཆར་ཆེན་པོ་ཕབ་པས་མེ་ཞི་བར་གྱུར་ཏེ་དེ་དག་འཇིགས་པ་ལས་ཐར་པར་བྱས་སོ། །དེའི་དུས་ཀྱི་གོང་མ་སྲེག་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་ང་ཉིད་ཡིན་ལ། དེའི་ཚེ་ནགས་ཁྲོད་ན་གནས་པའི་སེམས་ཅན་རྣམས་ནི་སྐྱེ་བོ་ཕལ་མོ་ཆེ་འདི་དག་གོ །གཞན་ཡང་འདི་རྣམས་སངས་རྒྱས་འོད་སྲུང་གི་དུས་སུ་ཁ་ཅིག་རབ་ཏུ་བྱུང་བ་དང་། ཁ་ཅིག་དགེ་བསྙེན་དུ་གྱུར་ནས་ཚངས་པར་སྤྱོད་པ་སྤྱད་ཅིང་དབང་པོ་ཡོངས་སུ་སྨིན་པར་བྱས་པ་དེས་ད་ལྟར་རྣམ་པར་གྲོལ་ལོ་གསུངས། འདིས་ནི་ངག་གི་རྫུན་སྤངས་ཤིང་བདེན་པར་སྨྲ་བ་དང་བྱམས་སེམས་བསྒོམས་པའི་འབྲས་བུའང་བསྟན་པ་ཡིན་ནོ། །

གཙུག་ལག་ཁང་དང་དགེ་འདུན་མཆོད་པའི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ་གྲོང་དེའི་ཁྱིམ་བདག་ཕྱུག་ཅིང་ནོར་མང་བ་རྣམ་ཐོས་བུའི་ནོར་དང་ལྡན་པ་ཞིག་གི་ཆུང་མ་ལས་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཞིག་བཙས་པས་མིང་ཡང་ལྟ་ན་སྡུག་ཅེས་པར་བཏགས་སོ། །དེ་ཆེར་སྐྱེས་པ་ན་རྒྱལ་པོའི་ཁབ་ཐམས་ཅད་དུ་དེའི་གྲགས་པས་ཁྱབ་ནས་ཐམས་ཅད་དེར་བལྟ་བར་འོང་བ་ལས། ཕྱིས་ཞིག་ན་བཅོམ་ལྡན་འདས་མངོན་པར་སངས་རྒྱས་ཏེ་རྒྱལ་པོའི་ཁབ་ཏུ་བྱོན་ནས་སྐྱེ་བོ་དཔག་ཏུ་མེད་པའི་དོན་མཛད་པས། རྒྱལ་པོའི་ཁབ་ཀྱི་མི་རྣམས་དེར་འདུས་ནས་ཁྱེའུ་ལ་ལྟ་བར་བྱེད་པ་མེད་པར་གྱུར་ནས། ཁྱེའུ་དེས་དེའི་རྒྱུ་དྲིས་པ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྔགས་པ་ཐོས་ནས་དེ་རབ་ཏུ་དགའ་བར་གྱུར་ཏེ། ཕ་མ་དང་ལྷན་ཅིག་ཏུ་འོད་མའི་ཚལ་དུ་སོང་བ་ན། ཁྱེའུ་དེས་བཅོམ་ལྡན་འདས་ཀྱི་སྐུ་མཐོང་བ་ན་དེ་ལ་ཕ་ཡི་འདུ་ཤེས་སྐྱེས་ཏེ། ཕ་ཕ་ཞེས་བརྗོད་ཅིང་ཞབས་ལ་ཕྱག་བྱས་ཏེ་སྐུའི་དྲུང་ན་འདུག་གོ །དེར་བཅོམ་ལྡན་འདས་ཀྱིས་རྐྱེན་དང་འཚམ་པའི་ཆོས་བསྟན་པའི་འོག་ཏུ། ཕ་མ་གཉིས་ཀྱིས་ཁྱེའུའི་ལག་པ་ནས་བཟུང་སྟེ་ཁྱིམ་དུ་འགྲོ་བར་བྱས་ཀྱང་དེ་སངས་རྒྱས་ཀྱི་ཐད་ནས་དབྲལ་བར་མ་ནུས་སོ། །དེ་ནས་དེ་གཉིས་ཀྱིས་བསམ་པ། བཅོམ་ལྡན་འདས་བདག་ཅག་གི་ཁྱིམ་དུ་སྤྱན་དྲངས་ན་ཐབས་དེས་ཁྱིམ་དུ་ཁྲིད་ནུས་པར་འགྱུར་རོ་སྙམ་ནས། སངས་རྒྱས་འཁོར་དང་བཅས་པ་དགུང་བདུན་གྱི་བར་སྤྱན་དྲངས་ཤིང་མཆོད་ནས། བཅོམ་ལྡན་འདས་ཀྱིས་དེ་དག་དང་མཐུན་པའི་ཆོས་བསྟན་པས་ཁྱིམ་བདག་འཁོར་དང་བཅས་པ་བདེན་པས་མཐོང་ཞིང་། ཁྱེའུ་དེ་དགེ་སློང་ཚུར་ཤོག་གིས་བསྙེན་པར་རྫོགས་ཏེ་བརྩོན་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ན། བཀའ་སྩལ་པ། ཁྱེའུ་འདི་ནི་ངའི་འདས་མ་ཐག་པའི་ཚེ་རབས་ལྔ་བརྒྱར་བུར་གྱུར་པས་ན། སྔོན་གྱིས་བག་ཆགས་དེ་ཁོ་ནས་འདིས་ང་ལ་མཇལ་བར་བྱེད་དོ། །དེ་ནས་དེའི་ལས་ཀྱི་རྒྱུ་གསོལ་པ་ན། སྨོན་ལམ་གྱིས་དབང་ལས་གྱུར་ཏེ། སྔོན་འདས་པའི་དུས་བསྐལ་པ་བཟང་པོ་འདི་ཉིད་ཀྱི་མི་རྣམས་ཀྱི་ཚེ་ལོ་བཞི་ཁྲི་ཐུབ་པ་ན་སངས་རྒྱས་འཁོར་བ་འཇིག་འཇིག་རྟེན་དུ་བྱོན་ཏེ། དེའི་ཚེ་རྒྱལ་པོ་མཛེས་པས་གཙུག་ལག་ཁང་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཞིག་བྱས་ནས་སངས་རྒྱས་འཁོར་དང་བཅས་པ་ལ་ཕུལ་ཏེ། ཉིན་རེ་བཞིན་རྒྱལ་པོ་རང་ཉིད་འཁོར་དང་བཅས་པ་སོང་ནས་གཙུག་ལག་ཁང་གི་བྱི་དོར་བྱེད་པ་ལས། ཉིན་ཞིག་རྒྱལ་པོ་དེ་ལ་བྲེལ་བ་ཞིག་བྱུང་སྟེ། རང་གི་བུ་ཐུ་བོ་དེ་བྱི་དོར་བྱེད་པར་བསྐོས་པ་ལས། དེས་བྱི་དོར་བྱེད་པ་ན་སངས་རྒྱས་འཁོར་བ་འཇིག་གིས་ཉི་མ་ནུབ་ཀྱི་བར་དུ་བྱི་དོར་བྱེད་མི་ནུས་པ་དེ་ལྟར་བྱིན་གྱིས་བརླབས་པས། རྒྱལ་བུ་དེ་གཙུག་ལག་ཁང་དེར་དགོང་མལ་བཏབ་པ་ན། དེ་ནུབ་རྒྱལ་བུ་དེས་དགེ་སློང་རྣམས་རྫུ་འཕྲུལ་སྟོན་པའང་མཐོང་། བརྒྱ་བྱིན་དང་ཚངས་པ་སོགས་ཀྱང་འོང་བར་མཐོང་བས། དེ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏེ། གྲོང་ཁྱེར་དུ་ཕྱིར་འགྲོ་མི་འདོད་པར་གྱུར་ནས། གཙུག་ལག་ཁང་དེ་ཉིད་དུ་ལོ་ལྔ་སྟོང་གི་བར་དུ་གནས་ནས་གཙུག་ལག་ཁང་དང་དགེ་སློང་རྣམས་ལ་རིམ་གྲོ་བགྱིས་ཤིང་། བྱམས་པའི་ཏིང་ངེ་འཛིན་ཀྱང་བསྐྱེད། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བསྲུངས་ནས་འཆི་ཁར། བདག་གང་དུ་སྐྱེས་པ་དེར་གཟུགས་བཟང་བ་ལྟ་ན་སྡུག་པ་དང་། སྟོན་པ་འདི་ལྟ་བུ་མཉེས་པར་བྱས་ནས་རབ་ཏུ་བྱུང་ཞིང་ཉོན་མོངས་པ་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། དེའི་དུས་ཀྱི་རྒྱལ་པོའི་བུར་གྱུར་པ་དེ་འདི་ཁོ་ནའོ། །གཞན་ཡང་སངས་རྒྱས་འོད་སྲུང་གི་དུས་སུ་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་བསྲུངས་ལ་དབང་པོ་སྨིན་པར་བྱས་པས་ད་ལྟར་རྣམ་པར་གྲོལ་ལོ་གསུངས། འདིས་ནི་གཙུག་ལག་ཁང་དང་དགེ་འདུན་མཆོད་པའི་ཕན་ཡོན་ཀྱང་བསྟན་ཏོ། །

ཚུལ་ཁྲིམས་བསྲུངས་ཤིང་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ད་ལྟར་རྣམ་པར་གྲོལ་བ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་དང་རྒྱལ་པོའི་ཁབ་ཀྱིས་བར་མཚམས་ཤིང་སཱ་ལའི་ནགས་ཁུང་ན། མི་རྒོད་དེ་ཆོམ་རྐུན་པ་ལྔ་བརྒྱ་ཙམ་ཞིག་གནས་ཏེ། མགྲོན་པོ་ཐམས་ཅད་བཅོམ་ཞིང་ཁ་འདོགས་པར་བྱེད་པ་ལས། ཕྱིས་ཞིག་ན་རྒྱལ་པོ་གསལ་རྒྱལ་གྱིས་བུ་འཕགས་སྐྱེས་པོ་དཔུང་གི་ཚོགས་དང་བཅས་ཏེ་མངགས་པས། མི་རྒོད་ལྔ་བརྒྱ་པོ་གསོན་པོར་བཟུང་སྟེ། རྒྱལ་པོ་གསལ་རྒྱལ་ལ་ཕུལ་ཞིང་། གསལ་རྒྱལ་གྱིས་གཤེད་མ་རྣམས་ལ་བསྒོས་ཏེ་གསོད་དུ་བཏང་བ་ན། བཅོམ་ལྡན་འདས་ཀྱི་དེ་དག་འདུལ་བའི་དུས་ལ་བབ་པར་གཟིགས་ནས། རྒྱལ་པོ་གསལ་རྒྱལ་གྱི་ཐད་དུ་བྱོན་ནས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་རིགས་ཀྱི་བུ་ལྔ་བརྒྱ་པོ་འདི་རྣམས་མ་གསོད་པར་ཐོངས་ཤིག རྒྱལ་པོས་གསོལ་པ། གལ་ཏེ་རབ་ཏུ་བྱུང་ན་བཏང་བར་འཚལ་ལོ་ཞེས་ཞུས་ཏེ་བཏང་ངོ་། །དེ་ནས་དེ་རྣམས་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་ནས་རབ་ཏུ་བྱུང་ཞིང་ལུང་ཕོག་པས་ཐམས་ཅད་ཀྱིས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས། ད་ལྟར་འབའ་ཞིག་མ་ཡིན་ཏེ། སྔོན་འདས་པའི་དུས་ནའང་། ཡུལ་བི་དེ་ཧའི་རྒྱལ་པོ་དབང་ཆེན་སྡེ་དཔུང་གི་ཚོགས་དང་བཅས་རི་དྭགས་བཤོར་དུ་སོང་བ་ལས། རྒྱལ་པོའི་བློན་པོ་ལྔ་བརྒྱས་བསད་པར་བགྲོས་པ་བསད་ཤོར་ཏེ། རྒྱལ་པོ་དེས་བློན་པོ་ལྔ་བརྒྱ་པོ་བཟུང་ནས་གསོད་དུ་བཏང་སྟེ་གཤེད་མ་ལ་གཏད་པའི་ཚེ། ནགས་ཁྲོད་ཀྱིི་དྲང་སྲོང་ཞིག་གིས་བསླུས་ཏེ་དཀའ་ཐུབ་ཀྱི་ནགས་སུ་ཁྲིད་དེ་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེའི་དུས་ཀྱི་དྲང་སྲོང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་ནི་ང་ཉིད་ཡིན་ལ། བློན་པོ་ལྔ་བརྒྱ་པོ་ནི་མི་རྒོད་ལྔ་བརྒྱ་པོ་འདི་དག་གོ །གཞན་ཡང་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས། འདི་རྣམས་ཀྱི་ཚུལ་ཁྲིམས་བསྲུངས་ཤིང་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ། །ཡང་སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། མཉན་ཡོད་དང་རྒྱལ་པོའི་ཁབ་ཀྱི་བར་མཚམས་ན་ཤ་ཟ་སྟོང་གནས་ཏེ་ཡུལ་དེ་གཉིས་ཀྱི་སྐྱེ་བོ་རྣམས་ཁ་འདོགས་པར་བྱེད་པ་ལས། རྒྱལ་པོ་གསལ་རྒྱལ་གྱིས་གཟུགས་ཅན་སྙིང་པོ་ལ་བསྐུལ་ནས་བཅོམ་ལྡན་འདས་ལ་འདུལ་བར་གསོལ་པ་བཏབ་པས། བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་བའི་དུས་ལ་བབ་པར་གཟིགས་ནས་རྒྱལ་པོའི་ཁབ་ནས་མི་སྣང་བར་གྱུར་ཏེ། སཱ་ལའི་ནགས་ཁུང་ཤ་ཟ་རྣམས་ཀྱི་འདབ་ཏུ་གཤེགས་སོ། དེར་ཤ་ཟ་རྣམས་ཀྱིས་མཐོང་ནས་གཟུགས་མི་སྡུག་པར་བསྒྱུར་ཏེ་ཤུགས་ཆེན་པོས་བཅོམ་ལྡན་འདས་ཀྱི་སྟེང་དུ་བརྒྱུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པས། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་གནོད་སྦྱིན་ཆེ་བར་གྲགས་སོ་ཅོག་དེར་འོངས་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ཤིང་། ཤ་ཟའི་ཚོགས་དེ་དག་གཙེས་པས་ཤིན་ཏུ་འཇིགས་ཤིང་སྐྲག་ནས་ཕན་ཚུན་དུ་འབྲོས་པར་བརྩམ་པ་ན། ཕྱོགས་ཐམས་ཅད་མེས་གང་བར་སྤྲུལ་པས་དེ་དག་འབྲོས་མ་ནུས་ནས། བཅོམ་ལྡན་འདས་ཀྱི་ཞབས་དྲུང་འབའ་ཞིག་ཞི་བར་མཐོང་སྟེ། སྐྱབས་འཚོལ་ཞིང་དྲུང་དུ་འཁོད་དེ། བཅོམ་ལྡན་འདས་ལ། བདག་ཅག་ལ་བཀའ་ཅི་སྩལ་ཅེས་གསོལ་པས། བཀའ་སྩལ་པ། ཕྱིན་ཆད་སྡིག་པ་ལས་བཟློག་ལ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ཟུངས་ཤིག ཤ་ཟ་རྣམས་ཀྱིས་ཀྱང་བཀའ་བཞིན་དུ་འཚལ་ལོ། །ཞེས་གསོལ་ཏེ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་ཏེ། དེ་ཕྱིན་སྡིག་པའི་ལས་སྤངས་ཤིང་བླ་ན་མེད་པའི་ལམ་ལ་གནས་པར་གྱུར་ནས། ཕན་ཚུན་འགྲུལ་པ་རྣམས་ལ་ཆུ་དང་ཁ་ཟས་ཀྱང་སྦྱིན་ཞིང་ལམ་སྟོར་བ་རྣམས་ལ་ལམ་ཡང་སྟོན་པར་བྱེད་དོ། །དེར་སྐྱེ་བོ་རྣམས་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས་ད་ལྟར་འབའ་ཞིག་མ་ཡིན་ཏེ། སྔོན་འདས་པའི་དུས་ནའང་ས་ཕྱོགས་འདི་ཉིད་ན་ཤ་ཟའི་ཚོགས་ཆེན་པོ་གནས་ཏེ་ཡུལ་ཀཱ་ཤི་དང་ཀོ་ས་ལའི་མི་རྣམས་མ་རུངས་པར་བྱེད་པ་ལས། རྒྱལ་པོའི་ཁབ་ཀྱི་དཀའ་ཐུབ་ཀྱི་གནས་ཞིག་ན་དྲང་སྲོང་ཞིག་ཡོད་པ་དེས་བཏུལ་ཏེ་དགེ་བ་བཅུའི་ལམ་ལ་བཀོད་དོ། །དེའི་དུས་ཀྱི་དྲང་སྲོང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་ནི་ང་ཡིན་ལ། དེའི་ཚེ་ཤ་ཟར་གྱུར་པ་དེ་དག་ནི་ད་ལྟའི་ཤ་ཟ་འདི་རྣམས་ཡིན་ནོ་གསུངས།

སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ།

༈ ཡང་སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། ཡུལ་ཡངས་པ་ཅན་ན་འཕོང་གི་སློབ་དཔོན་དབང་པོའི་མགོ་ཞེས་བྱ་བ་འཕོང་གི་རིག་པ་ཐམས་ཅད་ཀྱི་མཐར་ཕྱིན་པ་ཞིག་གནས་པ་དེས། ལིཙྪ་བི་གཞོན་ནུ་ལྔ་བརྒྱ་ལ་འཕོང་གི་རིག་པ་བསླབས་ནས། དེ་དག་ཀྱང་དེ་ལ་མཐར་ཕྱིན་པར་གྱུར་ཏེ་སྟོབས་པོ་ཆེར་གྱུར་ཏེ། དེ་ནས་ཕྱི་ཞིག་ན་རྒྱལ་པོའི་ཁབ་ན་གནས་པ་རྣམས་དང་། ཡངས་པ་ཅན་ན་གནས་པ་རྣམས་འགྲས་པར་གྱུར་ཏེ། རྒྱལ་པོའི་ཁབ་ན་གནས་པ་རྣམས་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་གོ་བཀོན་ནས་ཡངས་པ་ཅན་རྣམས་ཀྱི་སྟེང་དུ་དྲངས་པའི་ཚེ། འཕོང་གི་སློབ་དཔོན་དབང་པོའི་མགོ་འཁོར་ལྔ་བརྒྱ་དང་བཅས་པ་དེས་ལན་ལྔ་ཡི་བར་དུ་ཕམ་པར་བྱས་ཏེ་ཕྱིར་བདས་ནས་རྒྱལ་པོའི་ཁབ་ཀྱི་མི་རྣམས་ཁ་བཏགས་པས། འཕོང་གི་སློབ་དཔོན་དབང་པོའི་མགོས་མི་ལྔ་སྟོང་མདའ་འཕངས་ཏེ་བསད་དོ་ཞེས་ཐོག་ཐག་ཏུ་གྲགས་སོ། །དེ་ནས་རྒྱལ་པོའི་ཁབ་ཀྱི་མི་རྣམས་ཀྱིས་དབང་པོའི་མགོ་འདུལ་བར་གསོལ་པ་བཏབ་པས། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནས་མི་སྣང་བར་གྱུར་ནས། ཡངས་པ་ཅན་དུ་གཤེགས་ཏེ་ཕྱིན་ཆད་དབང་པོའི་མགོ་འཕོང་མི་ཤེས་པར་བྱིན་གྱིས་བརླབས་ནས་དེ་རྨོངས་པར་གྱུར་ཏེ། ཅིའི་ཕྱིར་བདག་འདི་ཁོ་ན་ལྟར་མ་རུངས་པར་གྱུར། དོན་འདི་བཅོམ་ལྡན་འདས་ལ་གསོལ་ལོ་སྙམ་ནས་དྲུང་དུ་ཕྱིན་ཏེ་ཞབས་ལ་ཕྱག་བྱས་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་པ་ན། བཅོམ་ལྡན་འདས་ཀྱིས་དེའི་ཁམས་དབང་མོས་པ་དང་འཚམ་པར་ཆོས་བསྟན་པས་དེ་ཉིད་སྟན་དེ་ལ་འཁོད་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས་རབ་ཏུ་བྱུང་བར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ལིཙྪ་བི་ལྔ་བརྒྱ་པོ་རྣམས་ལ་སྒྲོན་ཅིག་གསུངས། དེ་ནས་དེ་ཡངས་པ་ཅན་དུ་སོང་ནས། དེ་ཐམས་ཅད་ལ་རབ་ཏུ་འབྱུང་བར་འདོད་པར་འགྱུར་བའི་ཆོས་བསྟན་ཅིང་དེ་རྣམས་ཀྱིས་ཀྱང་ཕ་མ་ལ་གནང་བ་ཞུས་ཏེ། དབང་པོའི་མགོ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་ཆོས་ཉན་པས། ལིཙྪ་བི་ལྔ་བརྒྱ་པོ་རྣམས་ཀྱང་སྟན་དེ་ཉིད་ལ་འཁོད་བཞིན་དུ་བདེན་པ་མཐོང་ནས། དེ་ཐམས་ཅད་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་བརྩོན་པས་ཀུན་ཀྱང་དགྲ་བཅོམ་པ་མངོན་དུ་གྱུར་ཏོ། །དེའི་ཚེ་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས། ད་ལྟར་འབའ་ཞིག་མ་ཡིན་ཏེ། སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་གྲུ་འཛིན་ཞེས་བྱ་བ་ན། རྒྱལ་པོ་དབང་ཆེན་ཞེས་བྱ་བའི་བུ་དབང་ཆེན་སྡེ་ཞེས་བྱ་བ་བཟོ་དང་སྒྱུ་རྩལ་གྱི་གནས་མཐའ་དག་ལ་བྱང་ཆུབ་པ་ཞིག་ཡོད་པ་དེས་བལྟས་པས། བློན་པོ་ལྔ་བརྒྱ་ཡོད་པ་ཀུན་གྱིས་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་པ་མཐོང་ནས་དེ་སྐྱོ་སྟེ་ཕ་མ་ལ་གནང་བ་ཞུས་ནས་དཀའ་ཐུབ་ཀྱིས་ནགས་སུ་སོང་བ་ལས། ཕྱིས་ཡབ་རྒྱལ་པོ་དེ་འདས་ནས། ཉི་འོག་གི་རྒྱལ་པོ་དག་གིས་ཡུལ་ལ་གནོད་པ་བྱེད་པ་ན། བློན་པོ་རྣམས་ཀྱིས་རྒྱལ་བུ་སྤྱན་དྲངས་ཏེ་རྒྱལ་སར་བཞུག་གོ་སྙམ་ནས། བློན་པོའི་མཆོག་གཅིག་ཡོད་པ་དེ་རྒྱལ་བུའི་དྲུང་དུ་སོང་སྟེ་དོན་དེ་གསོལ་བ་ན། རྒྱལ་བུའི་གལ་ཏེ་ཁྱོད་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་གྱུར་ན་དེའི་འོག་ཏུ་འོང་ངོ་གསུངས་པས། བློན་པོའི་མཆོག་དེས་རང་ཉིད་དགེ་བཅུའི་ལས་ཀྱི་ལམ་ལ་གནས་པར་བྱས་ཤིང་བློན་པོ་གཞན་ལྔ་བརྒྱ་པོ་དག་ཀྱང་དགེ་བཅུའི་ལམ་ལ་བཀོད་ནས། རྒྱལ་བུ་དེ་སྤྱན་དྲངས་ནས་རྒྱལ་སར་བཅུག་གོ དེ་ན་ཡུལ་ཁམས་མཐའ་དག་དགེ་བཅུའི་ལམ་ཡང་དག་པ་ལ་བཀོད་པར་བྱས་ཏེ། དེའི་དུས་ཀྱི་རྒྱལ་བུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་ནི་ང་ཡིན་ལ། བློན་པོའི་མཆོག་དེ་ནི་དབང་པོའི་མགོ་དང་། བློན་པོ་ལྔ་བརྒྱ་པོ་ནི་ལིཙྪ་བི་ལྔ་བརྒྱ་པོ་འདི་ཡིན་ཏེ། དེའི་ཚེ་ཡང་ངས་དབང་པོའི་མགོ་འདི་ཁོ་ན་ལ་བརྟེན་ནས་བློན་པོ་ལྔ་བརྒྱ་པོ་དེ་དག་སྡིག་པ་ལས་བཟློགས་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། །གཞན་ཡང་འདི་རྣམས་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་དབང་པོ་ཡོངས་སུ་སྨིན་པར་བྱས་པས་ད་ལྟར་རྣམ་པར་གྲོལ་ལོ་གསུངས།

དཀོན་མཆོག་མཆོད་པའི་ཕན་ཡོན་དང་ལྷ་དང་བཅས་པའི་འཇིག་རྟེན་ན་སྐྱབས་ཀྱི་མཆོག་ནི་སངས་རྒྱས་ཉག་གཅིག་ཡིན་པར་ཡང་བསྟན་པ།

༈ ཡང་སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ་ལྷའི་དབང་པོ་འཁོར་དང་བཅས་པ་བདེན་པ་ལ་བཀོད་པར་མཛད་དེ། དེ་ཡང་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་ན་ལྷའི་དབང་པོ་བརྒྱ་བྱིན་ལ། ལུས་ཀྱི་འོད་ཆུང་བ་དང་། གོས་རྒྱན་སོགས་ལས་སྒྲ་མི་སྙན་པར་གྲགས་པ་དང་། གོས་ཀྱིས་རེག་ན་རྩུབ་པར་གྱུར་པ་དང་། ལུས་ལ་དྲི་མ་ཆགས་པ་དང་། མིག་འཛུམ་པ་སྟེ་ཉེ་བའི་ལྟས་ལྔ་བྱུང་བས་འཆི་འཕོ་བར་ཤེས་ནས་མི་དགའ་བར་གྱུར་པ་ལ། ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་མས་བསྐུལ་བས་འཛམ་བུ་གླིང་དུ་འོངས་ནས། དགེ་སྦྱོང་དང་བྲམ་ཟེ་དང་ཁོང་དགེ་བའི་རང་བཞིན་ཅན་དུ་གྲགས་པ་ཐམས་ཅད་ཀྱི་ཐད་དུ་འོངས་ནས། ཐབས་ཅི་ཞིག་གིས་ན་ལྷའི་བུ་འཆི་འཕོ་བར་གྱུར་པ་ལས། འཆི་འཕོ་བར་མི་འགྱུར་ཞེས་དྲིས་པས། དེ་དག་གིས་བདག་ལ་ལྷའི་དབང་པོ་བརྒྱ་བྱིན་བལྟར་འོངས་པ་འདི་ནི་བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ་ཞེས་ཟེར་ནས། དེ་དག་དབང་པོ་བརྒྱ་བྱིན་ཉིད་ལ་སྐྱབས་སུ་འགྲོ་བར་བྱེད་པས། བརྒྱ་བྱིན་གྱིས་བསམ་པ། འདི་ལྟར་བདག་ནི་འདི་རྣམས་ལ་འདྲི་བར་འདོད་ཅིང་སྐྱབས་སུ་འགྲོ་བར་འདོད་པ་ལས། འདི་དག་བདག་ལ་སྐྱབས་སུ་འགྲོ་བར་བྱེད་ན། བདག་དགེ་སྦྱོང་དང་། བྲམ་ཟེ་འདི་ལྟ་བུ་ལ་འདྲི་ཅི་དགོས་སྙམ་སྟེ་རེ་ཐག་ཆད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས་གཟིགས་པ་རྣམ་པ་བཞིས་གཤེགས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་མཐོང་བས་བརྒྱ་བྱིན་རབ་ཏུ་དགའ་བར་གྱུར་ནས་ད་ནི་དེ་ལས་བདུད་རྩི་རྟོགས་པར་འགྱུར་རོ་སྙམ་ནས་ལྷའི་བུ་བཞི་སྲུང་བར་བཏང་ཞིང་། དུས་དུས་སུ་བདག་ཉིད་ཀྱང་འོངས་ནས་སྲུང་བར་བྱེད་ལ། བལྟམས་པའི་ཚེ་ཡང་བདག་ཉིད་ཀྱིས་བླངས་ཤིང་། སྐུ་ཆེར་སྐྱེས་པའི་ཚེ་ཡང་སྐྱོ་བ་བསྐྱེད་ནས་ངེས་པར་འབྱུང་བར་བསྐུལ་ཞིང་། བྱང་ཆུབ་ཀྱི་སྙིང་པོར་ཡང་བསྲུང་བའི་ཕྱིར་སོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས། ལྔ་སྡེ་དང་། ཉེ་བའི་ལྔ་སྡེ་དང་། གྲོང་གི་བྱིས་པ་སྟོང་ལྔ་བཅུ་དང་། བཟང་སྡེའི་སྡེ་ཚན་རྣམས་བཏུལ་བ་དང་། དགའ་མོ་དང་དགའ་སྟོབ་མ་བདེན་པ་ལ་བཀོད་པ་དང་། ལྟེང་རྒྱས་འོད་སྲུང་དང་། ཆུ་ཀླུང་འོད་སྲུང་སྤུན་རབ་ཏུ་བྱུང་བ་དང་། ག་ཡར་གཤེགས་ནས་ཆོ་འཕྲུལ་རྣམ་པ་གསུམ་བསྟན་པ་དང་། རྒྱལ་པོའི་ཁབ་ཏུ་གཟུགས་ཅན་སྙིང་པོ་ལྷ་བརྒྱད་ཁྲི་དང་ཡུལ་མ་ག་དྷཱའི་བྲམ་ཟེ་དང་ཁྱིམ་བདག་སྟོང་ཕྲག་དུ་མ་བདེན་པ་ལ་བཀོད་པ་དེའི་ཚེ་རྣམས་སུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ད་དུང་བདག་གི་ཞུ་བ་ལུང་བསྟན་པའི་དུས་ལ་མ་བབ་བོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་འོད་མའི་ཚལ་དུ་བཞུགས་པ་ན། མཆོག་ཟུང་གཉིས་རབ་ཏུ་བྱུང་སྟེ་བསྟན་པ་རྒྱས་པར་མཛད་ནས། ད་ནི་ལྷ་ཡི་དབང་པོ་བརྒྱ་བྱིན་འཁོར་བརྒྱད་ཁྲི་དང་བཅས་པ་བདེན་པ་ལ་དགོད་པར་བྱའོ་སྙམ་དུ་དགོངས་ནས། རྒྱལ་པོའི་ཁབ་ནས་མི་སྣང་བར་གྱུར་ཏེ། ལྷོ་ཕྱོགས་བྲམ་ཟེའི་གྲོང་ཨ་མྲའི་ནགས་ཁྲོད་ཅེས་བྱ་བ་དེའི་བྱང་ཕྱོགས། རི་བི་དེ་ཧའི་དབང་པོའི་བྲག་ཕུག་ཏུ་གཤེགས་ནས་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །དེར་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུས་ལ་བབ་པར་རིག་ནས་ལྷའི་འཁོར་བརྒྱད་ཁྲི་དང་། ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་དང་། དྲི་ཟའི་བུ་ཟུར་ཕུད་ལྔ་པ་དང་ཐབས་ཅིག་ཏུ་གནས་དེར་ལྷགས་པས་ལྷ་དེ་རྣམས་ཀྱི་འོད་ཀྱིས་རི་བི་དེ་ཧ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེར་དྲི་ཟའི་བུ་གཙུག་ཕུད་ལྔ་པ་འཁོར་ལྔ་བརྒྱ་དང་བཅས་པས་བཻཌཱུཪྱའི་པི་ཝང་བླངས་ནས་ཚིགས་སུ་བཅད་པའི་དབྱངས་ཀྱིས། བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་སུ་གསོལ་པ་ན་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་འཁོར་མང་པོ་དང་བཅས་པར་གཟིགས་ནས་བྲག་ཕུག་དེ་ཡང་ཤིན་ཏུ་ཡངས་པར་བྱིན་གྱིས་བརླབས་སོ། །དེ་ནས་ལྷའི་དབང་པོ་འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་ཞབས་ལ་ཕྱག་བྱས་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་ནས། བརྒྱ་བྱིན་ལྷའི་དབང་པོས་བཅོམ་ལྡན་འདས་ལ་ཞུ་བ་དང་ཞུ་ལན་རབ་ཏུ་མང་པོ་མཛད་པའི་མཐར་བརྒྱ་བྱིན་རབ་ཏུ་མགུ་ནས། ལྷ་དང་བཅས་པའི་འཇིག་རྟེན་ན། །གང་ཟག་ཁྱོད་ཀྱི་ཟླ་མ་མཆིས། །དཔའ་བོ་ཆེན་པོ་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྟོད་ཅིང་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་ལྷའི་དབང་པོ་བརྒྱ་བྱིན་དང་། ལྷ་བརྒྱད་ཁྲིས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བར་སྐྱེས་ཏེ། བདེན་པ་མཐོང་བའི་མཇུག་ཐོག་དེ་མ་ཐག་པར་སྟན་དེ་ལ་འཁོད་བཞིན་དུ་ལྷའི་དབང་པོ་བརྒྱ་བྱིན་དེ་ཉིད་ཚེ་འཕོས་ཏེ། སྟན་དེ་ཉིད་དུ་ཕྱིར་སྐྱེས་སོ། །དེ་ལྟར་ཤི་འཕོས་པ་དང་སྐྱེས་པ་ནི། མིག་མི་འཛུམ་པ་དང་། མི་སྣང་བར་གྱུར་པ་དང་། ལུས་ཀྱི་རེག་པའི་སྒོ་ནས་རྟོགས་པར་འགྱུར་ཏེ། བརྒྱ་བྱིན་རང་ཉིད་དང་བདེ་སོགས་མ་ལས་ལྷ་གཞན་གྱིས་རྟོགས་པར་མི་འགྱུར་རོ། །དེ་ནས་ལྷའི་དབང་པོ་དང་དྲི་ཟའི་རྒྱལ་པོ་ལ་སོགས་པ་འཁོར་དང་བཅས་པས་ཇི་སྲིད་འཚོའི་བར་དུ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ཀྱང་བླངས་ཏེ། ལྷའི་དགེ་བསྙེན་ཆེན་པོ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་བསྐོར་བ་ལན་གསུམ་བྱས་ཏེ། སླར་ལྷའི་ཡུལ་དུ་གཤེགས་སོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས་ལྷའི་དབང་པོ་འཁོར་དང་བཅས་པའི་ལས་ཀྱི་རྒྱུ་ཞུས་པ་ན། བཀའ་སྩལ་པ། དེ་ནི་སྨོན་ལམ་གྱི་དབང་ལས་གྱུར་ཏེ། སྔོན་སངས་རྒྱས་འཁོར་བ་འཇིག་འཇིག་རྟེན་དུ་བྱོན་ཏེ་སངས་རྒྱས་པ་ན་རྒྱལ་པོའི་ཕོ་བྲང་མཛེས་ལྡན་དུ་གཤེགས་ཏེ། དེའི་ཚེ་རྒྱལ་པོ་མཛེས་པས། གཙུག་ལག་ཁང་ལྔ་བརྒྱ་བརྩེགས་ཏེ་གནས་ཁང་དྲུག་སྟོང་བྱས་ནས་སངས་རྒྱས་འཁོར་དང་བཅས་པ་ལ་འབུལ་ཞིང་གཙུག་ལག་ཁང་དེ་དག་ཏུ་ཡོ་བྱད་ཐམས་ཅད་སྦྱར་ནས། རྒྱལ་པོ་དེ་ཉིད་འཁོར་བརྒྱད་ཁྲི་དང་བཅས་པས་མཆོད་པའི་ལས་ལ་བརྩོན་ཅིང་། མཐར་སྐུ་མྱ་ངན་ལས་འདས་པའི་ཚེ་ནའང་། སྐུ་གདུང་ལ་མཆོད་རྟེན་བརྩེགས་ཏེ། མཆོད་པ་རྒྱ་ཆེན་པོས་མཆོད་ནས་སྨོན་ལམ་བཏབ་པས། དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེས་པ་དེར་གལ་ཏེ་ལྷར་སྐྱེས་ན་ནི་ལྷ་ཆེ་བར་གྲགས་པ་ལྷ་རྣམས་ཀྱིས་མངའ་བདག་ཏུ་གྱུར་ཅིག གལ་ཏེ་མིར་གྱུར་ན་ནི་ཆེ་བར་གྲགས་པ་མི་རྣམས་ཀྱིས་ནང་ནས་རྒྱལ་སྲིད་ཀྱི་མངའ་བདག་ཏུ་གྱུར་ཅིག་ཅེས་བྱས་སོ། །དེའི་ཚེ་འཁོར་བརྒྱད་ཁྲི་པོས་བདག་ཅག་གང་དུ་སྐྱེས་པ་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བ་དང་། རྒྱལ་པོ་ཁྱོད་ལ་བརྟེན་ནས་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དེའི་དུས་ཀྱི་རྒྱལ་པོ་མཛེས་པ་ནི་ལྷའི་དབང་པོ་བརྒྱ་བྱིན་འདི་ཉིད་ཡིན་ཏེ་ལས་དེའི་རྣམ་པར་སྨིན་པས་ཆེད་འགའ་ལྷར་སྐྱེས་ཏེ་ལྷ་རྣམས་ཀྱི་མངའ་བདག་བྱས་ལ། ཆེད་འགའ་མིར་སྐྱེས་ཏེ་མི་རྣམས་ཀྱི་རྒྱལ་སྲིད་བྱས་སོ། །དེའི་ཞམ་རིང་བ་བརྒྱད་ཁྲིར་གྱུར་པ་གང་ཡིན་པ་དེ་ནི་ལྷ་བརྒྱད་ཁྲི་པོ་འདི་དག་སྟེ། ཚེ་རབས་ཐམས་ཅད་དུ་ཕྱུག་ཅིང་ནོར་མང་བར་གྱུར་ལ། འདི་རྣམས་ཀྱིས་ད་ལྟར་ང་མཉེས་པར་བྱས་ཀྱི་མི་མཉེས་པར་མ་བྱས་སོ་གསུངས། འདིས་ནི་དཀོན་མཆོག་མཆོད་པའི་ཕན་ཡོན་དང་ལྷ་དང་བཅས་པའི་འཇིག་རྟེན་ན་སྐྱབས་ཀྱི་མཆོག་ནི་སངས་རྒྱས་ཉག་གཅིག་ཡིན་པར་ཡང་བསྟན་པ་ཡིན་ནོ། །ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་བྲམ་ཟེ་ཞིག་རང་གི་ཆོས་ལུགས་ལྟར་ལོ་བཞི་བཅུ་རྩ་བརྒྱད་ཀྱི་བར་དུ་ཚངས་པར་སྤྱོད་པ་སྤྱད་ནས། དེའི་འོག་ཏུ་ཆུང་མ་བླངས་པ་ལས། ཆུང་མ་ནི་གཟུགས་བཟང་ལྟ་ན་སྡུག་པ་གཡེམ་ལ་དགའ་བར་གྱུར་ཏེ་ཁྱིམ་ཐབ་ནི་རྒན་པོར་གྱུར་པས་དེ་ལ་མི་དགའ་ཞིང་ལྷན་ཅིག་ཏུ་གནས་པར་མི་འདོད་པ་ལ། བྲམ་ཟེ་དེས་ཆུང་མའི་ངོ་སྲུང་བའི་ཕྱིར་ནོར་འཚོལ་དུ་འོང་བ་ལས། །མལ་དུ་མི་རྒོད་ཀྱིས་བཅོམ་པས་ཤིན་ཏུ་སྡུག་བསྔལ་བར་གྱུར་ཏེ་བདག་ཁྱིམ་དུ་སོང་ན་ནི་ཆུང་མས་འཐབ་པར་འགྱུར་གྱིས། ད་འདི་ཉིད་དུ་སྲོག་འདོར་བར་བྱའོ་སྙམ་ནས་ནགས་ཁུང་ཐིབས་པོར་སོང་སྟེ་ཤིང་གི་ཡལ་ག་ལ་ཐག་པ་བཏགས་ནས་འགག་པར་བརྩམས་པ་ན་བཅོམ་ལྡན་འདས་ཀྱིས་དེ་ཉིད་འདུལ་བའི་དུས་ལ་བབ་པར་དགོངས་ནས། ནགས་ཁུང་ཐིབས་པོ་དེར་གཤེགས་ཏེ་བྲམ་ཟེ་དེ་ལ། ཁྱོད་གཟུ་ལུམ་མ་བྱེད་ཅིག ངས་ཁྱོད་ལ་ནོར་སྦྱིན་ནོ་ཞེས་བཀའ་སྩལ་ཏེ་གཏེར་ཆེན་པོ་བསྟན་པས། དེས་ཀྱང་ནོར་རྣམས་ཁྱེར་ཏེ་རང་གི་ཁྱིམ་དུ་སོང་ནས། དེའི་ཁྱིམ་འབྱོར་པ་རྒྱས་པར་བྱས་ཏེ་བཞག་ནས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་སོ། །དེ་ནས་དེས་ཕྱི་ཞིག་ན་བཅོམ་ལྡན་འདས་ཀྱི་བཀའ་དྲིན་དྲན་ནས་རབ་ཏུ་བྱུང་བར་འདོད་དེ་སྤྱན་སྔར་ཕྱིན་པ་ན། བཅོམ་ལྡན་འདས་ཀྱིས་དེ་ལ་མཐུན་པའི་ཆོས་བསྟན་པས་རྒྱུན་དུ་ཞུགས་པ་ཐོབ་ཅིང་། ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་བྲམ་ཟེ་འདི་དབུལ་བས་འཇིགས་ནས་བདག་ཉིད་འཆི་བར་བྱས་པ་ལས། ངས་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས། དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་ཡིན་ཏེ། སྔོན་གྲོང་ཁྱེར་ཝཱ་རཱ་ཎ་སཱི་ན་རྒྱལ་པོ་དབང་ཆེན་སྡེ་ཞེས་བྱ་བས་རྒྱལ་སྲིད་བྱེད་དེ། རྒྱལ་པོ་དེ་ནི་སེམས་ཅན་ཐམས་ཅད་ལ་བུ་སྡུག་པ་བཞིན་དུ་བྱམས་པའི་རང་བཞིན་གང་ལ་ཅི་འདོད་པ་ཐམས་ཅད་སྦྱིན་ཞིང་ཐམས་ཅད་དགེ་བཅུའི་ལམ་ལ་བཀོད་དེ་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པར་བྱས་པས་མི་མ་ཡིན་པ་རྣམས་ཀྱིས་ཀྱང་དེ་ལ་བསྲུང་ཞིང་སྐྱོབ་པར་བྱེད་པས་ལོ་ལེགས་ཤིང་ཕྱུགས་འཕེལ་བ་སོགས་ཡུལ་ཁམས་ཐམས་ཅད་ཤིན་ཏུ་འབྱོར་པར་གྱུར་ཏོ། །དེའི་ཚེ་ཉི་འོག་གི་རྒྱལ་པོ་ནི་ཆོས་མ་ཡིན་པ་འབའ་ཞིག་གིས་རྒྱལ་སྲིད་བྱེད་པས་སྐྱེ་བོ་རྣམས་སྐྱོ་བར་གྱུར་ནས་ཐམས་ཅད་དབང་ཆེན་སྡེའི་ཡུལ་དུ་ཕྱིན་པས། ཉི་འོག་གི་རྒྱལ་ཁམས་ནས་ཡུལ་སྟོང་པར་གྱུར་པ་མཐོང་ནས་བློན་པོ་རྣམས་ལ་དྲིས་པ་ན་རྒྱུ་མཚན་ཞིབ་པར་ཐོས་པས་ཉི་འོག་གི་རྒྱལ་པོ་དེ་ཤིན་ཏུ་ཁྲོས་ཏེ་དཔུང་ཚོགས་ཡན་ལག་བཞི་དང་བཅས་རྒྱལ་པོ་དབང་ཆེན་སྡེའི་སྟེང་དུ་ཕྱིན་པ་ན། རྒྱལ་པོ་དབང་ཆེན་སྡེས་ཐོས་ཏེ་བློན་པོ་རྣམས་ལ་སྨྲས་པ། ཀྱེ། ངས་ནི་ཚེ་གཅིག་གི་འཚོ་བ་ཙམ་གྱི་ཕྱིར་སྡིག་པ་བྱེད་མི་ཕོད་ཀྱིས། གལ་ཏེ་ཁྱོད་རྣམས་ཡུལ་ཕུང་བར་འགྱུར་མི་འདོད་ན་ནི་ཉི་འོག་གི་རྒྱལ་པོ་དེ་ལ་ཕྱག་འཚོལ་ཅིག ངས་ནི་དེ་ལ་གནོད་པ་བྱེད་མི་ཕོད་དོ། །ནགས་ཀྱི་ནང་དུ་ཤིང་ཤུན་ཤར་བུའི་གོས་གྱོན་ཅིང་། །འབྲས་བུ་ཟ་ལ་གཅན་གཟན་དག་དང་འགྲོགས་ཀྱང་སླའི། །འཇིག་རྟེན་ཕ་རོལ་དག་གིས་འཛེམ་པའི་མི་རྣམས་ཀྱིས། །རྒྱལ་སྲིད་དག་གི་ཕྱིར་ནི་གསོད་དང་བཅིང་མི་བྱ། །ཞེས་བྱས་ཏེ་དཀའ་ཐུབ་ཀྱི་ནགས་སུ་སོང་ངོ། །དེ་ནས་བློན་པོ་རྣམས་ཀྱིས་ཉི་འོག་གི་རྒྱལ་པོ་ལ་བབ་ཕུལ་ཞིང་། དེས་ཀྱང་ཡུལ་དེ་ཆམ་ལ་ཕབ་སྟེ་འདུག་པ་ན། རི་ཁྲོད་ཀྱི་གྲོང་ཞིག་ནས་བྲམ་ཟེ་དབུལ་པོ་ཞིག་བཟའ་མི་མང་བས་དེ་དག་བསྐྱང་མ་ནུས་ནས་ཝཱ་རཱ་ཎ་སཱིར་རྒྱལ་པོ་དབང་ཆེན་སྡེ་ལ་སློང་དུ་འོང་བ་ན། དེས་རྒྱལ་པོ་ནགས་སུ་གནས་བཅས་པར་ཐོས་ཏེ་མྱ་ངན་གྱི་ནོན་བཞིན་དུ་དཀའ་ཐུབ་ཀྱི་ནགས་སུ་ཕྱིན་ནས་བྱང་ཆུབ་སེམས་དཔའ་ལ་ནོར་བསླང་བས། བདག་དཀའ་ཐུབ་ཀྱི་ནགས་ན་གནས་བཅས་པ་མ་ཐོས་སམ། བདག་ལ་ནོར་ག་ལ་ཡོད་གསུངས་པས། བྲམ་ཟེ་དེ་རེ་ཐག་ཆད་ནས་ས་ལ་འགྱེལ་ཞིང་བརྒྱལ་སངས་པ་ན་གནས་དེར་འཆི་བར་བྱའོ་སྙམ་སྟེ་ཤིང་གི་ཡལ་ག་ལ་ཐག་པ་བཏགས་ནས་འགག་གྲིར་བཏང་བར་བརྩམས་པ་ན། བྱང་ཆུབ་སེམས་དཔའ་ལྷག་པར་ཡང་སྙིང་རྗེ་ཆེན་པོ་སྐྱེས་ཏེ། བྲམ་ཟེ་དེ་ལ་སྨྲས་པ། ཁྱོད་ཀྱིས་གཟུ་ལུམ་མ་བྱེད་དང་། ངས་ཁྱོད་ཀྱི་དབུལ་བ་གཅད་པར་བྱའོ། །བྲམ་ཟེ་ཁྱོད་ཚུར་ཤོག་ལ། ངའི་ལག་པ་རྒྱབ་ཏུ་བསྣོལ་ཏེ་དམ་པོར་ཆིངས་ལ། ཉི་འོག་གི་རྒྱལ་པོའི་དྲུང་དུ་ཁྲིད་ཅིག་དང་། དེས་ཁྱོད་ལ་ནོར་གྱི་ཕུང་པོ་ཆེན་པོ་སྦྱིན་པར་འགྱུར་རོ། །དེ་ལས་ཐབས་གུད་ན་མ་མཐོང་ངོ་། །དེ་ནས་བྲམ་ཟེ་དེས། དེ་ལྟར་བྱས་ཏེ་རྒྱལ་པོའི་ཕོ་བྲང་གི་སྒོར་ཁྲིད་པ་ན། རྒྱལ་པོ་དེས་མཐོང་སྟེ་ཡིད་མ་ཆེས་ནས། བྲམ་ཟེ་དེ་ལ་འདི་ཁྱོད་ཀྱིས་ག་ནས་ཁྲིད་དེ་འོངས། བྲམ་ཟེས། འདི་ནི་ལྷའི་དགྲ་ལགས་ཏེ། འདི་ནི་བདག་གིས་དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་པ་ལས་མཐུས་བཟུང་ནས་ཁྲིད་དེ་མཆིས་སོ། །དེར་རྒྱལ་པོ་དེས་བསམ་པ། རྒྱལ་པོ་འདི་ནི་ལུས་ཆེ་ཞིང་སྟོབས་ཆེ་ལ། བྲམ་ཟེ་འདི་ནི་ལུས་ཉམ་ཆུང་བས་ན་འདིས་འདི་བཟུང་བར་ག་ལ་ནུས་ཏེ། འདི་ནི་སྙིང་རྗེ་ཆེ་ལ་སེམས་ཅན་ལ་བྱམས་པས་ན། འདིས་བདག་གིས་བདག་བཅིངས་ནས། འདི་ལ་བྱིན་གོར་མ་ཆག་སྙམ་སྟེ་བྲམ་ཟེ་དེ་ལ་འདི་ཁྱོད་ཀྱིས་ཇི་ལྟར་བཟུང་བ་དྲང་པོར་སྨྲོས་ཤིག དེ་ནས་དེས་ཀྱང་དྲང་པོར་བཤད་པས། རྒྱལ་པོ་དེ་དད་པར་གྱུར་ནས། སེམས་ཅན་དག་པ་འདི་ལྟ་བུ་ལ་བདག་གིས་གནོད་པ་བྱས་སོ་སྙམ་ནས་བདག་ཉིད་ཀྱིས་བཀྲོལ་ཏེ། རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲངས་ནས་ཡན་ལག་ཐམས་ཅད་ཀྱིས་འཁྱུད་དེ་སེང་གེའི་ཁྲིའི་སྟེང་དུ་བཞག་ནས། རང་གི་ཅོད་པཎ་དབུར་བཅིངས་ཏེ་ཁྱོད་ནི་རྒྱལ་པོར་འོས་ལགས་ཀྱི་བདག་ནི་འོས་མ་ལགས་སོ་ཞེས་བྱས་ནས། དེས་དེ་ལ་དཔུང་གི་ཚོགས་དང་། དཀོར་མཛོད་རྣམས་ཕུལ་ནས་བཟོད་པར་གསོལ་ཏེ་རང་གི་ཡུལ་དུ་སོང་ངོ་། །དེ་ནས་རྒྱལ་པོ་དབང་ཆེན་སྡེས་བྲམ་ཟེ་དེ་ལ་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས། དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་བྱས་སོ། །དེའི་དུས་ཀྱི་རྒྱལ་པོ་དབང་ཆེན་སྡེར་གྱུར་པ་དེ་ནི་ང་ཡིན་ལ། བྲམ་ཟེར་གྱུར་པ་དེ་ནི་འདི་ཡིན་ནོ་གསུངས། འདིས་ནི་བྱང་ཆུབ་སེམས་དཔའི་བཟོད་པ་དང་སྙིང་རྗེའི་སྟོབས་བསྟན་པ་ཡིན་ནོ། །སྐབས་འདིར་འཚོ་བྱེད་གཞོན་ནུ་གསོས་ཀྱི་སྨན་མར་ལྕགས་མདའ་ཞེས་པ་བསྐོལ་བ་དང་། ལྷ་བྱིན་གྱི་སྨན་དེ་མ་ཞུ་བ་ལས་འཕྲོས་པའི་སྔོན་གྱི་རབས་རྣམས་ཀྱང་གསུངས་སོ། །

གཡོ་སྒྱུས་གཞན་ཁྲིམས་ལ་སྦྱར་བའི་ཉེས་དམིགས་སོགས་ཀྱང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་ཤུར་པར་ཀའི་ཁྱིམ་བདག་གི་བུ་རྨོངས་པ་ཞེས་བྱ་བ་དེ་ཆེར་སྐྱེས་ནས་བརྟག་པ་བརྒྱད་སོགས་ལ་བྱང་བར་གྱུར་པ་ན། དེའི་ལུས་ལ་ཤུ་བ་ཡུངས་འབྲུ་ཙམ་ཤ་སྟག་གིས་ཁྱབ་པར་གྱུར་ཏེ། དེ་དག་ཀྱང་སྨིན་ཏེ་རྡོལ་ནས། དེའི་ལུས་རྨས་ཞུ་ལུབ་ཏུ་གཡོགས་པར་གྱུར་ཏེ། དེ་སྨན་པ་སོགས་ཀྱིས་གསོས་ཀྱང་སོས་པར་མ་ནུས་ཏེ་ལུས་ལ་རྣག་ཁྲག་འཛག་ཅིང་དྲི་ང་བར་གྱུར་པས། ལུས་ལ་སྤོས་བྱུགས་ཤིང་གོས་ཀྱིས་གཡོགས་པས་མིང་སྦས་པ་ཞེས་བྱར་ཐོགས་སོ། །དེ་ནས་དེའི་ཕ་མ་གཉིས་ཤི་བའི་འོག་ཏུ། དེས་ཞིང་ལས་དང་ཚོང་དང་གྲུའི་ལས་སོགས་ལས་གང་བྱས་ཀྱང་འཇིག་ཅིང་མི་འགྲུབ་པར་གྱུར་ཏེ། དེས་བསམ་པ། བདག་གི་ལས་བྱས་སོ་ཅོག་འཇིག་ཅིང་འགྲུབ་པར་མི་འགྱུར་ན། འཇིག་རྟེན་ན་མི་འཇིག་པའི་ཆོས་གང་འཇིག་པར་མི་འགྱུར་བ་འགའ་ལྟ་ཡོད་དམ་ཞེས་སྙམ་མོ། །དེའི་ཚེ་དེ་ལ་དགའ་བའི་ལྷ་ཞིག་གིས། ཁྱོད་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ལ་དོན་འདི་དྲིས་དང་། དེས་ཁྱོད་ལ་ལུང་སྟོན་པར་འགྱུར་རོ་ཞེས་བསྐུལ་ཞིང་ཡུལ་དེའི་ཚོང་པ་དག་ལས་ཀྱང་སངས་རྒྱས་ཀྱི་བསྔགས་པ་ཐོས་པས་དེ་སྤྲོ་བར་གྱུར་ཏེ་མཉན་ཡོད་དུ་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་ཆོས་མཉན་པ་ན། བཅོམ་ལྡན་འདས་ཀྱིས་དེ་དང་མཐུན་པའི་ཆོས་བསྟན་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་སྟེ། བདག་གི་ལུས་འདི་ལྟར་མ་གྱུར་ན་རབ་ཏུ་བྱུང་སྟེ་སྙམ་པའི་མོད་ལ་ལུས་ཀྱང་སྔ་མ་ལྟར་སོར་ཆུད་ནས་ཚུར་ཤོག་གིས་བསྙེན་པར་རྫོགས་པས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་སོ། །དེ་ནས་དེ་མཉན་ཡོད་དུ་བསོད་སྙོམས་ལ་བྱོན་པ་ན་ལམ་དུ་བ་དྲུས་མས་བརྡུངས་ཏེ་བསད་ནས། དེ་འཆི་ཀར་དབང་པོ་རྣམས་རྣམ་པར་དྭངས་ཞིང་བཞིན་གྱིས་མདོག་ཡོངས་སུ་དག་པ་ལ་པགས་པའི་མདོག་དཀར་པོར་གྱུར་ཏོ། །དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་ན་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་ངའི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་རྟོགས་པས་ན་ནོར་དུ་གྱུར་པ་ཡིན། རིགས་ཀྱི་བུ་དེ་ནི་མྱ་ངན་ལས་འདས་ཀྱིས། འདིའི་རུས་བུ་ལ་རུས་བུའི་མཆོད་པ་གྱིས་ཤིག དེ་ནས་དགེ་སློང་རྣམས་ཀྱིས་རུས་བུ་ལ་མཆོད་པ་བྱས་ཤིང་མཆོད་རྟེན་བརྩེགས་ནས། བཅོམ་ལྡན་འདས་ལ་དེའི་ལས་ཀྱི་རྒྱུ་ཞུས་པས། བཅོམ་ལྡན་འདས་ཀྱིས་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་ཝཱ་རཱ་ཎ་སཱི་ན། རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་ཞིག་རྒྱལ་པོ་བྱེད་དེ། དེའི་ཚེ་གྲོང་དེའི་ཁྱིམ་བདག་གཉིས་འགྲས་ནས། གཅིག་དེས་རྒྱལ་པོ་ལ་ནོར་མང་པོ་ཕུལ་ཞིང་། གཅིག་དེས་རྒྱལ་པོ་ལ་བརྙས་པས་དེ་གཉིས་ཤགས་འགྱེད་པའི་ཚེ་གཡོ་ཤགས་ཀྱིས་ཕམ་པར་བྱས་ནས་ཁྱིམ་བདག་དེ་ལ་བྱིན་ཏེ། དེས་རང་གི་ཁྱིམ་དུ་ཁྲིད་ནས་ལྕག་གིས་ཞེན་པར་གཞུས་ནས། ལྕག་རྨ་དེ་དག་གི་ནང་དུ་དུག་གི་ཕྱེ་མ་གཏོར་ཏེ། དེའི་ལུས་དེ་ཤ་རྣག་བུ་བཞིན་དུ་གྱུར་ནས། དེ་ཕུ་ནུ་རྣམས་ཀྱིས་ནོར་མང་པོས་བསླུས་ཏེ་སྨན་པའི་ལུང་གིས་དེའི་ལུས་སོས་པར་བྱས་སོ། །དེ་སོས་པ་དང་སྐྱོ་བ་ཆེན་པོ་སྐྱེས་ཏེ་དཀའ་ཐུབ་ཀྱི་ནགས་སུ་སོང་བས་སློབ་དཔོན་ལ་མ་ལྟོས་པར་རང་བྱང་ཆུབ་ཀྱི་འབྲས་བུ་མངོན་དུ་མཛད་ནས། སྔར་གྱི་ཁྱིམ་བདག་དེ་ལ་ཐུགས་བརྩེ་བའི་སླད་དུ་དེར་སོང་ནས་ནམ་མཁའ་ལ་འབར་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་པས། སྔར་གྱི་ཁྱིམ་བདག་དེ་ཡང་ཆེས་དད་པར་གྱུར་ཏེ་རྐང་པ་ལ་ཕྱག་བྱས་ནས་བཟོད་པར་གསོལ་ཞིང་། ཇི་སྲིད་འཚོ་ཡི་བར་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཤིང་སྐུ་མྱ་ངན་ལས་འདས་ནས་ཀྱང་སྐུ་གདུང་ལ་མཆོད་རྟེན་བརྩིགས་ཤིང་བཀུར་སྟི་ཆེན་པོ་བྱས་ཏེ་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་ཁྱིམ་བདག་དེ་ནི་རྨོངས་པའམ་སྦས་པ་འདི་ཉིད་ཡིན་ལ། དེའི་ཚེ་ཁྱིམ་བདག་དེའི་ལུས་ལ་ལྕག་གིས་བཞུས་ནས་དུག་གི་ཕྱེ་མས་གཏོར་བའི་ལས་དེའི་རྣམ་སྨིན་གྱིས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ལུས་འདི་ལྟ་བུ་འབའ་ཞིག་ཏུ་གྱུར་ལ། ཕྱིས་རང་སངས་རྒྱས་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པའི་མཐུས་གང་དུ་སྐྱེས་པ་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཤིང་། ད་ལྟར་རང་སངས་རྒྱས་བྱེ་བ་ཕྲག་འབུམ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་ང་ལྟ་བུ་མཉེས་པར་བྱས་ཤིང་རབ་ཏུ་བྱུང་བར་འདོད་པའི་མོད་ལ་ལུས་ཀྱི་བཀྲ་མི་ཤིས་པ་ཀུན་མེད་པར་གྱུར་ཏེ། རབ་ཏུ་བྱུང་ནས་དགྲ་བཅོམ་པའི་བར་དུ་གྱུར་ཅིང་། གཞན་ཡང་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ཞིང་དབང་པོ་ཡོངས་སུ་སྨིན་པར་བྱས་པས་ད་ལྟར་རྣམ་པར་གྲོལ་ལོ་གསུངས། འདིས་ནི་གཡོ་སྒྱུས་གཞན་ཁྲིམས་ལ་སྦྱར་བའི་ཉེས་དམིགས་སོགས་ཀྱང་བསྟན་པ་ཡིན་ནོ། །ཡང་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། ཡུལ་དེའི་བྲམ་ཟེ་ཞིག་གི་མཆོད་སྦྱིན་བྱེད་པ་ལ། རྒྱལ་ཁམས་ཐ་དད་པའི་བྲམ་ཟེ་རྣམས་འདུས་ཏེ་དེ་དག་ཡོན་ལ་མ་འཆམ་ནས་འཐབ་མོ་ཆེན་པོ་བྱུང་བའི་སྐབས་སུ་བྲམ་ཟེ་གཞན་ཞིག་གིས་མཆོད་སྦྱིན་གྱི་གནས་དེ་ནས་གསེར་དངུལ་དང་བཟའ་བཅའ་མང་པོ་ཁྱེར་ཏེ་བྲོས་པ་ན། བྲམ་ཟེ་དེ་དག་གིས་བཟུང་ནས་ཁུ་ཚུར་དང་རྡོག་པ་དག་གིས་ཤིན་ཏུ་བརྡུང་ཞིང་བོར་བས། དེ་སེམས་སྐྱོ་ནས་རྒྱལ་བྱེད་ཀྱི་ཚལ་དུ་འོངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ། རང་གི་མངོན་པར་ཤེས་པས་བརྟགས་པས་སྔར་གྱི་མཆོད་སྦྱིན་བདག་པོ་སོགས་བྲམ་ཟེ་སྟོང་ཕྲག་མང་པོ་འདུལ་བར་འགྱུར་བར་མཐོང་ནས་དེ་དག་གི་མཐོང་སར་རྫུ་འཕྲུལ་གྱིས་ནམ་མཁའ་ལས་མཆོད་སྦྱིན་གྱི་ཁང་བར་གཤེགས་པས། དེ་ཐམས་ཅད་རབ་ཏུ་དགའ་ནས་པང་གིས་འཁྱུད་དེ་སྟན་ལ་བཞག་ནས་རྐང་པ་ལ་ཕྱག་བྱས་ཏེ་ཆོས་མཉན་པའི་ཕྱིར་འཁོད་པ་ལ། དེ་དག་དང་མཐུན་པའི་ཆོས་བསྟན་པས། མཆོད་སྦྱིན་གྱི་བདག་པོ་དང་། བྲམ་ཟེ་དེ་དག་སྟན་དེ་ལ་འཁོད་བཞིན་དུ་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱས་ཤིང་། འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་འབབ་པར་བྱས་ཏེ་བཀོད་དོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ། ཝཱ་རཱ་ཎ་སཱིའི་བྲམ་ཟེ་ཞིག་གཏན་ཚིགས་སྔ་མ་ལྟ་བུས་རབ་ཏུ་བྱུང་ཞིང་ཚེ་གཅིག་ལ་ཚངས་པར་སྤྱོད་པ་སྤྱད་ནས། འཆི་ཁར་སྨོན་ལམ་བཏབ་པའི་ལས་ཀྱི་འབྲས་བུས་དེ་ལྟར་གྱུར་པར་གསུངས་སོ། །

སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱད་དེ་འཆི་ཀར་སྨོན་ལམ་བཏབ་པའི་འབྲས་བུ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། བྲམ་ཟེའི་ཁྱེའུ་ཞིག་སྐྱོ་སངས་དུ་ཕྱིན་པས། རྒྱལ་བྱེད་ཀྱི་ཚལ་དུ་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་ལ་ཆོས་སྟོན་པ་མཐོང་ནས་དད་པར་གྱུར་ཏེ་སྐྱབས་འགྲོ་དང་བསླབ་གཞི་རྣམས་བླངས་སོ། །དེ་ནས་ཕྱིས་བྲམ་ཟེའི་ཁྱེའུ་དེས་མཆོད་སྦྱིན་བྱེད་པ་ན། བདག་གི་ཁྱིམ་དུ་བཅོམ་ལྡན་འདས་གཤེགས་ཏེ་མཆོད་སྦྱིན་གྱི་ཡོ་བྱད་དག་བཞེས་ན་ཅི་མ་རུང་སྙམ་པའི་མོད། བཅོམ་ལྡན་འདས་དེར་བྱོན་ཏེ་གྲལ་གྱི་གོང་དུ་བཞུགས་ལ་ཁྱེའུ་དེས་མཐོང་ཞིང་བྲམ་ཟེ་གཞན་རྣམས་ཀྱིས་མི་མཐོང་བར་བྱིན་གྱིས་བརླབས་ནས་བཤོས་གསོལ་བའི་འོག་ཏུ་མཆོད་སྦྱིན་གྱི་གནས་སུ་འོད་ཟེར་ཆེན་པོ་བཏང་ནས་སྐུ་མི་སྣང་བར་རྒྱལ་བྱེད་ཀྱིས་ཚལ་དུ་གཤེགས་སོ། །དེར་བྲམ་ཟེ་རྣམས་ཀྱིས་འོད་དེ་མཐོང་བས་ཁ་ཅིག་གིས་བདག་གི་མཆོད་སྦྱིན་གྲུབ་བོ་ཟེར། ཁ་ཅིག་གིས་མི་མཇེད་ཀྱི་བདག་པོ་ཚངས་པ་བྱུང་ངོ་ཟེར། དེ་བཞིན་དུ་དབང་ཕྱུག་དང་ཁྱབ་འཇུག་སོགས་བྱུང་ངོ་ཟེར་བ་ལ། བྲམ་ཟེའི་ཁྱེའུ་དེས་བཅོམ་ལྡན་འདས་གཤེགས་སོ། །གལ་ཏེ་ཁྱེད་ཡིད་མི་ཆེས་ན་བདག་གིས་སང་ནང་པར་མངོན་དུ་འགྱུར་བར་བྱའོ་སྨྲས་སོ། །དེའི་ཕྱིར་ཉིན་བྲམ་ཟེ་ཐམས་ཅད་འཚོགས་པའི་ནང་དུ། ཁྱེའུ་དེས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་རྒྱལ་བྱེད་ཀྱི་ཚལ་གྱི་ལོགས་སུ་ཐལ་མོ་སྦྱར་ཏེ། བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཅི་ཡང་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅིའང་མི་མངའ་ན། ཀྱེ་མ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བདག་གི་མཆོད་སྦྱིན་གྱི་གནས་འདིར་གཤེགས་ཏེ་ལོངས་སྤྱོད་པར་གསོལ་ཞེས་བྱས་སོ། །དེའི་མོད་ལ་བཅོམ་ལྡན་འདས་དགེ་སློང་མང་པོས་ཞམ་རིང་བྱས་ཏེ་ནམ་མཁའ་ལས་མཆོད་སྦྱིན་གྱི་གནས་དེར་གཤེགས་ཏེ་གཞན་གྱིས་མི་མཐོང་བར་གདན་ལ་བཞུགས་སོ། །དེ་ནས་བྲམ་ཟེའི་ཁྱེའུས་མཐོང་སྟེ་ཞབས་ལ་ཕྱག་འཚལ་བ་ན། བྲམ་ཟེ་གཞན་དག་གིས་ཁྱེའུ་འདི་སྨྱོས་ཏེ་ཅི་ཡང་བླ་ཞིང་འདུག་གོ་ཟེར་རོ། །དེར་བྲམ་ཟེའི་ཁྱེའུས། བདག་སྨྱོས་པ་མ་ཡིན་ཏེ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་མཆོད་སྦྱིན་གྱི་དབུས་ན་བཞུགས་སོ། །ཞེས་སྨྲས་པས། དེའི་མོད་ལ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་མཐོང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་དེས་ཀུན་གྱི་མཐོང་བར་བཟའ་བཅའ་གཙང་མ་སྣ་ཚོགས་པས་སངས་རྒྱས་འཁོར་དང་བཅས་པ་མཆོད་ཅིང་ཆོས་ཉན་པའི་མཐར་སངས་རྒྱས་འཁོར་དང་བཅས་པ་གདན་ལས་བཞེངས་ཏེ་གཤེགས་ཟིན་པའི་འོག་ཏུ། བྲམ་ཟེ་དེ་དག་ཁྲོས་ནས་ངེད་ཀྱི་ཕྱིར་བཟའ་བཅའ་བཤམས་པ་དེ་དག་དགེ་སྦྱོང་ག་ཏ་མ་ལ་བྱིན་ནོ། །ཞེས་ཟེར་ཞིང་ཁྱེའུ་དེ་གསོད་པར་བརྩམས་པ་ན། དེ་འཇིགས་ནས་བྲོས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་སྟོན་པའི་སྤྱན་སྔར་འདུག་པ་ལ། དེ་དང་མཐུན་པའི་ཆོས་བསྟན་པས་རྒྱུན་དུ་ཞུགས་པ་ཐོབ་ཅིང་། དེ་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་གསོལ་པ་ན། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་ཝཱ་རཱ་ཎ་སཱིའི་བྲམ་ཟེ་ཞིག་གིས་མཆོད་སྦྱིན་བྱས་ཏེ། ཡོན་འགྱེད་པའི་ཚེ་འཐབ་མོ་ཆེན་པོ་བྱུང་ནས་དེ་ཉིད་གསོད་པར་བརྩམས་པ་ན། དེ་སྐྲག་ནས། དྲང་སྲོང་སྨྲ་བའི་གནས་སུ་བྲོས་ཏེ། སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱད་དེ་འཆི་ཀར་སྨོན་ལམ་བཏབ་པའི་འབྲས་བུར་གསུངས་སོ། །ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། བྲམ་ཟེ་ཞིག་གིས་མཆོད་སྦྱིན་བྱས་ཏེ་གསེར་དངུལ་མང་པོ་བྲམ་ཟེ་རྣམས་ལ་ཡོན་དུ་ཕུལ་བ་ལས་དེ་འགྱེད་པའི་ཚེ་འཐབ་མོ་ཆེན་པོ་བྱུང་སྟེ། རྩོད་པར་གྱུར་པ་ན། བཅོམ་ལྡན་འདས་ཀྱིས་དེ་རྣམས་འདུལ་བའི་དུས་ལ་བབས་པར་དགོངས་ནས་དགེ་སློང་དགེ་འདུན་དང་བཅས་ཏེ། མཆོད་སྦྱིན་གྱི་གནས་སུ་གཤེགས་ཏེ། འཐབ་མོའི་རྩ་བ་ཆགས་པ་དེ་ཉིད་སྤངས་པ་ལས་བརྩམས་ནས་དེ་དང་མཐུན་པའི་ཆོས་བསྟན་པས་བྲམ་ཟེ་བརྒྱ་ཕྲག་དུ་མ་སྟན་དེ་ཉིད་དུ་འཁོད་བཞིན་དུ་ཁ་ཅིག་དྲོད་དང་ཁ་ཅིག་རྩེ་མོ་དང་དེ་བཞིན་དུ་བཟོད་དང་ཆོས་མཆོག་དང་། རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་དགྲ་བཅོམ་པའི་བར་གྱི་འབྲས་བུ་ཐོབ་ཅིང་། དེ་བཞིན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། སྟོབས་ཀྱི་འཁོར་ལོས་སྒྱུར་བ་དང་། བརྒྱ་བྱིན་དང་། ཚངས་པར་འགྱུར་བ་དང་། དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་དང་། བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དེ། འཁོར་དེ་དག་གི་ནང་ནས་ཕལ་ཆེར་སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ལ་འབབ་པར་མཛད་ནས་སླར་གཙུག་ལག་ཁང་དུ་གཤེགས་སོ། །དེར་དགེ་སློང་རྣམས་ཀྱིས་དེ་དག་གི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དེ་རྣམས་ཁ་ཅིག་དགེ་བསྙེན་དུ་གྱུར། ཁ་ཅིག་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་སྐྱབས་འགྲོ་དང་། བསླབ་པའི་གཞི་རྣམས་བསྲུངས་ཏེ། དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ་གསུངས།

བྱམས་སོགས་ཀྱི་ཕན་ཡོན་དང་ཆོས་ལ་ཕྱི་བཤོལ་བྱར་མི་རུང་བར་མྱུར་དུ་བརྩོན་དགོས་པར་བསྟན་པ།

༈ ཡང་བཅོམ་ལྡན་འདས་ཀྱིས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འཁོར་ལྔ་བརྒྱ་དང་། དེའི་སློབ་མ་ཆུ་ཀླུང་འོད་སྲུང་དང་། ག་ཡ་འོོད་སྲུང་གཉིས་འཁོར་ཉིས་བརྒྱ་ལྔ་བཅུ་རེ་བཅས་སྔོན་གྱིས་རལ་པ་ཅན་སྟོང་པོ་ཚུར་ཤོག་གིས་བསྙེན་པར་རྫོགས་ཤིང་དགྲ་བཅོམ་པའི་གོ་འཕང་ལ་བཀོད་ནས་དགེ་སློང་སྟོང་པོ་དེ་དག་དང་ཐབས་ཅིག་ཏུ། ཡུལ་མ་ག་དྷཱར་ལྗོངས་རྒྱུ་ཞིང་མཐར་མཆོད་རྟེན་རབ་བརྟན་ཞེས་བྱ་བའི་སྨྱིག་མའི་ནགས་ཁྲོད་ན་བཞུགས་པ་ན། ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་ཐོས་ཏེ། རྒྱལ་པོ་ཆེན་པོའི་འབྱོར་པ་དང་མཐུ་ཆེན་པོའི་ཤིང་རྟ་ཁྲི་ཉིས་སྟོང་དང་རྒོད་མ་སྟོང་བརྒྱད་བརྒྱ་དང་། ཡུལ་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་སྟོང་ཕྲག་དུ་མ་དང་བཅས་བཅོམ་ལྡན་འདས་ལ་བསྙེན་བཀུར་གྱི་ཕྱིར་འོང་བ་ན། གྲོང་ཁྱེར་གྱི་སྒོར་བྱུང་བ་དང་རྒྱལ་པོའི་ཅོད་པཎ་ས་ལ་ལྷུང་བས་ཐེ་ཚོམ་དུ་གྱུར་པ་ན། ལྷ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱི་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བ་ནི་ལེགས་པར་འགྱུར་མོད་ཀྱི་ཁྱོད་དང་དགེ་བའི་རྩ་བ་མཉམ་དུ་བསགས་པའི་ལས་མཐུན་པ་དག་ལས་ཁ་ཅིག་ནི་བཙོན་རར་འདུག་ཅིང་ཁ་ཅིག་ནི་ཡུལ་གཞན་ན་འདུག་པས་བཙོན་རྣམས་ཐོངས་ལ་ལྗོངས་དག་ཏུ་ཡང་དྲིལ་བསྒྲགས་ཏེ་དེ་དག་དང་ལྷན་ཅིག་ཏུ་བསྙེན་བཀུར་གྱི་ཕྱིར་སོངས་ཤིག ཅེས་བསྐུལ་བས་རྒྱལ་པོས་ཀྱང་དེ་ལྟར་བྱས་ནས་སྐྱེ་བོ་ཕལ་མོ་ཆེ་དང་ལྷན་ཅིག་ཏུ་ཕྱིན་པ་ན། ལམ་དུ་རྒྱལ་པོས་རང་གི་དཔུང་ཚོགས་ལ་བལྟས་པས་རྒྱགས་པ་སྐྱེས་ཏེ་བྱད་གཟུགས་དང་མཐུ་དབང་མཚུངས་པ་མེད་དོ་སྙམ་མོ། །དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་དེ་བས་ཆེས་བྱད་གཟུགས་བཟང་བའི། རྒྱལ་པོ་ལྔ་བརྒྱ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ཅིང་བཞུགས་སོ། །དེར་རྒྱལ་པོ་ཇི་སྲིད་བཞོན་པས་འགྲོ་བར་བྱ་བའི་ས་དེ་སྲིད་དུ་བཞོན་པ་ཞོན་ཏེ་སོང་ནས། རྒྱལ་ཐབས་རྣམ་པ་ལྔ་སྟེ། དབུ་རྒྱན་དང་གདུགས་དང་། རལ་གྲི་དང་། ནོར་བུ་ཡུ་བ་ཅན་གྱི་རྔ་ཡབ་དང་། རིན་པོ་ཆེས་བརྒྱན་པའི་ལྷམ་ཁྲ་བོ་རྣམས་ཕུད་ཅིང་བཞག་ནས་སྤྱན་སྔར་ཕྱིན་པ་ན། སྤྲུལ་པའི་རྒྱལ་པོ་ལྔ་བརྒྱ་པོ་མཐོང་བས་བྱད་གཟུགས་ཀྱི་རྒྱགས་པ་ཞི་བར་གྱུར་ཅིང་། དེར་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས། བཙུན་པ་བདག་ནི་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལགས་སོ་ཞེས་གསོལ་པས། རྒྱལ་པོ་ཆེན་པོ་དེ་དེ་བཞིན་ཏེ་རང་གི་སྟན་ལ་འདུག་ཅིག་ཅེས་བཀའ་སྩལ་པས་རྒྱལ་པོ་ཡང་ཕྱོགས་ཤིག་ཏུ་འཁོད་ཅིང་། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ལས་ཕྱག་འཚལ། ལ་ལས་དགའ་བའི་གཏམ་གསོལ། འགའ་ཞིག་རྒྱང་རིང་མོ་ནས་བལྟ་ཞིང་འཁོད་དོ། །དེའི་དུས་ན་བྲམ་ཟེ་དང་ཁྱིམ་བདག་མང་པོ་ཞིག་གིས་ལྟེང་རྒྱས་འོད་སྲུང་ཡང་འཁོར་དེ་ན་མཐོང་སྟེ། ཅི་དགེ་སྦྱོང་ཆེན་པོ་འོད་སྲུང་གི་དྲུང་དུ་ཚངས་པར་སྤྱོད་དམ། འོད་སྲུང་དགེ་སྦྱོང་ཆེན་པོའི་དྲུང་དུ་ཚངས་པར་སྤྱོད་པ་ཡིན་ནམ་སྙམ་ཐེ་ཚོམ་དུ་གྱུར་པ་ལས། སྟོན་པས་དེ་མཁྱེན་ཏེ་དོན་དེའི་དབང་དུ་བྱས་ནས། འོད་སྲུང་དང་ཞུ་ལན་འགའ་རེ་མཛད་ནས། བཀའ་སྩལ་པ། འོད་སྲུང་འཁོར་རྣམས་སྐྱོ་བ་སྐྱེད་ཅིག དེ་ནས་འོད་སྲུང་སྟན་དེར་མི་སྣང་བར་གྱུར་ཏེ་ཕྱོགས་བཞིའི་ནམ་མཁའ་ལ་འཕགས་ཏེ། འཆག་པ་དང་། སྡོད་པ་དང་། འདུག་པ་དང་། ཉལ་བར་བྱེད་པ་སྟེ། སྤྱོད་ལམ་རྣམ་བཞི་དང་། སྣ་ཚོགས་པའི་འོད་འབྱིན་པ་དང་། སྟོད་ནས་མེ་འབར་ཞིང་སྨད་ནས་ཆུ་འབབ་པ་དང་། སྨད་ནས་མེ་འབར་ཞིང་སྟོད་ནས་ཆུ་འབབ་པ་སོགས་ཡ་མ་ཟུང་གི་ཆོ་འཕྲུལ་བསྟན་ཏེ། སྟོན་པའི་སྤྱན་སྔར་ལུས་བཏུད་དེ། བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ། །བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །ཞེས་ལན་གསུམ་གསོལ་ཞིང་། བཅོམ་ལྡན་འདས་ཀྱིས་ཀྱང་མཐུན་འགྱུར་མཛད། ལྟེང་རྒྱས་འོད་སྲུང་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་སྟན་ལ་འཁོད་པ་ན། སྐྱེ་བོ་ཐམས་ཅད་ཐེ་ཚོམ་དང་བྲལ་ཞིང་དད་པ་སྟོབས་སུ་གྱུར་པ་ན། བདག་མེད་པའི་དོན་ལས་བརྩམས་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཡང་དག་པ་གསུངས་པས། རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ལྷ་བརྒྱད་ཁྲི་དང་། བྲམ་ཟེ་དང་། ཁྱིམ་བདག་སྟོང་ཕྲག་དུ་མས་དུས་དེ་ཉིད་དུ་བདེན་པ་མཐོང་ཞིང་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ཀྱང་བླངས་སོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་འཁོར་དང་བཅས་པ་རྒྱལ་པོའི་ཁབ་ཏུ་སྤྱན་དྲངས་ཏེ་འོད་མའི་ཚལ་བྱ་ཀ་ལན་ཏ་ཀའི་ཀུན་དགའ་ར་བར་བཞུགས་སོ། །དེའི་ཚེ་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། སྔོན་འདས་པའི་དུས་ནའང་འདི་རྣམས་བསམ་གཏན་དང་མངོན་ཤེས་དང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ངས་བཀོད་པ་དང་། གཞི་དེས་ངའི་གྲགས་པས་འཇིག་རྟེན་ཀུན་ཏུ་རྒྱས་པར་གྱུར་ཏེ། གྲོང་ཁྱེར་ཤུལ་ལྡན་ཞེས་པ་ན། རྒྱལ་པོ་ཕྱོགས་ཀྱི་བདག་པོ་ཞེས་པས་རྒྱལ་སྲིད་བྱེད་དེ། དེ་ལ་སྲས་མཚན་དང་ལྡན་པ་རྡུལ་ཞེས་བྱ་བ་ཡོད་དེ་དེ་ཉིད་ཆེར་སྐྱེས་པ་ན་བཟོ་དང་སྒྱུ་རྩལ་ཀུན་ལ་བྱང་བར་གྱུར་ཏོ། །རྒྱལ་པོ་དེའི་མདུན་ན་འདོན་ནི་བྲམ་ཟེ་ཁྱབ་འཇུག་ཅེས་བྱ་བ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་ཞིག་ཡོད་པ་དེས་རྒྱལ་ཐབས་ཀྱི་བྱ་བ་ཐམས་ཅད་བྱེད་པ་ལས། ནམ་ཞིག་དེ་ལ་ཁྱེའུ་ལྟ་ན་སྡུག་པ་ཞིག་བཙས་ཏེ་མིང་མེ་སྐྱོང་དུ་བཏགས། དེ་ཆེར་སྐྱེས་པ་ན་མཐར་གྱིས་རིགས་པའི་གནས་བཅོ་བརྒྱད་ལ་མཁས་པར་གྱུར་ཏེ་རྒྱལ་བུ་རྡུལ་དང་རྟག་ཏུ་འགྲོགས་ཤིང་བཤེས་པར་གྱུར་པ་ལས། ཕྱིས་མདུན་ན་འདོན་ཁྱབ་འཇུག་ཤི་ནས་རྒྱལ་པོ་ཕྱོགས་ཀྱི་བདག་པོ་མྱ་ངན་གྱིས་ནོན་པ་ལ། རྒྱལ་བུ་རྡུལ་གྱིས་ལོ་རྒྱུས་གསོལ་ནས་མེ་སྐྱོང་མདུན་ན་འདོན་གྱི་གཙོ་བོར་བཀུར་ཞིང་། དེ་ནས་ཡབ་རྒྱལ་པོ་འདས་ནས་རྒྱལ་བུ་རྡུལ་རྒྱལ་སྲིད་ལ་དབང་བསྐུར་བའི་ཚེ་མིང་རྒྱལ་པོ་རྡུལ་ཞེས་བྱ་བར་གྱུར་ཏེ། དེས་ཁྱེའུ་མེ་སྐྱོང་ལ་རྒྱལ་སྲིད་ཀྱི་བྱ་བ་ཐམས་ཅད་གཏད་པས་དེ་ཡང་མིང་འགྱུར་ཏེ་མེ་སྐྱོང་ཁྱབ་འཇུག་ཅེས་བྱ་བར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་རྡུལ་གྱི་སྔོན་གཞོན་ནུའི་ཚེ་མཛའ་བཤེས་སུ་གྱུར་པའི་རྒྱལ་རིགས་གཞོན་ནུ་དྲུག་ཡོད་པ་དེ་དག་གིས་ཡུལ་དཔོག་པར་གསོལ་བས། རྒྱལ་པོ་རྡུལ་གྱིས་མེ་སྐྱོང་ཁྱབ་འཇུག་ལ་བསྒོས་ཏེ། ས་ཆེན་པོ་འདི་ཆ་བདུན་དུ་བགོས་པའི་ཆ་དྲུག་པོ་རྒྱལ་རིགས་གཞོན་ནུ་དྲུག་པོ་དེ་ལ་བྱིན་ཅིང་རང་རྒྱལ་སྲིད་ལ་བཀོད་ནས་ཆ་གཅིག་པོ་དེ་རྒྱལ་པོ་རྡུལ་རང་ཉིད་ཀྱིས་བཟུང་ངོ་། །དེ་ནས་མེ་སྐྱོང་ཁྱབ་འཇུག་ནི་འཛམ་བུའི་གླིང་ན་ཚངས་པར་བཀུར་ཏེ། བྲམ་ཟེ་འདི་ནི་ཚངས་པའི་ལམ་ཡིན་ནོ་སྙམ་དུ་འཛིན་ནོ། །དེར་བྲམ་ཟེ་ཁྱབ་འཇུག་གིས་ཐམས་ཅད་ཀྱིས་བདག་ནི་ཚངས་པར་བཀུར་ཞིང་ཚངས་པའི་ལམ་དུ་འཛིན་ན། སྔོན་གྱི་སློབ་དཔོན་དག་ལས་བྲམ་ཟེ་གང་ཞིག་དབྱར་ཟླ་བ་བཞིའི་བར་དུ་བྱམས་པ་དང་ལྡན་པའི་སེམས་ཀྱིས་གནས་པ་དེ་ལ་མི་མཇེད་ཀྱི་བདག་པོ་ཚངས་པ་བལྟར་འོང་ངོ་ཞེས་ཟེར་བས་དེ་ཉིད་མཐོང་བར་བྱས་ཏེ་ཚངས་པའི་ལམ་དྲིའོ་སྙམ་ནས་རྒྱལ་པོ་རྡུལ་ལ་གསོལ་ཏེ་ཟླ་བ་བཞིའི་བར་དུ་ལས་སུ་བྱ་བ་ཐམས་ཅད་སྤངས་ཏེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་དང་ལྡན་པའི་སེམས་ཀྱིས་གནས་པར་བྱས་པས། མི་མཇེད་ཀྱི་བདག་པོ་ཚངས་པ་དངོས་སུ་བལྟར་འོང་བ་དང་དྲི་བ་དང་དྲི་ལན་འགའ་ཞིག་གི་མཐར་ཚངས་པའི་ལམ་དྲིས་པ་ན། ཚངས་པས་སྨྲས་པ། ཚངས་པ་མི་ཡིས་ང་རྒྱལ་སྤངས་བྱས་ལ། །རྩེེ་གཅིག་བཏུད་དེ་སྙིང་རྗེས་མོས་བྱས་ཤིང་། །དྲི་ང་མེད་ཅིང་འཁྲིག་པ་རབ་སྤངས་ལ། །དེ་ལ་གནས་ཤིང་དེ་ལ་བསླབས་བྱས་ནས། །རྡུལ་མེད་མི་ཡིས་ཚངས་པའི་འཇིག་རྟེན་ཐོབ། །བྲམ་ཟེ་ཁྱབ་འཇུག་ཆེན་པོས་སྨྲས་པ། ཚངས་པ་གང་དག་མི་ཡི་དྲི་ང་ལགས། །ཆུ་འགྲམ་ཆུས་ཡོག་བཞིན་དུ་གང་གིས་གཡོགས། །ངན་སོང་རྒྱུ་སྟེ་འཇིག་རྟེན་ཐམས་ཅད་བསྒྲིབས། །ཚངས་པ་ཐོབ་པའི་ལམ་ཡང་ཡོང་མི་ཤེས། །ཚངས་པས་སྨྲས་པ། ཁྲོ་དང་བརྫུན་དང་ངན་སེམས་འཚེ་བ་དང་། །ངན་དུ་བྱེད་དང་བློ་ཕྱེད་ཕྲ་མ་དང་། །ཆགས་དང་སྡང་དང་དེ་བཞིན་གཏི་མུག་དང་། །འཆབ་པ་དང་ནི་སེར་སྣ་གཏུམ་ཚིག་རྣམས། །བྲམ་ཟེ་འདི་དག་མི་ཡི་དྲི་ང་བ། །ཆུ་འགྲམ་ཆུས་ཡོག་བཞིན་དུ་དེ་ཡིས་གཡོགས། །ངན་སོང་རྒྱུ་སྟེ་འཇིག་རྟེན་ཐམས་ཅད་བསྒྲིབས། །ཚངས་པ་ཐོབ་པའི་ལམ་ཡང་ཡོང་མི་ཤེས། །ཆོས་འདི་རྟག་ཏུ་སྤྱོད་པ་ཡིན། །དེ་རྣམས་ལས་ནི་འདས་གྱུར་ན། །ཚངས་པ་དག་ཏུ་སྐྱེ་འགྱུར་གྱིས། །ཁྱོད་ཀྱི་བརྟན་པོར་བསྒྲིམས་པར་གྱིས། །ཞེས་སྨྲས་ཏེ་མི་སྣང་བར་གྱུར་ཏོ། །དེར་བྲམ་ཟེ་ཁྱབ་འཇུག་ཆེན་པོས་མི་མཇེད་ཀྱི་བདག་པོ་ཚངས་པས་ཇི་སྐད་བཤད་པའི་དོན་འདི་ཉིད་ཁྱིམ་ན་གནས་བཞིན་དུ་སྒྲུབ་པར་དཀའ་བས། རབ་ཏུ་བྱུང་བའི་དུས་ལ་བབ་པོ་སྙམ་ནས། རྒྱལ་པོ་རྡུལ་ལ་སྨྲས་པས། དེས་ཀྱང་བདག་གི་བུ་ཐུ་བོ་རྒྱལ་སར་མ་བཅུག་གི་བར་དུ་སྡོད་ཅིག དེ་ནས་མཁན་པོའི་རྗེས་སུ་བདག་ཀྱང་རབ་ཏུ་འབྱུང་ངོ་། །རྒྱལ་པོ་ཆེན་པོ་དུས་ལ་བབ་པར་མཁྱེན་ན་དེ་ལྟར་མཛོད་ཅིག དེ་ནས་རྒྱལ་རིགས་ཀྱི་རྒྱལ་པོ་དྲུག་ལ་སྨྲས་པས། དེ་རྣམས་ཀྱིས་མཁན་པོ་ཁྱོད་ལོ་བདུན་གྱི་བར་དུ་སྡོད་ཅིག་དང་། ལོ་བདུན་ནས་བདག་ཅག་གི་བུ་དང་ནུ་བོ་དག་རྒྱལ་སར་བཅུག་ལ། མཁན་པོའི་རྗེས་ལ་རབ་ཏུ་བྱུང་ངོ་། །ཁྱབ་འཇུག་གིས། ཀྱེ་ལོ་བདུན་ནི་ཧ་ཅང་རིང་ཆེས་སོ། །འདོད་པ་རྣམས་ནི་ཆགས་པར་འགྱུར་བའོ། །ལོངས་སྤྱོད་རྣམས་ནི་རྒྱགས་པར་འགྱུར་བའོ། །འཚོ་བ་དང་འཆི་བ་ནི་དྲོད་བཟུང་དཀའོ། །ལོ་བདུན་ལོན་ནས་ཁྱོད་རབ་ཏུ་བྱུང་ངམ་མི་འབྱུང་གཏོལ་མེད་ཀྱིས་བདག་ནི་རབ་ཏུ་འབྱུང་ངོ་། །དེ་དག་གིས་རིམ་པར་ལོ་དྲུག་ནས་གཅིག་གི་བར་དང་། དེ་བཞིན་དུ་ཟླ་བ་བདུན་ནས་གཅིག་གི་བར་དང་ཞག་བདུན་ནས་གཅིག་གི་བར་དུ་སྔ་མ་ལྟར་སྨྲས་ཀྱང་། ཁྱབ་འཇུག་གི་སྔ་མའི་ཚུལ་གྱིས་བཟློགས་པས། དེ་དག་གིས་ཀྱང་ཞག་བདུན་སོགས་ཀྱང་བཏང་ནས། དེང་ཉིད་དུ་བུ་དང་ནུ་བོ་སོགས་རྒྱལ་སར་བཅུག་ནས་རབ་ཏུ་འབྱུང་བར་སྨྲས་སོ། །དེར་ཁྱེད་ཀྱིས་དེའི་དུས་ལ་བབ་པར་ཤེས་ན་དེ་ལྟར་གྱིས་ཤིག དེ་བཞིན་དུ་རྒྱལ་པོ་དེ་རྣམས་ཀྱི་འཁོར་ཚོགས་སོགས་སྐྱེ་བོ་མང་པོ་ལ་སྨྲས་པས་ཀྱང་ཐམས་ཅད་ཀྱིས་རབ་ཏུ་བྱུང་བར་བྱས་ཏེ། དེར་བྲམ་ཟེ་ཁྱབ་འཇུག་ཆེན་པོས་ཁྱིམ་གྱི་འཁོར་བཏང་སྟེ། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ཏེ། སྐྲ་དང་ཁ་སྤུ་བྲེགས་གོས་ངུར་སྨྲིག་བགོས་ནས། ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་། ནགས་ཁྲོད་ཅིག་ཏུ་སྤྱིལ་པོ་ཕུབ་སྟེ་གནས་བཅས་ནས། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་བསྐྱེད་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏེ། དེའི་རྗེས་སུ་རྒྱལ་པོ་རྡུལ་གཡོག་འཁོར་འབུམ་ཕྲག་དུ་མ་དང་། རྒྱལ་རིགས་ཀྱི་རྒྱལ་པོ་དྲུག་འཁོར་དང་བཅས་པ་དང་གཞན་ཡང་སྐྱེ་བོ་མང་པོ་དག་རབ་ཏུ་བྱུང་ཞིང་། དེ་དག་ལ་ཡིད་བྱེད་ཀྱི་ལུང་ཕོག་ནས་བརྩོན་པས། བསམ་གཏན་བཞི་དང་མངོན་ཤེས་ལྔ་བསྐྱེད་དེ། དེའི་ཚེ་བྲམ་ཟེ་ཁྱབ་འཇུག་ཅེས་པའི་མིང་དེ་ཡང་མེད་པར་གྱུར་ནས། སྟོན་པ་ཁྱབ་འཇུག་ཅེས་གྲགས་སོ། །དེའི་དུས་ཀྱིས་སྟོན་པ་ཁྱབ་འཇུག་ནི་ང་ཉིད་ཡིན་ལ། རྒྱལ་པོ་རྡུལ་ནི་གཟུགས་ཅན་སྙིང་པོ་དང་། གཞན་རྣམས་ནི་ལྷ་བརྒྱད་ཁྲི་དང་། ཡུལ་མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་སྟོང་ཕྲག་དུ་མ་འདི་རྣམས་ཡིན་ནོ་གསུངས། འདིས་ནི་བྱམས་སོགས་ཀྱི་ཕན་ཡོན་དང་ཆོས་ལ་ཕྱི་བཤོལ་བྱར་མི་རུང་བར་མྱུར་དུ་བརྩོན་དགོས་པར་བསྟན་པའང་ཡིན་ནོ། །

སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཚངས་པར་སྤྱོད་ནས་དབང་པོ་རྣམས་ཡོངས་སུ་སྨིན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་སྐྱེ་བོ་ཕལ་ཆེར་འཐབ་པ་དང་། མཚང་འབྲུ་བ་དང་། འགྱེད་པ་དང་། རྩོད་པ་ལ་ཞུགས་ཤིང་འཁོད་དོ། །དེར་བཅོམ་ལྡན་འདས་ཀྱིས་དེ་རྣམས་གདུལ་བའི་དུས་ལ་བབ་པར་གཟིགས་ནས་དེ་རྣམས་ཀྱིི་གམ་དུ་གཤེགས་པ་ན། དེ་དག་གིས་ཀྱང་བསུས་ཏེ་གདན་བཤམས་པ་ལ་བཞུགས་སུ་གསོལ་ནས་ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་པ་ན་བཅོམ་ལྡན་འདས་ཀྱིས་གྲོགས་པོ་དག ཁྱོད་ནི་ཉོན་མོངས་པ་རྣམས་དང་འཐབ་དགོས་ཀྱིས། ཉོན་མོངས་སྤང་བའི་ཕྱིར་འབད་པར་གྱིས་ཤིག་ཅེས། དེ་དག་དང་མཐུན་པའི་ཆོས་བསྟན་པས། དེ་དག་གི་ཁྲོ་བའི་ཀུན་དཀྲིས་ཞི་ནས་སྟན་དེ་ཉིད་དུ་རྒྱུན་དུ་ཞུགས་པ་ཐོབ་ཅིང་། དེ་དག་ཚུར་ཤོག་གིས་བསྙེན་པར་རྫོགས་ཤིང་ལུང་ཕོག་སྟེ་བརྩོན་པས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་ངས་སྐྱེ་བོ་ཕལ་མོ་ཆེ་འདི་དག་བསམ་གཏན་དང་མངོན་པར་ཤེས་པ་ལ་བཀོད་པ་ཡིན་ཏེ། སྔོན་རི་ཁྲོད་ཀྱི་གྲོང་ཞིག་ན་བྲམ་ཟེ་ཞིག་གིས་མཆོད་སྦྱིན་བྱས་ཏེ། དེར་བྲམ་ཟེ་རྣམས་སྟན་གྱི་ཕྱིར་འཐབ་པ་ལས་དེའི་ཚེ་དཀའ་ཐུབ་ཀྱི་གནས་ཤིག་ན་དྲང་སྲོང་འཁོར་ལྔ་བརྒྱ་དང་ལྡན་པ་ཞིག་ཡོད་པ་དེས་འཐབ་མོ་ཞི་བར་བྱས་ཏེ་ཆོས་བསྟན་པས་དེ་དག་སྐྱོ་བ་སྐྱེས་ཏེ་དྲང་སྲོང་དེའི་ཐད་དུ་རབ་ཏུ་བྱུང་ཞིང་བརྩོན་པས་བསམ་གཏན་བཞི་དང་མངོན་ཤེས་ལྔ་བསྐྱེད་དོ། དེའི་དུས་ཀྱི་དྲང་སྲོང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་ནི་ང་ཉིད་ཡིན་ལ། བྲམ་ཟེ་རྣམས་ནི་སྐྱེ་བོ་ཕལ་པོ་ཆེ་འདི་དག་གོ །གཞན་ཡང་འདི་རྣམས་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཚངས་པར་སྤྱོད་ནས་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པས། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ་གསུངས།

བྱམས་པའི་སེམས་བསྒོམ་པའི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་ཞིག་ལ་ཁྲིམས་བཅད་དེ་བཙོན་ཁང་དུ་མུ་གེས་ཤི་བར་གྱུར་པ་ལས། དེའི་འཆི་ཁར་སྨོན་ལམ་ལོག་པ་བཏབ་པའི་དབང་གིས་གནོད་སྦྱིན་མ་རུངས་པ་ཞིག་ཏུ་སྐྱེས་ཏེ་མི་ནད་ཆེན་པོ་བཏང་སྟེ་ཡུལ་ཀོ་ས་ལའི་སྐྱེ་བོ་ཕལ་ཆེར་ཁ་དག་པར་གྱུར་པ་ན་ལྟས་མཁན་རྣམས་ཀྱིས་དེ་ལྟར་གྱུར་པར་རིག་ནས། རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་དེ་ཉིད་འདུལ་བར་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་དེ་རྒྱལ་བྱེད་ཀྱི་ཚལ་གྱི་འདབ་ཏུ་བཀུག་སྟེ། ཕྱི་རོལ་ཐམས་ཅད་མེ་ཆེན་པོས་འཁོར་བ་སྤྲུལ་པས། དེས་བཅོམ་ལྡན་འདས་ཀྱི་ཞབས་དྲུང་འབའ་ཞིག་ཞི་བར་མཐོང་ནས་དེར་ཕྱིན་ཞིང་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ཀྱང་ཡང་དག་པར་བླངས་ཏེ་མཉན་ཡོད་ཀྱི་སྐྱེ་བོ་རྣམས་སྲུང་བ་དང་སྐྱོབ་པར་ཁས་བླངས་སོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། ད་ལྟར་འབའ་ཞིག་མ་ཡིན་ཏེ། སྔོན་གྱི་དུས་ཀྱང་གནོད་སྦྱིན་མ་རུངས་པ་འདི་བཏུལ་ནས། སྐྱེ་བོ་ཐམས་ཅད་འཇིགས་པ་མེད་པའི་གནས་སུ་བཀོད་པ་ཡིན་ཏེ། སྔོན་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་ཞེས་པས་རྒྱལ་སྲིད་བྱེད་པའི་ཚེ། ཡུལ་ཀཱ་ཤིར་ཀླུ་གདུག་པ་དུག་མི་བཟད་པ་ཞིག་བྱུང་སྟེ་དེས་གྲོང་དང་ལྗོངས་རྣམས་སྟོང་པར་བྱས་པས། རྒྱལ་པོ་ཚངས་བྱིན་གྱིས་དཔུང་གི་ཚོགས་བསགས་ཏེ་དེ་དག་ལ་ཀླུ་གདུག་པ་ཅན་དེ་སོད་ཅིག་ཅེས་བསྒོའོ། །དེ་དག་གིས་ཕྱག་བྱས་ཏེ་ལྷ་དེ་ནི་དཔུང་གི་ཚོགས་ཀྱིས་དགུམ་པར་མི་ནུས་ཀྱིས། སྔགས་སམ་སྨན་གྱིས་དེ་དགུམ་པར་ནུས་ལགས་སོ། །ཡང་ན་དགེ་བའི་ཚུལ་གྱིས་བཀུར་བའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱིས་འདུལ་བར་ནུས་སོ་ཞེས་གསོལ་ཏོ། །དེའི་ཚེ་ཡུལ་དེ་ཉིད་ན་གདོལ་པའི་ཁྱེའུ་བྱམས་པའི་རང་བཞིན་ཅན་སྙིང་རྗེ་ཆེ་བ་སེམས་ཅན་ལ་བྱམས་པ་ཞིག་ཡོད་པ་དེས་སྐྱེ་བོ་མང་པོ་ལ་སྙིང་བརྩེ་བའི་དབང་གིས་དེ་ཉིད་འདུལ་བར་ཁས་བླངས་པ་ན། དེའི་ཕ་མ་གཉིས་ཀྱིས། དེ་ནི་དབུགས་གདུག་པ་ཡིན་ཏེ་ཁྱོད་ཀྱིས་གདུལ་མི་ནུས་སོ། །ཁྱེའུས་སྨྲས་པ། བྱམས་པའི་གོ་ཆ་གྱོན་པ་ལ་དེས་ཅུང་ཟད་ཀྱང་གནོད་པར་བྱེད་མི་ནུས་སོ་ཞེས་བྱས་ཏེ། ཕྱོགས་དེར་སོང་བ་ན། ཀླུ་དེས་ཁྱེའུ་དེ་མཐོང་ནས་ཁྲོས་པས། དབུགས་བཏང་བར་གཟས་པ་ན། ཁྱེའུ་དེས་བྱམས་པ་ལ་སྙོམས་པར་ཞུགས་ནས་བྱམས་པའི་མིག་གིས་ཀླུ་དེ་ལ་བལྟས་པས། དེའི་མོད་ལ་ཀླུ་དེའི་དུག་མེད་པར་གྱུར་ནས། ཀླུ་དེ་ཉིད་ལག་པ་གཉིས་ཀྱིས་བླངས་ནས། མི་མི་གནས་པའི་ས་ཕྱོགས་སུ་བཞག་གོ །དེ་ཐོས་པ་དང་རྒྱལ་པོ་ཚངས་བྱིན་དགའ་ནས་རང་ཉིད་གདོལ་པའི་ཁྱེའུའི་ཐད་དུ་ཕྱིན་ནས་དམ་པ་སྣ་གཅིག་འདམ་དུ་བཅུག་པ་ལས། ཁྱེའུ་དེས་རྒྱལ་པོ་རང་ཉིད་ཀྱང་དགེ་བཅུའི་ལས་ལམ་ཡང་དག་བླངས་ཏེ་གནས་པར་མཛོད་ལ་ཡུལ་མི་གཞན་རྣམས་ཀྱང་དགེ་བཅུའི་ལམ་ལ་གཟུད་པར་མཛོད་ཅིག དེས་ཀྱང་དེ་ལ་ལོངས་སྤྱོད་ཆེན་པོ་བྱིན་ཅིང་། དགེ་བཅུའི་ལམ་ཡང་དག་པར་བླངས་ཏེ་མངའ་འབངས་མཐའ་དག་དགེ་བཅུའི་ལམ་ལ་བཀོད་དོ། །དེའི་དུས་ཀྱི་གདོལ་པའི་ཁྱེའུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་ནི་ང་ཉིད་ཡིན་ལ། ཀླུ་གདུག་པ་ཅན་དེ་ནི་གནོད་སྦྱིན་མ་རུངས་པ་འདི་ཡིན་ནོ་གསུངས། འདིས་ནི་བྱམས་པའི་སེམས་བསྒོམ་པའི་ཕན་ཡོན་ཀྱང་བསྟན་པ་ཡིན་ནོ། །

སྐབས་འདིར་ཤི་བི་ཞེས་པའི་གཏམ་རྒྱུད་གཉིས།

༈ ཡང་སྐབས་འདིར་ཤི་བི་ཞེས་པའི་གཏམ་རྒྱུད་གཉིས་འབྱུང་སྟེ། དང་པོ་ནི། བཅོམ་ལྡན་འདས་གྱད་ཀྱི་ཡུལ་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ལས། ཆུ་ཀླུང་མཐའ་ལྡན་དང་། གྲོང་ཁྱེར་ཀུ་ཤའི་བར་གྱི་ལམ་ནས་གུད་དུ་བཟུར་ཏེ་དེའི་ཚེ་འཁོར་གྱི་ནང་ན་ཉན་ཐོས་ཀྱིས་འདུལ་བར་བྱ་བ་དང་། སངས་རྒྱས་ཉིད་ཀྱིས་འདུལ་བར་བྱ་བ་ཆ་གཉིས་ཡོད་པར་གཟིགས་ཏེ་དེར་ཆོས་གོས་བཞི་བལྟབས་སུ་བྱས་པ་ལ་གློས་ཕབ་སྟེ་གཟིམས་ནས། ཀུན་དགའ་བོ་ལ། ངའི་རྒྱབ་མི་བདེ་བས་རེ་ཞིག་བསྟི་བར་བྱའོ། །ཁྱོད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ལས་སྤོབས་པར་གྱིས་ཤིག ཅེས་བཀའ་སྩལ་པས། ཀུན་དགའ་བོས་འཁོར་གྱི་ཚོགས་དེ་དག་ལ། དྲན་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལས་བརྩམས་ཏེ་ཆོས་བསྟན་པས། གང་དག་ཉན་ཐོས་དང་འབྲེལ་བར་དགེ་བའི་རྩ་བ་བསགས་པ་རྣམས་སྟན་དེ་ཉིད་ལ་འཁོད་བཞིན་དུ་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེར་བཅོམ་ལྡན་འདས་ཀྱིས་སྐུ་དྲང་པོར་བསྲངས་ཤིང་དྲན་པ་མངོན་དུ་བཞག་སྟེ་བཀའ་སྩལ་པ། ཀུན་དགའ་བོ་བརྩོན་འགྲུས་ནི་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ་ཞེས་སོགས་བྱང་ཆུབ་ཀྱི་ཕྱོགས་འདི་ཉིད་ལས་བརྩམས་ཏེ་མཐུན་པའི་ཆོས་བསྟན་པས། གང་དག་སངས་རྒྱས་དང་དགེ་བའི་རྩ་བ་འབྲེལ་བ་དེ་དག་སྟན་དེ་ཉིད་དུ་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་སོ། །དེའི་ཚེ་དགེ་སློང་ཞིག་གིས། དམ་ཆོས་རིན་ཆེན་འདི་སྟོན་པའི། །ཆོས་ཀྱི་མངའ་བདག་དེ་ཉིད་ཀྱང་། །དམ་ཆོས་གསན་པར་བཞེད་གྱུར་ན། །གཞན་ལྟ་ཅི་ལྟར་དེ་མི་ཉན། །ཞེས་སོགས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་ཐམས་ཅད་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས། ད་ལྟར་འབའ་ཞིག་ལེགས་པར་སྨྲས་པ་གསུང་པ་དང་། ལེགས་པར་སྨྲས་པ་བཞེད་པར་མ་ཡིན་གྱིས། དེ་བཞིན་གཤེགས་པ་ནི་འདས་པའི་དུས་ན་ཡང་ལེགས་པར་སྨྲ་བ་གསུང་བ་དང་། ལེགས་པར་སྨྲས་པ་བཞེད་པ་ཡིན་ཏེ། ལེགས་པར་སྨྲས་པའི་དོན་གྱིས་ཕྱིར་ངས་མཆོག་ཏུ་དཀའ་བ་ཇི་ལྟར་སྤྱད་པ་ནི། སྔོན་རྒྱལ་པོའི་ཕོ་བྲང་བཞི་ལྡན་ཞེས་བྱ་བ་ན། རྒྱལ་པོ་ཤི་བི་ཞེས་བྱ་བས་རྒྱལ་པོ་བྱེད་དེ་རྒྱལ་པོ་དེ་ནི་བྱམས་པ་དང་། སྙིང་རྗེའི་རང་བཞིན་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བྱམས་པས། ཐམས་ཅད་ལ་གང་ཅི་མཁོ་བའི་དངོས་པོ་ཐམས་ཅད་སྦྱིན་ཞིང་། ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པས། དེ་ནས་ཤི་འཕོས་པ་ཐམས་ཅད་ལྷའི་ཡུལ་དུ་སྐྱེས་པས་ལྷ་རྣམས་འཕེལ་བར་གྱུར་པ་ན། ལྷའི་དབང་པོ་བརྒྱ་བྱིན་གྱིས་དེའི་དོན་རྟོགས་ནས། བྱང་ཆུབ་སེམས་དཔའ་ལ་ཉམས་སད་པའི་ཕྱིར་དུ་རང་ཉིད་སྲིན་པོའི་གཟུགས་སུ་སྤྲུལ་ནས། རྒྱལ་པོའི་ཁང་སྟེང་དུ་འདུག་སྟེ། ཀྱེེ་མ་འདུ་བྱེད་རྣམས་མི་རྟག ། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་སྨྲས་པ་དང་། རྒྱལ་པོས་ཚིགས་སུ་བཅད་པ་དེའི་ལྷག་མ་གསན་པར་བཞེད་པ་ན། སྲིན་པོ་དེས་བདག་ནི་བཀྲེས་སོ་སྐོམ་མོ། །གལ་ཏེ་མིའི་ཤ་ཁྲག་དྲོན་མོ་དག་གི་བཟའ་བཏུང་གིས་ཚིམ་པར་བྱེད་ནུས་ན་སྨྲའོ། །དེར་རྒྱལ་པོ་དེས་གཞན་ལ་འཚེ་བ་ནི་བདག་གི་ཆ་མ་ཡིན་ལ། དེ་བས་རང་གི་ཤ་ཁྲག་དག་སྦྱིན་པར་བྱའོ་དགོངས་ཏེ། དེ་ལྟར་སྦྱིན་པར་བྱས་པས་དེས་སྔར་གྱིས་ཚིག་གཉིས་པོའི་གཤམ་དུ། སྐྱེས་ནས་འགག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །ཞེས་སྨྲས་པས། བྱང་ཆུབ་སེམས་དཔས་གུས་པས་མནོས་ཏེ་བློ་ལ་བྱང་བར་བྱས་ནས། འདི་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པའི་སྒོ་ཡིན་ནོ་སྙམ་ནས། སྤུ་གྲི་རྣོན་པོས་རང་གི་བྲང་གི་ཤ་བཅད་དེ་དེ་ལ་བྱིན་ནས། གྲོགས་པོ་འགྲངས་སམ། དེས་མ་འགྲངས་སོ། །དེ་བཞིན་དུ་དཔུང་པ་སོགས་ཀྱི་ཤ་བཅད་དེ་བྱིན་ནས། དྲིས་ཀྱང་སྔར་ལྟར་གྱིས། མཐར་བདག་གི་ལུས་རིལ་པོ་གཏོང་བའི་དུས་ལ་བབ་པོ་སྙམ་ནས། རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས་བྱིན་པས་དེའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས་ཤིང་མེ་ཏོག་གི་ཆར་ཡང་འབབས་པས། བརྒྱ་བྱིན་ངོ་མཚར་དུ་གྱུར་ཏེ། རང་གི་གཟུགས་སུ་བསྒྱུར་ནས་འགྱོད་པར་མ་གྱུར་ཏམ་དྲིས་པས། རྒྱལ་པོས་ཀྱང་འགྱོད་པར་མ་གྱུར་པའི་བདེན་ཚིག་བརྗོད་པས་ལུས་སྔ་མ་བཞིན་དུ་གྱུར་ཏེ། བརྒྱ་བྱིན་གྱིས་དེའི་ཞབས་ལ་ཕྱག་བྱས་ཏེ་བཟོད་པར་གསོལ་ནས། ནམ་བྱང་ཆུབ་ཐོབ་པ་ན་བདག་ལའང་དྲན་པར་མཛོད་ཅིག་ཅེས་སྨྲས་ཏེ་མི་སྣང་བར་གྱུར་ཏོ། །དེའི་དུས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་ནི་ང་ཉིད་ཡིན་ནོ་གསུངས།

ཤི་བི་གཉིས་པ་ནི།

༈ ཡང་ཤི་བི་གཉིས་པ་ནི། ལོ་རྒྱུས་གཞན་སྔ་མ་ལྟར་ལས། ཚིགས་སུ་བཅད་པ་དེའི་ཕྱེད་ཀྱི་ཡོན་དུ། ཁབ་སོར་བཞི་པ་སྟོང་ཤིང་ལེབ་ལ་བཙུགས་པ། དེ་ལྟ་བུ་ཤིང་ལེབ་གཉིས་ཀྱི་བར་དུ་བདག་ཉིད་ཉལ་ཏེ་འཚིར་བར་བྱས་པར་གསུངས་སོ། །འདི་དག་གིས་དམ་པའི་ཆོས་ལ་གུས་པ་བསྐྱེད་དགོས་པར་བསྟན་པའང་ཡིན་ནོ། །སྐབས་འདིར་ཀ་ཤམྦྷིའི་དགེ་སློང་རྣམས་དང་ཡངས་པ་ཅན་གྱི་དགེ་སློང་རྣམས་རྩོད་པར་གྱུར་པ་ལ་བརྟེན་ནས་སྟོན་པས་བཅས་པ་མཛད་པའི་ཚུལ་ཡང་ཡོད་དོ། །དེ་རྣམས་ཀྱིས་མདོ་སྡེ་ལས་བརྒྱ་པ་ལས་གསུངས་པའི་གཏམ་གྱི་སྦྱོར་བ་རྣམས་ཕལ་ཆེར་ཚང་བར་བྱས་ནས། །ད་ནི་གང་པོ་ལ་སོགས་པའི་རྟོགས་བརྗོད་བརྒྱ་པ་ལས་འབྱུང་བའི་གཏམ་གྱི་སྦྱོར་བ་དག་བརྗོད་པར་བྱ་སྟེ། ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གིས་མཆོད་འོས་གཅིག་པུར་གྱུར་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་ཁམས་སུ་གསར་དུ་བྱུང་སྟེ། གསུང་རབ་ཀྱི་ཉིང་{སྙིང}ཁུ་འཐུང་བའི་དུས་ལ་བབ་ཅིང་ལྷ་དང་མི་མན་ཆད་ལ་ཡང་དག་པར་རབ་ཏུ་སྟོན་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གྲགས་པས་ཡོངས་སུ་གང་བར་གྱུར་ཏོ། །དེའི་ཚེ་ལྷོ་ཕྱོགས་ཀྱི་རི་བོ་ཞེས་བྱ་བའི་ལྗོངས་ན་བྲམ་ཟེ་ཆེ་ཞིང་མཐོ་བ་གང་པོ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་བུའི་ནོར་དང་འགྲན་པ་ཞིག་གནས་སོ། །དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ་བདག་ལ་ཕན་པ་དང་གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་བ་དང་བདག་ཉིད་ཆེ་བ། ཆོས་འདོད་པ། གཏོང་བ་ལ་སྲེད་པ། སྦྱིན་པ་ལ་དགའ་བ། རབ་ཏུ་སྦྱིན་པ་ལ་མངོན་པར་དགའ་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་སྟེ། དེས་མཆོད་སྦྱིན་གྱི་ཁང་པ་བརྩིགས་ཏེ། རབ་ཏུ་བྱུང་བ་དང་མུ་སྟེགས་ཅན་ལ་སོགས་པ་སྐྱེ་བོ་སྟོང་ཕྲག་དུ་མ་ཁ་ཟས་ཀྱིས་ཚིམ་པར་བྱེད་པ་ལས། དུས་ནམ་ཞིག་གི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་སྲོག་ཆགས་འབུམ་ཕྲག་མང་པོ་བདེན་པ་ལ་བཀོད་པའི་ཚེ། རྒྱལ་པོའི་ཁབ་ནས་འོང་བའི་གང་པོའི་ཉེ་དུ་རྣམས་ཀྱིས་དཀོན་མཆོག་གསུམ་གྱི་བསྔགས་པ་རྒྱ་ཆེར་བརྗོད་པས། དེ་ཐོས་ནས་དགའ་བ་ཆེན་པོ་ཐོབ་སྟེ་རང་གི་ཁང་ཐོག་ཏུ་སོང་ནས་རྒྱལ་པོའི་ཁབ་ཀྱི་ལོགས་སུ་ཁ་བལྟས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་མེ་ཏོག་ཀྱང་གཏོར། བདུག་པ་དང་ཆུ་ཡང་ཕུལ་ནས་བཅོམ་ལྡན་འདས་མཆོད་སྦྱིན་གྱི་གནས་སུ་གཤེགས་པར་གསོལ་བ་བཏབ་པས། སངས་རྒྱས་ཀྱིས་མཐུས་མཆོད་རྫས་རྣམས་འོད་མའི་ཚལ་དུ་ལྷགས་ཏེ། མེ་ཏོག་རྣམས་བཅོམ་ལྡན་འདས་ཀྱི་དབུའི་སྟེང་དུ་ཁང་པར་གྱུར་ཅིང་། བདུག་པ་ནི་སྤྲིན་གྱི་མགོ་ལྟ་བུ་དང་། ཆུ་ནི་བཻཌཱུཪྱའི་སྡོང་བུ་ལྟ་བུར་གྱུར་ཏོ། །དེར་ཚེ་དང་ལྡན་པ་ཀུན་དགའ་བོས་དེའི་དོན་གསོལ་པ་ན། བཅོམ་ལྡན་འདས་ཀྱིས་ལྷོ་ཕྱོགས་ཀྱི་རི་བོ་ཞེས་བྱ་བའི་ལྗོངས་ནས། བྲམ་ཟེ་ཆེ་ཞིང་མཐོ་བ་གང་པོ་ཞེས་པས་སྤྱན་འདྲེན་གྱིས། དགེ་སློང་དག་ཆོས་ཤིག་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ཉིད་དགེ་སློང་སྟོང་གི་ཞབས་འབྲིང་བྱས་ཏེ་ལྷོ་ཕྱོགས་ཀྱི་རི་བོའི་ལྗོངས་སུ་གཤེགས་ཏེ། བྲམ་ཟེ་དེ་ཉིད་རྫུ་འཕྲུལ་གྱིས་དད་པར་བྱའོ་སྙམ་དུ་དགོངས་ནས་འཁོར་རྣམས་མི་སྣང་བར་མཛད་ནས་སྐུ་ཉིད་གཅིག་པུ་ལྷུང་བཟེད་དང་ཆུ་སྣོད་ཐོགས་ཏེ་མཆོད་སྦྱིན་གྱི་གནས་སུ་གཤེགས་པས། དེ་མཐོང་བ་དང་བྲམ་ཟེ་དེ་རབ་ཏུ་དགའ་ནས་རིངས་པར་མདུན་ནས་བསུ་ཞིང་གདན་བཤམས་པ་ལ་བཞུགས་སུ་གསོལ་བ་ན། བཅོམ་ལྡན་འདས་ཀྱིས་གལ་ཏེ་ཁྱོད་ཀྱིས་ཡོངས་སུ་བཏང་ན་ལྷུང་བཟེད་འདིའི་ནང་དུ་བྱིན་ཅིག དེ་ནས་བྲམ་ཟེ་དེ་བྲམ་ཟེའི་ཁྱེའུ་ལྔ་བརྒྱས་གཡོག་བྱས་ཏེ་ཞལ་ཟས་རྣམ་པ་སྣ་ཚོགས་པས་ལྷུང་བཟེད་དེ་ཉིད་འགེངས་པར་བྱས་པ་ན། བཅོམ་ལྡན་འདས་ཀྱིས་ཀྱང་ཉིད་ཀྱི་ལྷུང་བཟེད་ཀྱི་ནང་ནས་དགེ་སློང་སྟོང་གི་ལྷུང་བཟེད་ཀྱི་ནང་དུ་འཕོ་བར་མཛད་དེ། དེ་ཐམས་ཅད་གང་བར་གྱུར་པ་དང་ལྷུང་བཟེད་དེ་ཉིད་གང་བར་བསྟན་ཅིང་། དེ་ནས་དགེ་སློང་སྟོང་ལྷུང་བཟེད་གང་བ་ཟླ་བ་ཚེས་པའི་དབྱིབས་ལྟ་བུར་འཁོད་པར་བསྟན་ཏོ། །དེའི་ཚེ་ནམ་མཁའ་ནས་ཀྱང་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་དང་དགེ་སློང་སྟོང་གི་ལྷུང་བཟེད་རྣམས་གང་བར་གྱུར་ཏོ་ཞེས་སྒྲ་བསྒྲགས་སོ། །དེ་ལྟར་ཆོ་འཕྲུལ་བསྟན་པ་བྲམ་ཟེ་གང་པོས་མཐོང་ནས་དགའ་མགུ་ཡི་རངས་པར་གྱུར་ཏེ་སངས་རྒྱས་འཁོར་དང་བཅས་པའི་ཞབས་ལ་ཕྱག་བྱས་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་བརྒལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་བྱིན་པ་རྣམས་དབུགས་འབྱིན་པ་དང་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག ཅེས་བྱས་སོ། །དེར་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་དེ་ཞལ་གྱི་སྒོ་ལས་འོད་ཟེར་མུ་མེད་པ་འཕྲོས་ཏེ་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣང་བར་མཛད་དེ་སླར་འདུས་ནས་ལན་གསུམ་དུ་བསྐོར་བ་བྱས་ཏེ། དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེར་ཀུན་དགའ་བོས་ཚིགས་སུ་བཅད་པ་དག་གིས་དེའི་རྒྱུ་རྐྱེན་གསོལ་བ་ན། བཅོམ་ལྡན་འདས་ཀྱིས། བྲམ་ཟེ་ཆེ་ཞིང་མཐོ་བ་འདིས་ང་ལ་བསྙེན་བཀུར་བྱས་པའི་དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་གྲངས་མེད་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ་སྙིང་རྗེ་ཆེན་པོ་ཡོངས་སུ་བསྒོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོ་བཟང་ཞེས་བྱ་བར་གྱུར་ཏེ་འཇིག་རྟེན་དུ་མངོན་པར་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །དེ་ལྟར་གང་པོས་བྱང་ཆུབ་ཏུ་ལུང་བསྟན་པ་ཐོས་ནས་སངས་རྒྱས་འཁོར་དང་བཅས་པ་ལ་ཟླ་བ་གསུམ་གྱི་བར་དུ་བསྙེན་བཀུར་ནས་ལྷག་པར་ཡང་དགེ་བའི་རྩ་བ་བསྐྱེད་པར་བྱས་སོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ་སྟོན་པ་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །སྟོན་པ་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །

མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ལྡན་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན།

༈ ཡང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་ཏེ། ཡུལ་ཡངས་པ་ཅན་སྤྲེའུ་རྫིང་གི་འགྲམ་གྱི་ཁང་པ་བརྩེགས་པར་གནས་སུ་བཞུགས་ཏེ། གྲོང་དུ་བསོད་སྙོམས་ལ་གཤེགས་པ་ན་དམག་དཔོན་སེང་གེའི་ཁྱིམ་དུ་སྤྱན་དྲངས་པས། དེའི་མནའ་མ་གྲགས་ལྡན་མ་ཞེས་པ་གཟུགས་བཟང་བ་ལྟ་ན་སྡུག་པ་ཞིག་ཡོད་པ་དེ་བཅོམ་ལྡན་འདས་ཀྱི་མཚན་དཔེའི་སྐུ་མཆོག་མཐོང་བས་ཡིད་རབ་ཏུ་དགའ་ནས་དམག་དཔོན་སེང་གེ་ལ། བདག་ཀྱང་འདི་འདྲ་བར་འགྱུར་བའི་ཐབས་ཡོད་དམ་ཞེས་དྲིས་པས། དེས་ཀྱང་འདི་ཉིད་རྒྱ་ཆེ་བ་ལ་མོས་པས་རྫོགས་པའི་བྱང་ཆུབ་ཀྱི་སྐལ་བ་ཡོད་ཀྱང་སྲིད་སྙམ་སྟེ། ཚིག་གིས་སྤྲོ་བ་བསྐྱེད་ཅིང་གསེར་དངུལ་སོགས་ནོར་མང་པོ་བྱིན་པས། དེས་ཀྱང་ཕྱིར་ནང་དེར་སངས་རྒྱས་འཁོར་དང་བཅས་པ་ཁྱིམ་དུ་སྤྱན་དྲངས་ནས། ཞལ་ཟས་རོ་བརྒྱ་དང་ལྡན་པས་ཚིམས་པར་བྱས་ཏེ། མེ་ཏོག་དག་གིས་གཏོར་བ་ན་དེ་དག་བཅོམ་ལྡན་འདས་ཀྱི་དབུའི་སྟེང་དུ་རིན་པོ་ཆེའི་ཁང་བུ་བརྩེགས་པ་བཞིན་དུ་གནས་པར་གྱུར་ཏེ། དེ་ནས་དེ་རབ་ཏུ་དགའ་ནས་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས། བཅོམ་ལྡན་འདས་ཞལ་འཛུམ་པ་མཛད་ནས། མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ལྡན་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །

མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་དང་མཐུ་རྩལ་དང་ཤིན་ཏུ་ལྡན་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། མཉན་ཡོད་ཀྱི་ཚོང་དཔོན་རྣམ་ཐོས་བུའི་ནོར་དང་ལྡན་པ་ཞིག་ལ་བུ་མེད་ནས་ཡུན་རིང་གདུང་བ་ལ། ཕྱིས་ཞིག་ནས་དེའི་ཆུང་མ་ལ་ཁྱེའུ་ལྟ་ན་སྡུག་པ་ཞིག་བཙས་ཏེ་ཆེར་སྐྱེས་ཏེ་ལོ་ལྔ་དྲུག་ཙམ་ལོན་པ་ན་ལེ་ལོ་རབ་ཏུ་ཆེ་བར་གྱུར་ཏེ་སྟན་ལས་ལྡང་བ་ཙམ་ཡང་མི་འདོད་ཅིང་། དེ་བློ་གསལ་བར་གྱུར་པ་ཁྱིམ་གྱི་ནང་ན་འདུག་བཞིན་དུ་བསྟན་བཅོས་རྣམས་བསླབས་སོ། །དེའི་ཕ་དེ་རྫོགས་བྱེད་ལ་དགའ་བས་སྟོན་པ་དྲུག་བོས་ཏེ་ཟན་བྱིན་ཀྱང་། ཁྱེའུ་དེ་མིག་གིས་ལྟ་བ་ཙམ་ཡང་མ་འདོད་ན་ལྡང་བ་དང་ཞེ་ས་བྱེད་པ་སོགས་ལྟ་ཅི་སྨོས། དེར་ཕ་དེ་མྱ་ངན་གྱིས་རབ་ཏུ་ནོན་པ་ན། བཅོམ་ལྡན་འདས་ཀྱིས་གཟིགས་ཏེ་མུ་སྟེགས་ཅན་རྣམས་ཀྱི་རྒྱགས་པ་དང་དྲེགས་པ་བཅད་པ་དང་། ཁྱེའུ་དེའི་རྒྱུད་ལ་བླ་ན་མེད་པའི་དགེ་རྩ་བསྐྱེད་པའི་ཕྱིར་གསེར་མདོག་ལྟ་བུའི་འོད་ཀྱིས་སྣང་བ་བཀྱེ་སྟེ་དེའི་ཁྱིམ་ཀུན་སྣང་བར་བྱས་ཤིང་། བསྐལ་པ་དུ་མར་བྱམས་པའི་ཐུགས་བསྒོམས་པའི་མཐུས་འོད་དེས་རེག་པའི་སྐྱེ་བོ་ཐམས་ཅད་ཀྱི་ལུས་སེམས་རབ་ཏུ་སིམ་པར་གྱུར་པས་འདི་སུ་ཞིག་གི་མཐུའོ་སྙམ་སྟེ་ཕན་ཚུན་དུ་ལྟ་བར་བྱེད་པ་ན། སངས་རྒྱས་དགེ་སློང་གི་འཁོར་དང་བཅས་པ་ཁྱིམ་དེར་གཤེགས་པས། ཁྱེའུ་དེར་རབ་ཏུ་དགའ་ནས་རང་ཉིད་ཀྱིས་བསུས་ཤིང་། གདན་བཤམས་ཏེ་བཞུགས་སུ་གསོལ་ནས་ཞབས་ལ་ཕྱག་བྱས་ཏེ་ཆོས་མཉན་པར་འཁོད་པ་ན། བཅོམ་ལྡན་འདས་ཀྱིས་དེ་ལ་ལེ་ལོའི་ཉེས་པ་དང་བརྩོན་འགྲུས་ཀྱི་ཕན་ཡོན་རྣམ་པ་དུ་མ་བཀའ་སྩལ་ནས། ཙནྡན་གྱི་དབྱུག་གུ་ཞིག་ཀྱང་དེ་ལ་བྱིན་ཏེ་ཁྱེའུ་དབྱུག་གུ་འདི་རྡུངས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་དེས་དབྱུག་གུ་དེ་བརྡུངས་པ་དང་། སྒྲ་སྙན་པ་ཐོས་པར་གྱུར་ལ་རིན་པོ་ཆེའི་གཏེར་སྣ་ཚོགས་ཀྱང་མཐོང་ངོ་། །དེ་ནས་བརྩོན་འགྲུས་ཀྱི་ཁྱད་པར་མཐོང་ནས་སེམས་ལྷག་པར་སྤྲོ་བར་གྱུར་ཏེ། ཐམས་ཅད་ལ་དྲིལ་བསྒྲགས་ཏེ་རང་ཉིད་ཀྱིས་དེད་དཔོན་བྱས་ནས་རྒྱ་མཚོ་ཆེན་པོར་ལན་དྲུག་གི་བར་དུ་ཕྱིན་ཏེ་བདེ་བར་འཁོར་ནས་སངས་རྒྱས་འཁོར་དང་བཅས་པ་ཁྱིམ་དུ་སྤྱན་དྲངས་ཏེ་བཤོས་གསོལ་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེའི་ཚེ་བཅོམ་ལྡན་འདས་ཞལ་འཛུམ་པ་དང་བཅས། མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་དང་མཐུ་རྩལ་དང་ཤིན་ཏུ་ལྡན་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །འདི་གོང་གི་ལས་བརྒྱ་པའི་ནང་གི་དེ་དང་ཕྱོགས་འདྲ་ཡང་ཁྱད་པར་ཅུང་ཟད་སྣང་ངོ་། །

མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་མཆོག་ཅེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་པའི་ཚེ། ཡུལ་དེའི་དེད་དཔོན་ཞིག་རྒྱ་མཚོར་ལན་གསུམ་དུ་ཕྱིན་པས་ཐམས་ཅད་གྲུ་མ་རུངས་པར་གྱུར་ནས། ཕྱིས་ཞིག་ན་ད་ནི་བདག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་བརྟེན་ནས་དེའི་ཐུགས་རྗེས་གྲུའི་དོན་འགྲུབ་པར་འགྱུར་སྲིད་པས། དེ་ལྟ་ན་ནོར་གྱི་ཕྱེད་ཀྱིས་མཆོད་པ་བྱའོ་ཞེས་བྱས་ཏེ་རྒྱ་མཚོར་ཞུགས་པས། སངས་རྒྱས་ཀྱི་མཐུས་རིན་པོ་ཆེའི་གླིང་དུ་ཕྱིན་ནས་ཕྱིར་བདེ་བར་འཁོར་བ་ན། དེད་དཔོན་དེ་རིན་པོ་ཆེ་ལ་སེར་སྣ་སྐྱེས་ཏེ་གཏོང་བར་མ་ནུས་ནས། ཞོའི་བཞི་ཆ་ཞིག་གིས་ཨ་ག་རུའི་སྤོས་ཉོས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས། ངོ་ཚ་བཞིན་དུ་སྒོ་ཁང་དུ་འདུག་སྟེ་བདུག་པ་ན། སངས་རྒྱས་ཀྱི་མཐུས་བདུག་པ་དེ་སྟེང་གི་ནམ་མཁར་འཕགས་ཏེ་མཉན་དུ་ཡོད་པ་ཐམས་ཅད་ཁྱབ་པར་གྱུར་ཏེ་སྤྲིན་ཆེན་པོ་བཞིན་དུ་འཁྲིགས་པར་གྱུར་པ་དང་། དེ་མཐོང་བས་མཆོག་ཏུ་ངོ་མཚར་བར་གྱུར་ཏེ་རང་གི་སེམས་ལ་རྣམ་པར་སྨད་ནས། བདག་གིས་བཅོམ་ལྡན་འདས་བསླུ་བར་མི་རུང་ངོ་སྙམ་སྟེ། དེད་དཔོན་དེས་སངས་རྒྱས་འཁོར་དང་བཅས་པ་ཁྱིམ་དུ་སྤྱན་དྲངས་ཤིང་ཞལ་ཟས་བཟང་པོས་ཚིམས་པར་བྱས་ཏེ། རིན་པོ་ཆེ་རིན་ཐང་ཆེ་བ་དག་གིས་གཏོར་རོ། །དེར་སངས་རྒྱས་ཀྱི་མཐུས་རིན་པོ་ཆེ་རྣམས། བཅོམ་ལྡན་འདས་ཀྱི་དབུའི་སྟེང་གི་ནམ་མཁའ་ལ་འཕགས་ཏེ། རིན་པོ་ཆེའི་ཁང་པ་དང་ཁང་པ་བརྩེགས་པ་རིན་པོ་ཆེའི་རྒྱལ་མཚན་ཕལ་གྱིས་བསྒྲུན་{བསྐྲུན} དུ་མེད་པ་ཤ་སྟག་ཏུ་གྱུར་ནས་འདུག་གོ །དེ་མཐོང་བ་དང་ལྷག་པར་ཡང་དགའ་བ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་ཞབས་ལ་ཕྱག་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེའི་ཚེ་བཅོམ་ལྡན་འདས་ཞལ་འཛུམ་པ་མཛད་ནས། མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་མཆོག་ཅེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །

མ་འོངས་པ་ན་རྫོགས་པའི་སངས་རྒྱས་ཚར་ཚར་བླ་མ་ཞེས་བྱ་བར་འགྱུར་བར་ལུང་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་པའི་ཚེ་མཉན་ཡོད་ན་ཐག་པ་ཟླ་བ་ཞེས་བྱ་བ་ཤིན་ཏུ་དབུལ་བ་ལག་གླས་འཚོ་བ་ཞིག་ཡོད་པ་དེས་བདག་སྔར་ཡང་བསོད་ནམས་མ་བསགས་པས་འདིར་འོང་ལ། དེ་ཡང་བསོད་ནམས་མ་བསགས་ན་སྐྱེ་བ་ཕྱི་མར་མགོན་མེད་པར་འགྱུར་བས། བདག་གིས་བཅོམ་ལྡན་འདས་ལ་སྣ་འགའ་ཙམ་གྱིས་མཆོད་པ་ཞིག་ངེས་པར་བྱའོ་སྙམ་སྟེ། ཁྱིམ་བདག་གཞན་གྱི་རས་བཏགས་ནས། དེ་ལས་རས་ཀྱི་ཚར་ཚར་ཞིག་ཁྱེར་ཏེ་སྲང་དུ་ཞུགས་པ་ན། བཅོམ་ལྡན་འདས་ཀྱིས་དེ་ལ་ཐུགས་བརྩེ་བའི་སླད་དུ་ཕྱོགས་དེར་གཤེགས་ནས་ན་བཟའ་ཅུང་རལ་བར་བསྟན་པས་དེས་རས་ཀྱི་དེ་ཚར་ཚར་བཅོམ་ལྡན་འདས་ལ་ཕུལ་ཞིང་བཅོམ་ལྡན་འདས་ཀྱིས་ཀྱང་དེའི་མོད་ལ་ཆོས་གོས་དྲུབ་པར་བསྟན་ཏོ། །དེ་མཐོང་བ་དང་དེ་ལྷག་པར་ཡང་དགའ་བར་གྱུར་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ། སྦྱིན་པ་ཆུང་ལ་ཞིང་ནི་རྒྱ་ཆེ་སྟེ། །མཐུ་ཆེན་ཁྱོད་ཉིད་ཐུགས་སུ་ཆུད་པར་བས། །སྦྱིན་པ་ཆེན་པོར་གྱུར་པ་འདི་ཡིས་ནི། །བདག་ནི་རྒྱ་ཆེར་གྲགས་པའི་སངས་རྒྱས་ཤོག སྦྱིན་པ་འདི་ནི་ཆུང་ངུ་ལགས་ཀྱིས་ཀྱང་། །བདག་གི་སེམས་ནི་རབ་ཡངས་དཔག་ཡས་ཏེ། །མི་དང་ལྷ་མཆོག་རྒྱལ་བས་བཞེས་ནས་ནི། །སྦྱིན་པ་ཆུང་ཡང་འབྲས་བུ་ཆེན་པོར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ནི་ཕྱི་མར་ཞི་བ་མཐུ་ཆེ་བས། །རྒྱ་ཆེན་གྲགས་པ་མི་དང་ལྷས་མཆོད་པ། །རང་བྱུང་འཇིག་རྟེན་ཕན་པ་སྙིང་བརྩེར་ལྡན། །ཚར་ཚར་བླ་མ་ཞེས་བྱ་རྒྱལ་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཞལ་འཛུམ་པ་དང་བཅས་ཏེ། མ་འོངས་པ་ན་རྫོགས་པའི་སངས་རྒྱས་ཚར་ཚར་བླ་མ་ཞེས་བྱ་བར་འགྱུར་བར་ལུང་བསྟན་ཏོ། །

གཅིག་བྱང་ཆུབ་ཏུ་ལུང་བསྟན་པའང་སྔ་མ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། ཡུལ་མཉན་ཡོད་ཀྱི་ཚོང་དཔོན་གྱི་བུ་ཆེ་བ་ཞེས་བྱ་བ་ཞེ་སྡང་ཆེན་པོ་དང་ལྡན་ཞིང་རྫོགས་བྱེད་ལ་སོགས་ཀྱི་སྟོན་པ་དྲུག་མཆོད་པར་བྱེད་པ་ཞིག་ཡོད་པ་དེ། ཕྱིས་ནད་ཚབས་པོ་ཆེ་ཞིག་གིས་ཐེབས་ཏེ། དེ་སྨན་པ་དང་། སྨན་དང་། ནད་གཡོག་མེད་དེ་ཤི་ལ་ཐུག་ནས་འདི་ལྟར་དུ་སེམས་ཏེ། ད་ནི་བདག་སྡུག་བསྔལ་བར་གྱུར་པའི་སྐྱབས་བྱེད་པའམ། སྲོག་ཕངས་པ་སྦྱིན་པར་བྱེད་པ་སངས་རྒྱས་མ་ཡིན་པ། གཞན་སུ་ཞིག་ཡོད་སྙམ་ནས། བཅོམ་ལྡན་འདས་ལ་གསོལ་བ་འདེབས་པར་བྱེད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་ཉིད་འདུལ་བའི་དུས་ལ་བབ་པར་གཟིགས་ནས་འོད་ཀྱི་སྣང་བ་ཆེན་པོ་བཀྱེ་སྟེ་དེའི་ལུས་ལ་ཕོག་པའི་མོད་ལ་རབ་ཏུ་སིམ་པར་གྱུར་ཏོ། །དེར་བཅོམ་ལྡན་འདས་སྒོ་དྲུང་དུ་བཞུགས་པ་བསྒོ་བས་སྦྲན་ཏེ་ནང་དུ་སྤྱན་དྲངས་ཏེ། གདན་བཤམས་པ་ལ་བཞུགས་ནས་ཁྱིམ་བདག་གི་བུ་དེ་ལ་བཀའ་སྩལ་པ། ཆེ་བ་ཁྱོད་ལ་གནོད་པ་ཅི་ཞིག་ཡོད། གསོལ་པ། བདག་ལ་ལུས་ཀྱི་གནོད་པ་དང་། སེམས་ཀྱི་གནོད་པ་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་གདམས་ངག་བསྟན་ཏེ། འདི་ཁྱེད་ཀྱི་སེམས་ཀྱི་སྡུག་བསྔལ་གྱི་གཉེན་པོ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་ནས་འཇིག་རྟེན་པའི་ཐུགས་བསྐྱེད་པ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་རི་སྤོས་ཀྱི་ངད་ལྡང་ནས་སྨན་ཤི་རི་ཀ་ཁྱེར་འོངས་ཏེ་ཕུལ་བ་དེ་ལ་བྱིན་ཏེ། འདི་ནི་ཁྱོད་ཀྱིས་ལུས་ཀྱི་སྡུག་བསྔལ་ཚ་བ་ཞི་བར་བྱེད་པ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་ནས་དེས་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ཐོབ་ནས་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏེ་རྒྱལ་པོ་གསལ་རྒྱལ་ལའང་བསྙད་ནས། སངས་རྒྱས་འཁོར་དང་བཅས་པར་བཤོས་གསོལ་ནས། འབུམ་རི་བའི་ན་བཟའ་ཕུལ་ཏེ། མེ་ཏོག་དང་། སྤོས་དང་། མེ་ཏོག་གི་ཕྲེང་བ་རྣམས་ཀྱིས་ཀྱང་མཆོད་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེའི་ཚེ་བཅོམ་ལྡན་འདས་ཞལ་འཛུམ་པ་དང་བཅས་མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །སྐབས་འདིར་རྒྱལ་པོ་གསལ་རྒྱལ་གྱིས་ཀུན་དགའ་ར་བའི་སྲུང་མ་སངས་རྒྱས་པདྨའི་བླ་མ་ཞེས་པར་ལུང་བསྟན་པ་མཛད་དེ་གོང་གི་ལས་བརྒྱ་པའིི་པདྨ་གཉིས་ཀྱི་སྔ་མ་དང་ཁྱད་པར་མི་སྣང་ངོ་། །དེ་བཞིན་དུ་རྒྱལ་པོ་གསལ་རྒྱལ་གྱིས་གསོལ་བ་བཏབ་ནས་པཉྩ་ལིའི་རྒྱལ་པོ་གཉིས་བརྟུལ་ཏེ། གཅིག་དགྲ་བཅོམ་པ་ལ་བཀོད་ཅིང་། གཅིག་བྱང་ཆུབ་ཏུ་ལུང་བསྟན་པའང་སྔ་མ་དང་མཚུངས་སོ། །

ཁྱོད་མ་འོངས་པ་ན་རྫོགས་པའི་སངས་རྒྱས་མི་གཡོ་བ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། མཉན་ཡོད་ཀྱི་ཚོང་དཔོན་གཉིས་མི་མཐུན་པར་གྱུར་ནས། དེ་གཉིས་ལས་གཅིག་ནི་རྫོགས་བྱེད་ལ་དད། གཅིག་ནི་སངས་རྒྱས་ལ་དད་དེ། དེ་གཉིས་རང་རང་འདོད་ཕྱོགས་ལྟར་གྱིས་ཆེ་བ་བརྗོད་ནས་བདོག་པ་ཐམས་ཅད་ཡལ་བའི་སྐུགས་ཀྱི་གཏའ་བཞག་གོ །དེ་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་ནས་བློན་པོ་གཉིས་ལ་བསྒོས་ཏེ་ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ནས་སྐྱེ་བོ་འབུམ་ཕྲག་དུ་མ་འདུས་ཤིང་། ནམ་མཁའ་ན་ལྷ་འབུམ་ཕྲག་དུ་མ་དག་ཀྱང་འདུས་པའི་ནང་དུ། བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ཏེ། སྤོས་དང་མེ་ཏོག་གི་ཕྲེང་བ་ཐམས་ཅད་བསྡོགས་པ་ལ་ཐོག་མར་མུ་སྟེགས་ཀྱི་དགེ་བསྙེན་དེས། བདེན་པ་དང་བདེན་པའི་ཚིག་གང་གིས་རྫོགས་བྱེད་ལ་སོགས་པའི་སྟོན་པ་དྲུག་མཆོག་ཡིན་པའི་བདེན་པ་དང་། བདེན་པའི་ཚིག་འདིས་ནི་མེ་ཏོག་དང་བདུག་པ་དང་ཆུ་འདི་དེ་རྣམས་ཀྱི་ཐད་དུ་སོངས་ཤིག ཅེས་བྱ་བའི་མོད་ལ། མེ་ཏོག་དེ་དག་ནི་ས་ལ་ལྷགས། མེ་ནི་ཤི། ཆུ་ནི་ས་ལ་ཐིམ་ཞིང་ཡོངས་སུ་ཟད་པར་གྱུར་པས་སྐྱེ་བོའི་ཚོགས་ཀྱིས་ཅ་ཅོ་དང་ག་ཞའི་སྐད་ཆེན་པོ་ཕྱུང་བས་དེ་སྤོབས་པ་མེད་པར་གྱུར་ཏོ། །དེ་ནས་སངས་རྒྱས་པའི་དགེ་བསྙེན་དེས། སྔར་ལྟར་བདེན་སྟོབས་བརྗོད་དེ་མཆོད་རྫས་འདི་དག་བཅོམ་ལྡན་འདས་ཀྱི་ཐད་དུ་སོངས་ཤིག ཅེས་བྱས་པས། མེ་ཏོག་དེ་དག་བྱ་ངང་པའི་རྒྱལ་པོ་འཕུར་བ་བཞིན་དུ་ནམ་མཁའ་ལ་འཕགས་ནས་རྒྱལ་བྱེད་ཚལ་གྱི་ལོགས་སུ་སོང་ངོ་། །བདུག་པ་ནི་སྤྲིན་གྱི་མགོ་ལྟ་བུ་དང་། ཆུ་ནི་བཻཌཱུཪྱའི་སྡོང་བུ་ལྟ་བུར་གྱུར་པས་སྐྱེ་བོ་ཐམས་ཅད་ཡ་མཚན་དུ་གྱུར་ཏེ། དེའི་ཕྱི་བཞིན་དུ་འབྲངས་ཏེ་སོང་བ་ན་མེ་ཏོག་ནི་བཅོམ་ལྡན་འདས་ཀྱི་དབུའི་སྟེང་ན་འདུག བདུག་པ་དང་ཆུ་ནི་སྤྱན་སྔར་འདུག་གོ །དེར་སྐྱེ་བོ་ཕལ་མོ་ཆེ་དག་དགའ་བར་གྱུར་ཏེ་སངས་རྒྱས་ཀྱི་ཞབས་ལ་ཕྱག་བྱས་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་པ་ན། དེ་དག་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་གསུམ་པོ་མཆོག་ཏུ་འཛིན་ཅིང་དགའ་བར་བྱེད་པ་རྣམས་རྣམ་སྨིན་གྱི་འབྲས་བུ་ལྷ་དང་མི་རྣམས་ཀྱི་མཆོག་ཏུ་འགྱུར་བ་སོགས་ཀྱིས་ཆོས་ཀྱི་རྣམ་གྲངས་བསྟན་པས་སྐྱེ་བོ་ཕལ་མོ་ཆེ་དཀོན་མཆོག་ལ་དད་པ་རྙེད་ཅིང་ཁ་ཅིག་གིས་སྐྱབས་སུ་འགྲོ་བ་དང་བསླབ་གཞི་རྣམས་ཀྱང་བླངས་ཤིང་། ཁ་ཅིག་ནི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་སོ། །དེའི་ཚེ་སྔར་གྱི་མུ་སྟེགས་བྱེད་ཀྱི་དགེ་བསྙེན་དེ་ཡང་སངས་རྒྱས་ལ་ལྷག་པར་དད་པར་གྱུར་ཏེ། ཞབས་ལ་ཕྱག་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེར་བཅོམ་ལྡན་འདས་ཞལ་འཛུམ་པ་མཛད་ཏེ། ཁྱོད་མ་འོངས་པ་ན་རྫོགས་པའི་སངས་རྒྱས་མི་གཡོ་བ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །

དཀོན་མཆོག་མཆོད་པ་དང་སྦྱིན་པ་སོགས་དངོས་པོ་ཆེ་ཕྲ་གང་ཡིན་ཀྱང་ཐབས་ཁྱད་པར་ཅན་གྱིས་ཟིན་ན་རྫོགས་པའི་བྱང་ཆུབ་ཆེན་པོའི་རྒྱུར་འགྱུར་བ་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། རྒྱལ་པོ་མ་སྐྱེས་དགྲའི་དཔུང་གིས་རྒྱལ་པོ་གསལ་རྒྱལ་ལན་གསུམ་གྱི་བར་དུ་ཕམ་པར་བྱས་པ། རྒྱལ་པོ་གསལ་རྒྱལ་སེམས་ཁོང་དུ་ཆུད་ནས་མྱ་ངན་གྱི་ཁང་བུར་གནས་པ་ན། ཡུལ་དེའི་ཁྱིམ་བདག་ཕྱུག་པོ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ་ཞིག་གིས་གསེར་གྱི་ཕུང་པོ་ཆེན་པོ་མི་འགྲེང་བས་ཀྱང་ཕན་ཚུན་མི་མཐོང་བ་ཞིག་སྤུངས་ནས་བྱིན་ཏེ་རྒྱལ་པོ་ལ་སེམས་གསོས་བཏང་ཞིང་། དེར་རྒྱལ་པོས་ཡུལ་དུ་ཉན་རྣ་བ་བཏང་བས། རྒན་པོ་གཉིས་ཀྱིས་ཕན་ཚུན་གཏམ་སྨྲ་བ་ན་པདྨའི་ཟེ་བ་ཞེས་པའི་གཡུལ་གྱི་དགྲ་ཐབས་ཡོད་དེ་དེ་ལ་མི་སྡར་མ་རྣམས་གཡུལ་གྱི་སྔོན་དུ་བཏང་ལ། འབྲིང་པོ་རྣམས་བར་དུ་བཞག དཔའ་བོ་རྣམས་རྒྱབ་ཏུ་བཞག་ན་དེས་ཐུབ་པར་འགྱུར་ཞེས་སྨྲས་པ་ཐོས་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཚུལ་དེ་ལྟ་བུས་དམག་དྲངས་པས་རྒྱལ་པོ་མ་སྐྱེས་དགྲ་ཕམ་པར་བྱས་ཏེ། དེ་ཉིད་གསོན་པོར་བཟུང་ནས་ཤིང་རྟ་ལ་སྐྱོན་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཁྲིད་དེ་གསོལ་པ། བཙུན་པ་རྒྱལ་པོ་མ་སྐྱེས་དགྲ་འདི་ནི། ཡུན་རིང་པོ་ན་བདག་གི་འཁོན་ཟླ་མ་ལགས་པར་འཁོན་དུ་འཛིན་པ་དང་། དགྲ་ཟླ་མ་ལགས་པར་དགྲར་བགྱིད་པ་ལགས་མོད་ཀྱི། འདི་ནི་བདག་གི་གྲོགས་པོའི་བུ་ལགས་པའི་སླད་དུ། བདག་ནི་འདི་འགུམ་པར་མི་འཚལ་ཏེ་འདི་བཏང་བར་འཚལ་ལོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཐོངས་ཤིག རྒྱལ་བར་གྱུར་ན་འཁོན་པ་མང་། །ཕམ་པར་གྱུར་ན་སྡུག་བསྔལ་གནས། །རྒྱལ་དང་ཕམ་པ་སྤངས་ན་ནི། །ཉེ་བར་ཞི་སྟེ་བདེ་བར་གནས། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བདག་གིས་རྒྱལ་སྲིད་ཕྱིར་ཐོབ་པ་འདི་ཚོང་དཔོན་འདིའི་དྲིན་ཡིན་གྱིས་འདི་ལ་ཅི་འདོད་པའི་བྱ་དགའ་སྦྱིན་ནོ་སྙམ་ནས་ཚོང་དཔོན་ལ་དེ་ལྟར་སྨྲས་པས་དེས་ཀྱང་ཞག་བདུན་གྱི་བར་དུ་རྒྱལ་སྲིད་བསླངས་ནས། དེའི་རིང་ལ་སངས་རྒྱས་དགེ་འདུན་དང་བཅས་པ་དང་། རྒྱལ་པོ་གསལ་རྒྱལ་འཁོར་དང་བཅས་པ་སྤྱན་དྲངས་ཤིང་། ཡུལ་ཀ་ཤི་དང་ཀོ་ས་ལ་གནས་པའི་སྐྱེ་བོ་མཐའ་དག་ལ་ཕོ་ཉ་བཏང་སྟེ། ཞག་བདུན་གྱི་བར་དུ་ཁྱེད་ཅག་ཁྲལ་ཐུད་མེད་པ་ཅི་དགའ་བར་གནས་པར་བྱོས་ཤིག་འདིར་ཡང་ཤོག་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ངའི་སྟོན་མོ་ཡང་ཚོལ་ལ་དེ་བཞིན་གཤེགས་པ་ལ་ཡང་བསྙེན་བཀུར་གྱིས་ཤིག་ཅེས་བྱས་ནས། དེ་ཞག་བདུན་གྱི་བར་དུ་སངས་རྒྱས་འཁོར་དང་བཅས་པ་ལ་བཀུར་སྟི་ཆེན་པོ་བྱས་ཤིང་། མི་འབུམ་ཕྲག་མང་པོ་དག་ཀྱང་བདེ་བ་ལ་བཙུད་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེར་བཅོམ་ལྡན་འདས་ཞལ་འཛུམ་པ་དང་བཅས་ཏེ་ཚོང་དཔོན་འདི་མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཇིགས་སྦྱིན་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །འདི་རྣམས་ཀྱིས་ནི། དཀོན་མཆོག་མཆོད་པ་དང་སྦྱིན་པ་སོགས་དངོས་པོ་ཆེ་ཕྲ་གང་ཡིན་ཀྱང་ཐབས་ཁྱད་པར་ཅན་གྱིས་ཟིན་ན་རྫོགས་པའི་བྱང་ཆུབ་ཆེན་པོའི་རྒྱུར་འགྱུར་བ་བསྟན་པ་ཡིན་ནོ། །

གྲུ་གཟིངས་སོགས་ལས་བདེ་བར་བསྒྲལ་བའི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་ཆུ་ཀླུང་ཁང་ལྡན་གྱི་འཇུག་ངོགས་མཉན་པའི་གྲོང་ཁྱེར་དུ་བཞུགས་པའི་ཚེ་མཉན་པ་རྣམས་འོངས་ནས་ཆུ་ཀླུང་ཁང་ལྡན་གྱི་འགྲམ་རྡོ་དང་། གསེག་མ། གྱོ་མོ་མེད་པར་བྱས་ཏེ་རྒྱལ་མཚན་དང་བ་དན་ནི་བསྒྲེངས། མེ་ཏོག་སྣ་ཚོགས་ནི་གཏོར། སྤོས་དང་ཞལ་ཟས་དང་མེ་ཏོག་སོགས་མཆོད་རྫས་རབ་ཏུ་མང་པོ་ནི་སྟ་གོན་བྱས། གྲུ་ཟམ་གྱི་སྟེང་ཡང་མེ་ཏོག་གི་ཁང་པ་དག་གིས་བརྒྱན་ནས་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་ཏེ། བཟའ་བཅའ་གཙང་མ་བཟང་པོ་རྣམ་གྲངས་དུ་མས་ཚིམས་པར་བྱས་ཏེ་ཅི་བཞེད་པར་བསྟབས་ནས་ཆོས་མཉན་པའི་ཕྱིར་འཁོད་པ་ན། བཅོམ་ལྡན་འདས་ཀྱི་དེ་དག་གི་བསམ་པ་དང་བག་ལ་ཉལ་སོགས་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བའི་ཆོས་བསྟན་པས། དེ་དག་ཕལ་ཆེར་འབྲས་བུ་བཞི་ལ་བཀོད་ཅིང་། བྱང་ཆུབ་གསུམ་དུ་སེམས་བསྐྱེད་པ་སོགས་དགེ་རྩ་དཔག་ཏུ་མེད་པ་ལ་བཀོད་དོ། །དེ་ནས་མཉན་པ་དེ་དག་གིས་སངས་རྒྱས་དགེ་འདུན་དང་བཅས་པ་ཐབས་ཅིག་ཏུ་བཀུར་སྟི་ཆེན་པོ་དང་ལྡན་པས་གྲུ་ཟམ་ལས་བསྒྲལ་ཏོ། །དེའི་ཚེ་དགེ་སློང་རྣམས་སེམས་དགའ་བར་གྱུར་ནས། བཅོམ་ལྡན་འདས་ལ་སྔོན་གྱི་དགེ་བའི་རྩ་བ་ཅི་ཞིག་མཛད་ནས་འདི་ལྟར་གྱུར་གསོལ་པས། བཅོམ་ལྡན་འདས་ཀྱིས་སྔོན་བྱང་ཆུབ་སེམས་དཔའ་ཉིད་དེད་དཔོན་ཆེན་པོ་འཁོར་བརྒྱ་ཕྲག་དུ་མ་དང་ལྡན་པ་ཞིག་ཏུ་གྱུར་པའི་ཚེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤིང་རྟ་སྐལ་ལྡན་འཁོར་དགྲ་བཅོམ་པ་དྲུག་ཁྲི་ཉིས་སྟོང་དང་བཅས་ཏེ་ཆུ་བོ་གང་གཱའི་ཀླུང་དུ་གཤེགས་པ་ན། ཞམ་རིང་བྱས་ཏེ་འབྱོར་པ་ཆེན་པོ་དང་ལྡན་པ་གྲུ་ཟམ་ལས་བསྒྲལ་ཏེ་ཞལ་ཟས་བཟང་པོས་ཀྱང་ཚིམས་པར་བྱས་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པའི་རྒྱུ་དེས། ངས་འཁོར་བ་ན་བདེ་བ་ཆེན་པོ་མཐའ་ཡས་པ་ཉམས་སུ་མྱོང་ལ། ད་ལྟར་བླ་ན་མེད་པའི་ཡེ་ཤེས་མངོན་དུ་བརྙེས་པ་ནའང་འདི་ལྟ་བུའི་མཆོད་པ་བྱས་སོ་གསུངས། འདི་ནི་གྲུ་གཟིངས་སོགས་ལས་བདེ་བར་བསྒྲལ་བའི་ཕན་ཡོན་ཀྱང་བསྟན་ཏོ། །ཡང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡུལ་ཀུ་རུའི་ལྗོངས་རྒྱུ་ཞིང་གཤེགས་ནས། མཐར་ཀུ་རུའི་གྲོང་ཁྱེར་དུ་བྱོན་ཏེ་ཀུ་རུའི་སྐྱེ་བོའི་ཚོགས་དེ་དག་ཀྱང་སངས་རྒྱས་ཀྱི་གདུལ་བར་འགྱུར་བ་སེམས་རྒྱ་ཆེན་པོ་དང་ལྡན་པ་སྦྱིན་པ་ལ་སྲེད་པ་ཤ་སྟག་གོ །དེར་བཅོམ་ལྡན་འདས་ཀྱི་འཇིག་རྟེན་པའི་ཐུགས་བསྐྱེད་པས། ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་ཀླུ་གནོད་སྦྱིན་དྲི་ཟ་གྲུལ་བུམ་གྱི་ཚོགས་མང་པོ་ལྷགས་ཏེ། ཙནྡན་ས་མཆོག་གི་ཀ་བ་ཁྱེར་འོངས་ནས། ཧ་ཧ་ཞེས་ཅ་ཅོ་དང་ག་ཞ་བཏོན་ཏེ་སྐད་ཆེན་པོ་ཕྱུང་ནས་ཙནྡན་ས་མཆོག་གི་ཁང་བཟང་བརྩིགས་ཤིང་དེར་ལྷའི་དབང་པོས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ལྷའི་ཞལ་ཟས་དང་། ལྷའི་གཟིམས་ཆ་དང་གདན་དང་སྤོས་དང་མེ་ཏོག་ལ་སོགས་པས་མངོན་པར་མཆོད་པར་བྱས་སོ། །དེར་ཀུ་རུའི་སྐྱེ་བོའི་ཚོགས་དེ་རྣམས་ཀྱིས་ལྷའི་འབྱོར་པ་ཆེན་པོ་མཐོང་བས་ཤིན་ཏུ་ངོ་མཚར་ནས། དབང་པོ་དང་བཅས་པའི་ལྷ་རྣམས་ཀྱིས་ཀྱང་མཆོད་ན། འདི་ནི་འཇིག་རྟེན་ན་མཆོག་ཡིན་ནོ་སྙམ་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་ནས་ཁང་བཟང་དེ་ལ་ལྟ་བར་བྱེད་པ་ན་བཅོམ་ལྡན་འདས་ཀྱིས་ཁང་བཟང་དེ་ཉིད་མི་སྣང་བར་མཛད་ནས། མི་རྟག་པ་ཉིད་དང་ལྡན་པའི་འཕགས་པའི་བདེན་པ་བཞིའི་ཆོས་བསྟན་པས་ཡུལ་ཀུ་རུའི་མི་རྣམས་ཕལ་ཆེར་དགེ་སྦྱོང་གི་འབྲས་བུ་བཞི་ལ་བཀོད་ཅིང་བྱང་ཆུབ་གསུམ་དུ་སེམས་བསྐྱེད་པ་སོགས་དགེ་རྩ་དཔག་ཏུ་མེད་པ་བསྐྱེད་པར་མཛད་དོ། །དེར་དགེ་སློང་རྣམས་ཀྱང་སངས་རྒྱས་ཀྱི་མཆོད་པ་མཐོང་བས་སེམས་དགའ་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་དགེ་བའི་རྩ་བ་འདི་དག་གང་དུ་མཛད་ཅེས་གསོལ་བའི་ལན་དུ་བཀའ་སྩལ་པ། སྔོན་བྱང་ཆུབ་སེམས་དཔའ་རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བ་ཞིག་ཏུ་འཁྲུངས་པའི་ཚེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་སུ་བྱོན་པར་གྱུར་ཏེ། སངས་རྒྱས་དེ་འཁོར་དགྲ་བཅོམ་པ་དྲུག་ཁྲི་ཉིས་སྟོང་དང་བཅས་པ་རྒྱལ་པོ་དེས་སྤྱན་དྲངས་ཏེ་ཟླ་བ་གསུམ་གྱི་བར་དུ་བསྙེན་བཀུར་ཕུལ་ཏེ་མཐར་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་པའི་འབྲས་བུ་འཁོར་བ་ནའང་བདེ་བ་ཆེན་པོའི་མཐའ་ཡས་པ་ཉམས་སུ་མྱོང་ལ་ད་ལྟར་མངོན་པར་སངས་རྒྱས་པའི་སྐབས་ན་ཡང་འདི་ལྟ་བུའི་མཆོད་པ་བྱས་སོ་གསུངས།

རྟེན་ལ་ཡོན་ཆབ་དང་ཁྲུས་སོགས་ཕུལ་བའི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། མཉན་ཡོད་ཀྱི་ཚོང་པ་ལྔ་བརྒྱ་ཙམ་དགོན་པའི་ལམ་དུ་ཞུགས་པ་ལས་དེ་དག་ལ་ལམ་སྟོར་ནས། བྱེ་སྟོོངས་ཤིག་ཏུ་ཕྱིན་ཏེ། དེ་དག་རྒྱགས་ཟད་ཅིང་ངལ་ཞིང་དུབ་སྟེ་ཉི་ཚན་གྱིས་གདུང་ནས་ཉ་བྱེ་ཚན་དུ་བོར་བ་ལྟར་གྱུར་ཏེ་ཤིན་ཏུ་སྡུག་བསྔལ་ཞིང་ཉམ་ཐག་པས་གུ་ལང་ལ་སོགས་པ་རང་རང་འདོད་པའི་ལྷ་རྣམས་ལ་བོས་ཀྱང་ཅུང་ཟད་ཀྱང་སྐྱོབ་པར་བྱེད་པ་མ་བྱུང་བས། དེར་དགེ་བསྙེན་སངས་རྒྱས་ཀྱི་བསྟན་པའི་རྒྱུས་ཤེས་པ་ཞིག་ཡོད་པ་དེས་བསྐུལ་ནས། ཚོང་པ་དེ་ཐམས་ཅད་ཀྱིས་སངས་རྒྱས་ལ་སྐྱབས་སུ་སོང་བས། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་དག་འདུལ་བའི་དུས་ལ་བབས་པར་མཁྱེན་ནས་མིག་འབྱེད་འཛུམ་གྱི་ཡུན་ཙམ་གྱིས་སངས་རྒྱས་དགེ་འདུན་གྱི་འཁོར་དང་བཅས་པ་རྒྱལ་བྱེད་ཀྱི་ཚལ་དུ་མི་སྣང་བར་གྱུར་ཏེ་ཕྱོགས་དེར་གཤེགས་སོ། །དེར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པས། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཆར་བབ་ཅིང་སེར་བུ་བསིལ་བ་ཡང་བཏང་བས་དེ་དག་སྐོམ་པ་དང་ཚ་བས་གདུང་བ་ཞི་བར་བྱས་ཏེ། བཅོམ་ལྡན་འདས་ཀྱིས་ལམ་བསྟན་པས་དེ་དག་བདེ་བར་མཉན་ཡོད་ཀྱི་གྲོང་དུ་ཕྱིན་ནས་ངལ་བསོས་པ་དང་། དེ་དག་ལ་བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་ཆོས་བསྟན་པས་ཚོང་པ་དེ་རྣམས་ཕལ་ཆེར་འབྲས་བུ་བཞི་ལ་བཀོད་ཅིང་ཁ་ཅིག་བྱང་ཆུབ་གསུམ་གྱི་ལམ་དུ་སྨིན་པར་མཛད་དེ་དགེ་བའི་རྩ་བ་དཔག་ཏུ་མེད་པ་བསྐྱེད་དོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ན། སྔོན་འདས་པའི་དུས་ཡང་དག་པར་རྫོགས་པའི་སངས་རྒྱས་ཙནྡན་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ནས་རྒྱལ་པོའི་ཕོ་བྲང་གི་འཁོར་ཞིག་ཏུ་ལྗོངས་རྒྱུ་ཞིང་བྱོན་པ་ན། རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེས་སྤྱན་དྲངས་ཏེ་ཟླ་བ་གསུམ་གྱི་བར་དུ་སངས་རྒྱས་དགེ་འདུན་དང་བཅས་པ་བསྙེན་བཀུར་བ་ལས། དེའི་ཚེ་ཐན་པ་ཆེན་པོ་བྱུང་སྟེ་ཆུ་ཀླུང་དང་ཁྲོན་པ་རྣམས་ཀྱང་ཆུ་ཉུང་བར་གྱུར་ལ་ཤིང་རྣམས་ཀྱང་མེ་ཏོག་དང་འབྲས་བུ་མེད་པར་གྱུར་པས། རྒྱལ་པོ་དེས་གྲོང་ཁྱེར་གྱི་དབུས་སུ་འབྱོར་པ་ཆེན་པོ་དང་ལྡན་པས་སྤོས་ཆུའི་རྫིང་བུ་བསྐྱིལ་ཏེ་སངས་རྒྱས་འཁོར་དང་བཅས་པ་ལ་སྐུ་ཁྲུས་གསོལ་པས། དེའི་མོད་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཆར་ཕབ་སྟེ་ཡུལ་ཁམས་ཐམས་ཅད་འབྱོར་བར་བྱས་སོ། །གཞི་དེས་སྐྱེ་བོ་ཕལ་མོ་ཆེ་བཅོམ་ལྡན་འདས་ལ་དད་པ་རྙེད་ནས་སྤོས་ཀྱིས་བྱུགས་པའི་མཆོད་རྟེན་བརྩིགས་ཏེ་ཞལ་བསྲོས་སོ། །དེའི་ཚེ་སངས་རྒྱས་ཙན་དན་ལ་སྐྱབས་སུ་སོང་བ་གང་ཡིན་པ་དེ་ཐམས་ཅད་ནི་ཡོངས་སུ་མྱང་ངན་ལས་འདས་ཏེ། དེའི་ནང་ནས་ང་འབའ་ཞིག་ལུས་སོ་གསུངས། འདིས་ནི་རྟེན་ལ་ཡོན་ཆབ་དང་ཁྲུས་སོགས་ཕུལ་བའི་ཕན་ཡོན་ཀྱང་བསྟན་ཏོ། །

དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དང་རྟེན་གསུམ་སོགས་བཀུར་སྟི་ཆེན་པོས་སྤྱན་དྲངས་ཏེ་གྲོང་སོགས་བསྐོར་བ་དང་སྐྱབས་སུ་སོང་བའི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་སྟོན་པ་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས་པའི་ཚེ་ཡུལ་འདམ་བུའི་ཚལ་གྱི་སྐྱེ་བོ་མང་པོ་ལ་མི་ནད་བྱུང་ནས་ཤིན་ཏུ་ཉམ་ཐག་ནས་འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་རྣམས་ལ་གསོལ་བ་བཏབ་ཀྱང་ཞི་བར་མ་ནུས་ཏེ་དེར་དགེ་བསྙེན་ཞིག་གནས་པ་དེས་སྦྲན་ནས་ཀུན་གྱིས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས་མཁྱེན་ནས་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་ཏེ་ཡུལ་འདམ་བུའི་ཚལ་དུ་གཤེགས་ནས། གྲོང་ཁྱེར་གྱི་མི་ཐམས་ཅད་ལ་བྱམས་པས་ཁྱབ་པར་མཛད་པས། མི་མ་ཡིན་རྣམས་བྱེར་ཏེ་ཡམས་ཀྱི་ནད་ཞི་བར་གྱུར་ཏོ། །དེར་ཡུལ་དེའི་བྲམ་ཟེ་དང་ཁྱིམ་བདག་ཐམས་ཅད་རབ་ཏུ་དགའ་བར་གྱུར་ཏེ་སངས་རྒྱས་འཁོར་དང་བཅས་པ་ལ་མཁོ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་ཞིང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བདེན་བཞིའི་ཆོས་བསྟན་པས་སྐྱེ་བོ་ཕལ་ཆེར་གྱིས་འབྲས་བུ་བཞི་ལས་ཅི་རིགས་པ་ཐོབ་ཅིང་། བྱང་ཆུབ་གསུམ་དང་འབྲེལ་བའི་དགེ་བའི་རྩ་བ་རྒྱ་ཆེན་པོ་བསྐྱེད་དོ། །དེའི་ཚེ་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ན། བཅོམ་ལྡན་འདས་ཀྱིས། སྔོན་བྱུང་བ་འདས་པའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་ཟླ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། དེ་ལྗོངས་རྒྱུ་ཞིང་རྒྱལ་པོའི་ཕོ་བྲང་གི་འཁོར་ཞིག་ཏུ་བྱོན་པ་ན། རྒྱལ་རིགས་ཀྱི་སྤྱིི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེས་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་ཏེ་ཟླ་བ་གསུམ་གྱི་བར་དུ་བསྙེན་བཀུར་ཕུལ་བའི་ཚེ། གྲོང་ཁྱེར་དེའི་སྐྱེ་བོ་མང་པོ་ལ་མི་ནད་བྱུང་སྟེ་ཤིན་ཏུ་གནོད་པར་གྱུར་པ་ན། རྒྱལ་པོ་དེས་རྫོགས་པའི་སངས་རྒྱས་ཟླ་བ་ལ་ཡམས་ནད་ཞི་བའི་ཐབས་མཛད་པར་གསོལ་བ་བཏབ་པས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སོང་ལ་ངའི་ཆོས་གོས་སྣམ་སྦྱར་འདི་རྒྱལ་མཚན་གྱི་རྩེ་མོ་ལ་ཐོགས་ལ་བཀུར་སྟི་ཆེན་པོ་དང་ལྡན་པས། བདག་གི་ཡུལ་སྐོར་དུ་ཆུག་ཅིག འདི་ལ་དགའ་སྟོན་ཆེན་པོ་ཡང་གྱིས་ཤིག སྐྱེ་བོ་ཕལ་མོ་ཆེ་ཐམས་ཅད་ཀྱང་སངས་རྒྱས་རྗེས་སུ་དྲན་པ་ཡང་དག་པར་འཛིན་དུ་ཆུག་ཅིག་དང་། དེས་ནི་ཁྱེད་བདེ་ལེགས་སུ་འགྱུར་རོ། །རྒྱལ་པོས་ཀྱང་ཇི་སྐད་བསྟན་པ་བཞིན་དུ་ཐམས་ཅད་དེ་ཁོ་ན་ལྟར་བྱས་པས་དེའི་རྒྱུ་རྐྱེན་གྱིས་ཡམས་ནད་ཐམས་ཅད་ཞི་བར་གྱུར་ཏོ། །རྒྱུ་དེས་སྐྱེ་བོ་ཐམས་ཅད་རབ་ཏུ་དགའ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ངོ་། །དེའི་དུས་ཀྱི་རྒྱལ་པོ་དེ་ནི་ང་ཡིན་ཏེ། ལས་ཀྱི་རྒྱུ་དེས། ངས་འཁོར་བ་ན་ལྷ་མིར་སྐྱེ་བ་འཐོབ་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་ལ། ད་ལྟར་ཡང་ལས་དེས་འབྱོར་པ་དང་ལྡན་ཞིང་། ངས་ཅི་བསམ་པ་དང་ཅི་འདོད་པ་དེ་ཐམས་ཅད་དེ་བཞིན་དུ་གྲུབ་པར་གྱུར་ཏོ་གསུངས། འདིས་ནི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དང་རྟེན་གསུམ་སོགས་བཀུར་སྟི་ཆེན་པོས་སྤྱན་དྲངས་ཏེ་གྲོང་སོགས་བསྐོར་བ་དང་སྐྱབས་སུ་སོང་བའི་ཕན་ཡོན་ཀྱང་བསྟན་ཏོ། །ཡང་སྟོན་པ་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས་པའི་ཚེ། ལྷས་བྱིན་གྱིས་རྒྱལ་པོ་མ་སྐྱེས་དགྲ་བསླུས་ཏེ། ཕ་ཆོས་ལྡན་གྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་བཀྲོངས་ནས་རྒྱལ་སར་ཞུགས་ཏེ་སུ་མ་དད་པ་དེ་མཐུ་དང་ལྡན་ཞིང་དད་པ་ཅན་རྣམས་མཐུ་ཆུང་བར་གྱུར་པའི་ཚེ། རྒྱལ་པོའི་བློན་པོ་རྒན་པོ་མ་དད་པ་ཞིག་ཡོད་པ་དེས་བྲམ་ཟེ་རྣམས་ལ་མཆོད་སྦྱིན་བྱས་ཏེ་དེར་བྲམ་ཟེ་འབུམ་ཕྲག་དུ་མ་འདུས་པ་ན། དེ་དག་གིས་སུ་ཡང་དགེ་སྦྱོང་གོ་ཏ་མ་ལ་བལྟར་མི་འགྲོ་བར་ནང་ཁྲིམས་བཅས་ཏེ། སྲང་གི་དབུས་སུ་རིག་བྱེད་ལས་འབྱུང་བའི་ཆོ་ག་བཞིན་དུ། བརྒྱ་བྱིན་ལ་གསོལ་བ་བཏབ་སྟེ་སྤྱན་དྲངས་པ་ན། བཅོམ་ལྡན་འདས་ཀྱིས་དེ་རྣམས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས། ལྷའི་དབང་པོ་བརྒྱ་བྱིན་གྱི་གཟུགས་སུ་སྤྲུལ་ཏེ་མཆོད་སྦྱིན་གྱི་འདུན་ཁང་དེ་ལྷའི་འོད་ཀྱིས་སྣང་བར་མཛད་དེ་དེར་གཤེགས་ཏེ། གདན་ལ་བཞུགས་པ་ན། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཀུན་ཏུ་ལྷའི་དབང་པོ་མཆོད་སྦྱིན་ལ་གཤེགས་སོ་ཞེས་གྲགས་པར་གྱུར་པས་དེར་སྲོག་ཆགས་འབུམ་ཕྲག་དུ་མ་འདུས་སོ། །དེར་བྲམ་ཟེ་རྣམས་དགའ་ཞིང་སེམས་དད་པར་གྱུར་པ་ན། བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་གྱི་གཟུགས་དེ་ཉིད་མི་སྣང་བར་མཛད་དེ་སྐུ་དངོས་སུ་བསྟན་ནས། དེ་རྣམས་ལ་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བའི་ཆོས་བསྟན་པས། བྲམ་ཟེ་དྲུག་ཁྲི་ཉིས་སྟོང་གི་བདེན་པ་མཐོང་ཞིང་སྲོག་ཆགས་འབུམ་ཕྲག་དུ་མས་ཀྱང་བཅོམ་ལྡན་འདས་ལ་དད་པ་རྙེད་དོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ན་བཅོམ་ལྡན་འདས་ཀྱི་སྔོན་གྱི་དུས་སུ་རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བ་ཞིག་ཏུ་འཁྲུངས་ཏེ། དེའི་ཚེ་སངས་རྒྱས་དབང་པོ་འདུལ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། དེ་ཉིད་འཁོར་དང་བཅས་པ་རྒྱལ་པོ་དེས་ཟླ་བ་གསུམ་གྱི་བར་དུ་སྤྱན་དྲངས་ནས་གཙུག་ལག་ཁང་བརྩེགས་ཏེ་བསྙེན་བཀུར་ཕུལ་ཞིང་། དེའི་ཚེ་རྒྱལ་པོའི་ཕོ་བྲང་གི་འཁོར་དེ་མུ་སྟེགས་ཅན་གྱིས་དབང་དུ་གྱུར་པས། དེ་དག་དད་པའི་ཕྱིར་རྒྱལ་པོས་ཆོ་འཕྲུལ་ཆེན་པོ་མཛད་པར་གསོལ་པ་བཏབ་ཅིང་། སངས་རྒྱས་དབང་པོའི་ཏོག་གིས་ཀྱང་ཆོ་འཕྲུལ་ཆེན་པོ་བསྟན་པས་སྐྱེ་བོ་ཐམས་ཅད་རབ་ཏུ་དགའ་ནས་བསྟན་པ་སྲུང་བ་ལ་གཅེས་པར་གྱུར་ཏོ། །རྒྱུ་དེས་འཁོར་བར་བདེ་བ་མཐའ་ཡས་པ་མྱོང་ཞིང་། ད་ལྟར་སངས་རྒྱས་པ་ན་ཡང་ངའི་བསྟན་པ་འདི་མཛེས་པར་གྱུར་ཏོ་གསུངས། །ཡང་སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། ལྷས་བྱིན་གྱིས་བསྐུལ་ནས། རྒྱལ་པོ་མ་སྐྱེས་དགྲས་རྒྱལ་པོའི་ཁབ་ཀྱི་མི་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་བ་དང་བསོད་སྙོམས་འབུལ་དུ་མི་ཆོག་པའི་ཁྲིམས་བཅས་པས་དགེ་བསྙེན་དད་པ་ཅན་རྣམས་མྱ་ངན་གྱིས་ནོན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པས། བཀའ་སྩལ་པ། འདི་ལ་དེ་བཞིན་གཤེགས་པ་ཉིད་དུས་མཁྱེན་གྱིས་ཁྱོད་སྙིང་མ་ཆུང་ཞིག གཞན་ཡང་ངའི་བསྟན་པ་ཇི་སྲིད་ཡོད་ཀྱི་བར་དུ་ཡང་། ཉན་ཐོས་རྣམས་ཀྱི་ཡོ་བྱད་མེད་པར་མི་འགྱུར་ན། ད་ལྟར་ལྟ་ཅི་སྨོས། དེར་བརྒྱ་བྱིན་ལྷའི་དབང་པོས་སྐབས་དེ་ལྟར་གྱུར་པར་རིག་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ཏེ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱ་བར་ཞུས་པས། བཀའ་སྩལ་པ། ཀ་ཤི་ཀ་འཇིག་རྟེན་ན་བསོད་ནམས་འདོད་པ་མང་གིས་འདི་ལྟར་ང་ལ་སེམས་དད་པར་བྱས་པ་ཉིད་ཀྱིས་ཆོག་གོ །དེ་ནས་བརྒྱ་བྱིན་གྱིས་ལོ་ལྔའི་བར་དུ་ཞུས་ཀྱང་སྔར་ལྟར་གསུངས་ཤིང་། དེ་ནས་དགུང་ལྔར་ཞུས་པས་གནང་སྟེ། བརྒྱ་བྱིན་གྱིས་འོད་མའི་ཚལ་དེ་ཁང་བཟང་རྣམ་པར་རྒྱལ་བྱེད་དང་འདྲ་བར་བསྟན་ཏེ་ལྷའི་གདན་ཆ་རྣམས་དང་། ལྷའི་རྫིང་བུ་དང་། ལྷའི་བདུད་རྩིའི་ཞལ་ཟས་དག་ཀྱང་བསྟན་ཏེ། ལྷ་འབུམ་ཕྲག་དུ་མའི་འཁོར་དང་བཅས་ཏེ་འོངས་ནས་མངོན་པར་མཆོད་ཅིང་ཆོས་ཉན་པར་བྱས་སོ། །དེར་རྒྱལ་པོ་མ་སྐྱེས་དགྲ་ཁང་བཟང་གི་སྟེང་ན་འཁོད་པས་མཐོང་ནས་འགྱོད་པ་སྐྱེས་ཏེ་དད་པར་གྱུར་ཅིང་འཁོར་རྣམས་ཀྱིས་ཀྱང་གསོལ་པས། རྒྱལ་པོ་མ་སྐྱེས་དགྲས་ནང་ཁྲིམས་བཤིག་སྟེ་ཐམས་ཅད་ལ་དྲིལ་བསྒྲགས་ནས་བཅོམ་ལྡན་འདས་ལ་བཀུར་སྟི་ཅི་དགའ་བ་གྱིས་ཤིག་ཅེས་བྱས་པས། སྐྱེ་བོ་དཔག་ཏུ་མེད་པ་འདུས་ནས་ལྷ་མི་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་སྟི་ཆེན་པོ་བྱས་སོ། །དེར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་ལྷ་དང་མི་དུ་མས་བདེན་པ་མཐོང་ངོ་། །དེའི་ཚེ་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ན། སྔོན་འདས་པའི་དུས་སངས་རྒྱས་རིན་པོ་ཆེའི་རི་བོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པའི་ཚེ། བཅོམ་ལྡན་འདས་ཉིད་ཡུལ་དེའི་རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བ་ཞིག་ཏུ་འཁྲུངས་ཏེ། དེའི་ཚེ་རྒྱལ་པོའི་ཕོ་བྲང་གི་འཁོར་དེ་ན་ཡམས་ཀྱི་ནད་བྱུང་བས། དེ་ཞི་བའི་ཕྱིར་རྒྱལ་པོ་དེས་སངས་རྒྱས་འཁོར་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་གདུགས་ཚོད་ལ་སྤྱན་དྲངས་པས། ཟླ་བ་གསུམ་ནས་ནད་ཡམས་རྒྱུན་ཆད་པས་རྒྱལ་པོ་དང་གྲོང་ཁྱེར་གྱི་མི་རྣམས་སེམས་དད་པར་གྱུར་ནས་སངས་རྒྱས་འཁོར་དང་བཅས་པ་ལ། ལོ་ལྔའི་བར་དུ་དགའ་སྟོན་བྱས་སོ། །རྒྱུ་དེས་འཁོར་བར་བདེ་བ་ཆེན་པོ་ཉམས་སུ་མྱོང་ཞིང་ད་ལྟར་སངས་རྒྱས་ནས་ཀྱང་འདི་ལྟ་བུའི་བཀུར་སྟི་བྱས་ལ། ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་ངའི་བསྟན་པ་ལ་ལོ་ལྔ་པའི་དགའ་སྟོན་བརྒྱ་ཕྲག་དུ་མ་བྱེད་པར་འགྱུར་རོ་གསུངས།

དཀོན་མཆོག་མཆོད་པའི་ཕྱིར་དབྱངས་རོལ་སོགས་བགྱིས་པའི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། མཉན་དུ་ཡོད་པ་ན་རོལ་མོ་མཁན་མཛའ་སྡེ་ལྔ་བརྒྱ་ཙམ་འཁོད་དོ། །དེའི་ཚེ་རོལ་མོ་མཁན་གྱི་རྒྱལ་པོ་རབ་དགའ་ཞེས་བྱ་བ་ཞིག་གསར་དུ་འོངས་ཏེ། དེའི་མཐུ་ནི་རྒྱུད་གཅིག་ལས་སྐད་སྣ་བདུན་དང་ཁོང་དུ་འཁྱིག་པ་སྣ་ཉི་ཤུ་རྩ་གཅིག་འབྱུང་བར་ཤེས་སོ། །དེས་གྲོང་ཁྱེར་ཆེན་པོ་དྲུག་ཡུལ་ཆེན་པོ་མ་ཡིན་པར་བསྒྲགས་ཏེ་མཉན་ཡོད་དུ་ཕྱིན་ནས། རྒྱལ་པོོ་གསལ་རྒྱལ་རོལ་མོ་ལ་ཤིན་ཏུ་མཁས་པར་གྲགས་པས་དེ་ལ་འགྲན་པར་བསྐུལ་བ་ན་གསལ་རྒྱལ་གྱིས། ངའི་མཁན་པོ་རོལ་མོ་མཁན་གྱི་རྒྱལ་པོ་བླ་ན་མེད་པ་དེ་ད་ལྟ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་ཀྱིས་ཚུར་ཤོག་དང་དེར་འདོང་ངོ་ཞེས་བྱས་ཏེ། རྒྱལ་པོ་གསལ་རྒྱལ་འཁོར་རོལ་མོ་མཁན་ལྔ་བརྒྱ་ཙམ་གྱིས་ཞབས་འབྲིང་བྱས་ནས། རོལ་མོ་མཁན་གྱི་རྒྱལ་པོ་རབ་དགའ་དང་། མི་འབུམ་ཕྲག་མང་པོ་རྒྱལ་བྱེད་ཀྱི་ཚལ་དུ་འོང་བ་ན། བཅོམ་ལྡན་འདས་ཀྱིས་དེ་གདུལ་བའི་དུས་ལ་བབ་པར་མཁྱེེན་ནས་འཇིག་རྟེན་པའི་ཐུགས་བསྐྱེད་པས། དྲི་ཟ་ཟུར་ཕུད་ལྔ་པ་འཁོར་དྲི་ཟ་བདུན་སྟོང་གིས་བསྐོར་བ་འོངས་ཏེ་ཚུལ་བཞིན་དུ་མཆོད་པ་བྱས་ནས་བཅོམ་ལྡན་འདས་ལ་གཞི་བཻཌཱུཪྱ་ལས་བྱས་པས་པི་ཝང་ཕུལ་ལོ། །དེར་རོལ་མོ་མཁན་གྱི་རྒྱལ་པོོ་རབ་དགའ་བཅོམ་ལྡན་འདས་གྱི་སྤྱན་སྔར་པི་ཝང་བླངས་ཏེ། གོང་དུ་སྨོས་པ་ལྟ་བུའི་ཚུལ་གྱིས་བྱུང་བས། རྒྱལ་པོ་ལ་སོགས་པའི་སྐྱེ་བོ་ཕལ་ཆེར་ཡ་མཚན་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་བཻཌཱུའི་པི་ཝང་ཕྱག་ཏུ་བླངས་ནས་སྦྲེངས་པས་དེ་ལས་རྒྱུད་གཅིག་ལས་ཀྱང་སྐད་ཀྱི་ཁྱད་པར་སྣ་དུ་མ་དང་ཁོང་དུ་འཁྱིག་པའི་སྣ་གྲངས་དུ་མ་འགྱུར་བར་བསྟན་ཞིང་། དེ་དག་ལས་ཀྱང་སྟོང་པ་དང་བདག་མེད་པའི་རྣམ་པར་གྲག་ཅིང་། ལུས་འདི་ཡང་པི་ཝཾ་དང་སྐད་རྣམས་ནི་དབང་པོ་དང་། ཁོང་དུ་འཁྱིག་པ་རྣམས་ནི་སེམས་ཀྱི་ཁམས་དང་འདྲ་བར་བསྟན་ཏེ། དེ་ཐོས་པས་རོལ་མོ་མཁན་གྱི་རྒྱལ་པོ་རབ་དགའ་དད་པ་སྐྱེས་ནས་པི་ཝང་དྲི་གཙང་ཁང་དུ་ཕུལ་ཏེ་རབ་ཏུ་བྱུང་ནས་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེ་ནས་ལྷ་དང་ཀླུ་དང་གནོད་སྦྱིན་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་དད་པར་གྱུར་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་སྲུང་བ་དང་བསྐྱབ་པ་དང་སྦ་བར་ཁས་བླངས་སོ། །རོལ་མོ་མཁན་ལྔ་བརྒྱ་པོ་རྣམས་ཀྱིས་ཀྱང་རྒྱལ་པོ་ལ་ཞུས་ཏེ། ཡུལ་མི་འཁོར་དང་བཅས་པ་དང་བསྡོངས་ནས་མཉན་ཡོད་ཀྱི་གྲོང་ཁྱེར་འབྱོར་པ་ཆེན་པོས་བརྒྱན་ཏེ་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་ཏེ་རོལ་མོའི་རིག་བྱེད་དཔག་ཏུ་མེད་པས་མཆོད་ཅིང་བསྙེན་བཀུར་བྱས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་འཛུམ་པ་མཛད་ནས་འོད་ཟེར་རྣམས་མཛོད་སྤུར་མི་སྣང་བར་གྱུར་པ་དང་། ཀུན་དགའ་བོས་དེའི་རྒྱུ་ཞུས་པས། རོལ་མོ་མཁན་ལྔ་བརྒྱ་པོ་འདི་དག་མ་འོངས་པ་ན། རང་སངས་རྒྱས་སྐད་སྙན་ཞེས་པ་ཤ་སྟག་ཏུ་འགྱུར་བར་ལུང་བསྟན་ཏོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས་སྔོན་གྱི་ཕྲིན་ལས་ཇི་ལྟ་བུ་མཛད་ཅེས་གསོལ་བས། སྔོན་བཅོམ་ལྡན་འདས་ཉིད་ཡུལ་གྱི་རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བ་ཞིག་ཏུ་འཁྲུངས་པའི་ཚེ་སངས་རྒྱས་རྟོོགས་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱོན་ནས། རྒྱལ་པོའི་སྐྱེད་མོས་ཚལ་དུ་གཤེགས་ནས་མེ་ཡི་ཁམས་ལ་སྙོམས་པར་ཞུགས་ཏེ་བཞུགས་པ། རྒྱལ་པོ་དེ་བུད་མེད་ཀྱི་སིལ་སྙན་དང་རོལ་མོའི་སྒྲ་སྒྲོགས་པ་དག་དང་བཅས་ཏེ་སྐྱེད་མོས་ཀྱི་ཚལ་དུ་ཕྱིན་པ་ན་མཇལ་ཏེ་སེམས་དགའ་བར་གྱུར་ནས་སིལ་སྙན་རྣམ་པ་སྣ་ཚོགས་པའི་སྒྲ་བསྒྲགས་ཏེ། བཅོམ་ལྡན་འདས་དེ་ཏིང་ངེ་འཛིན་ལས་བཞེངས་སུ་གསོལ་ནས། ཞལ་ཟས་བཟང་པོས་ཀྱང་མཆོད་ཅིང་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པའི་རྒྱུ་དེས། ད་ལྟར་ང་ལ་རོལ་མོ་མཁན་རྣམས་ཀྱིས་འདི་ལྟ་བུའི་བསྙེན་བཀུར་བྱས་སོ་གསུངས། འདིས་དཀོན་མཆོག་མཆོད་པའི་ཕྱིར་དབྱངས་རོལ་སོགས་བགྱིས་པའི་ཕན་ཡོན་ཀྱང་བསྟན་པ་ཡིན་ནོ། ། ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། མཉན་ཡོད་ན་གཞན་གྱི་ཆུང་མ་ལ་བྱི་བོ་བྱེད་པ་ཞིག་ཡོད་པ་དེ། རྒྱལ་པོའི་ཁྲིམས་ལ་ཐོགས་ནས་གཤེད་མས་གསོད་སར་ཁྲིད་པ་ན། བཅོམ་ལྡན་འདས་ཕྱོགས་དེར་གཤེགས་ཏེ། ཀུན་དགའ་བོ་རྒྱལ་པོ་ལ་གསོལ་དུ་བཏང་བས། རྒྱལ་པོས་ཀྱང་ཕུལ་ནས་མི་དེར་རབ་ཏུ་བྱུང་བས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ན། སྔོན་སངས་རྒྱས་དབང་པོའི་རྒྱལ་མཚན་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ནས་རྒྱལ་པོའི་ཕོ་བྲང་གི་འཁོར་ཞིག་ཏུ་ལྗོངས་རྒྱུ་ཞིང་བྱོན་པ་ན། དེར་བཅོམ་ལྡན་འདས་ཉིད་བྲམ་ཟེ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་ཐམས་ཅད་མཐར་ཕྱིན་པ་ཞིག་ཏུ་གྱུར་ཏེ། དེ་སངས་རྒྱས་དབང་པོའི་ཏོག་ལ་ཚིགས་བཅད་བརྒྱས་བསྟོད་ཅིང་ཞལ་ཟས་བཟང་པོ་ཡང་གསོལ་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །གཞི་དེས་ཡུལ་གྱི་རྒྱལ་པོ་དང་བློན་པོ་དང་ཕོ་བྲང་གི་འཁོར་གྱི་མི་རྣམས་ཀྱང་དད་པ་སྐྱེས་སོ། །ལས་དེས་འཁོར་བ་ན་ཡང་བདེ་བ་མཐའ་ཡས་པ་ཉམས་སུ་མྱོང་ལ། ད་ལྟར་ཡང་ངས་ཅི་བསམ་པ་དང་ཅི་འདོད་པ་དེ་དག་ཐམས་ཅད་གྲུབ་པ་ཡིན་ནོ་གསུངས། ཡང་སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་འབུམ་ཕྲག་དུ་མ་དང་བཅས་པས་བདེན་པ་མཐོང་ནས། བཅོམ་ལྡན་འདས་ལ་དྲིན་གཟོ་བ་དང་། སྐྱེ་བོ་མང་པོ་དགེ་བའི་རྩ་བ་ལ་འགོད་པར་འདོད་ནས་སངས་རྒྱས་འཁོར་དང་བཅས་པ་རྒྱལ་པོའི་ཕོ་བྲང་དུ་གདུགས་ཚོད་ལ་སྤྱན་དྲངས་ཏེ། དེའི་ཚེ་མ་ག་དྷཱའི་ཕོ་བྲང་འཁོར་གྱི་མི་རྣམས་ལ་བསྒོ་བ། བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་ལ་མེ་ཏོག་དང་། མེ་ཏོག་གི་ཕྲེང་བ་དང་། སྤོས་དང་བྱུག་པ་རྣམས་ཀྱིས་མཆོད་པ་གྱིས་ཤིག རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཐམས་ཅད་ཀྱང་རྡོ་དང་གསེག་མ་སོགས་མེད་པར་གྱིས་ཤིག མེ་ཏོག་སྣ་ཚོགས་ཀྱིས་གཏོར་ལ་རྒྱལ་མཚན་དང་བ་དན་སྒྲེངས་ཤིག འོད་མའི་ཚལ་ནས་རྒྱལ་པོའི་ཁབ་ཀྱི་བར་གྱི་ལམ་ཐམས་ཅད་ཀྱང་རས་ཀྱིས་ཁེབས་པར་གྱིས་ཤིག ཅེས་བྱས་ཏེ་བློན་པོ་རྣམས་ཀྱིས་ཀྱང་དེ་ཐམས་ཅད་བྱས་སོ། །དེར་རྒྱལ་པོ་རང་གིས་བཅོམ་ལྡན་འདས་ཀྱི་དབུའི་སྟེང་དུ་གདུགས་རྩིབས་བརྒྱ་པ་དང་། གཞན་སྟོང་གིས་དགེ་སློང་སྟོང་གི་གདུགས་ཐོགས་སོ། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་ཡང་དུལ་བ། ཞི་བ་ལ་འཁོར་ཡང་ཞི་བ། གྲོལ་ལ་འཁོར་ཡང་གྲོལ་བ། དབུགས་ཕྱིན་ལ་འཁོར་ཡང་དབུགས་ཕྱིན་པ། བྱང་ལ་འཁོར་ཡང་བྱང་བ། དགྲ་བཅོམ་པར་གྱུར་ལ་འཁོར་ཡང་དགྲ་བཅོམ་པར་གྱུར་པ། འདོད་ཆགས་དང་བྲལ་ལ་འཁོར་ཡང་འདོད་ཆགས་དང་བྲལ་བ། མཛེས་ལ་འཁོར་ཡང་མཛེས་པ་སྟེ། ཁྱུ་མཆོག་བ་གླང་གི་ཚོགས་ཀྱིས་བསྐོར་བའམ། འཁོར་ལོས་སྒྱུར་རྒྱལ་རྒྱལ་བུ་སྟོང་གི་ཚོགས་ཀྱིས་སམ། ཚངས་པ་ཚངས་རིས་ཀྱི་ལྷས་བསྐོར་བ་བཞིན་དུ་ཤིན་ཏུ་མཛེས་པར་ལྷམ་མེ་ལྷང་ངེ། གླང་ཆེན་གྱི་རྒྱལ་པོ་རྒྱགས་པ་མེད་པ་ལྟ་བུར་དབང་པོ་ཤིན་ཏུ་དྭངས་པ་དང་སྤྱོད་ལམ་གྱི་ཚུལ་མ་འཆལ་བར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དུ་མས་བརྒྱན་པའི་བཅོམ་ལྡན་འདས་གྲོང་ཁྱེར་དེར་གཤེགས་ཏེ་ཞབས་སྒོའི་ཐེམ་པ་ལ་བཞག་པའི་མོད་ལ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཤིང་སྒོ་དོག་པ་རྣམས་ཡངས་པར་གྱུར་པ་དང་ས་རྣམས་མཐོ་དམན་མཉམ་ཞིང་། གླང་པོ་ཆེ་དང་རྟ་དང་ཁྱུ་མཆོག་རྣམས་ཀྱང་སྐད་འབྱིན། རོལ་མོའི་ཆ་བྱད་ཐམས་ཅད་ཀྱང་མ་བསྐུལ་བར་རང་གིས་སྒྲ་འབྱིན། ལོང་བས་མིག་ཐོབ། འོན་པས་སྒྲ་ཐོས། ལྐུགས་པས་སྨྲ་ཤེས། དབང་པོ་མ་ཚང་བ་རྣམས་ཀྱང་དབང་པོ་ཚང་། ཆང་དང་དུག་གིས་མྱོས་པ་རྣམས་ཀྱང་ཞི། ཕན་ཚུན་འཁོན་པ་རྣམས་འདུམ། སྦྲུམ་མ་རྣམས་ཀྱང་བདེ་བར་བཙས། བཙོན་དུ་བཅིངས་པ་རྣམས་ནི་ཐར། ནོར་མེད་པ་རྣམས་ནི་ནོར་རྙེད། བར་སྣང་ནས་ལྷ་རྣམས་ཀྱིས་ཀྱང་མེ་ཏོག་གི་ཆར་འབེབ་པ་དང་བཅས་དེ་ལྟ་བུའི་འབྱོར་པས་རྒྱལ་པོའི་ཕོ་བྲང་དུ་གཤེགས་ཏེ་རྒྱལ་པོ་རང་ཉིད་ཀྱིས་ལག་དར་ཏེ་ཕྱི་རོལ་གྱི་སྒོ་ཁང་དུ་ཙནྡན་ས་མཆོག་གི་ཆུས་སངས་རྒྱས་འཁོར་དང་བཅས་པའི་ཞབས་བཀྲུས་ཤིང་། ནང་དུ་བྱོན་ནས་གདན་ལ་བཞུགས་པ་དང་རོ་བརྒྱ་དང་ལྡན་པའི་ཞལ་ཟས་དྲངས་ཤིང་། ཀ་ཤི་ཀའི་ན་བཟའ་ཡང་ཕུལ་ལོ། །རྒྱུ་དེས་མ་ག་དྷཱའི་ཕོ་བྲང་གི་འཁོར་གྱི་མི་རྣམས་ཀྱང་དད་པར་གྱུར་ཏོ། །དེའི་ཚེ་དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས་དེའི་རྒྱུ་ཞུས་པ་ན། སྔོན་བཅོམ་ལྡན་འདས་ཉིད་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་ཞིག་ཏུ་འཁྲུངས་པའི་ཚེ། སངས་རྒྱས་བཅོམ་ལྡན་འདས་བདེ་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། རྒྱལ་པོ་དེས་སངས་རྒྱས་དེ་འཁོར་དང་བཅས་པ་རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲངས་ནས་ཞལ་ཟས་རོ་བརྒྱ་པ་དང་འབུམ་རི་བའི་ན་བཟའ་ཡང་ཕུལ་ཞིང་། སངས་རྒྱས་དེ་མྱ་ངན་ལས་འདས་པའི་མཆོད་རྟེན་ཡང་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་འཕང་དུ་རྒྱང་གྲགས་གཅིག་ཡོད་པ་བརྩིགས་སོ། །རྒྱུ་དེས་ངས་འཁོར་བ་ན་ཡང་བདེ་བ་ཚད་མེད་པ་ཉམས་སུ་མྱོང་ཞིང་། ད་ལྟར་སངས་རྒྱས་པ་ནའང་རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་ལྟ་བུའི་མཆོད་པ་བྱས་སོ་གསུངས།

སངས་རྒྱས་མཆོད་པ་དང་སྐུ་གཟུགས་བཞེངས་པ་དང་གཞན་དགེ་བ་ལ་བསྐུལ་བའི་ཕན་ཡོན་སོགས་དང་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་དགེ་བའི་རྩ་བ་ནི་བྱང་ཆུབ་ཀྱི་བར་དུ་ནམ་ཡང་མི་འཛད་པ་ཡང་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས་པའི་ཚེ། ཡུལ་དེ་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་བ་རྣམ་ཐོས་བུའི་ནོར་དང་ལྡན་པ་མུ་སྟེགས་བྱེད་ལ་དགའ་བ་ཞིག་ཡོད་པ་དེ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་དད་པར་བྱས་ཏེ། བསྟན་པ་ལ་བཙུད་ནས་དེས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བར་འདོད་ནས་འཕགས་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་གྲོགས་བགྱི་བར་གསོལ་ནས་མཆོད་པའི་ཡོ་བྱད་རབ་ཏུ་མང་པོ་དག་བཤམས་སོ། །དེར་མོའུ་འགལ་གྱི་བུས། ལྷའི་དབང་པོ་བརྒྱ་བྱིན་ལ་གྲོགས་བྱེད་པར་བསྐུལ་བས། ལྷའི་དབང་པོ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་དགའ་བྱེད་ཀྱི་ཚལ་དུ་སྤྲུལ། ས་སྲུང་གི་བུ་དང་རབ་བརྟན་དང་འདྲ་བའི་གླང་པོ་ཆེ་སྟོང་ཕྲག་མང་པོ་དག་ཁྲིད་འོངས་ནས་དེ་དག་གིས་སངས་རྒྱས་འཁོར་དང་བཅས་པའི་སྟེང་དུ་གདུགས་རྩིབས་བརྒྱ་དང་ལྡན་པ་འཛིན་ཅིང་། བདེ་སོགས་མ་ལ་སོགས་པའི་ལྷའི་བུ་མོ་སྟོང་ཕྲག་མང་པོ་ལ་རྔ་ཡབ་ནོར་བུའི་ཡུ་བ་ཅན་གཡོབ་ཏུ་བཅུག རབ་དགའ་དང་ཟུར་ཕུད་ལྔ་པ་དང་ཏུམ་བུ་རུ་སོགས་དྲི་ཟ་སྟོང་ཕྲག་མང་པོ་ལ་རོལ་མོའི་ཁྱད་པར་སྣ་ཚོགས་པར་ལེན་པར་བསྐུལ། ལྷའི་བདུད་རྩི་དང་ཞལ་ཟས་དག་ཀྱང་སྦྱར་ཏེ། ཁྱིམ་བདག་དེས་ལྷ་དང་མིའི་ཡོ་བྱད་རབ་ཏུ་མང་པོ་བཅོམ་ལྡན་འདས་ལ་བསྙེན་བཀུར་ཞིང་ཞབས་ལ་ཕྱག་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེར་བཅོམ་ལྡན་འདས་ཞལ་འཛུམ་པ་དང་བཅས་འོད་ཟེར་རྣམས་དབུའི་གཙུག་ཏོར་དུ་འདུས་པར་གྱུར་ཏོ། །དེར་ཀུན་དགའ་བོས་དེའི་རྒྱུ་རྐྱེན་གསོལ་པས། ཁྱིམ་བདག་དེ་མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷའི་ཟས་སྦྱིན་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ན། སྔོན་བྱུང་བ་འདས་པའི་དུས་ན་བཅོམ་ལྡན་འདས་ཉིད་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཞིག་ཏུ་འཁྲུངས་པའི་ཚེ། སངས་རྒྱས་གང་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། དེ་འཁོར་དང་བཅས་པ་རྒྱལ་པོ་དེས་སྤྱན་དྲངས་ནས་ཟླ་བ་གསུམ་གྱི་བར་དུ་མཆོད་ཅིང་། སངས་རྒྱས་ཀྱི་སྐུ་གཟུགས་རིན་པོ་ཆེ་ལས་བྱས་ཏེ། དགའ་སྟོན་བྱས་པས་སྲོག་ཆགས་འབུམ་ཕྲག་དུ་མ་དགེ་བའི་རྩ་བ་ལ་བཀོད་ནས་མྱ་ངན་ལས་འདས་པར་བྱས་སོ། །རྒྱུ་དེས་ངས་འཁོར་བ་ན་ཡང་བདེ་བ་མཐའ་ཡས་པ་ཉམས་སུ་མྱོང་སྟེ། ད་ལྟར་ཡང་ཚོང་དཔོན་དང་བརྒྱ་བྱིན་གྱིས་འདི་ལྟ་བུའི་མཆོད་པ་བྱས་སོ་གསུངས། འདི་རྣམས་ཀྱིས་སངས་རྒྱས་མཆོད་པ་དང་སྐུ་གཟུགས་བཞེངས་པ་དང་གཞན་དགེ་བ་ལ་བསྐུལ་བའི་ཕན་ཡོན་སོགས་དང་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་དགེ་བའི་རྩ་བ་ནི་བྱང་ཆུབ་ཀྱི་བར་དུ་ནམ་ཡང་མི་འཛད་པ་ཡང་བསྟན་པ་ཡིན་ནོ། །ཡང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡུལ་མ་ག་དྷཱ་ན་ལྗོངས་རྒྱུ་ཞིང་གཤེགས་པ་ལས་གང་གཱའི་ཀླུང་གི་འགྲམ་དུ་བྱོན་པ་ན། དེར་མཆོད་རྟེན་ཞིག་རལ་དུ་གྱུར་པ་རླུང་དང་ཉི་ཚན་གྱིས་བཤིག་པ་ཞིག་འདུག་པ་མཐོང་ནས། དགེ་སློང་རྣམས་ཀྱིས་འདི་སུའི་ལགས་ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་འདི་ནི་རང་སངས་རྒྱས་ཙནྡན་ཞེས་བྱ་བ་ཞིག་བྱུང་བས་དེའི་ཡིན་ཏེ། སྔོན་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ལ་བུ་མེད་ནས་ལྷ་ལ་གསོལ་བ་བཏབ་པས། ནམ་ཞིག་ན་རྒྱལ་པོ་དེའི་སྐྱེད་མོས་ཚལ་གྱི་རྫིང་ཞིག་ཏུ་པདྨ་ཆེན་པོ་ཞིག་སྐྱེས་ཏེ། དེ་ཁ་བྱེ་བའི་ནང་ན་ཁྱེའུ་གཟུགས་བཟང་ལྟ་ན་སྡུག་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞིག་སྐྱིལ་མོ་ཀྲུང་གིས་འདུག་སྟེ། དེའི་ཁ་ནས་པདྨའི་དྲི་འབྱུང་ལ་ལུས་ལས་ནི་ཙནྡན་གྱི་དྲི་བྱུང་ངོ་། །དེ་ཀུན་དགའ་ར་བའི་སྲུང་མས་སྦྲན་པས་རྒྱལ་པོ་འཁོར་དང་བཅས་པ་སྐྱེད་ཚལ་དེར་དོང་བ་ན། ཁྱེའུ་དེས་རྒྱལ་པོ་ལ་སྨྲས་པ། ཡབ་ཚུར་གཤེགས་བདག་ནི་ཁྱོད་ལ་སྲས་མི་མངའ་བས་སྲས་ལགས་སོ། །དེར་རྒྱལ་པོ་ཡང་དགའ་མགུ་ཡི་རང་ནས། བུ་དེ་ནི་ཁྱོད་ཇི་སྐད་ཟེར་བ་བཞིན་ནོ་ཞེས་བྱས་ཏེ་པདྨའི་སྙིང་པོ་ལས་བླངས་ཏེ་ཁྱེར་རོ། །དེ་ནས་ཁྱེའུ་དེས་གང་དང་གང་དུ་རྐང་པ་བཞག་པ་དེ་དང་དེར་པདྨ་དག་བྱུང་ངོ་། །དེ་ནས་དེའི་མིང་ཙནྡན་ཞེས་བཏགས་ཏེ། དེ་ཉིད་ཆེར་སྐྱེས་པའི་ཚེ་གྲོང་ཁྱེར་དུ་དུས་སྟོན་ལ་ཕྱིན་པས། གང་དུ་འགྲོ་བ་དེར་པདྨ་ལྟ་ན་སྡུག་པ་རེ་བྱུང་ཞིང་། དེ་ཉི་མའི་ཟེར་གྱིས་ཕོག་མ་ཐག་ཏུ་རྙིངས་ཤིང་བསྐམས་སོ། །དེ་སེམས་ཅན་དག་པ་བསམ་པ་དགེ་བ་སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་དེས་མཐོང་ནས་ཚུལ་བཞིན་ཡིད་ལ་བྱེད་པ་སྐྱེས་ཏེ། ཇི་ལྟར་པདྨ་འདི་དག་སྐྱེས་པའི་མོད་ལ་མཛེས་པར་འདུག་ལ་ཉི་མའི་ཟེར་གྱིས་གདུངས་པས་ནི་རྙིངས་ཤིང་སྐམ་པར་གྱུར་པ་དེ་བཞིན་དུ་ལུས་འདི་ཡང་དེ་དང་འདྲའོ་སྙམ་མོ། །དེ་དེ་ལྟར་སེམས་ཤིང་འཇལ་ལ་ཉེ་བར་རྟོག་པ་ན། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་མངོན་དུ་གྱུར་ཏེ། དེས་སྐྱེ་བོའི་ཚོགས་ཀྱི་ནང་ན་འདུག་བཞིན་དུ་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱས་སོ། །དེ་ལ་གནས་གཙང་གི་ལྷ་རྣམས་ཀྱིས་གོས་ཚོན་ཅན་ཕུལ་བས་དེ་བགོས་ནས་ནམ་མཁའ་ལ་འཕགས་ཏེ་ཆོ་འཕྲུལ་སྣ་ཚོགས་པ་བསྟན་པས། རྒྱལ་པོ་དང་བློན་པོ་དང་གྲོང་རྡལ་གྱི་མི་རྣམས་དད་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་ཀྱང་བསྐྱེད་དོ་གསུངས། དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། དེ་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེར་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་སྲོས་དང་མེ་ཏོག་གིས་མཆོད་ཅིང་། རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ལམ་ཡང་བསྒོམས་པས་ཡིན་པར་གསུངས་སོ། །

མེ་ཏོག་ཕུལ་བའི་ཕན་ཡོན་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་ནས་མཉན་ཡོད་ཀྱི་གྲོང་དུ་བསོད་སྙོམས་ལ་གཤེགས་པའི་ཚེ། ལམ་སྲང་དུ་བུད་མེད་གཅིག་གིས་ཁྱེའུ་ཞིག་པང་ན་ཐོགས་ཏེ་འོང་བ་དང་ཕྲད་དེ་ཁྱེའུ་དེས་སངས་རྒྱས་མཇལ་བ་དང་མངོན་པར་དགའ་སྟེ། ཀུན་དགའ་ར་བའི་སྲུང་མ་ཞིག་པདྨ་ཚོང་དུ་འགྲོ་བ་ལ་ལག་པ་བརྐྱངས་ཏེ་པདྨ་བླངས་ནས་དེ་བཞིན་གཤེགས་པའི་དབུ་ལ་བོར་རོ། །དེ་ནས་པདྨ་དེ་ཤིང་རྟའི་འཕང་ལོ་ཙམ་དུ་གྱུར་ཏེ་སྟེང་གི་ནམ་མཁའ་ལ་འདུག་ནས་བཅོམ་ལྡན་འདས་གཤེགས་ན་ནི་འགྲོ་བཞུགས་ན་ནི་སྡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་པདྨ་རཱ་གའི་མདོག་འདྲ་བའི་འོད་ཟེར་དག་བཀྱེ་ནས་མཉན་ཡོད་ཀྱི་ཡུལ་ཐམས་ཅད་སྣང་བར་བྱས་པས་རྒྱལ་བློན་ལ་སོགས་པའི་སྐྱེ་བོའི་ཚོགས་རྣམས་དད་པར་བྱས་སོ། །དེར་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་པས། ཀུན་དགའ་བོས་རྒྱུ་རྐྱེན་གསོལ་བ་ན། ཁྱེའུ་འདིས་དད་པའི་སེམས་ཀྱིས་པདྨ་འཐོར་བའི་རྒྱུ་དེས། བསྐལ་པ་བཅོ་ལྔའི་བར་དུ་ལོག་པར་མི་ལྟུང་ཞིང་། ལྷ་དང་མིའི་བདེ་བ་ཉམས་སུ་མྱོང་ནས། རང་སངས་རྒྱས་པདྨའི་བླ་མ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །འདིས་ནི་མེ་ཏོག་ཕུལ་བའི་ཕན་ཡོན་བསྟན་ཏོ། །

རྟེན་ལ་འཁོར་ལོ་སོགས་མཆོད་རྫས་ཕུལ་བའི་ཕན་ཡོན་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས་པའི་ཚེ། ཡུལ་དེའི་དེད་དཔོན་ཞིག་རྒྱ་མཚོར་སོང་བ་ལས། དེའི་ཆུང་མས་སྲེད་མེད་ཀྱི་བུ་ལ་ཕྱག་བྱས་ཏེ། གལ་ཏེ་བདག་གི་ཁྱིམ་ཐབ་མྱུར་དུ་འོངས་ན་བདག་གིས་ཁྱོད་ལ་གསེར་གྱི་འཁོར་ལོ་དབུལ་ལོ་ཞེས་དམ་བཅས་སོ། །དེ་ནས་ཁྱིམ་ཐབ་དེ་རིང་པོར་མ་ལོན་པར་བདེ་བར་འཁོར་བས། དེས་གསེར་གྱི་འཁོར་ལོ་བྱེད་དུ་བཅུག་ནས་བྲན་མོའི་ཚོགས་ཀྱིས་བསྐོར་ཏེ་མཆོད་རྫས་སྣ་ཚོགས་པ་ཐོགས་ཏེ་ལྷ་ཁང་དུ་ཆས་པ་ན། བཅོམ་ལྡན་འདས་ཀྱིས་དེའི་རྒྱུད་ལ་རང་བྱང་ཆུབ་ཀྱི་དགེ་བའི་རྩ་བ་བསྐྱེད་པར་གཟིགས་ནས་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ་ཕྱོགས་དེར་བསོད་སྙོམས་ལ་གཤེགས་པས། བུ་མོ་དེས་མཐོང་ནས་སེམས་དད་པར་གྱུར་ཏེ་འཁོར་ལོ་དེ་བཅོམ་ལྡན་འདས་ཀྱི་སྟེང་དུ་བོར་ཞིང་། སྤོས་དང་བདུག་པ་དང་། མེ་ཏོག་ཀྱང་ཕུལ་ལོ། །དེར་བཅོམ་ལྡན་འདས་ཞལ་འཛུམ་པ་དང་བཅས་ཏེ། བུ་མོ་དེ་དགེ་བའི་རྩ་བ་འདིས། བསྐལ་པ་བཅོ་ལྔའི་བར་དུ་ལྷ་དང་མིའི་བདེ་བ་ཉམས་སུ་མྱོང་ནས་མཐར་རང་སངས་རྒྱས་འཁོར་ལོའི་བླ་མ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །འདིས་ནི་རྟེན་ལ་འཁོར་ལོ་སོགས་མཆོད་རྫས་ཕུལ་བའི་ཕན་ཡོན་བསྟན་ཏོ། །ཡང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡུལ་མ་ག་དྷཱ་ན་ལྗོངས་རྒྱུ་ཞིང་བྱོན་པས། ཆུ་བོ་གང་གཱའི་འགྲམ་དུ་མཆོད་རྟེན་རྙིང་པ་ཞིག་རལ་དུ་གྱུར་པ་ཞིག་མཐོང་ནས་དེའི་དོན་གསོལ་པ་ན། འདི་ནི་རང་སངས་རྒྱས་མགོ་བཅུ་པའི་ཡིན་ཏེ། སྔོན་གྱི་དུས་སུ་གྲོང་ཁྱེར་ཝཱ་རཱ་ཎ་སཱིའི་རྒྱལ་པོ་ཚངས་བྱིན་གྱི་སྐྱེད་མོས་ཚལ་གྱི་རྫིང་བུར་པདྨ་ཆེན་པོ་ཞིག་སྐྱེས་ཏེ་ཁ་བྱེ་བའི་ནང་ན་ཁྱེའུ་མཚན་དཔེ་དང་ལྡན་པ་ཞིག་སྐྱིལ་མོ་ཀྲུང་གིས་འདུག་པ་ན་རྒྱལ་པོ་དགའ་ནས་བཀུར་སྟི་ཆེན་པོས་ཕོ་བྲང་དུ་སྤྱན་དྲངས་ཤིང་མིང་མགོ་བཅུ་པར་བཏགས་ཏེ་བཙས་སྟོན་རྒྱ་ཆེར་བྱས་སོ། །ཁྱེའུ་དེ་ཡང་དད་པ་དང་ལྡན་ལ། བསམ་པ་བཟང་ཞིང་དགེ་བ། བདག་ལ་ཕན་པ་དང་གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ་ཞིག་སྟེ་དེས་རྒྱལ་ས་ལ་འདུག་ན་ཉེས་པ་མང་བར་མཐོང་ནས་རྒྱལ་པོ་ལ་གསོལ་ཏེ། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ཚོན་ཅན་གྱོན་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་བརྩོན་པས་རང་བྱང་ཆུབ་ཀྱི་འབྲས་བུ་མངོན་དུ་བྱས་ཏེ། ནམ་མཁའ་ལ་འཕགས་ཏེ་ཆོ་འཕྲུལ་སྣ་ཚོགས་པ་བསྟན་པས་ཡབ་རྒྱལ་པོ་ཡང་དད་ནས་ཟླ་བ་གསུམ་གྱི་བར་དུ་མངོན་པར་མཆོད་ཅིང་། དེ་ནས་དེ་ལུས་ལ་སྐྱོ་ནས་ཆོ་འཕྲུལ་སྣ་ཚོགས་པ་བསྟན་ཏེ། བུད་ཤིང་ཟད་པའི་མེ་བཞིན་དུ་མྱ་ངན་ལས་འདས་ཏེ་དེའི་མཆོད་རྟེན་ཡིན་ནོ་གསུངས་དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་འདས་པའི་དུས་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་བྱོན་ཏེ་ཕོ་བྲང་གཉན་ལྡན་དུ་བཞུགས་ནས་གྲོང་དུ་བསོད་སྙོམས་ལ་གཤེགས་པའི་ཚེ་དེད་དཔོན་ཞིག་ཀྱང་པདྨ་ཐོགས་ཏེ་སྲང་དུ་ཞུགས་པ་དང་ཐུག་པས། དེད་དཔོན་དེ་སངས་རྒྱས་རྣམ་གཟིགས་ལ་དད་པར་གྱུར་ནས་མེ་ཏོག་དེ་དབུ་ལ་གཏོར་བས། དབུའི་སྟེང་ཤིང་རྟའི་འཕང་ལོ་ཙམ་དུ་གྱུར་ཏེ་གཤེགས་ན་འགྲོ་བཞུགས་ན་སྡོད་པར་གྱུར་ཏོ། །དེར་སངས་རྒྱས་རྣམ་གཟིགས་ཀྱིས་དེད་དཔོན་དེ་རང་སངས་རྒྱས་སུ་ལུང་བསྟན་ཅིང་། དེ་ཁྱིམ་དུ་ཕྱིན་པ་ན་རང་གི་ཆུང་མ་ལ་བུ་བཙའ་ཞིང་འདུག་ནས་དེས་སྐད་ངན་འདོན་པ་ཐོས་པས་སེམས་སྐྱོ་ནས། བདག་ནམ་ཡང་འཁོར་བ་ན་མའི་མངལ་དུ་སྐྱེ་བར་མ་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་དེད་དཔོན་དེ་ནི་རང་སངས་རྒྱས་མགོ་བཅུ་པ་ཡིན་ཏེ། དགེ་བའི་རྩ་བ་དེས་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ནམ་ཡང་མ་ཡི་མངལ་དུ་མ་སྐྱེས་ལ། སྲིད་པ་ཐ་མ་ལ་ཡང་དེའི་འབྱོར་པ་དེ་འདྲ་བར་གྱུར་ཏོ་གསུངས།

དགེ་བའི་རྩ་བ་འདིས་ཚོང་དཔོན་འདི་མ་འོངས་པ་ན་རང་སངས་རྒྱས་མདོག་འཇམ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། མཉན་ཡོད་ན་ཚོང་དཔོན་ཕྱུག་པོ་ཞིག་ཡོད་པ་དེས། ལོངས་སྤྱོད་རྣམས་ཆུ་ཟླའམ་སྨིག་རྒྱུ་ལྟ་བུ་མི་རྟག་ཅིང་མི་བརྟན་པ་སྙིང་པོ་མེད་པ་གནོད་པ་དུ་མའི་འབྱུང་ཁུངས་སུ་འདུག་པས་བདག་གིས་སངས་རྒྱས་འཁོར་དང་བཅས་པ་ལ་ཁྲུས་དང་ཞལ་ཟས་ཀྱིས་མཆོད་པར་བྱའོ་སྙམ་ནས་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་ཏེ། ཐོག་མར་བསྲོ་ཁང་དུ་སྤོས་དང་། ཏིལ་མར་ཁྱེར་ཏེ་ཁྲུས་དང་སྐུ་མཉེ་ཕུལ་ཞིང་། དེ་ནས་རང་གི་ལག་གིས་ཁ་ཟས་བཟང་པོ་གཙང་མ་ཅི་བཞེད་པར་ཕུལ་ནས་ཆོས་ཉན་ཏེ་ཞབས་ལ་ཕྱག་བྱས་པ་ན། བཅོམ་ལྡན་འདས་ཞལ་འཛུམ་པ་དང་བཅས། དགེ་བའི་རྩ་བ་འདིས་ཚོང་དཔོན་འདི་མ་འོངས་པ་ན་རང་སངས་རྒྱས་མདོག་འཇམ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །

བཅོམ་ལྡན་འདས་ཞལ་འཛུམ་པ་མཛད་དེ་མ་འོངས་པ་ན་རང་སངས་རྒྱས་འོད་བསིལ་ཞེས་བྱ་བར་ལུང་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཚལ་ན་བཞུགས་པའི་ཚེ། ཡུལ་མཉན་ཡོད་དུ་ཁྱིམ་བདག་ཕྱུག་ཅིང་ནོར་མང་བ་རྣམ་ཐོས་བུའི་ནོར་དང་ལྡན་པ་དད་པ་དང་སྙིང་རྗེ་ཆེ་ཞིང་སྦྱིན་པ་ལ་སྤྲོ་བ་ཞིག་ཡོད་པ་དེ། ལོངས་སྤྱོད་ལ་སྙིང་པོ་མེད་པར་རིག་ནས་སངས་རྒྱས་འཁོར་དང་བཅས་པ་ཁྱིམ་དུ་སྤྱན་དྲངས་ནས་ཞལ་ཟས་རྣམ་པ་སྣ་ཚོགས་ཀྱིས་མཆོད་ཅིང་ཆོས་ཉན་པས་དད་པའི་སེམས་བརྟན་པ་ན། བཅོམ་ལྡན་འདས་ཞལ་འཛུམ་པ་མཛད་དེ་མ་འོངས་པ་ན་རང་སངས་རྒྱས་འོད་བསིལ་ཞེས་བྱ་བར་ལུང་བསྟན་ཏོ། །

མ་འོངས་པ་ན་རང་སངས་རྒྱས་འཁོར་བརྒལ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ།

༈ ཡང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་ཏེ་ལྗོངས་རྒྱུ་ཞིང་ཆུ་བོ་གང་གཱའི་འགྲམ་དུ་བྱོན་ནས། མཉན་པ་རྣམས་ལ་ཆུ་ཀླུང་འདི་ལས་སྒྲོལ་ཅིག་ཅེས་བཀའ་སྩལ་པས། དེ་རྣམས་ཀྱི་གྲུ་བཙས་སྩོལ་ཅིག་དེར་བཅོམ་ལྡན་འདས་ཀྱིས། ང་ཡང་སྔོན་མཉན་པ་བྱེད་བྱེད་དེ་ངས་དགའ་བོ་འདོད་ཆགས་ཀྱི་ཆུ་ཀླུང་དུ་ལྷུང་བ་ལས་བསྒྲལ། སོར་ཕྲེང་ནི་ཞེ་སྡང་གི་རྒྱ་མཚོར་ལྷུང་བ་ལས་བསྒྲལ། བྲམ་ཟེའི་བུ་ང་རྒྱལ་གྱི་རྒྱ་མཚོར་ལྷུང་བ་ལས་བསྒྲལ། ལྟེེང་རྒྱས་འོད་སྲུང་ནི་གཏི་མུག་གི་རྒྱ་མཚོར་ལྷུང་བ་ལས་བསྒྲལ་ཏེ་འོན་ཀྱང་ངས་གྲུ་བཙས་མ་བླངས་སོ། །ཞེས་བཀའ་སྩལ་ཀྱང་བསྒྲལ་བར་ཁས་མ་བླངས་སོ། །དེའི་ནང་ན་མཉན་པ་གཅིག་དད་པ་སྐྱེས་ནས་བསྒྲལ་བར་ཁས་བླངས་ཏེ། དགེ་སློང་རྣམས་གྲུར་ཞུགས་པ་དང་། བཅོམ་ལྡན་འདས་རྫུ་འཕྲུལ་གྱིས། དེའི་སྔོན་དུ་ཕར་འགྲམ་དུ་བཞུགས་པར་གྱུར་པས་མཉན་པ་དེ་རབ་ཏུ་དད་པར་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས་བདེན་པ་རྟོགས་པའི་ཆོས་བསྟན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་ཏེ་དགའ་བའི་ཚིག་ཀྱང་བརྗོད་པར་བྱས་སོ། །དེའི་ཚེ་དེའི་ནང་ནས་མཉན་པ་གཅིག་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ་ཉེས་པ་བཤགས་ནས་སངས་རྒྱས་དགེ་འདུན་དང་བཅས་པར་བཤོས་གསོལ་ཏོ། །དེར་བཅོམ་ལྡན་འདས་ཀྱི་ཞལ་འཛུམ་པ་དང་བཅས་ཏེ། མ་འོངས་པ་ན་རང་སངས་རྒྱས་འཁོར་བརྒལ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །

སྤོས་སོགས་ཕུལ་བའི་ཕན་ཡོན་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས་ཏེ། གྲོང་དུ་བསོད་སྙོམས་ལ་གཤེགས་པ་ན། དེའི་ཚེ་ཡུལ་ཆོས་སུ་སྐྱེ་བོ་ཕལ་ཆེར་ལུས་ལ་བྱུག་པ་སྣ་ཚོགས་ཀྱིས་སྐུད་པར་བྱེད་པ་ལས། ཁྱིམ་བདག་གི་བུ་ཞིག་གི་བྲན་མོ་དད་པ་དང་ལྡན་ཞིང་བསམ་པ་བཟང་བ་ཞིག་ཡོད་པ་དེ་ཙནྡན་དམར་པོ་བདར་ཞིང་འདུག་པ་དེས། བཅོམ་ལྡན་འདས་མཐོང་ནས་དད་པ་ཆེན་པོ་སྐྱེས་ཏེ་ལག་གཉིས་ཀྱིས་ཙནྡན་གྱི་བྱུག་པ་ཞབས་ལ་ཕུལ་བས། བཅོམ་ལྡན་འདས་ཀྱིས་ཀྱང་རྫུ་འཕྲུལ་གྱིས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཐམས་ཅད་ཙནྡན་གྱི་དྲིས་ཁྱབ་པར་མཛད་དོ། །དེར་བུ་མོ་དེ་རབ་ཏུ་དགའ་ནས་ཞབས་ལ་ཕྱག་བྱས་ཏེ། རང་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེར་བཅོམ་ལྡན་འདས་ཞལ་འཛུམ་པ་དང་བཅས་ཏེ་བུ་མོ་འདི་དགེ་བའི་རྩ་བ་འདིས་མ་འོངས་པ་ན་རང་སངས་རྒྱས་སྤོས་ཀྱི་ངད་ལྡང་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །འདིས་ནི་སྤོས་སོགས་ཕུལ་བའི་ཕན་ཡོན་བསྟན་ཏོ། །

སྲིད་པ་ཐ་མ་ལ་རང་སངས་རྒྱས་དྲི་མ་མེད་པ་ཞེས་བྱ་བ་འགྱུར་རོ་ཞེས་ལུང་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། ཀུན་དགའ་ར་བའི་སྲུང་མ་ཞིག་གིས་སོ་ཤིང་ཞིག་ཁྱེར་ཏེ་མཉན་ཡོད་དུ་འོང་བ་ན། ལམ་དུ་ལྟས་མཁན་གྱིས་འདི་གང་གིས་ཟོས་པ་དེས་ཁ་ཟས་རོ་བརྒྱ་དང་ལྡན་པ་ཟ་བར་འགྱུར་རོ་ཞེས་སྨྲས་པས། དེས་བསོད་ནམས་ཀྱི་ཞིང་སངས་རྒྱས་ལ་འབུལ་ལོ་སྙམ་ནས། དྲུང་དུ་ཕྱིན་ཏེ། ཞབས་ལ་ཕྱག་བྱས་ནས་ཚེམས་ཤིང་དེ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་ཕྱག་གིས་བཞེས་ཏེ། ཞལ་དུ་གསོལ་ནས་སླར་ས་ལ་བཙུགས་པས། དེའི་མོད་ལ་ཤིང་ནྱ་གྲོ་དྷ་ཆེན་པོ་ཆུ་ཞིང་གབ་པ་ཞིག་ཏུ་གྱུར་ཏེ། དེའི་གྲིབ་མ་ལ་བཅོམ་ལྡན་འདས་བཞུགས་ཏེ་ལྷ་དང་མི་དུ་མ་ལ་ཆོས་བསྟན་ཅིང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཞལ་ཟས་རོ་བརྒྱ་དང་ལྡན་པ་ཡང་ཕུལ་ལོ། །དེར་ཀུན་དགའ་ར་བའི་སྲུང་མ་དེས་མཐོང་ནས་མཆོག་ཏུ་དགའ་ཞིང་དད་པར་གྱུར་ཏེ་ཞབས་ལ་ཕྱག་བྱས་ནས་རང་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེར་བཅོམ་ལྡན་འདས་ཞལ་འཛུམ་པ་དང་བཅས་ཏེ། དགེ་བའི་རྩ་བ་འདིས་ཀུན་དགའ་ར་བའི་སྲུང་མ་འདི་བསྐལ་པ་བཅུའི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། སྲིད་པ་ཐ་མ་ལ་རང་སངས་རྒྱས་དྲི་མ་མེད་པ་ཞེས་བྱ་བ་འགྱུར་རོ་ཞེས་ལུང་བསྟན་ཏོ། །

སྦྱིན་སོགས་དཀོན་མཆོག་མཆོད་པ་དང་རང་བྱང་ཆུབ་ཏུ་འདོད་པའི་ཀུན་སློང་དང་འབྲེལ་བར་དགེ་རྩ་བགྱིས་པའི་འབྲས་བུ་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་གཤེགས་པའི་ཚེ། མཛའ་སྡེ་མང་པོ་ཞིག་ཆང་གིས་ར་རོ་ཞིང་རོལ་མོའི་བྱེ་བྲག་སྣ་ཚོགས་པ་དང་མེ་ཏོག་སྣ་ཚོགས་པ་ཐོགས་ཤིང་། གོས་རྒྱན་བཟང་པོ་དག་གིས་བརྒྱན་ཏེ་གྲོང་ཁྱེར་གྱི་ཕྱི་རོལ་དུ་བྱུང་བ་དང་འགྲིགས་པས། དེ་རྣམས་ཀྱིས་བཅོམ་ལྡན་འདས་མཐོང་བའི་མོད་ལ་ཆང་གིས་མྱོས་པ་ལས་སངས་ཤིང་སེམས་དགའ་བར་གྱུར་ཏེ། གླུ་དང་། གར་དང་རོལ་མོའི་བྱེ་བྲག་སྣ་ཚོགས་པས་མཆོད་ཅིང་། མེ་ཏོག་ཨུད་པ་ལ་སྔོན་པོ་རྣམས་སྐུ་ལ་གཏོར་བས། དེ་དག་བཅོམ་ལྡན་འདས་ཀྱི་དབུའི་སྟེང་དུ་ཁང་བུ་བརྩེགས་པ་དང་གདུགས་ལྟ་བུར་གནས་པར་གྱུར་ཏེ། གཤེགས་ན་ནི་འགྲོ། བཞུགས་ན་ནི་སྡོད་པར་གྱུར་ཅིང་། བཅོམ་ལྡན་འདས་ཀྱིས་ཀྱང་འོད་སྔོན་པོ་བཀྱེ་སྟེ་མཉན་ཡོད་ཀྱི་གནས་ཐམས་ཅད་ཨན་ད་རྙིལ་གྱི་མདོག་ལྟ་བུ་སྣང་བར་བྱས་སོ། །དེར་མཛའ་སྡེ་རྣམས་དགའ་ནས་རང་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེར་བཅོམ་ལྡན་འདས་ཞལ་འཛུམ་པ་དང་བཅས་ཏེ། མཛའ་སྡེ་འདི་རྣམས་དགེ་བའི་རྩ་བ་འདིས་བསྐལ་པ་ཉི་ཤུའི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། མཐར་སྲིད་པའི་ཐ་མ་ན་རང་སངས་རྒྱས་གདངས་སྙན་ཞེས་བྱ་བ་ཤ་སྟག་ཏུ་འགྱུར་རོ། །དེ་དག་གིས་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་དྭངས་བར་བྱས་པ་འདི་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སངས་རྒྱས་དང་རང་སངས་རྒྱས་དང་ཉན་ཐོས་རྣམས་ལ་བཀུར་སྟི་བྱའོ། །ཞེས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ཞེས་བཀའ་སྩལ་ཏོ། །འདི་རྣམས་ཀྱིས་ནི་སྦྱིན་སོགས་དཀོན་མཆོག་མཆོད་པ་དང་རང་བྱང་ཆུབ་ཏུ་འདོད་པའི་ཀུན་སློང་དང་འབྲེལ་བར་དགེ་རྩ་བགྱིས་པའི་འབྲས་བུ་བསྟན་པ་ཡིན་ནོ། །

ནད་པ་ལ་སྨན་སྦྱིན་པ་སོགས་ཀྱི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། དགེ་སློང་དག་སྐྱ་རྦབ་སེར་པོའི་ནད་ཀྱིས་ཐེབས་ཏེ་རིད་ཅིང་ལུས་ཉམ་ཆུང་བར་གྱུར་ལ། བཅོམ་ལྡན་འདས་ནི་བསྙུན་མི་མངའ་ཞིང་སྟོབས་དང་ལྡན་པར་གྱུར་པ་ལ། དགེ་སློང་རྣམས་ངོ་མཚར་དུ་གྱུར་ཏེ། དོན་དེ་གསོལ་པ་ན་བཀའ་སྩལ་པ། སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་ཝཱ་རཱ་ཎ་སཱི་ན། བཅོམ་ལྡན་འདས་ཉིད་རྒྱལ་པོ་པདྨ་ཞེས་བྱ་བར་གྱུར་ཏེ། དེའི་ཚེ་ཝཱ་རཱ་ཎ་སཱིར་དུས་དང་དུས་ཚིགས་མ་སྙོམས་པ་ལས་མི་ནད་ཆེན་པོ་བྱུང་སྟེ། སེམས་ཅན་ཕལ་ཆེར་སྐྱ་རྦབ་ཀྱི་ནད་ཀྱིས་བཏབ་བོ། །དེ་རྒྱལ་པོས་མཐོང་ནས་སྙིང་རྗེ་ཆེན་པོ་སྐྱེས་ཏེ་ཡུལ་ཐམས་ཅད་ན་གནས་པའི་སྨན་པ་རྣམས་བསྡུས་ནས་ནོར་དང་སྨན་དང་ནད་གཡོག་དང་ལྡན་པར་བྱས་ཏེ་ཡུན་རིང་མོ་ཞིག་ལོན་ཀྱང་དེ་རྣམས་གསོ་མ་ནུས་ནས། སླར་རྒྱལ་པོས་དྲིས་པས། སྨན་པ་རྣམས་མཐུན་པར་ཉ་རོ་ཧི་ཏ་ཞེས་པ་ཞིག་ཡོད་པས་དེའི་ཤ་རྙེད་ན་གསོ་ནུས་ཀྱིས་གཞན་ཐབས་མ་འཚལ་སྨྲས་པས། ཕྱོགས་མཐའ་དག་ཏུ་བཙལ་ཀྱང་མ་རྙེད་ནས་ནད་པ་རྣམས་ཀྱིས་སྙིང་རྗེའི་སྐད་ཀྱིས་ཚིག་སྨྲ་བ་གསན་ནས། ལྷག་པར་ཡང་སྙིང་རྗེ་སྐྱེས་ཏེ་དེ་དག་བསྐྱབ་པའི་ཕྱིར། ནོར་ཕལ་ཆེར་ཡོངས་སུ་གཏོང་བར་བྱས་ཏེ། བུ་ཐུ་བོ་རྒྱལ་སར་བཅུག་ནས་ཉེ་དུ་དང་སྐྱེ་བོ་རྣམས་ལ་ཉེས་པ་བཤགས། ཕོ་བྲང་གི་འཁོར་གྱི་མི་དང་བློན་པོ་རྣམས་ལ་བསྟོད། ནད་པ་སྡུག་བསྔལ་བ་རྣམས་ལ་དབུགས་ཕྱུང་སྟེ། གསོ་སྦྱོང་ཡན་ལག་བརྒྱད་པའི་ཁྲིམས་བླངས་ནས་ཁང་བཟང་གི་སྟེང་དུ་སོང་སྟེ། སྤོས་དང་མེ་ཏོག་ལ་སོགས་པ་གཏོར་ནས་ཤར་ཕྱོགས་སུ་ཁ་བལྟས་ཏེ་སྨོན་ལམ་བཏབ་པ། བདེན་པ་དང་བདེན་པའི་ཚིག་གང་གིས་སེམས་ཅན་རྣམས་ཤིན་ཏུ་ཕོངས་པར་གྱུར་ཏེ། ནད་ཀྱིས་ཡོངས་སུ་གཟིར་བ་མཐོང་ནས་བདག་གིས་རང་གི་སྲོག་ཕངས་པ་ཡོངས་སུ་བཏང་བའི་བདེན་པ་དང་བདེན་པའི་ཚིག་གིས་བདག་ཆུ་ཀླུང་ཟློག་བྱེད་འདིའི་ནང་དུ་ཉ་རོ་ཧི་ཏར་སྐྱེ་བར་ཤོག་ཅིག་ཅེས་སྨྲས་ཏེ་ཁང་བཟང་གི་སྟེང་ནས་མཆོངས་སོ། །དེའི་མོད་ལ་ཤི་ནས་ཆུ་ཀླུང་ཟློག་བྱེད་ཀྱི་ནང་ཉ་རོ་ཧིི་ཏར་སྐྱེས་ཏེ། ལྷ་རྣམས་ཀྱིས་ཡུལ་ཐམས་ཅད་དུ་ཆུ་ཀླུང་ཟློག་བྱེད་ཀྱི་ནང་ཉ་རོ་ཧི་ཏ་ཞེས་བྱ་བ་སྐྱེས་ཀྱིས་དེ་ནི་ནད་ཚབས་པོ་ཆེས་གཟིར་ནས་ཡུན་རིང་ལོན་པ་རྣམས་ཀྱི་བདུད་རྩི་དང་འདྲའོ་ཞེས་སྒྲ་བསྒྲགས་པས། ཐམས་ཅད་ཀྱིས་དེའི་ཤ་བཅད་དེ་ལོངས་སུ་སྤྱོད་པ་ན། དེས་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱས་ཏེ། བདག་གི་ཤ་ཁྲག་གིས་སེམས་ཅན་འདི་དག་བདེ་བར་འགྱུར་བ་འདི་ནི། བདག་གི་རྙེད་པ་ལེགས་པར་རྙེད་དོ་སྙམ་ནས། དེ་ལྟ་བུའི་ཚུལ་གྱིས་ལོ་བཅུ་གཉིས་ཀྱི་བར་དུ་རང་གི་ཤ་ཁྲག་གིས་སེམས་ཅན་དེ་དག་ཚིམས་པར་བྱས་ཏེ་བླ་ན་མེད་པའི་རྫོགས་བྱང་ལས་ཀྱང་སེམས་མ་ལོག་གོ །དེ་ནས་སེམས་ཅན་དེ་དག་གི་ནད་ཞི་བར་གྱུར་པ་དེའི་ཚེ་ཉ་རོ་ཧི་ཏ་དེས་མིའི་སྐད་དུ་སྒྲ་བསྒྲགས་ལ། ཀྱེ་སེམས་ཅན་དག་ཁྱོད་ཉོན་ཅིག ང་ནི་རྒྱལ་པོ་པདྨ་ཞེས་བྱ་བ་དེ་ཡིན་ཏེ། ངས་ཁྱོད་ཀྱི་དོན་དུ་རང་གི་སྲོག་ཡོངས་སུ་བཏང་ནས་ལུས་འདི་ལྟར་བླངས་པ་ཡིན་གྱིས། ང་ལ་སེམས་དགའ་བར་གྱིས་ཤིག་དང་གང་གི་ཚེ་ང་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ། ཁྱེད་ནད་ལས་གཏན་དུ་ཡོངས་སུ་ཐར་བར་བྱ་སྟེ། མྱ་ངན་ལས་འདས་པའི་བདེ་བ་མཐར་ཐུག་པ་ལ་དགོད་པར་བྱའོ་ཞེས་བྱས་པས། དེ་ཐོས་པ་དང་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་དད་པ་རྙེད་དེ་མེ་ཏོག་ལ་སོགས་པས་མཆོད་ནས། ཤིན་ཏུ་དཀའ་བ་བྱེད་ཁྱོད་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བརྙེས་པའི་ཚེ་བདག་ཅག་ཁྱེད་ཀྱི་ཉན་ཐོས་སུ་གྱུར་ཅིག་ཅེས་བྱས་སོ། །ངས་སྔོན་དེ་ལྟ་བུའི་ཡོངས་སུ་གཏོང་བ་བྱས་པ་དེས། ང་འཁོར་བ་ན་འཁོར་བའི་ཚེ་བདེ་བ་མཐའ་ཡས་པ་ཉམས་སུ་མྱོང་ལ། ད་ལྟར་མངོན་པར་སངས་རྒྱས་པ་ནའང་། ཕོ་བའི་དྲོད་སྙོམས་ཤིང་འཇུ་བ་དང་ལྡན་ཏེ། ངས་ཟོས་པ་དང་འཐུངས་བ་དང་འཆོས་པ་དང་མྱངས་པ་རྣམས་ལེགས་པར་བདེ་བར་ཞུ་བར་གྱུར་ཏེ། ང་ནད་མེད་ཅིང་གནོད་པ་མེད་ལ་ནད་མེད་པའི་རང་བཞིན་དུ་གྱུར་ཏོ། །དགེ་སློང་དག་དེ་བས་འདི་ལྟར་བསླབ་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་པར་བྱའོ་གསུངས། འདིས་ནི་ནད་པ་ལ་སྨན་སྦྱིན་པ་སོགས་ཀྱི་ཕན་ཡོན་ཀྱང་བསྟན་ཏོ། །ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གལ་ཏེ་ཇི་ལྟར་ངས་སྦྱིན་པའི་འབྲས་བུ་ཡང་ཤེས་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་པ་བཞིན་དུ། སེམས་ཅན་རྣམས་ཀྱིས་ཀྱང་ཤེས་སུ་ཟིན་ན་ནི། ཁམ་གྱི་ཐ་མ་དང་ཁམ་གྱི་མཇུག་ལུས་པ་གང་ཡིན་པ་དེ་ལས་ཀྱང་གལ་ཏེ་ཡོན་གནས་ལེན་པ་པོ་རྙེད་ན་དེ་ལ་མ་བྱིན་པའམ། བགོ་བཤའ་མ་བྱས་ཀྱི་བར་དུ་ཟ་བར་མི་བྱེད་ལ། དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ནས་དཀྲིས་ཤིང་འདུག་པར་མི་འགྱུར་བ་ཞིག་ན། ཇི་ལྟར་ངས་ཤེས་པ་བཞིན་དུ་སེམས་ཅན་རྣམས་ཀྱིས་མི་ཤེས་པས་ཀུན་ཏུ་འཛིན་པའི་སེམས་ཀྱིས་མ་བྱིན་པའམ་བགོ་བཤའ་མ་བྱས་པར་ཟ་བར་བྱེད་ལ། དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ནས་དཀྲིས་ཤིང་འདུག་གོ་ཞེས་དང་། དོན་དེ་ཚིགས་སུ་བཅད་པའི་སྒོ་ནས་ཀྱང་བཀའ་སྩལ་པས། དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་དེ་བཞིན་གཤེགས་པས་སྦྱིན་པའི་བསྔགས་པ་ཡང་བརྗོད་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པའང་བརྗོད་པ་འདི་ལྟར་ལ་ངོ་མཚར་ཆེ་བ་ཅི་ཡོད། ངས་སྔོན་འདས་པའི་དུས་ན་སློང་བའི་ཕྱིར་བདག་གི་ཟ་བའི་ཟན་ཁམ་ཁར་འོངས་ཟིན་པ་ལས་ཀྱང་ཡོངས་སུ་བཏང་བ་ཡིན་ཏེ་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བར་གྱུར་པའི་ཚེ་ཡུལ་དེར་མུ་གེ་ཆེན་པོ་བྱུང་སྟེ་སྐྱེ་བོ་ཕལ་ཆེར་འཆི་ལ་ཐུག་པའི་ཚེ་རྒྱལ་པོའི་དྲུང་དུ་འོངས་ནས་སྐྱབས་འཚོལ་བ་ན། རྒྱལ་པོས་མཛོད་པ་ལ་བོས་ཏེ་རྩིས་མཁན་རྣམས་ལ་བརྩིར་བཅུག་པས། དུས་འདི་སྲིད་གཅིག་གི་བར་དུ་ཡུལ་ན་འཁོད་པ་ཐམས་ཅད་ཀྱིས་ནི་ཉིན་གཅིག་བཞིན་ཁམ་རེ་དང་། རྒྱལ་པོ་ལ་ཞལ་ཁམ་གཉིས་རེ་མཆིས་སོ་ཞེས་གསོལ་བས། སྐྱེ་བོ་ཐམས་ཅད་བསགས་ནས་མི་རེ་ལ་ཁམ་རེ་སྟེར་ཞིང་རྒྱལ་པོས་གཉིས་རེ་གསོལ་བ་ལ། རྩིས་སུ་མ་ཆུད་པའི་བྲམ་ཟེ་གསར་པ་ཞིག་བྱུང་བས་དེ་ལ་རྒྱལ་པོ་རང་གི་སྐལ་བའི་ཁམ་གཅིག་པོ་བྱིན་ཞིང་། རང་ཉིད་ཁམ་གཅིག་པོ་དེས་འཚོ་བར་བྱེད་པ་ལ་བརྒྱ་བྱིན་ལྷའི་དབང་པོས་དེ་ལྟར་རིགས་ཏེ། རྒྱལ་པོའི་བསམ་པ་བརྟག་པའི་ཕྱིར་བྲམ་ཟེ་ཞིག་ཏུ་སྤྲུལ་ནས་འོངས་ཏེ་ཟན་བསླངས་པས། རྒྱལ་པོ་རང་གི་སྐལ་བའི་ཁམ་གཅིག་པོ་དེ་ཡང་དེ་ལ་བྱིན་ཏེ་དེ་ལྟར་ཞག་དྲུག་གི་བར་དུ་ཟན་བཅད་དེ་སྨྱུང་བར་འདུག་ཀྱང་འགྱོད་པ་མེད་པར་མཐོང་ནས། བརྒྱ་བྱིན་ཤིན་ཏུ་ངོ་མཚར་ཏེ་རང་གི་གཟུགས་སུ་བསྒྱུར་ནས་རྒྱལ་པོ་ལ་ལེགས་སོ་ཞེས་མངོན་པར་བསྟོད་དོ། །ད་ས་བོན་ཐམས་ཅད་ཐོབ་དང་ཞག་བདུན་ནས་ཆར་དབབ་པར་བྱའོ། །ཞེས་བྱས་སོ། །རྒྱལ་པོས་ཀྱང་དེ་ལྟར་བྱེད་དུ་བཅུག་པས་བརྒྱ་བྱིན་གྱིས་ཆར་ཕབ་སྟེ། མུ་གེ་མེད་པར་གྱུར་ཏེ། ངས་དེ་ལྟ་བུའི་མུ་གེ་བྱུང་ན་ཡང་རང་གི་སྲོག་ཡོངས་སུ་བཏང་སྟེ་དེ་ལྟ་བུའི་སྦྱིན་པ་དག་བྱིན་ནོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ་སྦྱིན་པ་དག་སྦྱིན་ནོ། །བསོད་ནམས་དག་བྱའོ་ཞེས་བཀའ་སྩལ་ཏོ། །

དགེ་སློོང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྒོམ་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས་པའི་ཚེ། མི་བླུན་པོ་ལྷས་བྱིན་གྱིས། བཅོམ་ལྡན་འདས་དགྲོང་{དཀྲོངས}བའི་ཕྱིར། གླང་པོ་ཆེ་ནོར་སྐྱོང་ཡང་བཏང་། དུག་གི་ཕྱེ་མས་ཀྱང་གཏོར། གཤེད་མའི་མི་ཡང་བཀྱེ་སྟེ། ཡུན་རིང་མོ་ནས་གཤེད་མ་དང་དགྲ་དང་མི་མཛའ་བར་གྱུར་ལ། བཅོམ་ལྡན་འདས་ནི་དེ་ལ་བྱམས་པའི་དགོངས་པ་དང་ཕན་པའི་དགོངས་པ་དང་། ཐུགས་བརྩེ་བའི་དགོངས་པ་ཉེ་བར་གནས་པར་གྱུར་པ་དེའི་ཚེ་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ད་ལྟར་དེ་བཞིན་གཤེགས་པ་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བ། ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ། ཡེ་ཤེས་དང་ཤེས་བྱ་ཐམས་ཅད་ལ་མངའ་བརྙེས་ཟིན་པའི་འདི་ལྟ་བུ་ངོ་མཚར་ཆེ་བ་ཅི་ཡོད། འདས་པའི་དུས་ན་འདོད་ཆགས་དང་བཅས་ཞེ་སྡང་དང་བཅས་པ་གཏི་མུག་དང་བཅས་པ་ན། ན་སོ་གཞོན་པའི་ཚེ་གསོད་དུ་འོང་བ་ན་ཡང་། ངས་འདི་ལ་སེམས་སྡང་བར་མ་བྱས་ཏེ། སྔོན་གྲོང་ཁྱེར་ཝཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ལ་བཙུན་མོ་བློ་ངན་མ་ཞེས་པ་རྟག་ཏུ་ཁྲོ་གཏུམ་ཆེ་བ་ཞིག་ཡོད་པ་ལ། བུ་ཆོས་སྐྱོང་ཞེས་པ་དད་པ་དང་སྙིང་རྗེ་ཆེ་བ་ཀུན་གྱི་སྙིང་དུ་སྡུག་པ་ཞིག་ཡོད་པ་དེ། མཁན་པོའི་ཐད་དུ་སོང་ནས་བྱིས་པ་དག་དང་ལྷན་ཅིག་ཏུ་ཡི་གེ་སློབ་བོ། །ཕྱིས་རེ་ཞིག་ན་རྒྱལ་པོ་དེ་དཔྱིད་ཀྱི་དུས་ལ་བབས་པའི་ཚེ། བཙུན་མོའི་འཁོར་གྱིས་བསྐོར་ཏེ་སྐྱེད་མོས་ཚལ་དུ་རྩེ་ཞིང་སོང་བ་ལས་བཙུན་མོ་བློ་ངན་མ་ཕྲག་དོག་དང་ཁྲོ་བས་ནོན་ཏེ་འཁྲུགས་སོ། །རྒྱལ་པོས་དེ་ལ་སྐོམ་འཐུང་བའི་ཕྱེད་བསྐུར་བ་དང་། དེ་འཁྲུགས་པས་རྒྱལ་པོ་ལ་ཕྲིན་སྤྲིང་བ། གལ་ཏེ་ཁྱོད་ཀྱིས་འཐུང་བའི་ཕྱེད་འཐུང་བར་གྱུར་ན། བདག་བུའི་ཁྲག་འཐུང་བར་གྱུར་ཅིག་བྱས་སོ། །འདོད་པ་ལ་བསྟེན་པ་ནི་སྡིག་པའི་ལས་མི་བྱ་བ་ཅི་ཡང་མེད་དེ། རྒྱལ་པོ་ཚངས་བྱིན་ཆོས་ཅན་ཡིན་མོད་ཀྱི་བྱམས་སེམས་དང་བྲལ་ནས་ཁྲོ་བའི་དབང་དུ་གྱུར་ཏེ། ཁྱེད་དེངས་ལ་ཁྱེའུ་ཆོས་སྐྱོང་གི་མགུལ་བ་ཆོད་དེ། དེ་ལ་ཁྲག་ལུད་ཅིག་ཅེས་བསྒོའོ། །དེ་ཁྱེའུ་ཆོས་སྐྱོང་བྱིས་པའི་གྲྭ་ཁང་ན་འདུག་པས་ཐོས་ནས། ངུས་ཏེ་འདི་སྐད་དུ་འཁོར་བ་ན་སེམས་ཅན་མི་མཐུན་པ་ནི་ཐ་ཆད་ཡིན་ཏེ། འདི་ལྟར་ཁྲོ་བའི་དབང་གིས་རང་གི་ལུས་ལས་བྱུང་བའི་བུ་ཡང་གསོད་པར་བྱེད་དོ་ཞེས་སྨྲས་ཏེ། ཁྱེའུ་ཆོས་སྐྱོང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་ཡབ་ཀྱི་ཞབས་ལ་ཕྱག་འཚལ་ནས། ཡབ་ཅིག་བདག་གིས་ནོངས་པ་ཅི་ཡང་མ་བགྱིས་ན་བདག་ནི་མི་གུམ་པར་ཅིག་གནང་། རྒྱལ་པོས་བུ་སྡུག་གལ་ཏེ་ཁྱོད་ཀྱི་མས་བཟོད་ན་ནི་ངས་ཀྱང་བཟོད་པར་བྱའོ། །དེ་ནས་ཆོས་སྐྱོང་ངུ་ཞིང་མའི་ཐད་དུ་སོང་ནས་རྐང་པ་ལ་ཕྱག་བྱས་ཏེ། ཡུམ་བཟོད་པར་མཛོད་ལ་བདག་གསོད་དུ་མ་བཅུག་ཅིག ཅེས་སྨྲས་ཀྱང་དེས་བཟོད་པ་མ་བྱས་སོ། །དེར་གཤེད་མ་རྣམས་ཀྱིས་ཁྱེའུ་ཆོས་སྐྱོང་གི་མགུལ་བཅད་ནས་ཁྲག་བློ་ངན་མ་ལ་བླུད་པ་ན་ཡང་དེ་ལ་འགྱོད་པ་མེད་དོ། །ཁྱེའུ་ཆོས་སྐྱོང་ནི་ཕ་མ་དང་གཤེད་མ་རྣམས་ལ་སེམས་དགའ་བ་བསྐྱེད་ནས་ཤིའོ། །དེའི་དུས་ཀྱི་ཁྱེའུ་ཆོས་སྐྱོང་ནི་ང་ཡིན་ལ་བཙུན་མོ་བློ་ངན་མ་ནི་ལྷས་བྱིན་འདི་ཡིན་ནོ། །དེའི་ཚེ་ང་གཤེད་མའི་ལག་ཏུ་སོང་ན་ཡང་འདི་ལ་བྱམས་པའི་སེམས་བསྐྱེད་ལ། ད་ལྟར་ང་ལ་གསོད་པར་བརྩོན་པ་ནའང་འདི་ལ་བྱམས་པར་སེམས་ཕན་པར་སེམས་སྙིང་བརྩེ་བར་སེམས་སོ། །དགེ་སློོང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྒོམ་པར་བྱའོ་ཞེས་བཀའ་སྩལ་ཏོ། །ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། མཉན་ཡོད་ན་དགེ་སློང་དག་འདུས་པ་ཆེན་པོ་གཉིས་སུ་གྱུར་ཏེ། གཅིག་ནི་དབྱར་ཟླ་འབྲིང་པོ་ལ་དབྱར་གནས་པར་དམ་འཆའོ། །གཅིག་ནི་སྟོན་ཟླ་ཐ་ཆུང་ཉའི་བར་དུ་དབྱར་གནས་པར་དམ་འཆའ་སྟེ། དེར་དགེ་སློང་རྣམས་ལྷུང་བཟེད་ཁ་བསྒྱུར་བར་བྱེད། ཆོས་གོས་འཁྲུད་ཅིང་བཙོ་བླག་བྱེད། ཚེམ་བུ་རྣམས་འདྲུབ་པར་བྱེད་དོ། །དེ་ནས་རེ་ཞིག་ན་དགེ་སློང་ཞིག་ཆོས་གོས་འདྲུབ་པར་འདོད་དེ་ཁབ་མིག་ཏུ་སྐུད་པ་གཞུག་མ་ནུས་ནས་སྙིང་རྗེ་བའི་སྐད་ཀྱིས། འཇིག་རྟེན་ན་བསོད་ནམས་འདོད་པ་སུ་ཡོད་ཅེས་ཡང་ཡང་སྨྲ་བར་བྱེད་པ་ན། བཅོམ་ལྡན་འདས་ཀྱིས་དེ་གསན་ནས། ཕྱག་གླང་པོ་ཆེའི་སྣ་ལྟ་བུ་དེ་བརྐྱངས་ནས། དགེ་སློང་ང་ནི་འཇིག་རྟེན་ན་བསོད་ནམས་འདོད་པའོ། །ཞེས་བཀའ་སྩལ་པས། དགེ་སློང་དེས་བཅོམ་ལྡན་འདས་ཀྱི་ཕྱག་ནས་བཟུང་སྟེ་རང་གི་མགོ་ཐོག་ཏུ་བཞག་ནས་གསོལ་པ། ཁྱེད་ཀྱིས་བསྐལ་པ་གྲངས་མེད་གསུམ་དུ་ཕ་རོལ་དུ་ཕྱིན་པ་དྲུག་བསགས་ན། ད་དུང་ཡང་བསོད་ནམས་འདོད་པའོ། །ཞེས་གསུང་ངམ། བཀའ་སྩལ་པ་ང་ནི་བསོད་ནམས་ཀྱིས་ཆོག་མི་ཤེས་ཏེ། ངས་ནི་བསོད་ནམས་ཀྱི་རོ་མྱོང་བས་ན་དེའི་ཕྱིར་ང་བསོད་ནམས་ཀྱི་ཆོག་མི་ཤེས་སོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ན། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་ད་ལྟར་དུག་གསུམ་དང་བྲལ་ཞིང་གནོད་པ་ཅུང་ཟད་ཀྱང་མི་མངའ་ལ། བླ་ན་མེད་པའི་ཡེ་ཤེས་བརྙེས་ཟིན་པས་འདི་ལྟ་བུ་ལ་ངོ་མཚར་བ་ཅི་ཡོད། སྔོན་འདས་པའི་དུས་དུག་གསུམ་དང་མ་བྲལ་ཞིང་གནོད་པའི་ཚོགས་མ་སྤངས་པའི་སྐབས་སུའང་། ང་བསོད་ནམས་ཀྱི་འདུ་བྱེད་རྣམས་ཀྱིས་ཆོག་ཤེས་པ་མེད་དེ། སྔོན་རྒྱལ་པོའི་ཕོ་བྲང་ཞི་བའི་སྒྲ་ཆེན་ཞེས་བྱ་བ་ན། རྒྱལ་པོ་ཞི་ལྡན་ཞེས་བྱ་བས་རྒྱལ་སྲིད་བྱེད་དེ། རྒྱལ་པོ་དེ་ནི་སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བ་ཡིན་པས། དེ་ནངས་པར་སྔར་ལངས་ཏེ་མཆོད་སྦྱིན་གྱི་འདུན་ཁང་དུ་སོང་སྟེ་སྐྱེ་བོ་ཐམས་ཅད་ལ། ཟས་དང་གོས་དང་ནོར་དང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་གང་ལ་ཅི་འདོད་པ་དག་སྦྱིན་ཞིང་། དེའི་འོག་ཏུ་བཙུན་མོའི་འཁོར་དུ་སོང་ནས། བཙུན་མོ་དང་བུ་དང་བློན་པོ་དང་རུ་དཔོན་ལ་སོགས་པའི་མི་རྣམས་ཟས་སྐོམ་གྱིིས་ཚིམས་པར་བྱས་ནས། དེས་བདག་གིས་མི་རྣམས་ནི་ཚིམས་པར་བྱས་ན་སྲོག་ཆགས་ཕྲ་མོ་རྣམས་ལུས་པ་དེ་དག་ཅི་ཞིག་གིས་ཚིམ་པར་བྱ་སྙམ་མོ། །དེ་ནས་དེས་བདོག་པ་ཐམས་ཅད་ཡོངས་སུ་བཏང་ཟིན་ནས་གོས་ཡ་གཅིག་ཙམ་གྱོན་པར་ཟད་དེ་ལུས་ཉི་ཚེ་ལུས་པར་གྱུར་པ་ན། ད་ནི་སྲོག་ཆགས་ཕྲ་མོ་རྣམས་ལ་རང་གི་ལུས་སྦྱིན་པར་བྱའོ་སྙམ་སྟེ། དེས་གང་ན་ཤ་སྦྲང་དང་སྦྲང་བུ་མཆུ་རིང་སོགས་ཡོད་པ་དེར་ལུས་བོར་ཏེ་དེ་དག་རང་གི་ཁྲག་གིས་ཚིམས་པར་བྱས་སོ། །དེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་མཐོང་ནས་དེ་ལ་ཉམས་སད་པའི་ཕྱིར་བྱ་རྒོད་ནག་པོ་མི་བཟད་པ་ཞིག་ཏུ་སྤྲུལ་ཏེ་དེའི་མིག་འབྲུ་བར་གཟས་པ་ན་ཡང་། དེ་སྐྲག་པར་མ་གྱུར་ཏེ་བྱམས་པའི་མིག་གིས་བལྟས་ནས། བུ་ངའི་ལུས་འདི་ལས་གང་འདོད་པ་ཅི་དགའ་བར་སྤྱོད་ཅིག དེ་ནས་ཡང་བརྒྱ་བྱིན་བྲམ་ཟེའི་གཟུགས་སུ་སྤྲུལ་ནས་མིག་བསླངས་པ་དང་། ངའི་ལུས་འདི་ལ་འགོག་པ་སུ་ཡང་མེད་ཀྱིས་ཅི་འདོད་པ་ཁྱེར་ཅིག་བྱས་སོ། །དེར་བརྒྱ་བྱིན་ལྷག་པར་དགའ་བར་གྱུར་ཏེ་བྲམ་ཟེའི་ཆ་ལུགས་མི་སྣང་བར་བྱས་ཏེ། རང་གི་གཟུགས་སུ་བསྟན་ནས། ལེགས་སོ་ལེགས་སོ། ཁྱོད་ཀྱི་བློ་ཤིན་ཏུ་ངེས་སོ་ཁྱོད་ཀྱི་སྨོན་ལམ་བསྐྱོད་དུ་མེད་དེ། ཁྱོད་རིང་པོར་མི་ཐོགས་པར་བརྩོན་པ་འདིས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱས་སོ། །དེའི་དུས་ཀྱི་རྒྱལ་པོ་ཞི་ལྡན་ནི་ང་ཡིན་ཏེ། དེའི་ཚེ་ཡང་ང་བསོད་ནམས་མངོན་པར་འདུ་བྱེད་པ་རྣམས་ཀྱིས་ཆོག་མ་ཤེས་ནས་ད་ལྟར་ལྟ་ཅི་སྨོས། དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ་སྦྱིན་པ་དག་སྦྱིན་ནོ། །བསོད་ནམས་དག་བྱའོ་ཞེས་བཀའ་སྩལ་ཏོ། །ཡང་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ནས་འཁོར་རྣམ་པ་བཞི་ལ་སྦྲང་བུའི་སྦྲང་རྩི་མ་བཀོལ་བ་དང་འདྲ་བའི་ཆོས་རོ་དང་ལྡན་ནོ་ཅོག་བཤད་ཅིང་། འཁོར་བརྒྱ་ཕྲག་དུ་མས་ཀྱང་དབང་པོ་རྣམས་མི་གཡོ་བར་བཅོམ་ལྡན་འདས་ལ་ཆོས་རོ་དང་ལྡན་ནོ་ཅོག་མཉན་པ་དེའི་ཚེ་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ན། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་དེ་བཞིན་གཤེགས་པས་ཇི་ལྟར་གུས་པ་བསྐྱེད་དེ་ཆོས་མཉན་པ་དང་བཟུང་བ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་རཱ་ཎ་སཱི་ན་རྒྱལ་པོ་གཟུགས་བཟང་ཞེས་བྱ་བ་ཞིག་བྱུང་སྟེ། དེ་སྐྱེ་བོ་ཐམས་ཅད་ལ་བུ་གཅིག་པའི་མ་ལྟར་བྱམས་པས་རབ་ཏུ་བསྐྱངས་པར་བྱས་པས་རྒྱལ་ཁམས་ཀུན་ཏུ་བདེ་ཞིང་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཏོ། །རྒྱལ་པོ་དེ་ལ་བཙུན་མོ་དམ་པ་མཛེས་ལྡན་མ་ཞེས་བྱ་བ་དང་། སྲས་མཛེས་ལྡན་ཞེས་པ་སྡུག་ཅིང་ཕངས་པ་གཅིག་པུ་ཞིག་ཀྱང་ཡོད་དོ། །ཕྱིས་རྒྱལ་པོ་དེ་ཆོས་འདོད་པར་གྱུར་ནས་བློན་པོ་དང་ཡུལ་གྱི་གཙོ་བོ་དག་ལ་ཆོས་ཚོལ་བར་བསྒོ་ཡང་མ་རྙེད་ཅིང་། གསེར་འབུམ་ཡོད་པའི་སྣོད་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ཏེ་ངའི་ཡུལ་ན་ཆོས་སྨྲ་བ་གང་ཡིན་པ་དེ་ལ་གསེར་འབུམ་ཡོད་པའི་སྣོད་འདི་སྦྱིན་ནོ། །བཀུར་སྟི་ཆེན་པོས་ཀྱང་བཀུར་ཞིང་བསྟོད་པར་བྱའོ། །ཞེས་བྱས་ཏེ་ཡུན་རིང་ལོན་ཀྱང་ཆོས་སྨྲ་བ་སུ་ཡང་མ་བྱུང་བས་རྒྱལ་པོ་ཆོས་ཀྱི་ཕྱིར་གདུང་ཞིང་ཡི་ཆད་དོ། །དེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྟོགས་ནས། དེའི་ཚོད་འགམ་པའི་ཕྱིར། རང་ཉིད་གནོད་སྦྱིན་མི་སྡུག་པ་ཞིག་ཏུ་སྤྲུལ་ནས་འཁོར་མང་པོའི་ནང་དུ་འོངས་ནས། ཅི་ཁྱོད་ཆོས་འདོད་ན་ངས་བསྟན་ནོ་ཞེས་སྨྲས་པས། རྒྱལ་པོ་དགའ་ནས། གསང་བ་པ་ཆོས་སྒྲོགས་ཤིག་ངས་མཉན་པར་བྱའོ། །གནོད་སྦྱིན་གྱིས། ཀྱེ་མ་རྒྱལ་པོ་ཆེན་པོ་བདེ་ཞིང་འཁོད་པ་ན་ཆོས་སྨྲ་བར་བྱེད་ཀྱིས་ང་ནི་བཀྲེས་ཀྱིས་སྔོན་ལ་ཟན་བྱིན་ཅིག རྒྱལ་པོས་ཁ་ཟས་བཟང་པོ་དག་སྟ་གོན་བྱས་པ་ན། གནོད་སྦྱིན་གྱིས། ང་ནི་འཕྲལ་ལ་བསད་པའི་ཤ་ཟ་ཞིང་ཁྲག་འཐུང་བ་ཡིན་གྱིས་བུ་གཅིག་པ་མཛེས་ལྡན་འདི་ང་ལ་བྱིན་ཅིག དེ་ཐོས་པས་གཞོན་ནུ་མཛེས་ལྡན་གྱིས་ཡབ་ལ་ཕྱག་བྱས་ཏེ། ལྷ་བཟོད་པ་མཛད་དེ་ལྷའི་དགོངས་པ་རྫོགས་པར་མཛོད་ལ་བདག་གསང་བ་པའི་ཟས་སུ་སྩོལ་ཅིག དེ་ནས་རྒྱལ་པོས་བུ་གཅིག་པ་སྡུག་ཅིང་ཕངས་པ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་བཟོད་པ་དང་ལྡན་པ་མི་མཐུན་པ་མེད་པ་དེ་ཆོས་ཀྱི་དོན་དུ་གནོད་སྦྱིན་ལ་བྱིན་ཅིང་། དེས་ཀྱང་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྒྱལ་པོ་འཁོར་དང་བཅས་པའི་མདུན་དུ་དུམ་བུར་བཅད་ཅིང་ཟོས་ནས་ཁྲག་ཀྱང་འཐུང་ངོ་། །དེ་ལྟར་མཐོང་ན་ཡང་ཆོས་འདོད་པའི་ཕྱིར་མི་དགའ་བར་མ་གྱུར་ཏོ། །དེ་ནས་ཀྱང་གནོད་སྦྱིན་གྱིས། རྒྱལ་པོ་ང་མ་འགྲངས་ཀྱིས་ད་དུང་བྱིན་ཅིག རྒྱལ་པོས་སྙིང་དུ་སྡུག་པའི་ཆུང་མ་བྱིན་པ་ཡང་སྔ་མ་ལྟར་ཟོས་ཏེ། ད་དུང་ཡང་མ་འགྲངས་ཀྱིས་རྒྱལ་པོ་རང་གི་ལུས་ང་ལ་བྱིན་ཅིག་རྒྱལ་པོས་སྨྲས་པ། གལ་ཏེ་རང་གི་ལུས་ཁྱོད་ལ་བྱིན་ན་ངས་ཇི་ལྟར་ཆོས་ཉན་པར་བྱེད། སྔར་ང་ལ་ཆོས་སྟོན་དང་། དེའི་འོག་ཏུ་ལུས་ཡོངས་སུ་བཏང་བར་བྱའོ། །དེར་གནོད་སྦྱིན་གྱིས་རྒྱལ་པོ་དམ་འོག་ཏུ་བཅུག་ནས་འཁོར་བརྒྱ་ཕྲག་དུ་མའི་མདུན་དུ། སྡུག་པ་དག་ལས་མྱ་ངན་སྐྱེེ། །སྡུག་པ་དག་ལས་འཇིགས་པ་སྐྱེ། །འཇིགས་པ་དག་ལས་རྣམ་གྲོལ་རྣམས། །མྱ་ངན་མེད་ན་ག་ལ་འཇིགས། །དེ་ནས་རྒྱལ་པོས་ཚིགས་སུ་བཅད་པ་འདི་ཐོས་མ་ཐག་ཏུ་ཡིད་རབ་ཏུ་ཚིམས་པར་གྱུར་ཏེ། གནོད་སྦྱིན་ངའི་ལུས་འདི་ཇི་དགའ་བར་གྱིས་ཤིག དེར་བརྒྱ་བྱིན་གྱིས་རྒྱལ་པོའི་བསམ་པ་རིག་ནས། གནོད་སྦྱིན་གྱི་གཟུགས་དེ་ཉིད་མི་སྣང་བར་བྱས་ཏེ། རང་གི་གཟུགས་སུ་བསྟན་ནས། ལེགས་སོ་ཞེས་བྱས་ཏེ། སྲས་དང་བཙུན་མོ་སླར་ཕུལ་ཞིང་། རྒྱལ་པོས་ཀྱང་ཀ་ཤི་ཀ་བདག་གི་ཆོས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱས་པ་ལེགས་སོ། །ཞེས་བྱས་སོ། །དེའི་དུས་ཀྱི་རྒྱལ་པོ་གཟུགས་བཟང་ནི་ང་ཉིད་ཡིན་ལ། གཞོན་ནུ་མཛེས་ལྡན་ནི་ཀུན་དགའ་བོ་དང་། མཛེས་ལྡན་མ་ནི་གྲགས་འཛིན་མའོ། །དེའི་ཚེ་ཡང་ངས་ཆོས་ཀྱི་ཕྱིར་གཉེན་སྡུག་པ་དང་། རང་གི་སྲོག་ཀྱང་ཡོངས་སུ་གཏོང་བ་བྱས་ན་ད་ལྟར་ལྟ་ཅིི་སྨོས། དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། ཆོས་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །བསྟོད་པའི་མིང་ངོ་མཆན། རི་མོར་བྱའོ། །མཆོད་པར་བྱའོ་ཞེས་བཀའ་སྩལ་ཏོ། །

ཕ་མ་ཡུལ་ཆེས་གཉན་ཞིང་བཀུར་སྟི་བྱ་དགོས་པ་དང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱིམ་གང་ན་ཕ་མ་གཉིས་ལ་ལེགས་པར་རི་མོར་བྱེད་པ་དང་། ལེགས་པར་མཆོད་པར་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་ནི་ཚངས་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ན་དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཚངས་པ་དང་འདྲ་བའི་ཕྱིར་རོ། །དེ་བཞིན་དུ་ཁྱིམ་གང་ན་ཕ་མ་གཉིས་ལ་ལེགས་པར་རི་མོར་བྱེད་མཆོད་པར་བྱེད་གཡོག་བྱེད་པའི་ཁྱིམ་དེ་ནི་སློབ་དཔོན་དང་ལྡན་པ་ཡིན་ཏེ། རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བའི་ཕྱིར། ཁྱིམ་གང་ན་ཕ་མ་གཉིས་ལ་ལེགས་པར་རི་མོར་བྱེད་མཆོད་པ་བྱེད་གཡོག་བྱེད་པའི་ཁྱིམ་དེ་ནི་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་དང་ལྡན་པ་ཡིན་ཏེ། བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པའི་ཕྱིར་ཁྱིམ་གང་ན་ཕ་མ་གཉིས་ལ་ལེགས་པར་བྱེད་པའི་ཁྱིམ་དེ་ནི་མེ་དང་ལྡན་པ་ཡིན་ཏེ། བུའི་ཕ་མ་གཉིས་ནི་མེ་དང་འདྲ་བའི་ཕྱིར་རོ། །ཁྱིམ་གང་ན་ཕ་མ་གཉིས་ལ་ལེགས་པར་བྱེད་པའི་ཁྱིམ་དེ་ནི་ལྷ་དང་ལྡན་པ་ཡིན་ཏེ་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ལྷ་དང་འདྲ་བའི་ཕྱིར་རོ། །ཞེས་དང་། ཕ་མ་གཉིས་ནི་ཚངས་པ་སྟེ། །དེ་བཞིན་དང་པོའི་སློབ་དཔོན་ཡིན། །བུ་ཡི་ཀུན་སྦྱིན་འོས་གྱུར་པ། །མི་ཡང་ཡིན་ལ་ལྷ་ཡང་ཡིན། །དེ་ཕྱིར་དེ་གཉིས་ཕྱག་གི་གནས། །དྲིལ་བ་དང་ནི་ཁྲུས་རྣམས་དང་། །རྐང་པ་དག་ཀྱང་བཀྲུ་བ་དང་། །ཡང་ན་ཟས་དང་སྐོམ་རྣམས་དང་། །གོས་དང་མལ་ཆ་སྟན་རྣམས་ཀྱིས། །མཁས་པ་དག་གིས་བཀུར་སྟི་བྱ། །ཕ་མ་དག་ལ་བཀུར་བྱས་པ། །དེས་ན་མཁས་པ་དེ་དག་ནི། །འདིར་ཡང་སྨད་པར་མི་འགྱུར་ལ། །ཤི་ནའང་མཐོ་རིས་དགའ་བར་འགྱུར། །དེ་སྐད་ཅེས་བཀའ་སྩལ་པའི་ཚེ། དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཕ་མ་ལ་སྲི་ཞུ་ཆེ་བའི་བསྔགས་པ་གསུངས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས། དགེ་སློང་དག་ད་ལྟར་དེ་བཞིན་གཤེགས་པ་དུག་གསུམ་དང་བྲལ་ཞིང་གནོད་པ་ཐམས་ཅད་མི་མངའ་ལ་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་གཟིགས་པ་མཐར་ཐུག་པའི་ཚེ་འདི་ལྟ་བུའི་བསྔགས་པ་བརྗོད་པ་ལ་ངོ་མཚར་བ་ཅི་ཡོད་དེ། སྔོན་འཁོར་བ་ན་གནས་ཤིང་དུག་གསུམ་པོ་མ་སྤངས་པར་གྱུར་པའི་ཚེ་མ་ལ་གནོད་པ་ཆུང་ངུ་བྱས་པས་ཀྱང་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་ལ། བཀུར་སྟི་ཆུང་ངུ་བྱས་པས་ཀྱང་བདེ་བ་ཆེན་པོ་མྱོང་བར་གྱུར་པ་དེ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ངས་བཤད་པར་བྱ་སྟེ། སྔོན་བྱུང་བ་འདས་པའི་དུས་གྲོང་ཁྱེར་ཝཱ་རཱ་ཎ་སཱི་ན་དེད་དཔོན་མཛའ་བོ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་བ་བུ་བྱུང་ངོ་ཅོག་ཤི་བ་ཞིག་ཡོད་པ་དེ་ལ། ཕྱིས་ཤིག་ན་ཁྱེའུ་ལྟ་ན་སྡུག་པ་ཞིག་བྱུང་བས་མིང་བུ་མོ་ཞེས་བཏགས་ཏེ་ཕ་དེ་རྒྱ་མ ཚོར་སོང་བ་ལས་དེ་ཉིད་དུ་ཤིའོ། །དེ་ནས་བུ་དེ་ཆེར་སྐྱེས་པ་ན་རང་གི་མ་ལ། བདག་གི་ཕ་སྔོན་ལས་ཇི་ལྟ་བུས་འཚོ་བར་བྱེད། བདག་ཀྱང་དེའི་རྗེས་སུ་འབྲང་ངོ་། །ཞེས་དྲིས་པས། མས་བསམ་པ་འདི་ལ་དྲང་པོར་སྨྲས་ན་རྒྱ་མཚོར་སོང་སྟེ་ཤིར་འོང་སྙམ་ནས་བུ་ཁྱོད་ཀྱི་ཕ་ནི་ཡུལ་ཚོང་པ་བྱེད་པ་ཡིན་གྱིས་ཁྱོད་ཀྱང་འདོད་ན་ཡུལ་ཚོང་པ་གྱིས་ཤིག དེ་ནས་དེས་ཡུལ་ཚོང་པའི་ལས་བྱས་པས་དང་པོའི་ཉིན་པར་ཀཱར་ཥ་པ་ཎ་བཞི་རྙེད་དེ་མ་ལ་བྱིན་ནས། ཡུམ་འདིས་དགེ་སྦྱོང་དང་བྲམ་ཟེ་དང་སྡུག་ཅིང་ཕོངས་པ་དང་བཀྲེན་པ་རྣམས་ལ་སྦྱིན་པ་མཛོད་ཅིག་ཅེས་བྱས་སོ། །དེ་ནས་རེ་ཞིག་ན་གཞན་ཞིག་གིས་ཁྱོད་ཀྱི་ཕ་སྤོས་ཀྱི་ཚོང་བྱེད་དོ་བྱས་པས། དེ་སྤོས་ཚོང་བྱས་པས་ཀཱར་ཥ་པ་ཎ་བརྒྱད་རྙེད་དེ་མ་ལ་བྱིན་ནོ། །ཡང་གཞན་ཞིག་གིས་ཁྱོད་ཀྱི་ཕ་གསེར་དངུལ་གྱི་ཚོང་བྱེད་དོ་བྱས་པས། དེས་ཀྱང་གསེར་དངུལ་གྱི་ཚོང་བྱས་པས་དང་པོའི་ཉིན་པར་ཀཱར་ཥ་པ་ཎ་བཅུ་དྲུག་རྙེད་དེ་མ་ལ་བྱིན་ནོ། །དེའི་ཕྱི་ཉིན་ཀཱར་ཥ་པ་ཎ་སུམ་ཅུ་རྩ་གཉིས་རྙེད་དེ་དེ་དག་ཀྱང་སྔར་བཞིན་མ་ལ་བྱིན་ནོ། །དེ་ནས་རེ་ཞིག་ན་གསེར་དངུལ་ཚོང་པ་ཞིག་གིས་ཕྲག་དོག་བྱས་ཏེ་ཁྱོད་ཀྱི་ཕ་ནི་རྒྱ་མཚོ་ཆེན་པོའི་ཚོང་པ་ཡིན་ན་ཁྱོད་ལ་སུས་དམན་པའི་ལས་འདི་བྱེད་དུ་བཅུག དེ་ནས་དེ་ཐོས་ནས་མ་ལ་སྨྲས་པ་དང་། མས་དེ་ནི་བདེན་མོད་ཀྱི་འོན་ཀྱང་ཁྱོད་ནི་བྱིས་པ་ཡིན་ལ་བུ་གཅིག་པུའང་ཡིན་པས་ང་བོར་ཏེ་རྒྱ་མཚོ་ཆེན་པོའི་ནང་དུ་མ་འགྲོ་ཞིག་སྨྲས་ཀྱང་དེ་མི་དགེ་བའི་བཤེས་གཉེན་ཕྲག་དོག་ཅན་གྱི་དབང་དུ་གྱུར་པས་ཉན་མ་འདོད་ནས་ཐམས་ཅད་དུ་དྲིལ་བསྒྲགས་ཏེ་ཚོང་པ་ལྔ་བརྒྱ་དང་བཅས་ཏེ་རྒྱ་མཚོར་འགྲོ་བའི་ཆས་རྣམས་བསགས་ནས་ལམ་དུ་ཐོན་པ་ན། མ་ནི་བུ་ལ་སྙིང་བྱམས་པས་ཅི་བྱ་གཏོལ་མེད་དུ་གྱུར་ནས་མཆི་མ་འཛག་ཅིང་ངུ་བཞིན་དུ་རྐང་པ་ལ་འཇུས་ཏེ་ང་བོར་ཏེ་རྒྱ་མཚོ་ཆེན་པོའི་ནང་དུ་མ་འགྲོ་ཞིག་ཅེས་བྱས་ཏེ་སྨྲེ་སྔགས་ཀྱི་སྐད་ཕྱུང་བ་དང་དེས་མའི་མགོ་བོ་ལ་རྡོག་པས་བསྣུན་ནས་མགྲོན་པོ་རྣམས་དང་ཆས་པ་ལས། མ་དེས་བུ་ཁྱོད་ཀྱིས་ལས་འདིའི་རྣམ་པར་སྨིན་པ་མྱོང་བར་མ་གྱུར་ཅིག་བྱས་སོ། །དེ་ནས་དེད་དཔོན་མཛའ་བོའི་བུ་མོ་དེ་རིམ་གྱིས་སོང་སྟེ་རྒྱ་མཚོ་ཆེན་པོ་ན་གྲུར་ཞུགས་ཏེ་ཕྱིན་པས། གྲུ་དེ་ཉའི་རིགས་ཆུ་སྲིན་མ་ར་ཀས་མ་རུངས་པར་བྱས་ཏེ་བུབ་པར་གྱུར་པ་ན། མཛའ་བོའི་བུ་མོས་སྤང་ལེབ་གཅིག་ལ་ཟིན་ནས་སྐམ་ལ་ཕྱིན་ཏེ་སོང་བ་ན། ཐག་རིང་པོ་ཞིག་ནས་གྲོང་ཁྱེར་ལོངས་སྤྱོད་བྱེད་ཅེས་བྱ་བ་མཐོང་ནས། དེའི་ལོགས་སུ་ཕྱིན་པ་དང་དེའི་ནང་ནས་ལྷའི་བུ་མོ་མཛེས་ཤིང་ལྟ་ན་སྡུག་པ་བཞི་བྱུང་སྟེ། ཚུར་བྱོན་ཁྱོད་བྱོན་པ་ལེགས་སོ། །འདི་དག་ནི་བདག་ཅག་གི་ཟས་དང་སྐོམ་དང་། གོས་བཞག་པའི་ཁང་པ་དང་། གཟིམས་ཁང་ལགས་ཏེ་ནོར་བུ་དང་མུ་ཏིག་དང་བཻཌཱུཪྱ་དང་དུང་དང་མན་ཤེལ་དང་བྱི་རུ་དང་། གསེར་དངུལ་རྣམ་པ་སྣ་ཚོགས་ཀྱིས་གང་བ་ལགས་ཀྱིས་ཚུར་སྤྱོོན་དང་ལོངས་སྤྱོད་པར་བགྱིའོ་ཞེས་ཟེར་ནས། དེ་དེ་དག་དང་ལྷན་ཅིག་ཏུ་ལོ་དུ་མར་དགའ་བ་མྱོང་སྟེ། འདི་ལྟར་དེ་ནི་བསོད་ནམས་བྱེད་བྱེད་པ་དང་། དགེ་བ་བྱེད་བྱེད་པ་དང་། རྫུ་འཕྲུལ་ཆེ་བ་དང་། མཐུ་ཆེ་བ་ཡིན་པའི་ཕྱིར་རོ། །དེ་ནས་དེའི་ལྷོ་ཕྱོགས་ཀྱི་ལམ་དུ་སོང་བ་ལས་འགྲོ་མི་སྟེར་བ་ལ། ལྷག་པར་ཡང་དེར་འགྲོ་འདོད་པ་བྱུང་སྟེ་སོང་བས་རེ་ཞིག་ན་གྲོང་ཁྱེར་རྟག་ཏུ་མྱོས་ཞེས་བྱ་བ་མཐོང་སྟེ་དེའི་སྒོར་ཕྱིན་པ་ན། སྔ་མ་བས་ཆེས་བཟང་བའི་ལྷའི་བུ་མོ་བརྒྱད་བྱུང་སྟེ་བསུས་ནས། སྔ་མའི་ཚུལ་གྱིས་དེ་དག་དང་ལྷན་ཅིག་ཏུ་ལོ་དུ་མར་དགའ་བ་མྱོང་ངོ་། དེ་ནས་དེ་རྣམས་ཀྱིས་ཟློག་ཀྱང་མ་ཉན་པར་ལྷོ་ཕྱོགས་ཀྱི་ལམ་དུ་སོང་བ་ན་གྲོང་ཁྱེར་དགའ་བྱེད་ཅེས་བྱ་བ་མཐོང་སྟེ། དེའི་སྒོར་ཕྱིན་པ་ན་སྔ་མ་ལས་ཀྱང་མཚར་བའི་ལྷའི་བུ་མོ་བཅུ་དྲུག་འོངས་ཏེ་སྔར་ལྟར་བསུས་ནས་དེར་ཡང་ལོ་མང་དུ་དགའ་བ་མྱོང་ནས། སྔ་མའི་ཚུལ་གྱིས་ལྷོ་ཕྱོགས་ཀྱི་ལམ་དུ་ཕྱིན་པ་ན་ཁང་བཟང་ཚངས་པའི་བླ་མ་ཞེས་བྱ་བ་མཐོང་སྟེ། དེའི་སྒོར་ཕྱིན་པས་དེའི་ནང་ནས་ཆེས་ཁྱད་པར་དུ་འཕགས་པའི་ལྷ་མོ་སུམ་ཅུ་རྩ་གཉིས་བྱུང་སྟེ་བསུས་ནས་དེར་ཡང་ལོ་དུ་མར་དགའ་བ་མྱོང་བའི་མཐར་དེ་རྣམས་ཀྱིས་བཀག་ཀྱང་མ་ཉན་པར་ལྷོ་ཕྱོགས་ཀྱི་ལམ་དེར་ཞུགས་ནས་ཕྱིན་པ་ན་ལྕགས་ཀྱི་མཁར་ཞིག་མཐོང་སྟེ་དེའི་ནང་དུ་སོང་བ་དང་དེ་མ་ཐག་ཏུ་རིམ་པར་སྒོ་བཅད་དེ་ནང་མའི་ནང་དུ་ཕྱིན་པ་ན་དེར་མི་ཆེན་པོ་ཞིག་གི་མགོ་ལ་ལྕགས་ཀྱི་འཁོར་ལོ་མེ་འབར་བ་ཞིག་འཁོར་ཞིང་འདུག་པ་ལ་དེའི་མགོ་བོ་ལས་རྣག་ཁྲག་ཅི་འཛག་པ་རྣམས་དེའི་ཟས་སུ་ཟ་བར་མཐོང་ནས་དེ་ལ་ཁྱོད་སུ་ཡིན་ཅེས་དྲིས་པས། དེ་ན་རེ་ང་ནི་མ་ལ་གནོད་པ་བྱེད་བྱེད་པ་ཡིན་ནོ་ཟེར། དེ་ཐོས་པ་དང་། ང་ཡང་ལས་དེ་ཁོ་ནས་འདིར་ཁྲིད་པ་འདྲའོ་སྙམ་པ་དང་། ནམ་མཁའ་ནས་སྒྲ་བྱུང་སྟེ། བཅིངས་པ་གང་ཡིན་པ་དེ་ནི་གྲོལ་བར་གྱུར་ཏོ། །གྲོལ་བ་གང་ཡིན་པ་དེ་ནི་བཅིངས་སོ། །ཞེས་ཟེར་བའི་མོད་ལ་མི་དེའི་མགོ་ལ་འཁོར་ལོ་མི་སྣང་བར་གྱུར་ནས་མཛའ་བོའི་བུ་མོའི་མགོ་ལ་བྱུང་ངོ་། །དེར་ཤིན་ཏུ་སྡུག་བསྔལ་གྱི་ཉམ་ཐག་པར་མཐོང་ནས་མི་དེས་ཚིགས་སུ་བཅད་དེ་སྨྲས་པ། ཁྱེད་ནི་ལོངས་བྱེད་རྟག་ཏུ་མྱོས། །དགའ་བྱེད་ཚངས་པའི་བླ་མ་ཡི། །ཁང་བཟང་ལས་ནི་ཐལ་ནས་ཀྱང་། །ཅི་ཡི་ཕྱིར་ན་འདི་རུ་འོང་། །མཛའ་བོའི་བུ་མོས་སྨྲས་པ། བདག་ནི་ལོངས་བྱེད་རྟག་ཏུ་མྱོས། །དགའ་བྱེད་ཚངས་པའི་བླ་མ་ཡི། །ཁང་བཟང་ལས་ནི་ཐལ་ནས་ཀྱང་། །འདོད་ཆེན་གྱིས་ནི་འདིར་འོངས་སོ། །ལས་ཀྱིས་རིང་དུ་ཁྲིད་པར་བྱེད། །རིང་པོ་ནས་ཀྱང་ལས་ཀྱིས་ཁྲིད། །གང་དུ་ལས་ཀྱི་རྣམ་པར་སྨིན། །དེར་ནི་ལས་ཀྱིས་ཁྲིད་པར་བྱེད། །ལས་ཀྱི་རྣམ་སྨིན་གང་ཞིག་གིས། །བདག་གི་སྲོག་ནི་གཅོད་བྱེད་པ། །ཀུན་ཏུ་འབར་ཞིང་རབ་འབར་བའི། །འཁོར་ལོ་མགོ་ལ་འཁོར་བར་གྱུར། །མི་དེས་སྨྲས་པ། ཁྱོད་ཀྱིས་རབ་ཏུ་སྡང་སེམས་ཀྱིས། །མ་ཅིག་དགའ་བ་བྱེད་བྱེད་པའི། །མགོ་བོར་རྡོོག་པས་བསྣུན་པས་ན། །དེ་ཡི་ལས་ཀྱི་འབྲས་བུ་ཡིན། །མཛའ་བོའི་བུ་མོས་སྨྲས་པ། ལོ་གྲངས་སྟོང་ཕྲག་དུ་ཡི་བར། །བདག་གི་སྲོག་ནི་གཅོད་བྱེད་པ། །ཀུན་ཏུ་འབར་ཞིང་རབ་འབར་བའི། །འཁོར་ལོ་མགོ་ལ་འཁོར་བར་འགྱུར། །མི་དེས་སྨྲས་པ། ལོ་ནི་སྟོང་ཕྲག་དྲུག་ཅུ་དང་། །བརྒྱ་ཕྲག་དྲུག་ཅུའི་བར་སྲིད་དུ། །ལྕགས་ཀྱི་འཁོར་ལོ་འབར་བ་ནི། །ཁྱོད་ཀྱི་མགོ་ལ་འཁོར་བར་འགྱུར། །མཛའ་བོའི་བུ་མོས་སྨྲས་པ། ཀྱེ་གཞན་ཡང་འདིར་འོང་བ་ཡོད་དམ། མི་དེས་སྨྲས་པ་སུ་འདི་ལྟ་བུའི་ལས་བྱེད་པ་དག་འོང་བར་འགྱུར་རོ། །དེ་ནས་མཛའ་བོའི་བུ་མོ་སྡུག་བསྔལ་གྱི་ཚོར་བས་ཉེན་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྐྱེད་དེ། ཀྱེ་ང་ནི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་འཁོར་ལོ་འདི་མགོ་བོའི་སྟེང་དུ་འཛིན་པར་འདོད་ཀྱིས། འདི་ལྟ་བུའི་ལས་བྱེད་བྱེད་པ་གཞན་སུ་ཡང་འདིར་འོང་བར་མ་གྱུར་ཅིག ཅེས་སྨྲས་པས། དེའི་མོད་ལ་འཁོར་ལོ་དེ་ཉིད་མགོ་བོ་ལས་གྱེན་དུ་འཕགས་ནས་ཏ་ལ་བདུན་སྲིད་ཙམ་དུ་ནམ་མཁའ་ལ་འདུག་གོ །དེར་བྱང་ཆུབ་སེམས་དཔའ་མཛའ་བོའི་བུ་མོ་དེ་ཚེ་འཕོས་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། །དེའི་དུས་ཀྱི་མཛའ་བོའི་བུ་མོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་ཉོ་ཚོང་བྱས་ནས་མ་ལ་ཀཱར་ཥ་པ་ཎ་ཕུལ་བའི་ལས་ཀྱིས་ནི་གྲོང་ཁྱེར་ཆེན་པོ་བཞིར་བདེ་བ་ཆེན་པོ་མྱོང་ལ། ངས་མ་ལ་གནོད་པ་ཆུང་ངུ་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི་དེ་ལྟ་བུའི་སྡུག་བསྔལ་མྱོང་ངོ་། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ་ཕ་མ་ལ་བཀུར་སྟི་བྱའོ། །གནོད་པ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བུའི་ཕ་མ་གཉིས་ནི་དཀའ་བ་བྱེད་བྱེད་པ་དང་སྐོམ་སྡུད་པ་དང་། གསོ་བ་དང་བསྐྱེད་པ་དང་ནུ་མ་བསྣུན་པ་དང་འཛམ་བུ་གླིང་བཀྲ་བར་སྟོན་པ་ཡིན་པའི་ཕྱིར་རོ། །གལ་ཏེ་བུས་ཕ་མ་གཉིས་ཕྲག་པ་གཡས་གཡོན་དུ་བཞག་སྟེ་ལོ་བརྒྱའི་བར་དུ་ཁྱེར་རམ། ཡང་ན་ས་ཆེན་པོ་འདི་ནོར་བུ་དང་མུ་ཏིག་དང་བཻཌཱུཪྻ་དང་དུང་དང་མན་ཤེལ་དང་བྱི་རུ་དང་། གསེར་དང་དངུལ་དང་རྡོའི་སྙིང་པོ་དང་། སྤུག་དང་པདྨ་རཱ་ག་དང་གཡས་སུ་འཁྱིལ་བ་དང་། དེ་ལྟ་བུ་དག་གིས་བཀང་བའི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་ཀྱང་། དེ་ཙམ་གྱིས་ནི་བུས་ཕ་མ་གཉིས་ལ་དྲིན་བསབ་པའམ་ཕན་གདགས་པར་མི་འགྱུར་གྱི། གང་གི་ཕ་མ་དེ་གཉིས་དད་པ་མེད་པ་ལ་དད་པ་ཕུན་སུམ་ཚོགས་པ་ལ་འཛུད་པ་དང་། ཚུལ་ཁྲིམས་འཆལ་བ་ལས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། སེར་སྣ་ཅན་གཏོང་བ་ཕུན་སུམ་ཚོགས་པ་དང་། ཤེས་རབ་འཆལ་བ་ཤེས་རབ་ཕུན་སུམ་ཚོགས་པ་ལ་འཛུད་པ་དང་། འདུལ་བ་དང་། གནས་པར་བྱེད་པ་དང་། འཇོག་པར་བྱེད་པ་དེ་ཙམ་གྱིས་ནི། བུས་ཕ་མ་གཉིས་ལ་དྲིན་བསབ་པའམ་ཕན་བཏགས་པར་འགྱུར་རོ། །ཞེས་བཀའ་སྩལ་ཏོ། །འདིས་ནི་ཕ་མ་ཡུལ་ཆེས་གཉན་ཞིང་བཀུར་སྟི་བྱ་དགོས་པ་དང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཕན་ཡོན་ཀྱང་བསྟན་པ་ཡིན་ནོ། །

དགེ་བའི་བཤེས་གྲོགས་དང་དབེན་པ་བསྟེན་པའི་ཕན་ཡོན་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་ཚོང་དཔོན་སྔར་ཕྱུག་པོ་ཞིག་ཕྱིས་ལོངས་སྤྱོད་ཀྱིས་དབུལ་བར་གྱུར་ནས་དེ་ལ་ཁྱེའུ་ཞིག་ཡོད་པ་དེ་མཛའ་བོ་དང་ཉེ་དུ་རྣམས་ཀྱི་སར་བཏང་སྟེ་དེ་དག་གིས་བྱམས་པར་བྱས་པ་ཞིག་ཡོད་པ་དེ་ཕྱིས་ཞིག་ན་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་སངས་རྒྱས་བཅོམ་ལྡན་འདས་དང་མཇལ་བས། སེམས་དགའ་བར་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས་དེ་ལ་འཁོར་བ་ལས་སྐྱོ་བར་འགྱུར་བའི་ཆོས་བསྟན་པས། དེས་ཕ་མ་ལ་གནང་བ་ཞུས་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་ནས་ཀྱང་དབེན་པ་ལ་མི་དགའ་བས་སྔར་ལྟར་ཉེ་དུ་རྣམས་དང་ལྷན་ཅིག་འདུ་ཞིང་གནས་པ་ལ། བཅོམ་ལྡན་འདས་ཀྱིས་འདོད་པའི་ཉེས་དམིགས་དང་དབེན་པའི་བསྔགས་པ་མང་པོ་གསུངས་ཏེ་ལན་གསུམ་གྱི་བར་དུ་ཁྱིམ་དུ་གནས་པ་ལས་བཟློགས་ནས་དབེན་པ་ལ་བཀོད་པས་མཐར་གྱིས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ན། དེས་སྔོན་གྱི་གནས་རྗེས་སུ་དྲན་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་གུས་པས་བསྟོད་ཅིང་རི་མོར་བྱས་སོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་ཏེ་དོན་དེ་གསོལ་པ་ན། བཅོམ་ལྡན་འདས་ཀྱིས། ངས་ད་ལྟར་བླ་ན་མེད་པའི་ཡེ་ཤེས་བརྙེས་ཟིན་པའི་ཚེ། རིགས་ཀྱི་བུ་འདི་ལན་གསུམ་གྱི་བར་དུ་གྲོང་ལས་བཟློགས་ཏེ་དགོན་པའི་གནས་ལ་བཙུད་ནས་དགྲ་བཅོམ་པ་ཉིད་ཀྱི་བར་དུ་བཞག་པ་འདི་ལྟ་བུ་ལ་ངོ་མཚར་ཆེ་བ་ཅི་ཡོད་དེ། སྔོན་འདས་པའི་དུས་ན་དུག་གསུམ་མ་སྤངས་ཤིང་སྡུག་བསྔལ་གྱི་མཚོ་ལས་མ་བརྒལ་བའི་སྐབས་སུའང་ངས་རང་གི་སྲོག་ཡོངས་སུ་བཏང་ནས། རིགས་ཀྱི་བུ་འདི་གྲོང་ནས་བཟློགས་ཏེ་དགོན་པའི་གནས་ལ་བཙུད་པ་དེ་ལེགས་པར་ཉོན་ཅིག སྔོན་འདས་པའི་དུས་རིའི་སུལ་ཉམས་དགའ་བ་ཞིག་ན་དྲང་སྲོང་དཀའ་ཐུབ་དྲག་པོ་སྤྱོད་པ་ཟས་སུ་འབྲས་བུ་དང་རྩ་བ་དང་ཆུས་འཚོ་བ། རི་དྭགས་ཀྱི་གཡང་གཞི་དང་ཤིང་ཤུན་གྱོན་པ་མེའི་སྦྱིན་སྲེག་བྱེད་པ་ཞིག་ཡོད་པ་ལ་དེའི་མཛའ་བོ་རི་བོང་མིའི་སྐད་ཤེས་པ་ཞིག་ཡོད་པ་དེ་ཉིན་རེ་བཞིན་དུ་དྲང་སྲོང་གི་ཐད་དུ་ལན་གསུམ་དུ་འགྲོ་ཞིང་དེ་དང་གཏམ་སྨྲ་བ་ཞིག་ཡོད་པ་ལས། ཕྱིས་ཞིག་ན་ཐན་པ་ཆེན་པོ་བྱུང་སྟེ། དཀའ་ཐུབ་ཀྱི་ཚལ་གྱི་ཆུ་དང་འབྲས་བུ་སོགས་མེད་པར་གྱུར་པ་ན། དྲང་སྲོང་དེ་བཟའ་བ་མེད་པས་སེམས་མི་དགའ་སྟེ་རི་དྭགས་ཀྱི་གཡང་གཞི་དང་ཤིང་ཤུན་རྣམས་བརྟུལ་ཏེ་འགྲོ་བར་བརྩམས་པ་ན། རི་བོང་གིས་གར་གཤེགས་དྲིས་པས། དེས་གྲོང་དུ་འགྲོ་སྟེ་དེར་སློང་མོས་འཚོ་བར་བྱའོ་ཞེས་ཟེར་རོ། །དེ་ཐོས་པ་དང་ཕ་དང་བྲལ་བ་ཙམ་དུ་སེམས་གདུང་བར་གྱུར་ནས་དྲང་སྲོང་དེའི་རྐང་པ་ལ་ཕྱག་བྱས་ཏེ། སྨྲས་པ། བདག་མི་འདོར་བར་གསོལ། གཅིག་ཏུ་ན་ཁྱིམ་གྱི་གནས་ནི་ཉེས་པ་དུ་མས་གང་ལ་དགོན་པའི་གནས་ནི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ལགས་སོ་ཞེས་ལན་དུ་མར་བྱས་ཀྱང་ལྡོག་ཏུ་མ་བཏུབ་བོ། །དེར་རི་བོང་གིས་གལ་ཏེ་མི་འགྲོར་མི་རུང་ན་དེ་རིང་ཙམ་དུ་བཞུགས་ལ་སང་གང་དགར་བཞུད་ཅིག་ཅེས་སྨྲས་པས། དྲང་སྲོང་དེས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་འདི་དག་ནི་སྡུག་ཅིང་སོག་པ་ལ་སྲེད་པས་ན། འདིས་བདག་དེ་རིང་མགྲོན་དུ་འབོད་པར་ངེས་སོ་སྙམ་སྟེ་དེ་ལྟར་ཁས་བླངས་སོ། །དེ་ནས་ཉིན་པར་གྱི་བྱ་བ་བྱས་ཟིན་ཏེ། དྲོ་ལ་བབ་པ་ན་རི་བོང་དེ་འོངས་ནས་དྲང་སྲོང་ལ་བསྐོར་བ་བྱས་ཏེ་བདག་གིས་ནོངས་པ་གང་མཆིས་བཟོད་པར་མཛོད་ཅིག ཅེས་སྨྲས་ནས་ཚམ་ཚོམ་མེད་པར་མེའི་ནང་དུ་མཆོངས་སོ། །དེར་དྲང་སྲོང་དེ་མྱ་ངན་གྱིས་ནོན་ཏེ་མཆི་མ་འབྱིན་བཞིན་བུ་སྡུག་པ་ལ་མས་བྱམས་པ་བཞིན་དུ་མྱུར་བར་བླངས་ནས་བུ་འདི་ཅི་བྱེད་བྱས་པས། རི་བོང་ན་རེ། དྲང་སྲོང་ཆེན་པོ་དགོན་པའི་གནས་ལ་དགའ་བས་བདག་གི་ཤ་གསོལ་ལ་ཞག་གཅིག་གི་བར་དུ་འཚོ་བར་མཛོད་ཅིག ནགས་ཁུང་དག་ཏུ་སྐྱེས་པའི་རི་བོང་ལ། །སྲན་སྡེའུ་ཏིལ་དང་འབྲས་རྣམས་ཅང་མ་མཆིས། །བདག་གི་ལུས་འདི་ཞུགས་ལ་སྒྲོལ་མཛོད་ལ། །གསོལ་ཏེ་དེང་ཙམ་དཀའ་ཐུབ་ཚལ་དུ་བཞུགས། །དྲང་སྲོང་གི་ཚིག་དེ་ཐོས་ནས་སྨྲས་པ། དེ་ལྟ་ན་ཁྱོད་དང་དགོན་པ་སྙིང་དུ་སྡུག་པའི་ཕྱིར་འདི་ཉིད་དུ་སྲོག་དོར་ཡང་སླའི་གྲོང་དུ་མི་འགྲོའོ། །དེ་ཐོས་ནས་རི་བོང་བྱང་ཆུབ་སེམས་དཔའ་དེ་དགའ་བར་གྱུར་ཏེ་ནམ་མཁའ་ལ་གྱེན་དུ་བལྟས་ཏེ། བདག་ནི་དགོན་པར་སོང་ནས་ཀྱང་། །དབེན་པ་ལ་ནི་ཡིད་དགའ་ན། །དེ་ཡི་བདེན་པའི་ཚིག་གིས་ནི། །དབང་ཆེན་ཆར་ནི་འབབ་པར་ཤོག ། ཅེས་སྨྲས་པའི་མོད་ལ་བྱང་ཆུབ་སེམས་དཔའི་མཐུས་ལྷ་གནས་རྣམས་གཡོ་བར་གྱུར་པས་བརྒྱ་བྱིན་གྱིས་དེའི་རྒྱུ་རྟོགས་པ་ན་དེ་ལྟར་རིགས་ནས་ཆར་ཆེན་པོ་བབས་པས། དཀའ་ཐུབ་ཀྱི་གནས་རྣམས་འབྱོར་པར་གྱུར་ཏོ། །དེ་ནས་དྲང་སྲོང་དེས་དགེ་བའི་བཤེས་གཉེན་རི་བོང་དེ་ལ་བརྟེན་ནས་དེ་ན་གནས་བཞིན་དུ་མངོན་པར་ཤེས་པ་ལྔ་མངོན་དུ་བྱས་ནས། རི་བོང་དེ་ལ་སྨྲས་པ། ཁྱེད་ཀྱིས་དཀའ་བ་སྤྱད་པ་དང་བརྩོན་པ་དང་སྙིང་རྗེ་བའི་རང་བཞིན་འདིས་ཅི་ཞིག་བསྒྲུབ་པར་སེམས། དེས་སྨྲས་པ། བདག་འགྲོ་བ་མགོན་མེད་པ་རྣམས་སྒྲོལ་བར་བྱེད་པའི་སངས་རྒྱས་སུ་གྱུར་ཅིག དྲང་སྲོང་གིས། དེའི་ཚེ་བདག་ཀྱང་དྲན་པར་གྱིས་ཤིག རི་བོང་གིས་ཀྱང་དེ་ལྟར་བྱའོ་ཞེས་སྨྲས་སོ། དེའི་དུས་ཀྱི་རི་བོང་དུ་གྱུར་པ་དེ་ནི་ང་ཡིན་ལ། དྲང་སྲོང་ནི་རིགས་ཀྱི་བུ་འདི་ཁོ་ན་ཡིན་ནོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་དང་གནས་པར་བྱ་ཡི། སྡིག་པའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་དང་། སྡིག་པའི་རྟེན་དང་གནས་པར་མི་བྱའོ། །ཞེས་བཀའ་སྩལ་པ་ན་ཀུན་དགའ་བོས་གསོལ་པ། བཙུན་པ་བདག་གཅིག་པུ་དབེན་པར་མཆིས་ནས་ནང་དུ་ཡང་དག་འཇོག་ལ་ཞུགས་པ་ན་སེམས་ལ་འདི་ལྟ་བུའི་རྟོག་པ་བྱུང་སྟེ། འདི་ལྟ་སྟེ་དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལགས་ཀྱི། སྡིག་པའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་དང་། སྡིག་པའི་རྟེན་ནི་དེ་ལྟ་མ་ལགས་སོ་སྙམ་བགྱིད་དོ། །བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་དེ་སྐད་མ་ཟེར་ཅིག དེ་ཅིའི་ཕྱིར་ཞེ་ན་འདི་ལྟ་སྟེ་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པ་རིལ་པོ་དང་། མ་འདྲེས་པ་དང་། ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་ཡིན་གྱི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། རྟེན་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་བཤེས་གཉེན་ལ་བརྟེན་ནས་སེམས་ཅན་སྐྱེ་བའི་ཆོས་ཅན་རྣམས་སྐྱེ་བའི་ཆོས་ཅན་ལས་ཡོངས་སུ་གྲོལ་བར་འགྱུར་བ་དང་། དེ་བཞིན་དུ། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པའི་ཆོས་ཅན་རྣམས་དེ་དག་ལས་ཡོངས་སུ་གྲོལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ་ཞེས་གསུངས། འདིས་ནི་དགེ་བའི་བཤེས་གྲོགས་དང་དབེན་པ་བསྟེན་པའི་ཕན་ཡོན་བསྟན་པ་ཡིན་ནོ། །

མཆོད་པའི་རས་མ་སོགས་འགོམ་དགོས་བྱུང་ནས་མདོའི་ཚིག་བརྗོད་བཞིན་ཕྱིན་ན་ཉེས་པ་འགོག་པའི་ཁུངས་ཀྱང་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཉིད་ཉིན་རེ་བཞིན་དུ་ནངས་སྔ་བར་ལངས་ཏེ་རྒྱལ་བྱེད་ཀྱི་ཚལ་རང་ཉིད་ཀྱི་ལག་གིས་འཕྱག་པར་བྱེད་པ་ལས། ཉིན་གཅིག་བྲེལ་བ་ཞིག་བྱུང་ནས། ཕྱག་དར་ལུས་པར། བཅོམ་ལྡན་འདས་ཀྱིས་གཞན་དག་ལ་བསོད་ནམས་ཀྱིས་གནས་བསྟན་པའི་ཕྱིར་ཕྱགས་མ་ཕྱག་ཏུ་བསྣམས་ནས་རྒྱལ་བྱེད་ཀྱི་ཚལ་འཕྱག་པར་མཛད་དོ། །དེ་མཐོང་ནས་ཉན་ཐོས་མཆོག་ཟུང་དང་། འོད་སྲུང་། ཀུན་དགའ་བོ། ནམ་གྲུ་སོགས་ཉན་ཐོས་ཆེན་པོ་རྣམས་ཀྱིས་ཀྱང་ཕྱག་ནས་འདུ་ཁང་དུ་གཤེགས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དགེ་སློང་དག་ལྔ་པོ་འདི་དག་ནི་ཕྱག་དར་བྱས་པའི་ཕན་ཡོན་ཏེ་ལྔ་གང་ཞེ་ན། བདག་ཉིད་སེམས་དགའ་བར་འགྱུར་བ་དང་། གཞན་སེམས་དགའ་བར་འགྱུར་བ་དང་། ལྷ་རྣམས་མགུ་བར་འགྱུར་བ་དང་། མཛེས་པར་འགྱུར་བའི་དགེ་བའི་རྩ་བ་སོག་པ་དང་། ལུས་དང་བྲལ་བའི་འོག་ཏུ་བདེ་འགྲོ་མཐོང་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེའོ། །དེ་ནས་མགོན་མེད་ཟས་སྦྱིན་ཕྱོགས་དེར་ཕྱིན་པ་ན་གཏམ་དེ་ཐོས་པས། གང་དུ་བཅོམ་ལྡན་འདས་ཉན་ཐོས་ཆེན་པོ་དག་དང་ཐབས་ཅིག་ཏུ་ཕྱག་དར་མཛད་པ་དེའི་སྟེང་དུ་བདག་གི་རྐང་པས་བརྫིས་ཏེ་ཇི་ལྟར་འགྲོ་བར་བྱ་སྙམ་སྟེ། ངོ་ཚ་ཞིང་གདོང་སྨད་དེ་གནས་དེར་འདུག་པ་ན། བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་དེའི་རྒྱུ་དྲིས་ནས་བཀའ་སྩལ་པ་ཁྱིམ་བདག་སངས་རྒྱས་བཅོམ་ལྡན་འདས་ནི་ཆོས་ལ་གུས་པ། དགྲ་བཅོམ་པ་རྣམས་ཀྱི་བླ་མ་ནི་ཆོས་ཡིན་པས་ན་སངས་རྒྱས་ཀྱི་བཀའ་ཁ་ཏོན་གྱིས་ལ་ནང་དུ་ཤོག་ཅིག དེ་ནས་མགོན་མེད་ཟས་སྦྱིན་ཚིགས་སུ་བཅད་པ་བརྗོད་ཅིང་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ཅིང་ཞབས་ལ་ཕྱག་བྱས་ནས་འཁོད་པ་ལ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་ཡང་དག་པས་སྤྲོ་བར་མཛད་དོ། །དེར་དགེ་སློང་རྣམས་ཀྱིས། བཙུན་པ་བཅོམ་ལྡན་འདས་ཆོས་ལ་ཞེ་ས་སྐྱེས་ཤིང་གུས་པ་སྐྱེས་ཏེ་ཆོས་ཀྱི་བསྔགས་པ་འབའ་ཞིག་གསུང་པ་ངོ་མཚར་ལགས་སོ། །བཀའ་སྩལ་པ། དགེ་སློང་དག་ད་ལྟར་དེ་བཞིན་གཤེགས་པས་བླ་ན་མེད་པའི་ཡེ་ཤེས་བརྙེས་ཟིན་པའི་སྐབས་སུ་ཆོས་ལ་ཞེ་ས་སྐྱེས་ཤིང་གུས་པ་སྐྱེས་ཏེ། ཆོས་ཀྱི་བསྔགས་པ་འབའ་ཞིག་བརྗོད་པ་འདི་ལྟ་བུ་ལ་ངོ་མཚར་ཅི་ཆེ་སྟེ། སྔོན་ཉོན་མོངས་པ་མ་སྤངས་ཤིང་གནོད་པ་དུ་མའི་གནས་སུ་གྱུར་པའི་སྐབས་ཀྱང་། ངས་ཆོས་ཀྱི་ཕྱིར་རང་གི་སྲོག་ཡོངས་སུ་གཏོང་བར་བྱས་ཏེ་སྔོན་ཝཱ་རཱ་ཎ་སཱིའི་རྒྱལ་པོ་ཚངས་བྱིན་གྱི་བཙུན་མོ་ལ་བུ་ཆགས་པར་གྱུར་ནས་དེའི་མཐུས་ལེགས་པར་གསུངས་པ་མཉན་འདོད་པར་གྱུར་ནས་རྒྱལ་པོ་ལ་སྦྲན་པས། རྒྱལ་པོས་གསེར་བྱེ་བ་ཐོགས་ཏེ་ཡུལ་ཀུན་ཏུ་ལེགས་པར་གསུངས་པ་ཚོལ་ཀྱང་མ་རྙེད་དོ། །དེ་ནས་ཁྱེའུ་དེ་བཙས་པ་ན་གཟུགས་བཟང་བ་ལྟ་ན་སྡུག་པ་ཞིག་བྱུང་སྟེ་མིང་ལེགས་པར་གསུངས་པ་ཚོལ་བ་ཞེས་བྱ་བར་བཏགས་སོ། །དེ་ཉིད་ཆེར་སྐྱེས་ཏེ་ཕ་ཤི་བའི་འོག་ཏུ་རྒྱལ་པོར་བཅུག་པ་ན། བློན་པོ་དང་ཡུལ་གྱི་གཙོ་བོ་དག་ལེགས་པར་གསུངས་པ་ཚོལ་བར་བསྐོས་ཏེ་འཛམ་བུ་གླིང་ཐམས་ཅད་དུ་གསེར་བྱེ་བ་བསྟན་ཀྱང་མ་རྙེད་ནས་དེ་སེམས་རབ་ཏུ་གདུང་བར་གྱུར་པ་ན། བརྒྱ་བྱིན་ལྷའི་དབང་པོས་མངོན་ཤེས་ཀྱིས་དེའི་དོན་རྟོགས་ནས་ཉམས་སད་པར་བྱ་བའི་ཕྱིར་གནོད་སྦྱིན་མི་སྡུག་པ་ཞིག་ཏུ་སྤྲུལ་ནས་རྒྱལ་པོའི་མདུན་དུ། ལེགས་སྤྱོད་ཆོས་ནི་སྤྱད་པར་བྱ། །ཉེས་པར་སྤྱོད་པ་དེ་མི་བྱ། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །ཆོས་སྤྱོད་བདེ་ལ་རྟེན་པར་འགྱུར། །ཞེས་སྨྲས་པས་རྒྱལ་པོ་ཡ་མཚན་དུ་གྱུར་ནས་སྨྲས་པ། གསང་བ་ཚིགས་སུ་བཅད་པ་དེ། །བདག་གི་མཉན་གྱིས་ཡང་གསུངས་ཤིག ། གནོད་སྦྱིན་གྱིས། གལ་ཏེ་བདག་གིས་སྨྲས་པ་བཞིན་བྱེད་ན་དེ་བཞིན་དུ་བྱའོ། །རྒྱལ་པོས། བདག་ལ་བཀའ་སྩལ་པ་ཅི་མཆིས། གནོད་སྦྱིན་གྱིས། ཉིན་མཚན་བདུན་གྱི་བར་དུ་མེ་དོང་དུ་སེང་ལྡེང་གི་ཤིང་གིས་མེ་སྦར་ནས། གལ་ཏེ་དེར་མཆོང་བར་བྱེད་ན་དེའི་འོག་ཏུ་ཁྱོད་ལ་ཚིགས་སུ་བཅད་པ་ཡང་བཟླས་པར་བགྱིའོ། །རྒྱལ་པོས་དེ་ཐོས་པས་སེམས་རབ་ཏུ་དགའ་སྟེ་དེ་ལྟར་ཁས་བླངས་ནས། ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ཏེ། དེང་ནས་ཞག་བདུན་རྒྱལ་པོ་ལེགས་པར་གསུངས་པ་མཉན་པའི་ཕྱིར་མེ་དོང་དུ་བདག་ཉིད་མཆོང་བར་ཆད་ཀྱིས། ཁྱེད་ཀྱི་ནང་ནས་གང་རྨད་དུ་བྱུང་བ་མཐོང་བར་འདོད་པ་དེ་དག་འདིར་ཤོག་ཅིག་ཅེས་བྱས་པས་སྐྱེ་བོ་འབུམ་ཕྲག་དུ་མ་འདུས་ཤིང་ནམ་མཁའ་ལ་ལྷ་འབུམ་ཕྲག་དུ་མ་འདུས་ཏེ་འཁོད་པའི་ནང་དུ་གནོད་སྦྱིན་དེ་ནམ་མཁའ་ལ་འཕགས་ནས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་ཇི་ལྟར་དམ་བཅས་པ་བཞིན་དུ་མཛོད་ཅིག དེར་རྒྱལ་པོས་བུ་ཐུ་བོ་རྒྱལ་སར་དབང་བསྐུར་ནས་སྐྱེ་བོ་རྣམས་ལ་ཉེས་པ་བཤགས་ཤིང་དབུགས་ཕྱུང་ནས་མེད་དོང་གི་དྲུང་དུ་སོང་སྟེ། ང་ནི་ཆོས་ཕྱིར་མེ་འབར་ཉི་མ་ཁྲག་མདོག་འདྲ་བའི་མདག་མེའི་དོང་། །ཤས་ཆེར་འཇིགས་བྱེད་ནང་དུ་མཆོང་བར་སེམས་ཏེ་སྲོག་ཕྱིར་འཇིགས་པ་མེད། །མེ་དོང་འདི་ནི་བདག་གི་བསོད་ནམས་མཐུ་ཡིས་རྫིང་བུ་རབ་བཟང་བ། །ཙནྡན་འདམ་གྱིས་བསྒོས་པའི་ཆུ་བསིལ་པདྨས་གང་བར་འགྱུར་ཡང་དག ། ཅེས་ཚིགས་སུ་བཅད་པ་དེ་སྨྲས་ནས་མེ་དོང་དུ་མཆོངས་པས་དེ་མ་ཐག་པར་མེ་དོང་རྫིང་བུར་གྱུར་ཅིང་། བརྒྱ་བྱིན་ཡང་ཤིན་ཏུ་ངོ་མཚར་བར་གྱུར་ཏེ་རང་གི་གཟུགས་སུ་བསྒྱུར་ནས། སྔར་གྱི་ཚིགས་བཅད་དེ་ཉིད་སླར་ཡང་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ཚིག་བཅད་དེ་བློ་ལ་བཟུང་ནས་གསེར་གྱིས་གླེགས་བམ་ལ་བྲིས་ཏེ་འཛམ་བུ་གླིང་ཀུན་ཏུ་གོ་བར་བྱས་སོ། །དེའི་དུས་ཀྱི་རྒྱལ་པོར་གྱུར་པ་དེ་ནི་ང་ཡིན་ཏེ། དེའི་ཚེ་ཡང་ངས་ལེགས་པར་གསུངས་པ་མཉན་པའི་ཕྱིར་རང་གི་སྲོག་ཡོངས་སུ་བཏང་ན་ད་ལྟར་ལྟ་ཅི་སྨོས། དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། ཆོས་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །ཞེས་གསུངས་སོ། །འདིས་ནི་ཆོས་ལ་གུས་པ་བསྐྱེད་དགོས་པ་དང་། མཆོད་པའི་རས་མ་སོགས་འགོམ་དགོས་བྱུང་ནས་མདོའི་ཚིག་བརྗོད་བཞིན་ཕྱིན་ན་ཉེས་པ་འགོག་པའི་ཁུངས་ཀྱང་བསྟན་པ་ཡིན་ནོ། །

བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱང་བསྟན་པ་ཡིན་པས་གུས་པ་བསྐྱེད་ལ་ཡོན་ཏན་གྱི་རྗེས་སུ་སློབ་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་ནས། སྔ་དྲོའི་དུས་ཀྱི་ཚེ་མཉན་ཡོད་དུ་བསོད་སྙོམས་ལ་གཤེགས་པའི་ཚེ། ལམ་སྲང་དུ་བྲམ་ཟེ་ཞིག་གིས་ཡུན་རིང་བརྟགས་ནས་ས་ལ་རི་མོ་བྲིས་ཏེ། ཀྱེ་ག་ཏ་མ་བདག་ལ་ཀཱར་ཥ་པ་ཎ་ལྔ་བརྒྱ་ཙམ་མ་སྩལ་གྱི་བར་དུ་རི་མོ་འདི་ལས་མ་འདའ་ཞིག་ཅེས་གསོལ་པས། བཅོམ་ལྡན་འདས་ཀྱིས་ཀྱང་ལས་ཆུད་མི་ཟ་བར་བསྟན་པ་དང་། མ་བྱིན་ལེན་པ་ལས་བཟློག་པའི་ཕྱིར་དེ་ཉིད་དུ་བཞུགས་སོ། །དེ་ལྟར་བཅོམ་ལྡན་འདས་བྲམ་ཟེས་ལམ་བཀག་པར་ཐོས་ནས་རྒྱལ་པོ་གསལ་རྒྱལ་དང་། རི་དྭགས་འཛིན་གྱི་མ་ས་ག་དང་། བཙུན་མོའི་འཁོར་གྱི་བླ་དྲང་སྲོང་སྦྱིན་དང་། གནའ་མི་དང་། བརྒྱ་བྱིན་དང་། ཚངས་པ་སོགས་ལྷ་རྣམས་དང་། རྣམ་ཐོས་ཀྱི་བུ་ལ་སོགས་པས་རང་རང་གིས་གསེར་དངུལ་སོགས་ཁྱེར་ཏེ་བྲམ་ཟེ་ལ་སྦྱིན་པར་བརྩམས་ཀྱང་། དེ་དག་ལ་བཅོམ་ལྡན་འདས་ཀྱིས་ཁྱེད་རྣམས་ཀྱིས་སྦྱིན་པར་བྱ་བ་མ་ཡིན་ནོ་གསུངས། དེའི་འོག་ཏུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཐོས་ནས་གསེར་གྱི་གཞོང་པ་དངུལ་གྱིས་བཀང་པའི་སྟེང་དུ་ཀཱར་ཥ་པ་ཎ་ལྔ་བརྒྱ་བཞག་སྟེ་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་ཕྱིན་ཏེ་ཕུལ་བ་ན། བཀའ་སྩལ་པ། ཁྱིམ་བདག་འདི་དག་ནི་ཁྱེད་ཀྱིས་སྦྱིན་པར་བྱ་བ་ཡིན་གྱིས་བྲམ་ཟེ་ལ་བྱིན་ཅིག དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གསེར་གྱི་གཞོང་པ་གང་བ་དེ་བྲམ་ཟེ་ལ་བྱིན་ནོ། །དེར་དགེ་སློང་རྣམས་ཐེ་ཚོམ་དུ་གྱུར་ཏེ་དེའི་དོན་གསོལ་ཏེ། བཅོམ་ལྡན་འདས་ཇི་སྲིད་ཅིག་ནས་འདིའི་བུ་ལོན་ཆགས་ལགས་བཀའ་སྩལ་པ། སྔོན་བྱུང་བ་འདས་པའི་དུས་གྲོང་ཁྱེར་ཝཱ་རཱ་ཎ་སཱིའི་རྒྱལ་པོ་ཚངས་སྦྱིན་གྱི་བུ་ཐུ་བོ་རྒྱལ་ཚབ་བྱེད་པ་དེ་དཔྱིད་ཀྱི་དུས་སུ་སྐྱེད་མོས་ཚལ་དུ་སོང་བ་ན། རྒྱལ་བུ་དེའི་གྲོགས་བློན་པོའི་བུ་ཞིག་ཡོད་པ་དེ་དང་རྒྱན་པོ་བ་གཞན་ཞིག་གཉིས་ཆོ་ལོ་རྩེ་བས་བློན་པོའི་བུས་ཀཱར་ཥ་པ་ཎ་ལྔ་བརྒྱ་སྐུག་ཏུ་ཤོར་བ། རྒྱལ་བུས་བློན་པོའི་བུའི་གཉའ་བྱས་ཏེ་མི་དེ་ལ་མ་བྱིན་ནོ། །དེའི་དུས་ཀྱི་རྒྱལ་པོའི་བུར་གྱུར་པ་དེ་ནི་ང་ཉིད་ཡིན་ལ་བློན་པོའི་བུ་ནི་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་། རྒྱན་པོ་བྱེད་པ་དེ་ནི་བྲམ་ཟེ་འདི་ཁོ་ན་ཡིན་ཏེ། ངས་དེའི་ཚེ་རྒྱལ་པོའི་བུ་ཡིན་སྙམ་ནས་རྒྱན་པོ་བྱེད་པ་དེ་ལ་ཀཱར་ཥ་པ་ཎ་མ་བྱིན་པ་དེས་ང་འཁོར་བ་ན་ལོངས་སྤྱོད་ཀྱིས་ཕོངས་པ་མཐའ་ཡས་པ་མྱོང་བ་ད་ལྟར་སངས་རྒྱས་པ་ན་ཡང་འདིས་བུ་ལོན་བདས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །དེ་བཞིན་དུ་དཀར་བས་དཀར་བ་དང་། ལས་འདྲེས་མས་ནི་རྣམ་པར་སྨིན་པ་ཡང་འདྲེས་མར་འགྱུར་རོ། །དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་དང་འདྲེས་མ་རྣམས་སྤངས་ལ་ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱའོ། །མ་བྱིན་པ་ལེན་པ་སྤང་བ་ལ་ཡང་འབད་པར་བྱ་སྟེ། ཅི་ནས་དེ་ལྟ་བུའི་ཉེས་པར་མི་འགྱུར་བར་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ་ཞེས་གསུངས་སོ། །འདིར་ཀུན་ཏུ་རྒྱུ་རབ་བཟང་གི་སྔོན་གྱི་རབས་རྣམས་འབྱུང་སྟེ་གོང་དུ་བསྟན་པ་དང་ཚུལ་མཐུན་ནོ། །དེ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱང་བསྟན་པ་ཡིན་པས་གུས་པ་བསྐྱེད་ལ་ཡོན་ཏན་གྱི་རྗེས་སུ་སློབ་པར་བྱའོ། །

མོའུ་འགལ་གྱི་བུ་དེ་བས་ན་ཅི་ནས་ཡི་དྭགས་དེའི་ཉེས་པ་དེ་ལྟ་བུ་དག་མི་འབྱུང་བར་བྱ་བའི་ཕྱིར་སེར་སྣ་སྤང་བ་ལ་བརྩོན་པ།

༈ ཡང་བཅོམ་ལྡན་འདས་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་བླ་ན་མེད་པའི་ཡེ་ཤེས་བརྙེས་པ་དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མོའུ་འ གལ་གྱི་བུ་གཉིས་ཀྱིས་འདི་ལྟར་དམ་བཅས་ཏེ། སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་རྣམས་ཀྱི་ནང་ནས། སེམས་ཅན་གཅིག་ཙམ་ཡང་ཐར་པར་མ་བྱས་ཀྱི་བར་དུ་ཟན་མི་ཟའོ་ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་དེ་གཉིས་དུས་རེས་འགའ་ནི་དམྱལ་བ་དང་། རེས་འགའ་ནི་དུད་འགྲོ་དང་། རེས་འགའ་ནི་ཡི་དྭགས་ཀྱི་ནང་དུ་རྒྱུ་ཞིང་འགྲོ་སྟེ་དེ་གཉིས་ཀྱིས་སེམས་ཅན་གནོད་པ་སྣ་ཚོགས་ཀྱིས་ཉེན་པ་མཐོང་ནས། འཁོར་བཞི་པོ་རྣམས་ལ་བརྗོད་ཅིང་དེས་སྐྱོ་བར་གྱུར་པ་ན་དེ་དང་མཐུན་པའི་ཆོས་བསྟན་པས་ཁྱད་པར་མ་ཐོབ་པ་རྣམས་ཐོབ་པར་འགྱུར་བ་དང་། གཞན་དག་ཀྱང་དགེ་བའི་རྩ་བ་ལ་བསྐུལ་བར་བྱེད་པ་ལས་ཕྱིས་ཞིག་ན་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཡི་དྭགས་ཀྱི་ནང་དུ་རྒྱུ་ཞིང་སོང་བ་ལས། ཡི་དྭགས་ལྟོ་བ་ནི་རི་ཙམ་ལ་ཁ་ནི་ཁབ་མིག་ཙམ་སྟེ། རང་གི་སྐྲས་ཡོགས་པ། འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་ནས་འཚིག་ཅིང་ཉམ་ཐག་པའི་སྐད་འབྱིན་ཏེ་སྡུག་བསྔལ་དྲག་པོ་དང་མི་བཟོད་པ་དང་ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བ་དང་། བཤང་གཅི་གར་ཡོད་ཀྱི་སར་འཁོད་པ་ལ་དེ་ཡང་བདེ་བླག་ཏུ་མི་རྙེད་པ་ཞིག་མཐོང་ངོ་། །དེ་ནས་གནས་བརྟན་དེས་ཡི་དྭགས་དེ་ལ་དྲིས་པ་ཀྱེེ་ཁྱེད་ཀྱི་ལས་ཅི་ཞིག་བྱས་ནས་སྡུག་བསྔལ་དྲག་པོ་དང་མི་བཟད་པ་མྱོང་། ཡི་དྭགས་ཀྱིས། ཉི་མ་ཤར་བ་ན་སྒྲོན་མ་མི་དགོས་ཀྱིས་བཅོམ་ལྡན་འདས་ལ་དོན་འདི་ཞུས་ཤིག་དང་། དེས་ཁྱོད་ལ་བདག་གི་ལས་ཀྱི་རྣམ་པ་ལུང་སྟོན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་བཅོམ་ལྡན་འདས་ཀྱིས་འཁོར་རྣམ་བཞི་ལ་ཆོས་སྟོན་པའི་སྤྱན་སྔར་ཕྱིན་པ་ན་བཅོམ་ལྡན་འདས་ཀྱིས་མོའུ་འགལ་གྱི་བུ་ཚུར་ཤོག་ཁྱོད་འོངས་པ་ལེགས་སོ། །ཁྱོད་ད་གདོད་ག་ནས་འོང་། མོའུ་འགལ་གྱི་བུས་སྔར་གྱི་ལོ་རྒྱུས་རྣམས་གསོལ་ཏེ། ལུས་ཆེན་རི་བོ་མཐོན་པོ་འདྲ་བ་ལ། །མཆུ་དང་ལྐོག་མ་སྐམ་ཤིང་ཤིན་ཏུ་སྡུག ། རང་གི་སྐྲས་ནི་གདོང་ཡོགས་གཅེར་བུར་མཆིས། །མཆུ་སྒོ་ཕྲ་ཁབ་མིག་འདྲ་རབ་ཏུ་རིད། །དེ་ལྟར་གཅེར་བུ་སྐྲས་ཡོགས་པ། །རུས་པའི་འཁྲུལ་འཁོར་བསྒྲང་བ་བཞིན། །ཐོད་པ་ཐོགས་ཤིང་མི་བཟད་ལ། །ངུ་ཞིང་ཀུན་ཏུ་རྒྱུགས་པར་བགྱིད། །བཀྲེས་པ་དང་ནི་སྐོམ་པ་ཡིས། །དུབ་ཅིང་སྡུག་བསྔལ་དག་གིས་ཉེན། །ཉམ་ཐག་སྐད་ཀྱང་འབྱིན་པར་བགྱིད། །སྡུག་བསྔལ་ཚོར་བ་རབ་ཏུ་མྱོང་། །དེ་ཡིས་མི་ཡི་འཇིག་རྟེན་དུ། །རབ་འཇིགས་སྡིག་པ་ཅི་བགྱིས་ན། །དེར་ནི་སྡུག་བསྔལ་འདི་འདྲ་བ། །འཇིགས་སུ་རུང་བ་མྱོང་བར་འགྱུར། །བཅོམ་ལྡན་འདས་ཀྱིས་མོའུ་འགལ་གྱི་བུ་ཡི་དྭགས་དེ་ནི་སྡིག་པའི་ལས་བྱེད་བྱེད་པ་ཡིན་ཏེ། སྔོན་འདས་པའི་དུས་ན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ཚོང་དཔོན་ཕྱུག་པོ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ་ཞིག་ལ་བུར་ཤིང་བཙིར་བའི་གནས་གྲ་ལྔ་བརྒྱ་ཡོད་དེ། དེ་དག་ཏུ་བུ་ར མ་གྱི་ཤིང་འཚིར་བར་བྱེད་དོ། །དེར་རང་སངས་རྒྱས་ཞིག་རླུང་ནད་ཀྱིས་ཐེབ་སྟེ། དེར་བུར་ཤིང་གི་ཁུ་བ་སློང་དུ་བྱོན་པས། ཁྱིམ་བདག་དེ་དད་ནས་བུར་ཤིང་འཚིར་བའི་མི་ཞིག་ལ་བུར་ཤིང་གི་ཁུ་བ་ཕུལ་ཅིག་བྱས་སོ། །དེས་གཞན་གྱི་རྫས་ལ་སེར་སྣ་སྐྱེས་ཏེ། འདི་ལ་བུ་རམ་གྱི་ཁུ་བ་བྱིན་ན་ཕྱིས་ཀྱང་འདིར་འོང་བར་འགྱུར་རོ་སྙམ་སྟེ། ངན་སོང་གསུམ་ལ་གཞོལ་བ། མཐོ་རིས་ཀྱི་གནས་གཉིས་བོར་བ། འཕགས་པའི་ལམ་ལ་རྒྱབ་ཀྱིས་ཕྱོགས་པ་དེས། རང་སངས་རྒྱས་དེ་ལ། དགེ་སློང་ལྷུང་བཟེད་ཚུར་བྱིན་ཅིག་དང་། བུར་ཤིང་གི་ཁུ་བ་སྦྱིན་ནོ་ཞེས་བྱས་སོ། །ཉན་ཐོས་ཀྱི་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་ནི་མ་དགོངས་ཀྱི་བར་དུ་མངོན་ཤེས་མི་འཇུག་པས། དེ་ལ་ཕན་གདགས་པར་དགོངས་ནས་ལྷུང་བཟེད་བྱིན་པ་དང་། དེས་ཕག་ཏུ་ཁྱེར་ནས་ནང་དུ་གཅིན་གྱིས་བཀང་ཞིང་། སྟེང་དུ་བུར་ཤིང་གི་ཁུ་བའི་དབུ་བས་བཀབ་ནས་ཕུལ་བས། དེས་ཚོར་ཏེ་ཕོས་ནས་གཤེགས་སོ། །དེའི་དུས་ཀྱི་བུར་ཤིང་གི་ལས་བྱེད་པ་དེ་ནི་ཡི་དྭགས་འདི་ཡིན་ཏེ། ལས་དེའི་རྣམ་པར་སྨིན་པས་འཁོར་བ་ན་སྡུག་བསྔལ་མཐའ་ཡས་པ་མྱོང་བར་གྱུར་ལ་ད་ལྟར་ཡང་ཡི་དྭགས་སུ་གྱུར་ནས་སྡུག་བསྔལ་མི་བཟད་པ་མྱོང་བ་ཡིན་ནོ། །མོའུ་འགལ་གྱི་བུ་དེ་བས་ན་ཅི་ནས་ཡི་དྭགས་དེའི་ཉེས་པ་དེ་ལྟ་བུ་དག་མི་འབྱུང་བར་བྱ་བའི་ཕྱིར་སེར་སྣ་སྤང་བ་ལ་བརྩོན་པར་བྱའོ་གསུངས་སོ། །

དེ་བས་ན་ཉེས་པ་དེ་ལྟར་མི་འོང་བར་བྱ་བའི་ཕྱིར་སེར་སྣ་སྤང་བ་ལ་བརྩོན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། མོའུ་འགལ་གྱི་བུ་ཤིང་དྲུང་ཞིག་ཏུ་བཞུགས་པ་ན་ཡི་དྭགས་མོ་ཞིག་གིས་བདག་བཀྲེས་སོ་སྐོམ་མོ་ཞེས་ཉམ་ཐག་གི་སྐད་འབྱིན་པ་གསན་ནས་དེར་གཟིགས་པ་ན། སྨོས་མ་ཐག་པ་ལྟ་བུའི་ཡི་དྭགས་མོ་ཞིག་གཟིགས་ནས། གཏམ་དྲིས་པ་ན། དེས་བཅོམ་ལྡན་འདས་ལ་ཞུས་ཤིག་དེ་ནས་མོའུ་འགལ་ཆེན་པོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ཏེ་སྔ་མའི་ཚུལ་གྱིས་དོན་དེ་གསོལ་པ་ན། བཅོམ་ལྡན་འདས་ཀྱིས་སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ། ཝཱ་རཱ་ཎ་སཱིའི་ཁྱིམ་བདག་གཅིག་གི་ཆུང་མ་སེར་སྣ་ཅན་འཇུངས་པ་ཡོ་བྱད་རྣམས་ཀུན་ཏུ་འཛིན་པ། ཁྭ་ལའང་གཏོར་མ་མི་སྟེར་ན་གཞན་དག་ལ་ལྟ་ཅི་སྨོས་ཏེ། དགེ་སྦྱོང་དང་བྲམ་ཟེ་དང་སྡུག་ཅིང་ཕོངས་པ་དང་། བཀྲེས་པ་དག་མཐོང་ན་སེམས་ཀྱིས་སྡང་བར་བྱེད་དོ། །རེ་ཞིག་ན་དགེ་སློང་བསོད་སྙོམས་པ་ཞིག་ཁྱིམ་དུ་འོངས་པ་ན། ཕྱིས་ཀྱང་འོང་གིས་དོགས་ནས་དེ་ནང་དུ་བོས་ཏེ་སྒོ་བཅད་ནས་སྨྱུང་དུ་བཅུག་གོ །དེ་ལ་མང་དུ་སྤྱོས་ཏེ། དགེ་སློང་ཁྱོད་ལ་བཀུར་སྟི་མ་ཡིན་པ་བྱས་པ་འདི་ཡིན་གྱིས། ཕྱིན་ཆད་ཁྱིམ་འདིར་མ་འོངས་ཤིག་ཅེས་བྱས་སོ། །དེ་ནས་དེ་སེར་སྣ་ཀུན་ཏུ་བརྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེ་ཡི་དྭགས་སུ་སྐྱེས་སྟེ། དེ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་ངོ་། །དེ་བས་ན་ཉེས་པ་དེ་ལྟར་མི་འོང་བར་བྱ་བའི་ཕྱིར་སེར་སྣ་སྤང་བ་ལ་བརྩོན་པར་བྱའོ་གསུངས། །ཡང་སྟོན་པ་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས་པའི་ཚེ། འཕགས་པ་མོའུ་འགལ་གྱི་བུ་ཆེན་པོ་ཡི་དྭགས་ཀྱི་ནང་དུ་བྱོན་པ་ན། དེར་ཡི་དྭགས་མོ་སྔར་སྨོས་པ་ལྟ་བུ་ལ་དེས་མཐོང་བ་ཙམ་གྱིས་ཆུ་ཀླུང་ད ང་ཁྲོན་པ་རྣམས་སྐམ་པར་འགྱུར་བ་དང་གང་གི་ཚེ་ཆར་འབབས་པ་དེའི་ཚེ་དེའི་སྟེང་དུ་མེ་སྟག་འཕྲོ་བའི་མདག་མེའི་ཆར་འབབས་པ་ཞིག་མཐོང་ནས་སྔ་མའི་ཚུལ་གྱིས་བཅོམ་ལྡན་འདས་ལ་གསོལ་པས་བཀའ་སྩལ་པ། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་དགེ་སློང་ཞིག་ལམ་དུ་ཞུགས་པ་དེ་སྐོམ་གྱིས་གདུངས་ཏེ། ཁྲོན་པའི་དྲུང་དུ་སོང་བ་ན་བུ་མོ་ཞིག་བུམ་པ་ཆུས་བཀང་སྟེ་འདུག་པ་ལ། དགེ་སློང་དེས་ཆུ་བསླངས་པས། བུ་མོ་དེ་སེར་སྣ་སྐྱེས་ཏེ། དགེ་སློང་བདག་གི་བུམ་པ་འགྲིབ་ཏུ་འོང་གིས་གལ་ཏེ་ཁྱོད་ཤི་ནའང་ཆུ་མི་སྦྱིན་ནོ་ཞེས་སྨྲས་པས། དགེ་སློང་དེ་སྐོམ་གྱིས་གདུང་བཞིན་དུ་རེ་ཐག་ཆད་ནས་སོང་ངོ་། །དེ་ནས་བུ་མོ་དེས་སེར་སྣ་ཀུན་ཏུ་བརྟེེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དེ་ལྟ་བུས་ཤི་ནས་ཡི་དྭགས་སུ་སྐྱེས་ཏེ། དེ་ལྟ་བུའི་སྡུག་བསྔལ་མི་བཟད་པ་མྱོང་ཞིང་འདུག་གོ་གསུངས་སོ། །ཡང་བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་པའི་ཚེ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་སྔ་དྲོའི་དུས་སུ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་བྱོན་ནས་ཕྱི་དྲོ་བྱ་རྒོད་ཕུང་པོའི་རི་བོ་ལ་འཛེགས་ཏེ་ཤིང་དྲུང་ཞིག་ན་བཞུགས་པའི་ཚེ། ཡི་དྭགས་མོ་སྔར་སྨོས་པ་ལྟ་བུ་ལ། ལུས་ལ་ཕྱི་སའི་དྲི་བྲོ་ཞིང་ཟས་སུ་ཕྱི་ས་ཟ་ལ་དེ་ཡང་བདེ་བླག་ཏུ་མི་རྙེད་པ་ཞིག་གཟིགས་ནས་དོན་དེ་བཅོམ་ལྡན་འདས་ལ་གསོལ་པ་ན། སྔོན་ཝཱ་རཱ་ཎ་སཱི་ན་རང་སངས་རྒྱས་ཞིག་བཞུགས་པ་དེ་གྲོང་དུ་བསོད་སྙོམས་ལ་གཤེགས་པའི་ཚེ། ཡུལ་དེའི་ཚོང་དཔོན་ཞིག་ལ་བསོད་སྙོམས་བསླངས་པས། དེས་རང་གི་མནའ་མ་ལ་འཕགས་པ་ལ་ཁ་ཟས་མཐུན་པ་ཕུལ་ཅིག་ཅེས་བྱས་པས། མནའ་མ་དེ་སེར་སྣ་སྐྱེས་ནས་སླད་མི་འོང་བའི་ཕྱིར་ལྷུང་བཟེད་བླངས་ནས་ཕྱོགས་གཅིག་{ཅིག}ཏུ་སོང་སྟེ་དེ་ཕྱི་སས་བཀང་ཞིང་སྟེང་དུ་འབྲས་ཆེན་གྱིས་བཀང་སྟེ་རང་སངས་རྒྱས་ལ་ཕུལ་ལོ། །རྒྱུ་དེས་ཚོང་དཔོན་གྱིས་མནའ་མ་དེ་དེ་ཕྱིན་ཆད་རྟག་ཏུ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་རྣམས་སུ་སྐྱེས་ཏེ་རྟག་ཏུ་ཕྱི་ས་ཟ་བར་གྱུར་ཏོ། །དེ་བས་ན་སེར་སྣ་སྤང་བ་ལ་བརྩོན་པར་བྱ་སྟེ། ཉེས་པ་དེ་ལྟ་བུ་དག་འོང་བར་མི་འགྱུར་བ་ལ་བསླབ་པར་བྱའོ་ཞེས་བཀའ་སྩལ་ཏོ། །ཡང་སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། རྒྱལ་པོའི་ཁབ་ཀྱི་ཕ་རོལ་འོད་མའི་ཚལ་གྱི་ཚུར་རོལ་ན། སྔར་སྨོས་པ་ལྟ་བུའི་ཡི་དྭགས་མོ་ཤིན་ཏུ་མི་སྡུག་ཅིང་སྡུག་བསྔལ་ལ་ཉམ་ཐག་པའི་སྐད་འབྱིན་པ་ལྔ་བརྒྱ་ཙམ་ཁྭ་ཁྱུས་ལྡིང་བ་བཞིན་དུ་ནམ་མཁའ་ལ་འཁོར་ཏེ། གང་དུ་ཡང་འདུག་ས་མི་རྙེད་པ་འཕགས་པ་མོའུ་འགལ་བུས་གཟིགས་ནས། དེ་དག་འཕགས་པའི་དྲུང་དུ་འོངས་ཏེ་ཚིག་མཐུན་པར། བཙུན་པ་མོའུ་འགལ་གྱི་བུ་བདག་ཅག་ནི་རྒྱལ་པོའི་ཁབ་ཏུ་ཚོང་དཔོན་ལྔ་བརྒྱར་གྱུར་ཏེ། བདག་ཅག་སེར་སྣ་ཅན་འཇུངས་པ་ཡོ་བྱད་རྣམས་ལ་ཀུན་ཏུ་འཛིན་པར་གྱུར་ནས། བདག་ཉིད་ཀྱིས་ཀྱང་སྦྱིན་པ་མ་བྱིན་ལ་གཞན་དག་སྦྱིན་པ་བྱེད་པ་ལ་ཡང་གེགས་བྱས་སོ། །སྦྱིན་པའི་གནས་རྣམས་ལ་ཡང་ཡི་དྭགས་ཀྱི་ཚིག་ལྟ་བུས་མང་དུ་སྤྱོས་ཏེ་ཁྱེད་ནི་ཡི་དྭགས་སུ་སྐྱེས་པ་བཞིན་དུ་གཞན་གྱི་ཁྱིམ་ཕྱི་ཉུག་པའོ། །ཞེས་བྱས་སོ། །དེས་ན་བདག་ཅག་ཤི་བའི་འོག་ཏུ་འདི་ལྟ་བུའི་ཡི་དྭགས་སུ་སྐྱེས་སོ། །བཙུན་པ་མོའུ་འགལ་གྱི་བུ་ཆེན་པོ་དེ་བས་ན་བདག་ཅག་གི་ཉེ་དུ་རྒྱལ་པོའི་ཁབ་ན་གནས་པ་དེ་དག་ལ་བདག་ཅག་གི་ལས་ཀྱི་རྣམ་པ་ཤེས་པར་མཛོད་ལ་དད་པ་དྲིས་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བཤོས་གསོལ་ནས། བདག་ཅག་གི་སླད་དུ་ཡོན་བསྔོ་བར་ཞུས་ཤིག དེས་བདག་ཅག་ཡི་དྭགས་ཀྱི་སྐྱེ་གནས་ནས་ཐར་ཀྱང་སྲིད་དོ་ཞེས་གསུངས་ཤིག་ཅེས་སྨྲས་སོ། །དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུས་དེ་དག་གི་ཉེ་དུ་རྣམས་ལ་གཏམ་སྨྲས་ཏེ། ཕྱི་ཉིན་དེར་སངས་རྒྱས་འཁོར་དང་བཅས་པ་སྤྱན་འདྲེན་པར་བྱས་ནས། ཡི་དྭགས་དེ་རྣམས་ལ། སང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་བཤོས་ལ་སྤྱན་དྲངས་ཀྱིས་ཁྱེད་ཀྱང་དེར་ཤོག་ཅིག་བྱས་སོ། །དེ་དག་གི་ཉེ་དུ་རྣམས་ལའང་། ཁྱེད་ཀྱང་ཤོག་དང་ཉེ་དུའི་མཆོད་སྟོན་བྱེད་པ་དེར་ཡི་དྭགས་དེ་རྣམས་ཀྱང་མཐོང་བར་འགྱུར་རོ་ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཉིད་མཆོད་སྟོན་གྱི་ཞལ་ཏ་བྱེད་པ་ལ་ཞུགས་ནས་ནངས་པར་གྱི་གདུགས་ཚོད་ལ་བབ་པ་ན་ཡི་དྭགས་དེ་རྣམས་མི་སྣང་ནས་མཐར་མངོན་ཤེས་ཀྱི་རྩལ་ཅི་ཡོད་ཀྱིས་བལྟས་ཀྱང་མ་མཐོང་ངོ་། །དེ་བཅོམ་ལྡན་འདས་ལ་གསོལ་པ་ན་བཀའ་སྩལ་པ་ཁྱོད་མི་དགར་མ་བྱེད་ཅིག ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་ལས་འདས་པའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་ཡོད་དེ་དེ་དག་ཏུ་ལས་རླུང་གིས་འཕངས་མོད་ཀྱིས། འོན་ཀྱང་དེ་བཞིན་གཤེགས་པའི་སྟོབས་ལ་ལྟོས་ཤིག ཐམས་ཅད་མཁྱེན་པའི་ཡེ་ཤེས་གཟིགས་པ་མངོན་པར་བྱའོ། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་བ་ཡང་བསྟན་གྱིས་གཎྜི་རྡུངས་ཤིག དེ་ནས་གཎྜི་བརྡུངས་པ་དང་དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱང་འདུས། ཡི་དྭགས་ཀྱི་ཉེ་དུ་རྣམས་དང་ཡི་དྭགས་མཐོང་བར་འདོད་པའི་སེམས་ཅན་གཞན་དག་ཀྱང་ལྟད་མོ་ལ་ལྷགས་ཏེ་འདུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་ཡི་དྭགས་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་གསོལ་བ་མཐོང་བར་འགྱུར་བ་དང་བདག་ཅག་གི་ཕྱིར་ཉེ་དུ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བཤོས་གསོལ་ཞིང་འཁོད་དེ་སྙམ་དུ་དྲན་པ་རྙེད་པར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་བསྟན་ཏོ། །དེ་ནས་ཡོན་གྱི་རབས་གསུངས་པ། སྦྱིན་པ་འདི་ཡི་བསོད་ནམས་གང་། །དེ་ནི་ཡི་དྭགས་ཕྱི་བཞིན་སོང་། །ཡི་དྭགས་འཇིག་རྟེན་རབ་འཇིགས་ལས། །དེ་དག་མྱུར་དུ་ཐར་གྱུར་ཅིག ། ཅེས་བསྔོ་བར་མཛད་ཅིང་། གཞི་དེ་ལ་བརྟེན་ནས་དེ་དང་མཐུན་པའི་ཆོས་བསྟན་པས། སྲོག་ཆགས་འབུམ་ཕྲག་དུ་མ་སེར་སྣའི་དྲི་མ་སྤངས་ཏེ་བདེན་པ་མཐོང་བར་གྱུར་ཏོ། །ཡི་དྭགས་དེ་རྣམས་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏེ་ཤི་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་ཡུལ་དུ་སྐྱེས་ཏེ་གནས་གསུམ་ལ་བརྟགས་ནས་ཞག་མ་ལོན་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཏེ་ཆོས་མཉན་ནས་བདེན་པ་མཐོང་སྟེ་ཕྱིར་ལྷ་ཡུལ་དུ་སོང་ངོ་། །དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ལ་བཀའ་སྩལ་པ། ཁྱོད་ཀྱི་ཡི་དྭགས་མང་པོ་དག་ལྷའི་ནང་དུ་བཀོད་ནས། དེ་དག་ཀྱང་མདང་སུམ་ངའི་ཐད་དུ་འོངས་ཏེ། དེ་དག་ལ་ངས་ཆོས་བསྟན་ནས་དེ་དག་གིས་རྙེད་པར་བྱ་བ་རྙེད་དེ་མཐོང་བར་འགྱུར་བ་རྙེད་ནས་དོང་བ་དེ་ནི། ཁྱོད་ཀྱིས་ཞལ་ཏ་བྱས་པ་འབྲས་བུ་ཡོད་པར་གྱུར་ཏེ་ལེགས་སོ་ལེགས་སོ། །དེ་ནས་དེ་མོའུ་འགལ་ཆེན་པོས་ཉེ་དུ་ རྣམས་ལ་གོ་བར་བྱས་པས་མཆོག་ཏུ་ཡ་མཚན་དུ་གྱུར་ཏེ་བཅོམ་ལྡན་འདས་ལ་བཀུར་སྟི་བྱས་སོ། །ཡང་སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་བ་རྣམ་ཐོས་བུའི་ནོར་དང་འགྲན་པ་ཞིག་གིས་ཆུང་མ་ལ། རྒྱུ་སྐར་ཆུ་སྨད་ལ་བབ་པའི་རེས་ཤིག་ན་ཁྱེའུ་ཞིག་བཙས་པ་ལ་མིང་ཆུ་སྨད་ཅེས་བཏགས་སོ། །དེ་ཆེར་སྐྱེས་ནས་ཕ་ཤི་བའི་འོག་ཏུ་ཁྱིམ་གྱི་བདག་པོར་གྱུར་ནས་ཉོ་འཚོང་གིས་འཚོ་བར་བྱེད་ཅིང་། ཉིན་རེ་བཞིན་སངས་རྒྱས་ཀྱི་སྤྱན་སྔར་འགྲོ་ཞིང་ཆོས་ཉན་པས་དད་པར་གྱུར་ཏེ། རབ་ཏུ་བྱུང་བར་འདོད་པ་ན། མ་དེས་བདག་མ་ཤིའི་བར་དུ་རབ་ཏུ་མ་བྱུང་ཞིག དེའི་འོག་ཏུ་ཅི་དགའ་བར་བྱོས་ཤིག དེ་ནས་དེས་ཀྱང་མ་ཡི་ངག་ཉན་ཏེ་ཅི་སྙེད་པ་ཐམས་ཅད་མ་ལ་བྱིན་ཏེ། ཡུམ་འདིས་དགེ་སྦྱོང་དང་བྲམ་ཟེ་དང་སྡུག་ཅིང་ཕོངས་པ་དང་བཀྲེན་པ་རྣམས་ལ་སྦྱིན་པ་དག་གྱིས་ཤིག་ཅེས་བྱས་སོ། །དེའི་མ་དེ་ནི་བརྐམ་ཆགས་ཅན་འཇུངས་པ་ཡོ་བྱད་རྣམས་ཀུན་ཏུ་འཛིན་པ་ཞིག་སྟེ་ཀཱཪྵ་པ་ཎ་དེ་དག་སྦས་ཏེ། དགེ་སློང་དང་བྲམ་ཟེ་གང་དག་ཟས་འདོད་དེ་ཁྱིམ་དེར་འོངས་པ་དེ་དག་ལ་ཁྱེད་ནི་ཡི་དྭགས་སུ་སྐྱེས་པ་བཞིན་དུ་ཁྱིམ་ཕྱི་ཉུག་ཅིང་སློང་ངོ་ཞེས་ཟེར་རོ། །བུ་དེ་ལ་ཡང་སླུ་བར་བྱེད་དེ། བདག་གིས་ཉིན་གཅིག་བཞིན་དུ་དགེ་སློང་འདི་སྙེད་ཅིག་ལ་ཟན་བྱིན་ནོ་ཞེསཟེར་རོ། །ཕྱིས་རེ་ཞིག་ན་ཤི་སྟེ་ཡི་དྭགས་སུ་སྐྱེས་ཤིང་བུ་ཆུ་སྨད་ནི་མ་དང་བྲལ་བའི་མྱ་ངན་གྱིས་ནོན་ཏེ་སྦྱིན་པ་དག་བྱིན་བསོད་ནམས་དག་བྱས་ནས་ཁྱིམ་གྱི་འཁོར་བཏང་སྟེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་བརྩོན་པས་རིམ་གྱིས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེ་ནས་དེ་ཕྱིས་ཞིག་ན་ཆུ་ཀླུང་གང་གའི་འགྲམ་དུ་ལོ་མའི་སྤྱིལ་པོ་བྱས་ཏེ་གནས་པ་ན། དེའི་མ་ཡི་དྭགས་སུ་སྐྱེས་པ་དེ་འོངས་ནས་སྨྲས་པ། བུ་གཅིག་གང་ལས་བཙས་པ་ཡི། །བྱམས་པའི་མ་ནི་བདག་ཡིན་ཏེ། །ཟས་དང་སྐོམ་དང་བྲལ་བ་ཡི། །ཡི་དྭགས་རྣམས་ཀྱི་ནང་དུ་སྐྱེས། །བདག་ནི་ཤི་བའི་དུས་འདས་ནས། །ལོ་གྲངས་ཉི་ཤུ་ལྔ་ལོན་ཏེ། །ཆུ་ཡི་བག་ཀྱང་མ་མཐོང་ན། །ཁ་ཟས་ལྟ་ཞིག་ག་ལ་མཐོང་། །འབྲས་བུར་ལྡན་པའི་ཤིང་རྣམས་ནི། །དྲུང་སོང་དེ་དག་འབྲས་མེད་འགྱུར། །གང་བའི་མཚོ་འགྲམ་བདག་སོང་ཡང་། །དེ་དག་ཀྱང་ནི་སྐམ་པར་འགྱུར། །བཙུན་པའི་ཤིང་དྲུང་བདེ་བ་ལགས། །ཁྱོད་ཀྱི་སྣོད་ནང་ཆུ་ཡང་བསིལ། །བཀྲེན་པ་དག་ལ་ཐུགས་རྗེ་སྐྱེད། །སྐོམ་གྱིས་གདུངས་ཀྱིས་ཆབ་སྩོལ་ཅིག ། དེ་ནས་ཆུ་སྨད་ཀྱིས་མ་ལ་སྨྲས་པ། ཡུམ་ཁྱོད་མིར་གྱུར་པའི་ཚེ་བདག་གི་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དུ་མ་བཅུག་གམ། ཡི་དྭགས་མོས་སྨྲས་པ། བུ་གཅིག་བདག་ནི་སེར་སྣས་ནོན་པས་སྦྱིན་པ་དག་ཀྱང་མ་བྱིན་བསོད་ནམས་དག་ཀྱང་མ་བྱས་སྟེ་ནོར་རྙེད་པ་དེ་དག་སྡིག་པའི་སེམས་ཀྱིས་དོང་དུ་སྦས་སོ། །བུ་གཅིག་དེ་བས་ན་བདག་གི་ཕྱིར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བཤོས་གསོལ་ནས་ཡོན་གྱི་རབ་འདོན་པར་གསོལ་ཅིག དེས་བདག་ཡི་དྭགས་ཀྱི་སྐྱེ་གནས་ནས་ཐར་པ་ཡང་སྲིད་དོ། །ཆུ་སྨད་ཀྱིས་དེ་ལྟར་བགྱི་ཡིས་ཁྱོད་ཀྱང་གྲལ་དཔོན་གྱི་མདུན་དུ་འདུག་ཅིག ཡི་དྭགས་མོས། བདག་ནི་གཅེར་བུར་འདུག་པས་ངོ་ཚ་སྟེ་མི་ནུས་སོ། །ཆུ་སྨད་ཀྱིས། ཡུམ་ཁྱོད་སྡིག་པ་བྱེད་པའི་ཚེ་ངོ་མི་ཚ་ན། ད་ལྟ་འབྲས་བུ་མྱོང་བའི་ཚེ་ཅིའི་ཕྱིར་ངོ་ཚ། ཡི་དྭགས་མོས་འོ་ན་དེ་བཞིན་དུ་འོང་བར་བྱའོ། །དེ་ནས་ཆུ་སྨད་ཀྱིས་ཉེ་དུ་རྣམས་ལ་བསྐུལ་ནས། དེའི་ཕྱི་ཉིན་དུ་སངས་རྒྱས་འཁོར་དང་བཅས་པ་བཤོས་ལ་སྤྱན་དྲངས་ནས། གདུགས་ཚོད་ལ་བབ་པ་ན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དག་ཀྱང་འདུས། ཡི་དྭགས་མོ་ཡང་གྲལ་དཔོན་གྱི་མདུན་དུ་འདུག་སྟེ། སྲོག་ཆགས་འབུམ་ཕྲག་དུ་མ་འདུས་པ་རྣམས་ཀྱིས་ཡི་དྭགས་མོ་དེ་མཐོང་ངོ་། །དེ་དག་གིས་དེའི་ལུས་མི་སྡུག་པ་མཐོང་ནས་ཤིན་ཏུ་སྐྱོ་བ་སྐྱེས་ཏེ་སངས་རྒྱས་ལ་སེམས་དགའ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཆུ་སྨད་ཀྱིས་སངས་རྒྱས་འཁོར་དང་བཅས་པ་ཞལ་ཟས་བཟང་པོས་ཚིམས་པར་བྱས་ནས་ཡི་དྭགས་མོའི་ཆེད་དུ་ཡོན་བསྔོ་བར་གསོལ་པ་བཏབ་པས། བཅོམ་ལྡན་འདས་ཀྱིས་ཀྱང་གོང་དུ་བསྟན་པའི་ཚིགས་བཞི་པོ་དེ་གསུངས་ནས་ཡོན་བསྔོ་བར་མཛད་ཅིང་། གཞི་དེ་ལ་བརྟེན་ནས་མཐུན་པའི་ཆོས་བསྟན་པས་སྲོག་ཆགས་འབུམ་ཕྲག་དུ་མས་ཐོས་ནས་བདེན་པ་མཐོང་བར་གྱུར་ཏོ། །ཡི་དྭགས་མོ་དེ་ཡང་སེམས་དགའ་བར་གྱུར་ཏེ་ཤི་ནས་ཡི་དྭགས་རྫུ་འཕྲུལ་ཆེན་མོར་སྐྱེས་སོ། །དེར་ཆུ་སྨད་ཀྱིས་སྨྲས་པ། ཡུམ་ད་ནི་མཐུ་ཡོད་ཀྱིས་སྦྱིན་པ་ཡོངས་སུ་གཏོང་བར་གྱིས་ཤིག དེར་སྨྲས་པ། བུ་གཅིག་བདག་ནི་སྦྱིན་པ་ལ་དགའ་བ་མེད་དེ་མི་ནུས་སོ། །དེར་ཆུ་སྨད་ཀྱིས། ཆགས་པའི་མུན་པས་མིག་ནི་རབ་བསྒྲིབས་ཏེ། །ཁྱོད་ཀྱིས་ཡི་དྭགས་འཇིག་རྟེན་བསྒྲུབས་པ་ཡི། །ཁྱོད་ཀྱིས་རུས་བུ་ཆེན་པོ་ཤ་མེད་པ། །རུས་པ་པགས་པ་སྐྱི་རྣམས་ད་དུང་འདུག ། ཅེས་སྤྱོས་ཏེ་ལན་མང་དུ་སྨྲས་པས། དེའི་འོག་ཏུ་དེ་ལས་རས་ཟུང་ཅིག་ཐོབ་བོ། །དེ་ཆུ་སྨད་ཀྱིས་དགེ་འདུན་ལ་ཕུལ་ཞིང་། དེ་ལས་དགེ་སློང་ཞིག་གིས་ཉོས་ནས་གོས་ཀྱི་གདང་ལ་བཞག་པ་ན། ཡི་དྭགས་མོ་དེ་མཚན་མོ་འོངས་ནས་ཕྱིར་བརྐུས་སོ། །དེ་ནས་དགེ་སློང་དེས་ཆུ་སྨད་ལ་བསྙད་ནས་ཆུ་སྨད་ཀྱིས་ཡི་དྭགས་མོ་ལ་སྤྱོས་ནས་ཕྱིར་བཀུག་སྟེ་བྱིན་ནོ། །དེ་བཞིན་དུ་ལན་གསུམ་གྱི་བར་དུ་ཕྱིར་བརྐུས་པ་ཚུར་བཀུག་པའི་འོག་ཏུ་དགེ་སློང་དེས་ཀྱང་རས་དེ་གཤགས་ནས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་སྟན་ལ་གླན་པས་དེ་ཕྱིན་ཆད་མ་བརྐུས་སོ། །དེ་བས་ན་སེམས་ཅན་རྣམས་ལ་སེར་སྣས་དེ་ལྟར་མཐོ་འཚམ་པར་བྱེད་པ་མཐོང་ནས། ཅིས་ཀྱང་ཡི་དྭགས་མོ་དེའི་ཉེས་པ་དེ་ལྟ་བུ་མི་འབྱུང་བའི་ཕྱིར་སེར་སྣ་སྤང་བ་ལ་བརྩོན་པར་བྱའོ་གསུངས། འདི་གཉིས་ཀྱིས་སེར་སྣའི་ཉེས་དམིགས་དང་གཤིན་པོ་སོགས་ཀྱི་ཕྱིར་ཤུལ་གྱི་ཉེ་དུ་རྣམས་ཀྱིས་དགེ་རྩ་བགྱིས་ཤིང་བསྔོས་པའི་ཕན་ཡོན་གྱི་ཁུངས་ཀྱང་བསྟན་ཏོ། །འདིར་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་ཡི་དྭགས་མོ་དམུས་ལོང་གཟིགས་པའི་ལོ་རྒྱུས་འབྱུང་སྟེ་གོང་གི་ལས་བརྒྱ་པའི་སྐབས་དང་ཕྱོགས་འདྲའོ། །ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་པའི་ཚེ། མཉན་ཡོད་ཀྱི་ཚོང་དཔོན་ཕྱུག་པོ་རྣམ་ཐོས་བུའི་ནོར་དང་ལྡན་པ་ཞིག་ཡོད་པ་དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས། བཅོམ་ལྡན་འདས་ལས་འཁོར་བ་ལས་སྐྱོ་བར་འགྱུར་བའི་ཆོས་ཐོས་པས། དེ་རབ་ཏུ་བྱུང་བས་ཀུན་ལ་གྲགས་པ་དང་བསོད་ནམས་ཆེན་པོ་དང་ལྡན་པར་གྱུར་ཏེ། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ནད་གསོས་དང་། སྨན་ཟོང་རྣམས་རྙེད་པར་གྱུར་ཏོ། །དེས་རྙེད་དོ་ཅོག་རང་གིས་གསོག་པར་བྱས་ཏེ་དགེ་སློང་རྣམས་ལ་བགོ་བཤའ་མ་བྱས་ཤིང་རང་གི་ཡོ་བྱད་ལ་ལྷག་པར་ཞེན་བཞིན་དུ་ཤི་ནས་རང་གི་གནས་ཁང་དུ་ཡི་དྭགས་སུ་སྐྱེས་སོ། །དེ་ནས་དེའི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་གཎྜི་མཇུག་མེད་པ་བརྡུངས་ནས་ཕུང་པོ་ཕྱིར་ཕྱུང་ངོ་། །དེ་ནས་དེའི་རུས་བུ་ལ་རུས་པའི་མཆོད་པ་བྱས་ནས་ཕྱིར་གཙུག་ལག་ཁང་དུ་ལྷགས་ནས་གནས་ཁང་གི་སྒོ་ཕྱེ་སྟེ་ཆོས་གོས་དང་ལྷུང་བཟེད་དགེ་འདུན་གྱི་སྤྱན་སྔར་འབྲིམ་པ་ལ་ཞུགས་པ་ན། དེར་ཡི་དྭགས་རྐང་ལག་དང་མིག་མི་སྡུག་ལ་ལུས་མཆོག་ཏུ་འཇིགས་པ་ཞིག་ཆོས་གོས་དང་ལྷུང་བཟེད་དེ་འཛིན་ཅིང་འདུག་པ་མཐོང་ངོ། །དེ་མཐོང་བ་དང་དགེ་སློང་རྣམས་མི་དགའ་བར་གྱུར་ཏེ། བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་ཕན་གདགས་པ་དང་སློབ་མའི་ཚོགས་རྣམས་སྐྱོ་བ་བསྐྱེད་པ་དང་སེར་སྣའི་རྣམ་པར་སྨིན་པ་མི་སྡུག་པ་ཡང་དག་པར་བསྟན་པའི་ཕྱིར་དགེ་སློང་གི་འཁོར་གྱིས་བསྐོར་ནས་དེར་གཤེགས་པས། ཡི་དྭགས་དེས་དེ་ལྟར་གཤེགས་པ་མཐོང་ནས་བཅོམ་ལྡན་འདས་ལ་སེམས་དགའ་བ་སྐྱེས་ཤིང་རང་ཉིད་ངོ་ཚ་བར་ཡང་གྱུར་ཏོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟང་ཁྱོད་ཉིད་ཀྱིས་བདག་ཉིད་ཕུང་བའི་ཕྱིར་ཆོས་གོས་དང་ལྷུང་བཟེད་འདི་བསྒྲུབས་ཏེ། དེས་ན་ཡི་དྭགས་སུ་སྐྱེས་པ་ཡིན་གྱིས། དེ་ཡང་ང་ལ་སེམས་དགའ་བར་གྱིས་ལ་ཡོ་བྱད་འདི་ལ་ཡང་སེམས་མ་ཆགས་པར་བྱོས་དང་ལེགས་སོ། །འདི་ནས་ཤི་འཕོས་ནས་ཀྱང་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏ་རེ། དེ་ནས་ཡི་དྭགས་དེས་ཆོས་གོས་དང་ལྷུང་བཟེད་དགེ་འདུན་ལ་ཕུལ་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་ཕྱག་བྱས་ནས་ཉེས་པ་བཤགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡི་དྭགས་ཀྱི་ཕྱིར་ཡོན་བསྔོ་བར་མཛད་དོ། །དེ་ནས་ཡི་དྭགས་དེ་བཅོམ་ལྡན་འདས་ལ་སེམས་དགའ་བཞིན་དུ་ཚེ་འཕོས་ཏེ་ཡི་དྭགས་རྫུ་འཕྲུལ་ཆེན་པོར་སྐྱེས་པ་དེ་ཉིད་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ལུས་ལ་སྤོས་ཀྱིས་བྱུགས་ཏེ། ལྷའི་མེ་ཏོག་སྣ་ཚོགས་པས་ཐུ་བ་བཀང་ནས། དེའི་མཚན་མོ་འོངས་ཏེ་འོད་མའི་ཚལ་ཀྱིས་ཁོ་ར་ཁོར་ཡུག་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ཤིང་། བཅོམ་ལྡན་འདས་ཀྱི་སྐུ་ལ་མེ་ཏོག་སྣ་ཚོགས་པས་གཏོར་ཏེ་ཆོས་ཉན་ནས་སེམས་ལ་དགའ་བ་ཆེན་པོ་སྐྱེས་ཏེ་སོང་ངོ་། །དེར་དགེ་སློང་སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་འགྲུས་རྩོམ་པ་རྣམས་ཀྱིས་འོད་ཀྱི་སྣང་བ་དེ་མཐོང་ནས་ཕྱིར་ནངས་བཅོམ་ལྡན་འདས་ལ་མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ་བརྒྱ་བྱིན་ནམ་རྒྱལ་པོ་ཆེན་པོ་བཞི་སུ་ཞིག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་མཆིས་ལགས། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་མི་མཇེད་ཀྱི་བདག་པོ་སོགས་འོང་བ་མ་ཡིན། ཡི་དྭགས་དེ་ཤི་ནས་ཡི་དྭགས་རྫུ་འཕྲུལ་ཆེན་པོར་སྐྱེས་ཏེ་དེ་མདང་{མདངས}སུམ་འོངས་ནས་ངས་དེ་ལ་ཆོས་བསྟན་པས་དེ་དགའ་བ་སྐྱེས་ནས་སོང་ངོ་། །དགེ་སློང་དག་དེ་བས་ན་ཅི་ནས་ཚོང་དཔོན་ལས་ཡི་དྭགས་སུ་གྱུར་པ་དེའི་ཉེས་པ་དེ་ལྟ་བུ་འབྱུང་བར་མི་འགྱུར་བར་སེར་སྣ་སྤང་བ་ལ་བརྩོན་པར་བྱ་སྟེ་དེ་ལྟར་བསླབ་པར་བྱའོ་ཞེས་བཀའ་སྩལ་ཏོ། །

བརྫུན་དང་མནའ་ཟོས་པའི་ཉེས་དམིགས་ཀྱང་བསྟན་པ།

༈ ཡང་སྟོན་པ་འོད་མའི་ཚལ་དུ་བཞུགས་པའི་ཚེ། ཚེ་དང་ལྡན་པ་འདམ་བུ་སྦྱིན་ཡི་དྭགས་ཀྱི་ཡུལ་དུ་བྱོན་པ་ན། ཡི་དྭགས་མོ་གཤིན་རྗེའི་སྲིང་མོ་འདྲ་བ་ལ་ལུས་ཁྲག་གིས་བསྒོས་པ། དུར་ཁྲོད་ན་འདུག་བཞིན་དུ་ཀེང་རུས་ཀྱིས་བསྐོར་བ་ཉིན་མཚན་དུ་བུ་ལྔ་ལྔ་འབྱུང་ཞིང་དེ་དག་ལ་བྱམས་བཞིན་དུ་བཀྲེས་པས་ཉེན་ནས་ཟོས་ཀྱང་མ་འགྲངས་ཏེ་སྡུག་བསྔལ་བར་མཐོང་ནས་བཅོམ་ལྡན་འདས་ལ་གསོལ་ནས། དེའི་ལས་ཀྱི་རྒྱུ་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་སྔོན་གྲོང་ཁྱེར་ཝཱ་རཱ་ཎ་སཱི་ན་ཚོང་དཔོན་ཕྱུག་པོ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ་ཞིག་ལ་ཆུང་མ་ཆེ་ཆུང་གཉིས་ཡོད་པ་ལས། བུ་མེད་ནས་རབ་ཏུ་གདུང་བར་གྱུར་པ་ན་ཕྱིས་ཞིག་ནས་ཆུང་མ་གཞོན་པ་དེ་ལ་བུ་ཆགས་པར་གྱུར་བས། ཚོང་དཔོན་དེས་དེ་ལ་ལྷག་པར་བྱམས་ཤིང་བཀུར་སྟི་ཆེན་པོ་བྱེད་པར་གྱུར་པས། ཆུང་མ་རྒན་པ་དེས་ཕྲག་དོག་བྱས་ནས་དེ་ལ་མངལ་བཤིག་པའི་སྨན་བླུད་པས་དེའི་བུ་འཕྱིལ་བར་གྱུར་པ་ན་དེས་ཀྱང་ཤེས་ཏེ་ཉེ་དུ་རྣམས་བསགས་ནས་དེའི་གཏམ་བསྒྲགས་པས། རྒན་པ་དེས་དེ་དག་གི་མདུན་དུ་མནའ་བོར་ཏེ། གལ་ཏེ་བདག་གི་ཁྱོད་ལ་མངལ་རླུག་པའི་རྩི་བྱིན་པར་གྱུར་ན་བདག་ཡི་དྭགས་མོར་གྱུར་ཏེ་བུ་བྱུང་ངོ་ཅོག་ཟ་བར་ཤོག་ཅིག་ཅེས་བྱས་སོ། །དེའི་དུས་ཀྱི་ཚོང་དཔོན་གྱི་ཆུང་མར་གྱུར་པ་དེ་ནི་ཡི་དྭགས་མོ་དེ་ཡིན་ཏེ། དེས་སྔོན་ཕྲག་དོག་བྱས་པས་ཡི་དྭགས་མོར་སྐྱེས་སོ། །དེས་བརྫུན་བྱས་ཏེ་མནའ་བོར་བའི་ལས་ཀྱིས་ཉིན་མོ་དང་མཚན་མོ་བུ་ལྔ་ལྔ་བཙས་ཏེ་ཟ་བར་གྱུར་ཏོ། །དེ་བས་ན་ཁྱོད་ཀྱིས་ངག་གི་ཉེས་པ་སྤང་བ་ལ་བརྩོན་པར་བྱ་སྟེ། ཅི་ནས་ཡི་དྭགས་མོ་དེ་ལྟ་བུ་དག་མི་འབྱུང་བའི་ཐབས་ལ་འབད་པར་བྱའོ། །ཞེས་གསུངས་འདིས་ནི་བརྫུན་དང་མནའ་ཟོས་པའི་ཉེས་དམིགས་ཀྱང་བསྟན་པ་ཡིན་ནོ། །

སེར་སྣའི་ཉེས་པ་དང་ཚིག་རྩུབ་བརྗོད་པའི་རྣམ་སྨིན་ཡང་བསྟན་པ།

༈ ཡང་བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་གྱིི་ཁང་པ་བརྩེགས་པའི་གནས་ན་བཞུགས་པའི་ཚེ། ཡངས་པ་ཅན་གྱི་གྲོང་ཁྱེར་གྱི་འོབས་ཤིག་གི་ནང་ན་ཡི་དྭགས་ངན་སྐྱུགས་དང་ངར་སྣབས་དང་གཅིན་དང་རྣག་ཁྲག་དང་ཕྱི་ས་ཟ་བ་ལྔ་བརྒྱ་ཙམ་གནས་ཏེ། དེའི་ཚེ་ཡངས་པ་ཅན་གྱི་བྲམ་ཟེ་བཟའ་ཕྲན་གཉིས་ལ་གོང་དུ་སྨོས་པའི་ཁྱེའུ་ཝ་དང་ཚུལ་མཚུངས་པ་ཟས་སུ་བཤང་གཅི་ཟ་བ་ཞིག་བྱུང་སྟེ། མིང་ཕྱི་ས་ཁུང་དུ་བཏགས། དེར་ཆེར་སྐྱེས་པ་ན། འོད་སྲུང་རྫོགས་བྱེད་ཀྱིས་རབ་ཏུ་བྱུང་ནས་གཅེར་བུར་རྒྱུ་ཞིང་ཡི་དྭགས་དེ་རྣམས་དང་ལྷན་དུ་འཁྱམས་ཤིང་མི་གཙང་བ་ལ་སྤྱོད་པར་བྱེད་དོ། །ཕྱིས་ཞིག་ན་དེ་གཞན་ཞིག་ཏུ་སོང་བའི་འོག་ཏུ། བཅོམ་ལྡན་འདས་གནས་དེར་བྱོན་ནས། ཕྱག་སོར་ལྔ་ལས་ཡན་ལག་བརྒྱད་ལྡན་གྱི་ཆུའི་རྒྱུན་ཕབ་ནས་ཡི་དྭགས་རྣམས་ཚིམས་པར་མཛད་པས། དེ་དག་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་ཡུལ་དུ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས་ཆོས་ཉན་པས་བདེན་པ་མཐོང་སྟེ་སླར་སོང་ངོ་། །དེའི་ཚེ་ཕྱི་ས་ཁུང་ཕྱིར་འཁོར་ནས་འོབས་སུ་སོང་བ་དང་ཡི་དྭགས་རྣམས་མ་མཐོང་ནས་དེ་རྣམས་ཚོལ་ཞིང་རྒྱུ་བ་ན། བཅོམ་ལྡན་འདས་ཀྱིས་དེ་ཉིད་འདུལ་བའི་དུས་ལ་བབ་པར་མཁྱེེན་ནས་ཕྱོགས་དེར་གཤེགས་པ་ན། དེ་སེམས་རབ་ཏུ་དགའ་ནས་སྤྱན་སྔར་ཕྱིན་ཏེ་རབ་ཏུ་འབྱུང་བར་གསོལ་པ་བཏབ་པས། སྟོན་པས་ཚུར་ཤོག་གིས་བསྙེེན་པ་རྫོགས་ཏེ་ལུང་ཕོག་པས་དེས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས་དེའི་ལས་ཀྱི་རྒྱུ་ཞུས་པས། སྔོན་བསྐལ་པ་བཟང་པོ་འདིའི་སྐྱེ་དགུ་རྣམས་ཚེ་ལོ་བཞི་ཁྲི་ཐུབ་པའི་དུས་སངས་རྒྱས་འཁོར་བ་འཇིག་འཇིག་རྟེན་དུ་བྱོན་ཏེ་རྒྱལ་པོའི་ཕོ་བྲང་མཛེས་ལྡན་དུ་བཞུགས་པའི་ཚེ་རྒྱལ་པོའི་ཕོ་བྲང་དེར་ཁྱིམ་བདག་གཅིག་གིས་གཙུག་ལག་ཁང་ཞིག་བརྩེགས་ཏེ་དེར་ཕྱོགས་དང་ཡུལ་སྣ་ཚོགས་ན་གནས་པའི་དགེ་སློང་དག་འོང་བ་དང་འགྲོ་བ་དང་གནས་པར་སེམས་སོ། །གཙུག་ལག་ཁང་དེ་ན་སོ་སྐྱེའི་དགེ་སློང་ཞིག་གནས་ཏེ། དེ་ཡང་གནས་ལ་སེར་སྣ་ཆེ་བ་ཞིག་སྟེ་དགེ་སློང་གསར་དུ་འོང་བ་མཐོང་ན་ཚིག་པ་ཟ་ཞིང་གནོད་སེམས་ཀྱི་འཁྲུགས་པ་བསྐྱེད་ལ་དེ་ལས་གཞན་དུ་འགྲོ་བ་དག་མཐོང་ནས་དགའ་སྟེ་གཏམ་སྨྲ་ཞིང་སྐྱེལ་མ་བྱེད་དོ། །དེར་ཕྱིས་ཞིག་ན་དགྲ་བཅོམ་པ་ཞིག་འོང་བ་ན། གཙུག་ལག་ཁང་གི་བདག་པོ་དེའང་ཕྱིར་མི་འོང་བ་ཞིག་ཡིན་པས། དེས་དགྲ་བཅོམ་པར་ཤེས་ནས་ཕྱི་ཉིན་དགེ་སློང་གི་དགེ་འདུན་དང་བཅས་ཏེ་སྤྱན་དྲངས་པ་ན་དགེ་སློང་གཞི་པ་དེ་མེད་པས་ཁྱིམ་བདག་རང་ཉིད་ཀྱིས་ཁྲུས་དང་ཞལ་ཟས་ཀྱི་བསྙེན་བཀུར་བྱས་པ་ན། དགེ་སློང་གཞི་པ་དེ་འོངས་ནས་དེ་ལྟར་དགེ་སློང་གསར་འོངས་ལ་མཆོད་པར་མཐོང་ནས། དེ་ལ་ཕྲག་དོག་དང་སྡང་བའི་སེམས་ཀྱིས་ཚིག་རྩུབ་པོ་སྨྲས་ཏེ། དགེ་སློང་ཁྱོད་ནི་ལུས་མི་གཙང་བས་བྱུགས་ཀྱང་སླའི་སྦྱིན་བདག་འདི་ལྟ་བུ་ལས་བསྙེན་བཀུར་ལེན་པ་ནི། དེ་ལྟར་མ་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་དེས་དེ་དགྲ་བཅོམ་པ་ཡིན་པར་ཐོས་ནས་འགྱོད་པ་ཆེན་པོ་སྐྱེས་ཏེ་དེའི་རྐང་པ་ལ་ཕྱག་བྱས་ཤིང་ཉེས་པ་བཤགས་པ་ན་དགྲ་བཅོམ་པ་དེས་ཀྱང་དད་པ་བསྐྱེད་པའི་ཕྱིར་རྫུ་འཕྲུལ་སྣ་ཚོགས་པ་བསྟན་པས་ལྷག་པར་ཡང་འགྱོད་དེ་བཤགས་པར་བྱས་སོ། །དེ་ནས་དེས་འཆི་ཀར་ལས་དེའི་རྣམ་སྨིན་མྱོང་བར་མི་འགྱུར་བ་དང་། མ་འོངས་པ་ན་སངས་རྒྱས་མཉེས་པར་བྱེད་པར་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་དགེ་སློང་གཞི་པར་གྱུར་པ་དེ་ནི་ཕྱི་ས་ཁུང་པ་འདི་ཉིད་ཡིན་ཏེ། དེས་འཕགས་པར་ཚིག་རྩུབ་སྨྲས་པའི་རྒྱུ་དེས་འཁོར་བ་ན་སྡུག་བསྔལ་མཐའ་ཡས་པ་མྱོང་པར་གྱུར་ཏེ། ལས་ཀྱི་ལྷག་མས་སྲིད་པ་ཐ་མ ར་གྱུར་པའི་ཚེ་ཡང་མི་གཙང་བ་ལ་དགའ་བར་གྱུར་ཅིང་། དེའི་ཚེ་ཁ་ཏོན་བྱས་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་འབྲེལ་དང་། གནས་དང་། གནས་མིན་ལ་མཁས་པར་བྱས་པ་དེས། ད་ལྟར་རབ་ཏུ་བྱུང་བ་ནས་དགྲ་བཅོམ་པའི་བར་དུ་གྱུར་ཏོ། །དེ་བས་ན་འདི་ལྟར་བསླབ་པར་བྱ་སེར་སྣ་སྤང་བ་ལ་བརྩོན་པར་བྱའོ་གསུངས། འདིས་ནི་སེར་སྣའི་ཉེས་པ་དང་ཚིག་རྩུབ་བརྗོད་པའི་རྣམ་སྨིན་ཡང་བསྟན་པ་ཡིན་ནོ། །

སྡང་སེམས་དང་ཡོ་བྱད་ལ་ལྷག་པར་ཆགས་པའི་ཉེས་དམིགས་དང་སངས་རྒྱས་ལ་དད་པའི་ཕན་ཡོན་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་དུ་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་ཕྱུག་པོ་སེར་སྣ་ཅན་ཁ་ལ་ཡང་གཏོར་མ་མི་སྟེར་ཞིང་། དགེ་སྦྱོང་དང་བྲམ་ཟེ་དང་བཀྲེན་པ་མཐོང་ན་སེམས་སྡང་བར་བྱེད་པ་ཞིག་ཡོད་པ་དེས། རང་གི་སྐྱེད་མོས་ཚལ་དུ་གསེར་དངུལ་གྱི་ཕུང་པོ་ཆེན་པོ་སྦས་ཏེ་བཞག་ནས། དེ་ལ་ཆགས་ཏེ་ལྷག་པར་ཞེན་བཞིན་དུ་ཤི་འཕོས་ནས་གནས་དེར་སྦྲུལ་གདུག་པ་ཅན་དུ་སྐྱེས་ཏེ་སྐྱེད་མོས་ཚལ་དེར་སུ་ཡོང་བ་ཐམས་ཅད་བལྟས་པ་ཙམ་གྱིས་གསོད་པར་བྱེད་དོ། །དེ་རྒྱལ་པོ་གཟུགས་ཅན་སྙིང་པོས་ཐོས་ནས་དེ་བཅོམ་ལྡན་འདས་ལ་འདུལ་བར་གསོལ་པ་བཏབ་པས། བཅོམ་ལྡན་འདས་ཕྱོགས་དེར་གཤེགས་ཏེ་བསྐལ་པ་སྟོང་གི་བར་དུ་ཡོངས་སུ་བསྒོམས་པའི་བྱམས་པའི་འོད་ཟེར་ཆེན་པོ་དག་བཀྱེས་ཏེ། དེ་སྦྲུལ་དེའི་ལུས་ལ་ཕོག་མ་ཐག་ཏུ་སིམ་པར་གྱུར་ནས་དེས་བལྟས་པས། སངས་རྒྱས་བཅོམ་ལྡན་འདས་བཞུགས་པར་མཐོང་ནས་དང་བའི་སེམས་སྐྱེས་སོ། །དེར་བཀའ་སྩལ་པ། བཞིན་བཟང་ཁྱོད་ཀྱིས་རྫས་འདི་བསྒྲུབས་པ་དེས་ན་ཁྱོད་སྦྲུལ་གདུག་པར་ལྷུང་བར་བྱས་སོ། །ད་ཡང་ང་ལ་དད་པའི་སེམས་བསྐྱེད་ལ་གཏེར་འདི་ལ་ཡང་སེམས་མ་ཆགས་པར་བྱོས་དང་ལེགས་སོ། །འདི་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བར་སྐྱེས་ཏ་རེ། དེ་ནས་སྦྲུལ་དེས་སྔོན་གྱི་ཚེ་རབས་དྲན་ནས་ངུས་སོ། །དེར་བཅོམ་ལྡན་འདས་ཀྱིས། ཁྱོད་ནི་དུད་འགྲོར་སྐྱེས་པ་ལ། །ད་ནི་ང་ཡིས་ཅི་བྱར་མེད། །མི་ཁོམ་པར་ནི་སྐྱེས་ཟིན་གྱིས། །དོན་མེད་ངུས་པས་ཅི་ལ་ཕན། །འདིར་ནི་རྒྱལ་བ་སྙིང་རྗེ་ཅན། །ང་ལ་དད་པའི་སེམས་བསྐྱེད་ལ། །དུད་འགྲོའི་སྐྱེ་གནས་སྤངས་ན་ལེགས། །འོན་ཀྱང་མཐོ་རིས་འགྲོ་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་སྦྲུལ་དེ་ལྷུང་བཟེད་ཀྱི་ནང་དུ་བཅུག་སྟེ་འོད་མའི་ཚལ་དུ་བསྣམས་ཤིང་། སྦྲུལ་དེས་ཀྱང་རང་གི་ལུས་ལ་སྐྱོ་ནས་ཟས་བཅད་དེ་བཅོམ་ལྡན་འདས་ལ་སེམས་དགའ་བཞིན་དུ་གནས་དེ་ཉིད་དུ་ཤི་འཕོས་ཏེ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་སྤྱན་སྔར་འོངས་ནས་མཆོད་ཅིང་ཆོས་ཉན་པས་བདེན་པ་མཐོང་ནས་དགའ་བའི་ཚིག་ཀྱང་བརྗོད་པར་བྱས་ཏེ། ལྷའི་བུ་དེ་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཐད་དུ་སོང་ནས་ཕོ་བྲང་ཐམས་ཅད་འོད་ཀྱིས་སྣང་བར་བྱས་ཤིང་རྒྱལ་པོ་མནལ་ལས་བསླངས་ནས། སྔར་གྱི་ལོ་རྒྱུས་རྣམས་བཤད་དེ་སྐྱེད་མོས་ཚལ་གྱི་གཏེར་རྣམས་བསྟན་ནས་དེས་སངས་རྒྱས་འཁོར་དང་བཅས་པ་ལ་མཆོད་པ་གྱིས་ཤིག་ཅེས་བསྐུལ་ནས་ལྷ་ཡུལ་དུ་སོང་ངོ་། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་དེའི་ངག་ལྟར་ཉན་ནས་གཏེར་རྣམས་ཕྱུང་སྟེ་སངས་རྒྱས་འཁོར་དང་བཅས་པ་ལ་ཟླ་བ་གསུམ་གྱི་བར་དུ་བཤོས་གསོལ་ཏོ། །དེར་རྒྱལ་པོས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། བཀའ་སྩལ་པ། དེས་ཤས་ཆེར་ཆགས་པ་བསྐྱེད་དེ་དགེ་སྦྱོང་དང་བྲམ་ཟེ་དང་སྡུག་ཅིང་ཕོངས་པ་དང་། བཀྲེན་པ་རྣམས་ལ་སྡང་བའི་སེམས་བསྐྱེད་པ་དེས་ནི་སྦྲུལ་གདུག་པར་སྐྱེས་སོ། །ང་ལ་སེམས་དགའ་བར་བྱས་པ་དེས་ནི་ལྷའི་ནང་དུ་སྐྱེས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་ལ་དགེ་བསྙེན་དུ་གྱུར་ཏེ། སྐྱབས་སུ་སོང་བ་དང་བསླབ་པའི་གཞི་བླངས་པ་དེས་ནི་བདེན་པ་མཐོང་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེ་བས་ན་སེར་སྣ་སྤང་བའི་ཕྱིར་བརྩོན་པར་བྱས་ཏེ་ཅི་ནས་སྦྲུལ་གདུག་པར་གྱུར་པའི་ཉེས་པ་དེ་ལྟ་བུ་དག་འབྱུང་བར་མི་འགྱུར་བ་དང་། དེ་ཉིད་ལྷའི་བུར་གྱུར་པའི་ཡོན་ཏན་གྱི་ཚོགས་དེ་དག་ལྟ་བུར་འགྱུར་བར་བསླབ་པར་བྱའོ་ཞེས་གསུངས་སོ། །འདིས་ནི་སྡང་སེམས་དང་ཡོ་བྱད་ལ་ལྷག་པར་ཆགས་པའི་ཉེས་དམིགས་དང་སངས་རྒྱས་ལ་དད་པའི་ཕན་ཡོན་བསྟན་པ་ཡིན་ནོ། །ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་ཞིང་ལས་ཀྱིས་འཚོ་བའི་བྲམ་ཟེ་ཞིག་ལ་བུ་གཅིག་པ་ཟླ་བ་ཞེས་བྱ་བ་སྐྱེ་བོ་ཀུན་གྱི་ཡིད་དུ་འོང་ཞིང་ཕ་མས་ཀྱང་ལྷག་པར་བྱམས་པ་ཞིག་ཡོད་པ་དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་བརྟེན་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། སངས་རྒྱས་ཀྱི་གསུང་ཐོས་ཤིང་དད་པར་གྱུར་པའི་འོག་ཏུ་ཚེ་ཐུང་ངུ་ཞིག་ལས་མེད་པས་ཤི་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་ཡུལ་དུ་སྐྱེས་ནས་ཞག་མ་ལོན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས་ཆོས་ཉན་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ནས་དགའ་བའི་ཚིག་བརྗོད་ནས་རང་གནས་སུ་སོང་བ་དང་དེའ་ིའོད་ཀྱིས་རྒྱལ་བྱེད་ཀྱི་ཚལ་ཁྱབ་པར་མཐོང་ནས་དགེ་སློང་རྣམས་ཀྱིས་དེའི་དོན་གསོལ་བས་སྔར་གྱི་ལོ་རྒྱུས་རྣམས་བཀའ་སྩལ་ཏོ། །དེའི་ཚེ་བྲམ་ཟེ་དེ་ནི་བུ་གཅིག་པུ་དང་བྲལ་བའི་མྱ་ངན་གྱིས་ནོན་ཏེ་དུར་ཁྲོད་དུ་དེའི་པུར་པང་དུ་བླང་སྟེ། དེའི་མིང་ནས་འབོད་དེ་སྨྲེ་སྔགས་འདོན་པར་བྱེད་པ་ན། ལྷའི་བུ་དེས་མཐོང་ནས་སྙིང་རྗེ་ཆེན་པོ་སྐྱེས་ཏེ། ཕའི་མྱ་ངན་སེལ་བའི་ཕྱིར་དྲང་སྲོང་ཞིག་ཏུ་སྤྲུལ་ནས་དེའི་ཐད་དུ་ཕྱིན་པ་ན། བྲམ་ཟེ་དེས་དྲང་སྲོང་ཆེན་པོ་ཁྱོད་དཀའ་ཐུབ་འདིས་ཅི་ཞིག་སྒྲུབ། དེས་སྨྲས་པ། ང་ནི་རྒྱལ་སྲིད་སྒྲུབ་སྟེ། ངའི་གསེར་གྱི་ཤིང་རྟ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ཉི་མ་དང་ཟླ་བ་གཉིས་ཀྱིས་ཤིང་རྟའི་འཕང་ལོ་བྱས་ལ། འཇིག་རྟེན་སྐྱོང་བ་བཞིས་ནི་མདུན་ནས་འདྲེན་ཏེ། ཤིང་རྟ་དེ་ལ་ཞོན་ཞིང་ས་ཆེན་པོ་འདི་བསྐོར་བར་འདོད་དོ། །བྲམ་ཟེས་སྨྲས་པ། གལ་ཏེ་ལོ་བརྒྱ་ཐམ་པའི་བར། །རྒྱུན་དུ་དཀའ་ཐུབ་སྤྱད་བྱས་ཏེ། །དཀའ་ཐུབ་མཆོག་ནི་སྤྱད་བྱས་ཀྱང་། །གནས་དེ་ཁྱོད་ཀྱིས་རེ་མི་འཐོབ། །དྲང་སྲོང་གིས། ཁྱོད་ཀྱང་ཤི་བའི་ཁོག་པ་མཆོག་ཏུ་དྲི་ང་ཞིང་མི་གཙང་བའི་རོ་ཤིང་འདྲ་བར་གྱུར་པ་འདིས་ཅི་ཞིག་སྒྲུབ། བྲམ་ཟེས། སྡུག་པའི་བུ་གཅིག་པ་ཤི་སྟེ་དེ་སྒྲུབ་བོ་དྲང་སྲོང་གིས། གལ་ཏེ་ལོ་བརྒྱ་ཐམ་པའི་བར། །རྒྱུན་དུ་ངུ་བའི་ལས་བྱས་ཀྱང་། །བུ་དེ་ཁྱོད་ཀྱིས་རེ་མི་ཐོབ། །ཁྱོད་ནི་ངུས་ཀྱང་ཅི་ལ་ཕན། །བྲམ་ཟེ་དེས་ཚིག་དེ་ཐོས་ནས་བདེན་སྙམ་སྟེ་དད་པ་སྐྱེས་ནས་ཁྱོད་སུ་ཡིན་ཞེས་དྲིས་པ་ནི། དྲང་སྲོང་གི་ཆ་ལུགས་དེ་མི་སྣང་བར་བྱས་ཏེ། ལྷའི་བུར་རང་གི་གཟུགས་བསྟན་ནས་ཕ་ལ་སྨྲས་པ། བདག་ནི་ཁྱེད་ཀྱི་བུ་གཅིག་པ་དེ་ཡིན་ཏེ། སངས་རྒྱས་ལ་སེམས་དགའ་བར་གྱུར་པས་ལྷའི་ཡུལ་བཟང་པོར་སྐྱེས་ནས། ཁྱེད་ཀྱི་མྱ་ངན་བསལ་བའི་ཕྱིར་འོངས་སོ། །ཁྱོད་ཀྱང་སངས་རྒྱས་ལ་སྐྱབས་སུ་སོངས་ཤིག་དང་འཁོར་བ་ལས་འདའ་བར་ཡང་སྲིད་དོ། །དེ་ནས་བྲམ་ཟེ་དེས་ཤི་བའི་རུས་བུ་བོར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་ཆོས་ཉན་པས་རྒྱུན་དུ་ཞུགས་པ་ཐོབ་བོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ན། བཅོམ་ལྡན་འདས་ཀྱིས་འདིས་ད་ལྟར་བདེན་པ་མཐོང་ནས་ཕ་ཡོངས་སུ་བསྐྱབས་པར་མ་ཟད་སྔོན་གྱི་དུས་སུའང་འདི་གཉིས་ཕ་བུར་གྱུར་ཏེ། ཕས་གཞན་གྱི་ནོར་བརྐུས་པས། རྒྱལ་པོས་གཤེད་མ་ལ་གཏད་པ་ལས་བུ་འདིས་རྒྱལ་པོ་ལ་ཞུས་ཏེ་ལན་གསུམ་གྱི་བར་དུ་སྲོག་སྦྱིན་པར་བྱས་ཤིང་། གཞན་ཡང་། སངས་རྒྱས་འོད་སྲུང་གི་དུས་སུ་འདི་གཉིས་ཀ་དགེ་བསྙེན་དུ་གྱུར་ནས། སྐྱབས་སུ་སོང་བ་དང་བསླབ་པའི་གཞི་བླངས་པས་ན་ད་ལྟར་བདེན་པ་མཐོང་བར་གྱུར་ཏེ། དགེ་སློང་དག་དེ་བས་ན་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ནི་ཞི་བའོ་སྙམ་དུ་མྱ་ངན་ལས་འདས་པ་ལ་འབད་པར་བྱ་སྟེ། དེ་ལྟར་བསླབ་པར་བྱའོ་ཞེས་བཀའ་སྩལ་ཏོ། །ཡང་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་སཱ་ལ་གཅོག་པ་ཞེས་བྱ་བའི་དུས་སྟོན་བྱུང་སྟེ། དེར་སྲོག་ཆགས་འབུམ་ཕྲག་དུ་མ་འདུས་ནས་ཤིང་སཱ་ལའི་མེ་ཏོག་བླངས་ཏེ་རྩེ་བར་བྱེད་པ་ལས། ཚོང་དཔོན་གྱི་བུ་མོ་ཞིག་གིས་སཱ་ལའི་མེ་ཏོག་བླངས་ཏེ་དེར་ཕྱིན་པ་ན། ལམ་དུ་སངས་རྒྱས་འཁོར་དང་བཅས་པ་གཤེགས་པར་མཐོང་ནས་བུ་མོ་དེ་རབ་ཏུ་དགའ་བར་གྱུར་ཏེ། སཱ་ལའི་མེ་ཏོག་གིས་གཏོར་ཞིང་བཅོམ་ལྡན་འདས་ལ་བསྐོར་བ་བྱས་སོ། །དེ་ནས་ཕྱིར་ལོག་སྟེ་སླར་སཱ་ལའི་ཤིང་ལ་འཛེགས་པ་ལས་ལྷུང་སྟེ་ཤི་ནས། སངས་རྒྱས་ལ་བསྙེན་བཀུར་ཞུས་པའི་རྒྱུས་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སྐྱེས་ཏེ། དེ་ལྷ་གཞན་ལས་ཁྱད་པར་དུ་འཕགས་པའི་ལུས་དང་གཞལ་མེད་ཁང་སཱ་ལའི་མེ་ཏོག་ག ིས་བརྒྱན་པར་གྱུར་ཏེ་ཆོས་བཟང་ལྷའི་འདུན་སར་ཕྱིན་ནས་ལྷ་རྣམས་ལ་དཀོན་མཆོག་གསུམ་གྱི་བསྔགས་པ་བརྗོད་པ་དང་། ལྷའི་དབང་པོ་བརྒྱ་བྱིན་ངོ་མཚར་དུ་གྱུར་ནས་དྲིས་པ། ཅི་ཕྱིར་ཁྱོད་ཀྱི་ལུས་མདོག་དག་པའི་གསེར་འདྲ་པདྨ་ཨུཏྤ་ལ་ལྟ་བུར་གྱུར། །འདི་ན་ལུས་དཔལ་མཚུངས་མེད་ཁྱོད་ཀྱི་ལུས་ལས་འོད་བྱུང་འདི་དག་ཅི་ལས་གྱུར། །ཅི་ཡི་ཕྱིར་ན་ཁྱོད་ཀྱི་བཞིན་མདོག་པདྨ་རྒྱས་འདྲ་གསེར་མདོག་ལྟ་བུར་གྱུར། །ལས་རྣམས་གང་གི་འབྲས་བུ་མྱོང་གྱུར་འདི་ནི་ལྷ་མོ་ཁྱོད་ཀྱིས་བདག་ལ་སྨྲོས། །ལྷ་མོས་སྨྲས་པ། མཚན་མཆོག་དག་གིས་རྒྱས་པ་ཡི། །མི་ཡི་ཉི་མ་ཉན་ཐོས་བཅས། །སཱ་ལའི་མེ་ཏོག་རྡུལ་མེད་པ། །བཟང་པོ་དག་གིས་ལེགས་པར་གཏོར། །ལས་དགེ་དེ་འདྲ་བྱས་པའི་ཕྱིར། །བདག་ནི་ལྷག་པར་མངོན་དུ་མཛེས། །བཞིན་མདོག་པདྨ་ཟླ་བ་ལྟར། །རྣམ་དག་འོད་ལྡན་ལྟ་ན་སྡུག ། བརྒྱ་བྱིན་གྱིས་སྨྲས་པ། ཀྱེ་མ་ཡོན་ཏན་ཉིད་ཀྱི་ཞིང་། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །མཐོ་རིས་སྡུག་པར་བྱ་བའི་ཕྱིར། །དེ་ལ་ཁྱོད་ཀྱིས་ས་བོན་བཏབ། །བཞིན་མཛེས་པདྨའི་འདབ་མ་ཡངས་པ་འདྲ་བའི་མིག་ལྡན་མ། །བུད་མེད་མཆོག་རྣམས་ཀྱིས་ནི་གང་ལ་བཀུར་སྟི་བྱས་པ་ཡི། །སངས་རྒྱས་པདྨ་རྒྱས་པའི་འདབ་ཡངས་འདྲ་བའི་སྤྱན་མངའ་བ། །གསེར་མཆོག་ཕུང་པོ་ལྟ་བུར་མདངས་དཀར་དེ་ལ་སུ་མི་མཆོད། །དེ་ནས་ལྷའི་བུ་མོ་དེ་ལྷའི་བུ་མོ་འབུམ་ཕྲག་དུ་མས་གཡོག་བྱས་ཏེ་དེ་ཉིད་ཀྱི་མཚན་མོ་སཱ་ལའི་མེ་ཏོག་གི་གཞལ་མེད་ཁང་དང་བཅས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས་ཆོས་ཉན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་ཏེ། དགའ་བའི་ཚིག་གསུམ་བརྗོད་ནས་སླར་ལྷ་ཡུལ་དུ་སོང་ངོ་། །དེའི་ཕྱིར་ནངས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་བཀའ་སྩལ་པ། བུ་མོ་གང་གིས་ལམ་ཁར་མེ་ཏོག་གིས་གཏོར་བ་དེ་ཁྱེད་ཀྱིས་མཐོང་ངམ། བཙུན་པ་མཐོང་ལགས་སོ། །དེ་ནི་ང་ལ་སེམས་དགའ་བ་བསྐྱེད་ནས་ཤི་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ནས་དེ་ངའི་ཐད་དུ་འོངས་ཏེ། ངས་དེ་ལ་ཆོས་བསྟན་ནས་བདེན་པ་མཐོང་བར་གྱུར་ཏེ་རང་གི་གནས་སུ་སོང་ངོ་། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟི་བྱའོ་ཞེས་བཀའ་སྩལ་ཏོ། །ཡང་བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་པའི་ཚེ། རྒྱལ་པོ་གཟུགས་ཅན་སྙིང་པོས་བདེན་པ་མཐོང་ནས་ཉིན་རེ་བཞིན་བཙུན་མོའི་འཁོར་དང་བཅས་ཏེ་དུས་གསུམ་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་བ་ལས། ཕྱིས་ཞིག་ན་དཔྱིད་ཀྱི་དུས་ལ་བབ་པའི་ཚེ་བཙུན་མོའི་འཁོར་དང་བཅས། སྐྱེད་མོའི་ཚལ་དུ་ཕྱིན་པ་ན། བཙུན་མོའི་འཁོར་རྣམས་ཀྱིས་བདག་ཅག་ཉིན་རེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་མི་ནུས་ཀྱིས་འདིར་བདེ་བར་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་བརྩེགས་ཏེ་དེ་ལ་མཆོད་པར་བགྱིའོ། །དེ་ནས་རྒྱལ་པོས་བཅོམ་ལྡན་འདས་ལ་ཞུས་ཏེ་དབུ་སྐྲ་དང་སེན་མོ་བསླངས་ཏེ་དེར་མཆོད་རྟེན་བརྩེགས་ནས་བཙུན་མོའི་འཁོར་རྣམས་ཀྱིས་དེ་ལ་རྟག་པར་མར་མེ་དང་། བདུག་པ་དང་། མེ་ཏོག་དང་། སྤོས་དང་། མེ་ཏོག་གི་ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་ཀྱང་མཆོད་པར་བྱེད་དོ། །དེ་ནས་ཕྱིས་རྒྱལ་པོ་མ་སྐྱེས་དགྲ་ལྷས་བྱིན་གྱིས་རྦད་དེ། ཡབ་ཆོས་ལྡན་གྱི་རྒྱལ་པོ་བསད་ནས་རང་ཉིད་རྒྱལ་པོ་བྱས་ནས་མཆོད་པ་རྣམས་རྒྱུན་བཅད་དེ་སུ་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བཀུར་སྟི་མ་བྱེད་ཅིག་ཅེས་ཁྲིམས་བཅས་སོ། །དེ་ནས་ཚེས་བཅོ་ལྔའི་རེས་ལ་བབ་བའི་དུས་ཞིག་ན་མཆོད་རྟེན་དེ་ལ་བཀུར་སྟི་སོགས་བྱེད་པ་མེད་ནས་རྡུལ་གྱིས་ཡོགས་པ་མཐོང་ཞིང་རྒྱལ་པོ་གཟུགས་ཅན་སྙིང་པོ་ཡང་དྲན་ནས་བཙུན་མོའི་འཁོར་རྣམས་མྱ་ངན་གྱིས་ནོན་ནས་སྨྲ་བར་བྱེད་པ་ན། བཙུན་མོ་དམ་པ་དཔལ་ལྡན་མ་ཞེས་བྱ་བ་དེས་རང་གི་སྲོག་དང་བསྡོོས་ནས་སངས་རྒྱས་ཀྱི་ཡོན་ཏན་དྲན་ཏེ་དེར་ཕྱིན་ནས་མཆོད་རྟེན་ལ་ཕྱག་དར་བྱས་ཤིང་མར་མེའི་ཕྲེང་བ་བསྒྲིགས་ནས་མཆོད་པར་བྱས་སོ། །དེ་མ་སྐྱེས་དགྲ་ཁང་བཟང་གི་སྟེང་ན་འཁོད་པས་མཐོང་ནས་རྒྱུ་མཚན་དྲིས་ཏེ་དཔལ་ལྡན་མ་བཀུག་སྟེ་ཅིའི་ཕྱིར་ཁྱེད་ཀྱིས་རྒྱལ་པོའི་བཀའ་བཅག་སྨྲས་པ་ན། དེས་བདག་གིས་ཁྱེད་ཀྱི་བཀའ་བཅག་ཀྱང་ཆོས་ལྡན་གྱི་རྒྱལ་པོ་གཟུགས་ཅན་སྙིང་པོའི་བཀའ་མ་བཅག་གོ །དེ་ནས་དེ་ཁྲོས་ནས་འཁོར་ལོ་འཕངས་ཏེ་བསད་དོ། །དེ་སངས་རྒྱས་ལ་དགའ་བཞིན་དུ་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་སུ་སྐྱེས་ཏེ་དེའི་ལུས་ཀྱི་འོད་ཀྱིས་དཔག་ཚད་གཅིག་ཚུན་ཆད་སྣང་བར་གྱུར་པས་ལྷའི་དབང་པོ་ངོ་མཚར་ནས་དེ་ལ་རྒྱུ་དྲིས་པ་དང་། ལྷ་མོས་སྨྲས་པ། འཇིག་རྟེན་གསུམ་མགོན་འགྲོ་བའི་སྒྲོན་གཅིག་པུ། །མཚན་མཆོག་རྣམས་ཀྱིས་ཕྱུག་པའི་སངས་རྒྱས་མཐོང་། །སྨྲ་མཆོག་ཉོན་མོངས་མུན་པ་སེལ་དེ་ལ། །མུན་པ་སེལ་བའི་མར་མེ་ཡོན་དུ་ཕུལ། །ཟླ་བའི་འོད་ཟེར་མདོག་དང་འདྲ་བའི་འོད། །མཐོང་ནས་ཐུབ་ལ་སྙིང་ནས་དད་པ་སྐྱེས། །འོད་ཟེར་མཐོང་ནས་དགའ་བར་གྱུར་པ་ཡིས། །སྟོན་པ་སྨྲ་བའི་མཆོག་ལ་ཕྱག་ཀྱང་བགྱིས། །དེར་བརྒྱ་བྱིན་གྱིས་གོང་ལྟར་ཆེད་དུ་བརྗོད་དོ། །དེ་ནས་ལྷའི་བུ་མོ་དཔལ་ལྡན་མ་དེ་ཉིན་ཞག་མ་ལོན་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་རང་གི་ལུས་ཀྱི་འོད་ཀྱིས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པ་ཐམས་ཅད་མཚན་མོའང་ཉིན་མོ་བཞིན་སྣང་བར་བྱས་ཏེ་ཆོས་ཉན་པས་བདེན་པ་མངོན་དུ་རྟོགས་ནས་དགའ་བའི་ཚིག་བརྗོད་ནས་རང་གནས་སུ་སོང་ངོ་། །ཕྱིར་ནངས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོ་དཔལ་ལྡན་མ་ཞེས་བྱ་བས་རང་གི་སྲོག་དང་བསྡོས་ཏེ་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་ནས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་མར་མེའི་ཕྲེང་བ་དངར་ནས། རྒྱལ་པོ་མ་སྐྱེས་དགྲ་ཁྲོས་པས་བསད་དེ། དེ་ང་ལ་སེམས་དགའ་བའི་སེམས་བསྐྱེད་ནས་ཤི་སྟེ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་བཟང་པོར་སྐྱེས་ནས་དེ་མདང་སུམ་ངའི་ཐད་དུ་འོངས་ཏེ། ངས་དེ་ལ་ཆོས་བསྟན་པས་བདེན་པ་མཐོང་བར་གྱུར་ཏེ་རང་གི་གནས་སུ་སོང་ངོ་། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟི་བྱའོ། །ཞེས་གསུངས་སོ། །

རྟེན་གསུམ་ལ་མེ་ཏོག་དང་མར་མེ་དང་ན་བཟའ་ཕུལ་བའི་ཕན་ཡོན་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་འཁོར་དང་བཅས་ལ་ཚལ་དེ་ཉིད་ཕུལ་ནས་མཐར་གྱིས་གསེར་སྲང་བྱེ་བ་ཕྲག་བརྒྱ་ཕུལ་བ་དེའི་ཚེ་བདག་གཅིག་པུས་བསོད་ནམས་བྱེད་པ་ལ་དེ་ཙམ་ངོ་མཚར་མི་ཆེ་ཡིས། བདག་གིས་སྐྱེ་བོ་མང་པོ་ལ་ཕན་གདགས་པ་དང་། བསོད་ནམས་ཀྱང་མང་པོ་བསྐྱེད་པའི་ཕྱིར་མཉན་ཡོད་ན་གནས་པའི་སྐྱེ་བོ་རྣམས་དད་པ་བསྡུས་ཏེ། སངས་རྒྱས་འཁོར་དང་བཅས་པ་ལ་བསྙེན་བཀུར་བྱའོ་སྙམ་ནས་མཉན་ཡོད་ཀྱི་རྒྱལ་པོ་ལ་གསོལ་ཞིང་། དེས་ཀྱང་དྲིལ་བསྒྲགས་ཏེ། ད་སྟེ་ཞག་བདུན་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཀྱི་ཕྱིར་གླང་པོ་ཆེ་ལ་ཞོན་ནས། དད་པ་སྡུད་པར་འདོད་ཀྱིས་ཁྱེད་རྣམས་ཀྱིས་ཇི་ཙམ་ཡོངས་སུ་གཏང་བར་བྱ་བ་དེ་ཡོངས་སུ་གཏོང་བར་གྱིས་ཤིག་ཅེས་བསྒོའོ། །དེ་ནས་ཞག་བདུན་ལོན་པ་དང་ཁྱིམ་བདག་གླང་པོ་ཆེ་ལ་ཞོན་ནས་དད་འབུལ་སྡུད་པར་བྱེད་པ་ན། སྐྱེ་བོ་རྣམས་ཀྱིས་རང་རང་གི་འབྱོར་པ་དང་བསྟུན་ནས། གོས་དང་རྒྱན་དང་གསེར་དངུལ་ལ་སོགས་པའི་དངོས་པོ་རྣམས་སྦྱིན་པར་བྱེད་ཅིང་དེས་ཀྱང་གཞན་ལ་ཕན་གདགས་པའི་ཕྱིར་ལེན་པར་བྱེད་དེ། དེའི་ཚེ་བུད་མེད་ཤིན་ཏུ་དབུལ་མོ་ཞིག་གིས་ཟླ་བ་གསུམ་གྱིས་བར་དུ་འབད་པ་ཆེན་པོས་བཙལ་བས་རས་ཡུག་གཅིག་རྙེད་པ་དེ་ལུས་ལ་གྱོན་ནས་ལམ་སྲང་དུ་ཕྱིན་པ་ན་དེས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དེ་ལྟར་འོང་བ་མཐོང་ནས། དགེ་བསྙེན་ཞིག་ལ་དྲིས་ཏེ། ཁྱིམ་བདག་འདི་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་སྟེ། གཏེར་ས་འོག་ཏུ་སྦས་པ་རྣམས་ཀྱང་མཐོང་ན་ཅིའི་ཕྱིར་འདི་གཞན་གྱིས་ཁྱིམ་ནས་སློང་ཞིང་སྐོར་བར་བྱེད། དགེ་བསྙེན་དེས། གཞན་ལ་ཕན་གདགས་པའི་ཕྱིར་ཏེ་གང་དག་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བཤོས་གསོལ་མི་ནུས་པ་དེ་དག་གི་དོན་དུ་ཕན་པར་བྱེད་དེ། ཅི་ནས་མང་པོ་བསྡོངས་ཏེ་བཅོམ་ལྡན་འདས་ལ་དབུལ་དུ་འཇུག་གོ་ཞེས་ཟེར་རོ། །དེ་ནས་བུ་མོ་དེས། བདག་སྔོན་བསོད་ནམས་མ་བསགས་པས། བདག་གཅིག་པུས་སངས་རྒྱས་འཁོར་དང་བཅས་པ་ལ་བ ཤོས་འདྲེན་པར་མ་ནུས་པས་བདག་གི་འདི་ལ་ཅུང་ཟད་འབུལ་བར་བགྱིའོ་སྙམ་སྟེ་རང་ལ་ཅི་བདོག་བལྟས་པས་རས་དེ་ལས་དངོས་པོ་ཅིའང་མ་མཐོང་ནས། འདི་ད་ལྟར་གནས་འདི་ནས་ཕུལ་ན་བདག་གཅེར་བུར་གྱུར་པས་མི་ནུས་ཀྱི་ཁང་ཐོག་ཏུ་སོང་ནས་དོར་རོ་སྙམ་སྟེ་དེ་ཁང་སྟེང་དུ་ཕྱིན་ནས་རས་དེ་ཕུད་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཐོག་ཏུ་འཕང་བ་དང་། ཁྱིམ་བདག་དེའང་འཕྲིག་{མཁྲིགས} ཟོས་ནས་གཡོག་རྣམས་བལྟར་བཏང་བས་བུ་མོ་དེ་ཙོག་ཙོག་པོར་འདུག་པ་མཐོང་ནས་གཏམ་དྲིས་པས། དེས་ལོ་རྒྱུས་དྲང་པོར་བསྙད་པས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཐོས་ནས་མཆོག་ཏུ་ངོ་མཚར་ཏེ་བུ་མོ་དེ་ལ་གོས་དང་རྒྱན་སྣ་ཚོགས་པ་བསྐོན་ནོ། །དེ་ནས་དེ་རིང་པོོར་མ་ལོན་པར་ཚེ་ཡི་དུས་བྱས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་སུ་སྐྱེས་ཤིང་། དེ་སྐྱེས་མ་ཐག་ཏུ་ལྷའི་བུ་མོ་གཞན་སུ་ལ་ཡང་མེད་པའི་གོས་ཀྱི་མཆོག་དག་ཀྱང་དེ་ལས་བྱུང་ངོ་། །དེ་ནས་དེ་ཞག་མ་ལོན་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཏེ་དེའི་འོད་ཀྱིས་རྒྱལ་བྱེད་ཚལ་ཐམས་ཅད་སྣང་བར་བྱས་ཤིང་། བཅོམ་ལྡན་འདས་ཀྱིས་དེ་ལ་མཐུན་པའི་ཆོས་བསྟན་པས་ལྷའི་བུ་མོ་དེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་ནས་དགའ་བའི་ཚིག་བརྗོད་དེ་རང་གི་གནས་སུ་སོང་ངོ་། །ཕྱིར་ནངས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་བཀའ་སྩལ་པ། རས་ཕུལ་བའི་བུད་མེད་དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དད་པ་སྡུད་པར་བྱེད་པ་ལ་རས་ཕུལ་ནས་ཤི་སྟེ། ལྷའི་ཡུལ་དུ་སྐྱེས་ནས། དེ་མདང་སུམ་ངའི་ཐད་དུ་འོངས་ཏེ་ངས་དེ་ལ་ཆོས་བསྟན་ནས། བདེན་པ་མཐོང་བར་གྱུར་ཏོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་བཀུར་སྟི་བྱའི་བཀུར་སྟི་མེད་པར་མི་བྱའོ། །ཞེས་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ་གསུངས། འདི་གསུམ་གྱིས་ནི་རྟེན་གསུམ་ལ་མེ་ཏོག་དང་མར་མེ་དང་ན་བཟའ་ཕུལ་བའི་ཕན་ཡོན་བསྟན་པ་ཡིན་ནོ། །སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་མ་མཐོང་ནས་ཡུན་རིང་ཞིག་ལོན་པས་མྱ་ངན་གྱིས་ནོན་ནས་བློན་པོ་རྣམས་ལ་དེའི་གཏམ་སྨྲ་བ་སངས་རྒྱས་ཀྱི་ལྷའི་སྙན་རྣམ་པར་དག་པ་མི་ལས་འདས་པས་གསན་ནས། གནས་དེར་དབྱར་ཟླ་གསུམ་འདས་པའི་འོག་ཏུ་ལྗོངས་རྒྱུ་ཞིང་མཐར་གྱིས་གཤེགས་པ་ལས་ནགས་ཁྲོད་ཅིག་ཏུ་བྱོན་པ་ན། དེར་ནེ་ཙོ་མི་སྐད་ཤེས་པ་ཞིག་ཡོད་པ་དེས། བཅོམ་ལྡན་འདས་གཤེགས་པ་མཐོང་ནས་ཤིན་ཏུ་རིངས་པར་སོང་སྟེ། བཅོམ་ལྡན་འདས་ཚུར་གཤེགས། གཤེགས་པ་ལེགས་སོ། །བདག་ལ་ཕན་གདགས་སུ་གསོལ། ནགས་ཁྲོད་འདི་ཁོ་ནར་དོ་ནུབ་བཞུགས་སུ་གསོལ། །ཅེས་གསོལ་པས། བཅོམ་ལྡན་འདས་ཀྱང་དེ་ལ་ཕན་གདགས་པའི་ཕྱིར་དེ་གནས་པའི་ཤིང་དྲུང་དུ་རྩྭ་བཏིང་ནས་བཞུགས་ཤིང་། དགེ་སློང་གཞན་རྣམས་ཀྱང་ཤིང་གཞན་གྱི་དྲུང་དུ་འཁོད་དོ། །དེ་ནས་ནེ་ཙོ་དེས། སངས་རྒྱས་འཁོར་དང་བཅས་པ་ལ་མི་དང་མི་མ་ཡིན་གྱི་རིགས་ཀྱིས་གནོད་པ་བྱེད་པར་དོགས་ཏེ། མཚན་ཐོག་ཐག་ཏུ་ནགས་ཁྲོད་དེ་ནས་ཕན་ཚུན་སྐོར་བར་བྱེད་དོ། །དེ་ནས་ནམ་ལངས་པ་དང་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བདག་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལགས་པས། བདག་ལ་བཅོམ་ལྡན་འདས་མཆོད་པའི་རྒྱུ་ཅི་ཡང་མ་མཆིས་ན་བཟོད་པར་མཛད་དུ་གསོལ། བདག་སྔོན་དུ་མཆིས་ཏེ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སྦྲན་པར་འཚལ་ལོ། །ཞེས་གསོལ་ཏེ། དེ་སྔོན་དུ་ཕྱིན་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ཁང་བཟང་གི་སྟེང་ན་རྩེ་ཞིང་འདུག་པ་ལ། ཀྱེ་རྒྱལ་པོ་མཁྱེན་པར་མཛོད་ཅིག སངས་རྒྱས་འཁོར་དང་བཅས་པ་ཁྱེད་ཀྱི་ཡུལ་དུ་གཤེགས་ཀྱིས། ལྷ་ཁྱོད་ཀྱིས་བཤོས་སྟ་གོན་མཛད་པར་རིགས་སོ། །དེ་ཐོས་པ་དང་རྒྱལ་པོས་རིངས་པར་བློན་པོ་དང་འཁོར་གྱི་ཚོགས་ལ་བསྒོ་ཞིང་བཀུར་སྟི་ཆེན་པོས་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་ནས་ཞལ་ཟས་བཟང་པོས་ཚིམས་པར་བྱས་སོ། །དེ་མཐོང་བ་དང་ནེ་ཙོ་དེ་ཤིན་ཏུ་དགའ་ནས་རྒྱལ་པོའི་མདུན་ལོགས་སུ་ཕན་ཚུན་དུ་འཕུར་ཞིང་ལྡིང་བ་ལས་ཁྲས་ཁྱེར་ཏེ་བསད་དོ། །དེ་སངས་རྒྱས་ལ་སེམས་དགའ་བཞིན་དུ་ཤི་ནས་སུམ་ཅུ་རྩ་གསུམ་གྱི་གནས་སུ་ལྷའི་བུ་མོར་སྐྱེས་ཏེ་དེ་ཞག་མ་ལོན་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས་ཆོས་ཉན་པས་རྒྱུན་དུ་ཞུགས་པ་ཐོབ་ནས་དགའ་བའི་ཚིག་བརྗོད་དེ་ལྷ་ཡུལ་དུ་སོང་ངོ་། །ཕྱིར་ནངས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་ནེ་ཙོ་གང་གིས་ནགས་ཁྲོད་དེར་ནུབ་མོ་དགོང་མལ་ལ་སྤྱན་དྲངས་པ་དེ་ཁྱོད་ཀྱིས་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ལགས་སོ། །བཀའ་སྩལ་པ་དགེ་སློང་དག་ནེ་ཙོ་དེ་ཉིད་ཤི་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ཏེ་མདང་སུམ་འདིར་འོངས་ཏེ་བདེན་པ་མཐོང་ནས་ཕྱིར་སོང་ངོ་། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། བཅོམ་ལྡན་འདས་ཀྱིས། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ། དེ་དགེ་བསྙེན་དུ་གྱུར་པ་བསླབ་པ་ལྷོད་པར་བྱས་ཏེ་དེའི་རྣམ་པར་སྨིན་པས་ནེ་ཙོར་སྐྱེས་སོ། །ང་ལ་སེམས་དགའ་བར་བྱས་པ་དེས་ལྷར་སྐྱེས་སོ། །དེས་བསླབ་པའི་གཞི་ལྷག་མ་རྣམས་བསྲུང་བ་དེས་ནི་བདེན་པ་མཐོང་བར་གྱུར་ཏོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་དང་ལས་འདྲེས་མ་རྣམས་སྤངས་ལ་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ་དེ་ལྟར་བསླབ་པར་བྱའོ། །ཞེས་བཀའ་སྩལ་ཏོ། །

བསླབ་པ་འཆལ་བའི་ཉེས་དམིགས་དང་བསླབ་གཞི་ཕྲ་མོ་བསྲུང་བ་དང་སངས་རྒྱས་ལ་དད་པ་དགེ་འདུན་པ་སོགས་ཀྱི་མངག་གཞུག་ཆོས་བཞིན་དུ་བགྱིས་པའི་ཕན་ཡོན་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཡུན་རིང་མོ་ཞིག་ཏུ་མ་མཐོང་བས་སེམས་གདུང་བར་གྱུར་ཏེ། དེས་རྒྱལ་པོ་གསལ་རྒྱལ་ལ་བསྐུལ་ནས། རྒྱལ་པོ་དེས་ཡུལ་གྱི་སྐྱེ་བོ་ཀུན་ལ་གོ་བར་བྱས་ཏེ། ཕོ་ཉ་བ་ཞིག་སངས་རྒྱས་སྤྱན་འདྲེན་པར་མངགས་པས། དེ་རྒྱལ་པོའི་ཁབ་ཏུ་སོང་ནས་བཅོམ་ལྡན་འདས་ལ་བསྙུན་གསོལ་ཞིང་རྒྱལ་པོ་ལ་སོགས་པའི་འ ཕྲིན་ཞུས་ནས། ཕོ་ཉ་བ་དེས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལའང་གནང་བ་ཞུས་ཏེ། དེར་དབྱར་གནས་ཟིན་པ་དང་སངས་རྒྱས་འཁོར་དང་བཅས་པ་མཉན་ཡོད་དུ་གཤེགས་སོ། །དེ་དང་མཉམ་དུ་ཕོ་ཉ་བ་དེ་ཡང་ཤིང་རྟ་ལ་ཞོན་ནས་འགྲོ་བ་ལ། དེས་བཅོམ་ལྡན་འདས་ཞབས་ཀྱིས་གཤེགས་པར་མཐོང་ནས། ཤིང་རྟ་ལས་བབས་ཏེ་བཅོམ་ལྡན་འདས་ལ་ཕུལ་བ་དང་། བཀའ་སྩལ་པ། རྫུ་འཕྲུལ་རྐང་པའི་ཤིང་རྟ་དང་། །ཡང་དག་རྩོལ་ལ་ང་གནས་ནས། །ཉོན་མོངས་ཚེར་མས་མ་སྣད་པར། །ས་སྟེང་ཀུན་ཏུ་རྒྱུ་བར་བྱེད། །ཕོ་ཉས་གསོལ་པ། བཅོམ་ལྡན་འདས་ནི་རྫུ་འཕྲུལ་གྱི་ཞབས་ཀྱིས་གཤེགས་པ་ལགས་ཀྱིས་ཀྱང་། བདག་ལ་ཕན་གདགས་པ་དང་ཐུགས་བརྩེ་བའི་སླད་དུ་ཆིབས་སུ་གསོལ། དེ་ནས་དེ་ལ་ཐུགས་བརྩེ་བའི་སླད་དུ་རྫུ་འཕྲུལ་གྱིས་ཤིང་རྟའི་སྟེང་ན་བཞུགས་བཞིན་དུ་མཉན་ཡོད་དུ་བྱོན་ཅིང་། ཕོ་ཉ་བས་ཀྱང་རྒྱལ་པོ་ལ་སྦྲན་ཏེ་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་བསུས་ནས་རྒྱལ་བྱེད་ཀྱི་ཚལ་དུ་ཞུགས་སོ། །ཕོ་ཉ་དེས་ཆོས་ཐོས་ནས་དེའི་མཚན་མོ་ཉིད་དུ་ཤི་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ཏེ། ཞག་མ་ལོན་པར་དེ་ཉིད་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཏེ། ཆོས་ཉན་པས་འབྲས་བུ་དང་པོ་ཐོབ་ནས། དགའ་བའི་ཚིག་བརྗོད་ཏེ་ལྷ་ཡུལ་དུ་སོང་ངོ་། །དེའི་ཚེ་འོད་ཀྱིས་རྒྱལ་བྱེད་ཀྱི་ཚལ་ཀུན་སྣང་བར་གྱུར་པ་རྒྱལ་པོ་གསལ་རྒྱལ་གྱིས་མཐོང་ནས་ནམ་ལངས་པ་ན་དེའི་དོན་གསོལ་པས། བཀའ་སྩལ་པ། ཁྱོད་ཀྱི་ཕོ་ཉ་བ་དེ་ང་ལ་སེམས་དགའ་བར་གྱུར་ནས་ཤི་སྟེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ནས་དེ་མདང་སུམ་ངའི་ཐད་དུ་འོངས་ཏེ། ངས་དེ་ལ་ཆོས་བསྟན་ཏེ་བདེན་པ་མཐོང་བར་གྱུར་ནས། རང་གི་གནས་སུ་སོང་ངོ་། །དེ་ནས་རྒྱལ་པོ་དེ་ངོ་མཚར་དུ་གྱུར་ནས། ཀྱེ་མ་སངས་རྒྱས། ཀྱེ་མ་ཆོས། ཀྱེ་མ་དགེ་འདུན་འདི་དག་ལ་ནི་ཆུང་ངུ་ཞིག་བྱས་ཀྱང་རྣམ་པར་སྨིན་པ་ཆེན་པོར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། རྐང་གཉིས་རྣམས་ཀྱི་ནང་ནས་སངས་རྒྱས་མཆོག་དང་། ཆོས་རྣམས་ཀྱི་ནང་ནས་འདོད་ཆགས་དང་བྲལ་བའི་ཆོས་དང་། ཚོགས་རྣམས་ལས་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཡིན་པར་བསྟན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་གི་ནི་རྣམ་པར་སྨིན་པ་ཡང་ལྷ་དང་མི་རྣམས་ཀྱི་ནང་དུ་མཆོག་འབའ་ཞིག་ཏུ་ཤེས་པར་བྱའོ་གསུངས། འདི་གཉིས་ཀྱིས་ནི་བསླབ་པ་འཆལ་བའི་ཉེས་དམིགས་དང་བསླབ་གཞི་ཕྲ་མོ་བསྲུང་བ་དང་སངས་རྒྱས་ལ་དད་པ་དགེ་འདུན་པ་སོགས་ཀྱི་མངག་གཞུག་ཆོས་བཞིན་དུ་བགྱིས་པའི་ཕན་ཡོན་བསྟན་པའོ། །ཡང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་ལས་ནགས་ཁྲོད་གཅིག་ཏུ་བྱོན་པ་དང་། དེ་ན་མ་ཧེའི་ཁྱུ་ཆེན་པོ་མ་ཧེའི་རྫི་ལྔ་བརྒྱ་དང་བཅས་ཏེ་གནས་ཤིང་དེའི་ནང་ན་མ་ཧེ་སྟོབས་ཆེན་པོ་དང་ལྡན་པ་མི་གཞན་གྱི་དྲི་ཚོལ་བ་ཙམ་གྱིས་སྟེང་དུ་རྒྱུག་པར་བྱེད་པ་ཞིག་ཡོད་དོ། །དེར་བཅོམ་ལྡན་འདས་གཤེགས་པར་མཐོང་ནས། མ་ཧེའི་རྫི་བུ་རྣམས་ཀྱིས་སྐད་ཆེན་པོས་བོས་ཏེ། འདི་ན་མ་ཧེ་མ་རུངས་པ་མཆིས་ཀྱིས། ཤུལ་འདིར་མི་གཤེགས་སུ་གསོལ་ཞེས་བྱས་སོ། །དེར་བཅོམ་ལྡན་འདས་ཀྱིས། ཀྱེ་ངས་འདིར་དུས་ལ་བབ་པར་ཤེས་སོ་ཞེས་གསུངས་ནས་དེར་གཤེགས་པ་ན། མ་ཧེ་དེས་མཐོང་ནས་རྔ་མ་ལྡང་དུ་གཟར་ནས་ཕྱོགས་དེར་བརྒྱུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མདུན་དུ་སེང་གེ་རལ་པ་ཅན་ལྔ། གཡས་གཡོན་དུ་མེ་ཆེན་པོ་ལྔ། སྟེང་དུ་ལྕགས་ཀྱི་ཕ་བོང་ཆེན་པོ་བཅས་སྤྲུལ་པས། མ་ཧེ་དེ་རབ་ཏུ་འཇིགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ལྕེས་བལྡག་ནས་ཞུམ་བཞིན་དྲུང་དུ་འཁོད་པ་ན། དེ་ལ་བཞིན་བཟང་འདི་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་གོ །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་ཚིག་གསུམ་བསྟན་ནས་ཚེ་རབས་དྲན་པར་མཛད་པས་དེ་ངུས་སོ། །དེར། ཁྱོད་ནི་དུད་འགྲོར་སྐྱེས་པ་ལ། །སོགས་གོང་དུ་སྦྲུལ་གྱི་སྐབས་སུ་བསྟན་པའི་ཚིགས་བཅད་རྣམས་གསུངས་ཏེ། ང་ལ་སེམས་དགའ་བར་གྱིས་དང་དུད་འགྲོའི་སྐྱེ་གནས་ལས་ཐར་ཡང་སྲིད་དོ། །ཞེས་བཀའ་སྩལ་པས། མ་ཧེ་དེ་ཟས་བཅད་ནས་ཚེ་འཕོས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ཤིང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཏེ་ཆོས་ཉན་པས་བདེན་པ་མཐོང་ནས་དགའ་བའི་ཚིག་བརྗོད་ནས་རང་གནས་སུ་སོང་ངོ་། །དེའི་ཚེ་ནགས་ཁྲོད་དུ་སྣང་བ་ཆེན་པོས་ཁྱབ་པ་མཐོང་ནས་མ་ཧེའི་རྫི་རྣམས་ཀྱིས་དེའི་དོན་གསོལ་པ་ན། བཅོམ་ལྡན་འདས་ཀྱིས་སྔར་གྱི་ལོ་རྒྱུས་དེ་གསུངས་པས། དེ་དག་མངོན་པར་དགའ་ཞིང་ངོ་མཚར་དུ་གྱུར་ནས། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པས་ཀྱང་དགེ་བའི་བཤེས་གཉེན་དང་ཕྲད་ནས་ཁྱད་པར་དེ་ལྟ་བུ་ཐོབ་པར་གྱུར་ན་བདག་ཅག་གིས་ཅིས་མི་ཐོབ་སྙམ་སྟེ། སངས་རྒྱས་འཁོར་དང་བཅས་པ་ལ་བཤོས་ཕུལ་ཞིང་དེ་དག་དད་པས་རབ་ཏུ་བྱུང་བས་མཐར་གྱིས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེར་དགེ་སློང་རྣམས་ཀྱིས་དེ་དག་གི་ལས་ཀྱི་རྒྱུ་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ། འདི་རྣམས་དགེ་སློང་སྡེ་སྣོད་གསུམ་པ་འཁོར་ལྔ་བརྒྱ་དང་བཅས་པར་གྱུར་ཏེ། དེའི་ཚེ་སློབ་པ་དང་མི་སློབ་པའི་དགེ་སློང་མང་པོས་དེ་ལ་གསུང་རབ་ཀྱི་དོན་དྲིས་པས། དེས་ལན་མ་ཐེབས་པས་ཁྲོས་ཏེ། ནགས་ཀྱིས་མ་ཧེ་དང་འདྲ་བ་འདི་དག་ཅི་ཤེས་ཞེས་སྨྲས་ཤིང་། དེའི་སློབ་མ་རྣམས་ཀྱིས་ཀྱང་མ་ཧེའི་རྫི་དང་འདྲ་བ་འདི་དག་ཅི་ཤེས་ཞེས་ཚིག་རྩུབ་སྨྲས་པའི་རྒྱུ་དེས། སྐྱེ་བ་ལྔ་བརྒྱར་སྡེ་སྣོད་འཛིན་པ་མ་ཧེའི་ཁྱུ་མཆོག་དང་སློབ་མ་རྣམས་རྫི་བུར་གྱུར་ཏོ། །དེ་ད་ལྟར་ང་ལ་སེམས་དགའ་བར་གྱུར་པས་ལྷར་སྐྱེས་པ་དང་། དེ་རྣམས་ཀྱིས་དེའི་ཚེ་ཚུལ་ཁྲིམས་བསྲུངས་པས་བདེན་པ་མཐོང་བ་དང་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དགེ་སློང་དག་དེ་བས་ན་ངག་གི་ཉེས་པ་སྤང་བའི་ཕྱིར་འབད་པར་བྱ་སྟེ། ཅི་ནས་མ་ཧེ་དང་མ་ཧེ་རྫི་རྣམས་ཀྱི་ཉེས་པ་དེ་ལྟ་བུ་དག་འབྱུང་བར་མི་འགྱུར་བ་དང་། ལྷའི་བུ་དེའི་ཡོན་ཏན་གྱི་ཚོགས་དེ་ལྟ་བུ་ཐོབ་པར་འགྱུར་བར་དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ཞེས་བཀའ་སྩལ་ཏོ། །

བསྙེན་གནས་ཀྱི་ཁུངས་དང་ཚུལ་བཞིན་དུ་བསྲུངས་པའི་ཕན་ཡོན་དང་མ་བསྲུངས་པའི་ཉེས་དམིགས་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། ལྷའི་བུ་བསྙེན་གནས་ཞེས་པ་འཁོར་ལྔ་བརྒྱ་དང་བཅས་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས་ཆོས་ཉན་ཏེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ་དགའ་བའི་ཚིག་བརྗོད་ནས་སླར་ལྷ་ཡུལ་དུ་སོང་ངོ་། །དེའི་ཚེ་འོད་ཀྱི་སྣང་བ་མཐོང་ནས་འཁོར་རྣམས་ཀྱིས་ཞུས་པ་ན། གོང་གི་ལོ་རྒྱུས་གསུངས་ནས། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་ཏེ་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་བཞུགས་པའི་ཚེ། རྒྱལ་པོ་ཀྲི་ཀཱི་དེར་བསྙེན་བཀུར་གྱི་ཕྱིར་འོང་བ་བྲམ་ཟེ་གཉིས་ཀྱིས་མཐོང་ནས། དེ་གཉིས་རྒྱལ་སྲིད་ལ་འདོད་པ་སྐྱེས་ཏེ་དགེ་བསྙེན་ཞིག་ལ་ཐབས་དྲིས་པས། བསྙེན་གནས་ཡན་ལག་བརྒྱད་པ་བསྲུང་བ་ན་དེས་ཅི་བསམས་པ་དང་། ཅི་འདོད་པ་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་ཐོས་པས། དེ་གཉིས་ཀྱིས་ཁྱིམ་བདག་ཆུ་སྟོད་ལས་བསྙེན་གནས་ཡན་ལག་བརྒྱད་པ་བླངས་པ་ལས། གཅིག་གིས་ཡོངས་སུ་དག་པར་བསྲུངས་པས་དེ་ཤི་ནས་རྒྱལ་པོའི་ཀྲི་ཀཱིའི་བུར་སྐྱེས་ཏེ་མིང་ལེགས་སྐྱེས་ཞེས་བཏགས་ནས་ཕ་ཤི་བའི་འོག་ཏུ་རྒྱལ་པོར་བཅུག་གོ །ཅིག་ཤོས་ཀྱིས་ནི་བསྙེན་གནས་ཉམས་པར་བྱས་པས་དེ་ཤི་ནས་ཀླུར་སྐྱེས་ཏེ། དེའི་སྟེང་དུ་ཉིན་གཅིག་བཞིན་དུ་ལན་བདུན་བདུན་བྱེ་ཚན་བབ་སྟེ་དེས་རུས་པ་འབའ་ཞིག་ལུས་པར་བྱེད་དོ། །དེ་སྡུག་བསྔལ་གྱིས་ནོན་ནས་དེའི་ལས་ཀྱི་རྒྱུ་ལ་བརྟགས་པས་སྔོན་ཇི་ལྟར་གྱུར་པ་ཤེས་ནས། ད་ཡང་བདག་གིས་བསྙེན་གནས་ཡན་ལག་བརྒྱད་པ་བླངས་ཏེ་བསྲུངས་ན་འདི་ལས་ཐར་པར་འགྱུར་ཡང་སྲིད་སྙམ་སྟེ། དེར་བྲམ་ཟེའི་ཆ་ལུགས་སུ་སྤྲུལ་ཏེ། རྒྱལ་པོའི་ཐད་དུ་ཕྱིན་ནས། རྒྱལ་པོ་ལ་རྒྱལ་བར་གྱུར་ཅིག སྐུ་ཚེ་རིང་བར་ཤོག་ཅིག རྒྱལ་པོ་ཆེན་པོ་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་བདག་ལ་འཚལ་གྱིས་ལྷས་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་སྩལ་ཏུ་གསོལ། གལ་ཏེ་མ་བསྩལ་ན་གདོན་མི་འཚལ་བར་ལྷའི་དབུ་ཚལ་པ་བདུན་དུ་གས་པར་འགྱུར་རོ་ཞེས་བྱས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེར་རྒྱལ་པོ་ཤིན་ཏུ་སྐྲག་ནས་གསེར་འབུམ་ཡོད་པའི་སྣོད་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ནས། སུས་ང་ལ་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་སྟོན་པ་དེ་ལ་གསེར་འབུམ་འདི་སྦྱིན་ཞིང་བཀུར་སྟི་ཆེན་པོས་ཀྱང་བཀུར་བར་བྱའོ་ཞེས་བསྒོའོ། །དེར་ཤིང་མཁན་གྱི་བུད་མེད་རྒན་མོ་ཞིག་གིས། རྒྱལ་པོ་ལ་ཀ་བ་ཞིག་བསྟན་ཏེ། སྔོན་བདག་གི་ཕས་ཀ་བ་འདི་ལ་སྤོས་དང་བདུག་པ་དང་མེ་ཏོག་དག་གིས་མཆོད་པར་བགྱིད་ན་འདི་ཕྱུང་སྟེ་གཟིགས་ཤིག དེར་ཀ་བ་དེ་ཕྱུང་བ་དང་། དེའི་འོག་ནས་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་དང་། དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་དང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་གསེར་གྱི་གླེགས་བམ་ལ་བྲིས་པ་ཞིག་རྙེད་དོ། །དེ་ནས་རྒྱལ་པོས་ཀླུ་དེ་ལ་བསྙེན་གནས་ཡན་ལག་བརྒྱད་པ་བྲིས་ཏེ་བྱིན། དྲང་སྲོང་སྨྲ་བ་ན་གནས་པའི་དྲང་སྲོང་ཁྲི་ཉིས་སྟོང་གིས་ཀྱང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་མངོན་དུ་བྱས་སོ། །ཀླུ་དེས་བསྙེན་གནས་ཡན་ལག་བརྒྱད་པ་བསྲུངས་ནས་ཐང་ལ་ཕྱུང་སྟེ་ལུས་བོར་ནས་ཟས་བཅད་དེ་ཤི་འཕོས་ཏེ་གཡོག་འཁོར་ལྔ་བརྒྱ་དང་བཅས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །དགེ་སློང་དག་བསྙེན་གནས་ནི་དེ་ལས་བྱུང་སྟེ་མིང་ཡང་དེ་ལས་བཏགས་སོ་ཞེས་བཀའ་སྩལ་ཏོ། །འདིས་ནི་བསྙེན་གནས་ཀྱི་ཁུངས་དང་ཚུལ་བཞིན་དུ་བསྲུངས་པའི་ཕན་ཡོན་དང་མ་བསྲུངས་པའི་ཉེས་དམིགས་བསྟན་པ་སྟེ། འདི་དང་གོང་གི་མཛངས་བླུན་གྱི་དེ་གཉིས་སྤྱིའི་ཁོག་གཅིག་ཀྱང་ཁྱད་པར་ཅུང་ཟད་སྣང་ངོ་། །

སངས་རྒྱས་ལ་དད་པ་དང་ཆོས་ཐོས་པའི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། པཉྩ་ལའི་རྒྱལ་པོས་རྒྱལ་པོ་གསལ་རྒྱལ་ལ་ངང་པ་ལྔ་བརྒྱ་སྐྱེས་སུ་བསྐུར་བ་རྒྱལ་པོ་གསལ་རྒྱལ་གྱིས་ངང་པ་དེ་དག་ལ་མི་འཇིགས་པ་བྱིན་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་བཏང་བས། དེ་དག་སངས་རྒྱས་འཁོར་དང་བཅས་པས་བཤོས་གསོལ་བའི་དྲུང་དུ་འགྲོ་ཞིང་ཁྱོས་མ་བྱིན་པ་དག་ཟ་བར་བྱེད་ཅིང་། འཁོར་རྣམ་བཞི་ལ་ཆོས་གསུངས་པའི་སྐབས་ཀྱང་དེ་དག་ལ་ཕྱིན་ཏེ་ཉན་པར་བྱེད་པ་ལས། དེ་རྣམས་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་སུ་སྐྱེས་ཏེ་དེ་དག་ཞག་མ་ལོན་པར་བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་ནས་ཆོས་ཞུས་ཏེ་བདེན་པ་མཐོང་བས་དགའ་བའི་ཚིག་བརྗོད་ཅིང་རང་གནས་སུ་སོང་ངོ་། །ཕྱིར་ནངས་འཁོར་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། ངང་པ་ལྔ་བརྒྱ་འདིར་བཏང་བ་དེ་ཁྱོད་ཀྱི་མཐོང་ངམ། བཙུན་པ་མཐོང་ལགས་སོ། །བཀའ་སྩལ་པ། དེ་དག་ང་ལ་སེམས་དགའ་བར་གྱུར་ཏེ་ཤི་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་བཟང་པོར་སྐྱེས་ཏེ། དེ་དག་མདང་ངའི་ཐད་དུ་ལྷགས་ནས་དེ་དག་ལ་ངས་ཆོས་བསྟན་ཏེ་བདེན་པ་མཐོང་བར་གྱུར་ནས་རང་གི་གནས་སུ་དོང་ངོ་། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་འདི་དག་རབ་ཏུ་བྱུང་བ་ལས་བསླབ་པ་ལ་ལྷོད་པར་བྱས་པ་དེས་ན་ངང་པར་སྐྱེས་སོ། །ང་ལ་སེམས་དགའ་བར་བྱས་པ་དེས་ནི་ལྷར་སྐྱེས་སོ། །བསླབ་པ་ལྷག་མ་རྣམས་བསྲུངས་པ་དེས་ནི་བདེན་པ་མཐོང་བར་གྱུར་ཏོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་དཀར་བ་འབའ་ཞིག་ལ་གཏད་པར་བྱའོ་གསུངས། འདིས་ནི་བསླབ་པ་འགལ་བའི་ཉེས་དམིགས་དང་། དེ་ལས་བསླབ་གཞི་གཞན་ཕྲ་མོ་བསྲུངས་པ་དང་སངས་རྒྱས་ལ་དད་པ་དང་ཆོས་ཐོས་པའི་ཕན་ཡོན་ཀྱང་བསྟན་པ་ཡིན་ནོ། །ཡང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་མང་བ་རྣམ་ཐོས་བུའི་ནོར་དང་ལྡན་པ་ཞིག་གི་ཆུང་མ་ལ་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་མིའི་ཁ་དོག་ལས་ནི་འདས་ལྷའི་ཁ་དོག་ནི་མ་ཐོབ་པ་འཛམ་བུའི་ཆུ་བོ་གསེར་གྱི་མདོག་འདྲ་བ་ཞིག་བཙས་ཏེ། དེའི་འོད་ཀྱིས་གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་སྣང་བར་བྱས་པས་མིང་གསེར་འོད་ཅེས་བཏགས་སོ། །དེར་ཆེར་སྐྱེས་པ་ན་བྱད་གཟུགས་ཀྱི་རྒྱགས་པས་མྱོས་ཏེ་གྲོང་ཁྱེར་གྱིས་ཕྱི་རོལ་ན་རྩེར་ཕྱིན་པ་ན། ཤཱཀྱ་རྣམས་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བར་འགྲོ་བ་མཐོང་ནས་གཏམ་དྲིས་པས། སངས་རྒྱས་ཀྱི་མཚན་ཐོས་པའི་མོད་ལ་སྤུ་ཐམས་ཅད་ཟིང་ཞིང་མཆོག་ཏུ་ངོ་མཚར་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་པ་ན་སྐུ་མཐོང་བ་ཙམ་གྱི་དེའི་བྱད་གཟུགས་ཀྱི་རྒྱགས་པ་མེད་པར་གྱུར་ནས་ཞབས་ལ་ཕྱག་བྱས་ཏེ་ཆོས་ཉན་ནས། ཕ་མ་ལ་གནང་བ་ཞུས་ཏེ་ཚུར་ཤོག་གིས་བསྙེན་པར་རྫོགས་ཏེ་བརྩོན་པས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་བསྐལ་པ་དགུ་བཅུ་རྩ་གཅིག་འདས་པའི་ཕ་རོལ་ན་སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་བྱོན་ཏེ། རྒྱལ་པོའི་ཕོ་བྲང་གཉེན་ལྡན་དུ་བཞུགས་ནས། སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་པའི་འོག་ཏུ་སྐུ་མྱ་ངན་ལས་འདས་པའི་ཚེ། རྒྱལ་པོ་མཉན་ཡོད་ཀྱིས་སྐུ་གདུང་ལ་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་ཏེ་མཆོད་རྟེན་གྱི་དུས་སྟོན་ཡང་གཙུགས་སོ། །དེའི་ཚེ་ཁྱིམ་བདག་གཅིག་གིས་མཆོད་རྟེན་དེ་ལ་གསེར་གྱི་མེ་ལོང་ཞིག་བཏགས་ནས་སྤོས་དང་མེ་ཏོག་སོགས་ཀྱིས་མཆོད་ཅིང་ཕྱག་བྱས་ཏེ། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པར་བྱེད་པར་མ་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་ཁྱིམ་བདག་དེ་ནི་ཁྱེའུ་གསེར་འོད་འདི་ཡིན་ཏེ། དེའི་ཚེ་མཆོད་རྟེན་ལ་བཀུར་སྟི་བྱས་པས་འདི་ལྟར་གཟུགས་བྱད་ཁྱད་པར་དུ་འཕགས་ཤིང་། སྨོན་ལམ་བཏབ་པས་ཚེ་འདི་ལ་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ་གསུངས། །ཡང་སྟོན་པ་ནྱ་གྲོ་དྷཱའི་ཀུན་དགའ་བ་ན་བཞུགས་པའི་ཚེ། ཤཱཀྱ་ཕྱུག་པོ་རྣམ་ཐོས་བུའི་ནོར་ལ་འགྲན་པ་ཞིག་གི་ཆུང་མ་ལ་ཁྱེའུ་མཛེས་ཤིང་ལྟ་ན་སྡུག་པ། ཁ་ནས་ཨུད་པ་ལའི་དྲི་བྲོ་བ་ལུས་ལས་ཙནྡན་གྱི་དྲི་འབྱུང་བ་ཞིག་བཙས་པས་མིང་དྲི་ཞིམ་ཞེས་བཏགས་སོ། །དེར་ཆེར་སྐྱེས་ནས་ལམ་སྲང་དུ་ཞུགས་པའི་ཚེ་ཙནྡན་གྱི་དྲི་བསུང་གིས་གྲོང་ཁྱེར་ཐམས་ཅད་ཁྱབ་པར་གྱུར་ཏེ་སྐྱེ་བོ་ཐམས་ཅད་ངོ་མཚར་དུ་གྱུར་ཞིང་། དེ་ཕྱིས་སངས་རྒྱས་དང་མཇལ་ནས་ཆོས་ཐོས་པས་རྒྱུན་དུ་ཞུགས་པ་ཐོབ་ཅིང་། ཕ་མ་ལ་གསོལ་ནས་རབ་ཏུ་བྱུང་ཞིང་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་དེ་ལ། ཁྱིམ་བདག་གཅིག་དད་པ་སྐྱེས་ནས་སྤོས་དང་བྱུག་པ་རྣམ་པ་སྣ་ཚོགས་ཕུལ་ཏེ། བདུག་པ་དང་མེ་ཏོག་གིས་མཆོད་ནས་སྨོན་ལམ་བཏབ་པའི་རྒྱུ་དེས་ད་ལྟར་དྲི་ཞིམ་པ་དང་། དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ་གསུངས། །ཡང་སྟོན་པ་ནྱ་གྲོ་དྷཱའི་ཀུན་དགའ་ར་བར་བཞུགས་པའི་ཚེ། ཤཱཀྱ་རྣམ་ཐོས་བུའི་ནོར་དང་ལྡན་པའི་ཆུང་མ་ཞིག་ལ་ཁྱེའུ་དཔེ་ཟླ་དང་བྲལ་བའི་གཟུགས་བྱད་གཙང་བ་ཞིག་བཙས་ཏེ་མིང་བྱད་བཟང་དུ་བཏགས། དེར་ཆེར་སྐྱེས་ནས་ཕྱོགས་གང་དང་གང་དུ་གོམ་པ་བོར་བ་དེ་དག་ཀྱང་གཙང་བར་གྱུར་པས། དེ་བསོད་ནམས་དང་ལྡན་ཞིང་ཆེ་བར་གྲགས་སོ། །དེ་ཉིད་ཕྱིས་བཅོམ་ལྡན་འདས་དང་མཇལ་ཏེ་ཆོས་ཐོས་པས་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་སྔར་བཞིན་ནོ། །དེར་ལས་ཀྱི་རྒྱུ་གསོལ་པ་ན། སྔོན་སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་དེ་ལ་དུས་སྟོན་བྱས་པའི་འོག་ཏུ་མི་དབུལ་པོ་ཞིག་མཆོད་རྟེན་གྱི་འཁོར་སའི་ནང་དུ་སོང་བ་ན། མཆོད་རྟེན་དེ་མེ་ཏོག་རྙིང་པ་དང་རྡུལ་གྱིས་གཡོགས་པར་མཐོང་ནས། དེས་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་ནས་དད་པ་སྐྱེས་ཏེ་ཕྱགས་མ་བླངས་ནས་མཆོད་རྟེན་ཡང་ཕྱགས་མེ་ཏོག་རྙིང་པ་རྣམས་ཀྱང་བསལ་ཏོ། །དེ་ནས་དེས་མཆོད་རྟེན་ལ་རྡུལ་དང་དྲི་མ་མེད་པར་མཐོང་ནས་དགའ་བ་སྐྱེས་ཏེ། ཕྱག་འཚལ་ནས་སྨོན་ལམ་བཏབ་པས་ད་ལྟར་བྱད་གཟུགས་བཟང་ཞིང་འབྲས་བུ་བཞི་མངོན་དུ་བྱས་སོ་གསུངས། །ཡང་སྟོན་པ་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། ཤཱཀྱ་ཕྱུག་ཅིང་ནོར་མང་བ་ཞིག་གི་ཆུང་མ་ལ་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ། སྟོབས་ཀྱི་ཤུགས་གཞན་ལས་འཕགས་པ་ཞིག་བཙས་པས་མིང་སྟོབས་ལྡན་ཞེས་བྱ་བ་བཏགས་སོ། །དེ་ཆེར་སྐྱེས་པ་ན་བཅོམ་ལྡན་འདས་དང་མཇལ་ཞིང་ཆོས་ཐོས་པས་རྒྱུན་དུ་ཞུགས་པ་ཐོབ་པ་ནས་དགྲ་བཅོམ་པའི་བར་སྔར་བཞིན་དུ་གྱུར་ཏོ། །དེ་ནས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་དེ་ཉིད་ཀྱི་དུས་སྟོན་ཚེ་སྐྱེ་བོ་མང་པོས་གླུ་གར་བྱས་པས་མཆོད་རྟེན་དེ་རྡུལ་གྱིས་གཡོགས་པ་ན། ཁྱིམ་བདག་གཅིག་གིས་མཐོང་ནས་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་ནས་དད་པ་སྐྱེས་ཏེ། སྤོས་ཀྱི་ལྡེ་གུ་ཏིལ་མར་དང་སྦྱར་བ་ཕུལ་ནས་སྨོན་ལམ་བཏབ་པས། རྒྱུ་དེས་ད་ལྟར་སྟོབས་དང་ལྡན་ཞིང་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ་གསུངས། །ཡང་སྟོན་པ་ནྱ་གྲོ་ངྷཱའི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། ཤཱཀྱ་ཕྱུག་ཅིང་ནོར་མང་བ་ཞིག་གི་ཆུང་མ་ལ་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་མཛེས་པ་ཆེ་བར་གྲགས་པ་མཐོང་ན་དགའ་བ་ཞིག་བཙས་ཏེ་མིང་སྡུག་གུ་ཞེས་བཏགས་སོ། །དེ་ཆེར་སྐྱེས་པ་ན་སྦྱིན་པ་ལ་མངོན་པར་དགའ་བ་ཞིག་སྟེ། དགེ་སྦྱོང་དང་བྲམ་ཟེ་དང་བཀྲེན་པ་དང་སྡུག་ཅིང་ཕོངས་པ་རྣམས་ལ་སྦྱིན་པ་སྣ་ཚོགས་པ་གཏོང་བས་སྡུད་པར་བྱེད་དེ། ཕྱིས་བཅོམ་ལྡན་འདས་ལ་མཇལ་བ་ནས་དགྲ་བཅོམ་པའི་བར་སྔར་བཞིན་དུ་གྱུར་ཏོ། །དེར་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་རྣམ་གཟིགས་ཀྱི་མཆོད་རྟེན་དེ་ལ། ནམ་དཔྱིད་ཀྱི་དུས་སུ་ཤིང་རྣམས་མེ་ཏོག་རྒྱས་ཏེ་མེ་ཏོག་རྣམ་པ་སྣ་ཚོགས་པ་བྱུང་བ་ན། ཁྱིམ་བདག་གཅིག་གིས་རྒྱལ་པོ་ལ་བདག་ནི་ལྷ་དང་ལྷན་ཅིག་ཏུ་མཆོད་རྟེན་ལ་མེ་ཏོག་གདགས་པར་འཚལ་ལོ། །རྒྱལ་པོས་ཀྱང་དེ་ལྟར་གྱིས་ཤིག དེ་ནས་ཁྱིམ་བདག་དེ་དང་། རྒྱལ་པོ་དང་བློན་པོ་སོགས་ཀྱིས་དྲིལ་བསྒྲགས་ཏེ་མེ་ཏོག་རྣམ་པ་སྣ་ཚོགས་པ་སྟ་གོན་བྱས་ནས་མཆོད་རྟེན་ལ་མེ་ཏོག་བཏགས་ཏེ། སྲོག་ཆགས་འབུམ་ཕྲག་དུ་མས་སེམས་དགའ་བ་སྐྱེས་ནས་དགེ་བའི་རྩ་བ་ཡང་དག་པར་བསྐྱེད་དོ། །དེའི་དུས་ཀྱི་ཁྱིམ་བདག་དེ་ནི་སྡུག་གུ་འདི་ཡིན་ཏེ། དེས་སྐྱེ་བོ་ཕལ་མོ་ཆེ་དང་ལྷན་ཅིག་ཏུ་དགེ་བའི་རྩ་བ་རྣམས་བསྐྱེད་པ་དེས། ད་ལྟར་སྐྱེ་བོ་ཕལ་གྱིས་སྙིང་ལ་སྡུག་ཅིང་ཡིད་དུ་འོང་བར་གྱུར་ལ་རྒྱུ་དེས་གཟུགས་བཟང་བ་དང་དགྲ་བཅོམ་པའི་བར་དུ་གྱུར་ཏོ་གསུངས། །ཡང་སྟོན་པ་སེར་སྐྱ་ན་བཞུགས་པའི་ཚེ། ཤཱཀྱ་ཕྱུག་པོ་རྣམ་ཐོས་བུའི་ནོར་དང་ལྡན་པ་ཞིག་གི་ཆུང་མ་ལ་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་མིག་པདྨ་སྔོན་པོ་དང་འདྲ་བ་མགོ་ལ་ལྷའི་ནོར་བུ་རིན་པོ་ཆེ་མཐོན་ཀ་ཐོགས་པ་ཞིག་བཙས་ཏེ། དེས་གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་ནོར་བུ་མཐོན་ཀའི་ཁ་དོག་ཅན་དུ་བྱས་ཏེ་དེའི་མིང་ལ་པདྨའི་མིག་ཅེས་བྱ་བར་བཏགས་སོ། །དེ་ཆེར་སྐྱེས་པ་ན་གང་དང་གང་དུ་འགྲོ་བ་དེར་ལྷ་དང་མི་རྣམས་ཀྱིས་མཆོད་ཅིང་བསྔགས་པར་བྱེད་ལ། ཕྱིས་བཅོམ་ལྡན་འདས་དང་མཇལ་ནས་ཆོས་ཐོས་པས་རྒྱུན་དུ་ཞུགས་པ་ཐོབ་ནས། རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེ་ནས་དེ་བསོད་སྙོམས་ལ་སོང་བ་དང་། སྐྱེ་བོ་ཕལ་པོ་ཆེས་དེ་ལ་བལྟས་ནས་ངོ་མཚར་བར་གྱུར་ཏོ། །དེར་དགེ་སློང་པདྨའི་མིག་དེ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས། ཅི་ནས་བདག་གི་ནོར་བུ་རིན་པོ་ཆེ་འདི་མ་མཆིས་པར་མཛད་དུ་གསོལ་ཞུས་པས་སྟོན་པས། བུ་འདི་ནི་ལས་ལས་སྐྱེས་པ་ཡིན་པས་ན་ནོར་བུ་རིན་པོ་ཆེ་འདི་མེད་པར་བྱ་མི་ནུས་སོ། །འོན་ཀྱང་དད་པ་དང་ལྡན་པ་རྣམས་ཀྱིས་མཐོང་ལ། མ་དད་པ་རྣམས་ཀྱིས་མི་མཐོང་བར་བྱའོ་གསུངས་ནས་དེ་བཞིན་དུ་མཛད་དོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་དེ་ལ། དེད་དཔོན་ཞིག་རྒྱ་མཚོ་ཆེན་པོའི་གྲུའིི་དོན་གྲུབ་སྟེ་ཕྱིར་འོངས་པ་ན། དེའི་ནང་ནས་ནོར་བུ་རིན་པོ་ཆེ་མཐོན་ཀ་ཆེན་པོ་ཞིག་ཁྱེར་ཏེ་འོངས་ནས། སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་མཆོད་རྟེན་གྱི་ཆར་ཁེབ་ལ་བཏགས་པས། དེའི་འོད་ཕྱོགས་མཚམས་མཐོན་ཀའི་མདོག་ལྟ་བུར་སྣང་བར་བྱས་ཤིང་མེ་ཏོག་པདྨ་དག་གིས་ཀྱང་མཆོད་ནས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་དེད་དཔོན་དེ་ནི་པདྨའི་མིག་འདི་ཡིན་ཏེ། དེས་མཆོད་རྟེན་ལ་ནོར་བུ་བཏགས་པས་མགོ་ལ་ནོར་བུ་རིན་པོ་ཆེ་བྱུང་ཞིང་པདྨ་སྔོན་པོས་མཆོད་པས་མིག་པདྨ་ལྟར་མཛེས་པ་དང་། སྨོན་ལམ་གྱིས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ་གསུངས། །ཡང་བཅོམ་ལྡན་འདས་ནྱ་གྲོ་དྷཱར་བཞུགས་པའི་ཚེ། ཤཱཀྱ་ཕྱུག་ཅིང་ནོར་མང་བ་ཞིག་གི་ཆུང་མ་ལ་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་བྱ་ཀ་ལ་པིང་ཀ་ལྟར་སྐད་སྙན་པ་རྔ་སྒྲ་ལྟར་གདངས་སྙན་པ་ཞིག་བཙས་ཏེ་མིང་རྔ་སྒྲར་བཏགས་སོ། །དེ་ཆེར་སྐྱེས་ནས་བཅོམ་ལྡན་འདས་དང་མཇལ་ཏེ་ཆོས་ཐོས་པས་རྒྱུན་དུ་ཞུགས་པ་ཐོབ་ནས། དེ་རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་དེ་ལ་ཁྱིམ་བདག་གཅིག་གིས་རོལ་མོ་མཁས་པར་སྦྱངས་ནས། ཉིན་རེ་བཞིན་དུ་རོལ་མོ་སྣ་ཚོགས་པས་བཀུར་སྟི་བྱས་པས། དེའི་ལས་ཀྱི་རྒྱུས་ད་ལྟར་རྔ་སྒྲ་ལྟ་བུའི་གདངས་ཅན་དུ་གྱུར་ཅིང་རྒྱུ་དེ་ཁོ་ནས་དགྲ་བཅོམ་པ་ཐོབ་བོ་གསུངས། ཡང་སྟོན་པ་ནྱ་གྲོ་དྷཱའི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། ཤཱཀྱ་ཕྱུག་ཅིང་ནོར་མང་བ་ཞིག་གི་ཆུང་མ་ལ་ཤ་སྣག་བུ་ཆེན་པོ་ཞིག་བྱུང་སྟེ་དེ་མཐོང་བས་ཁྱིམ་བདག་དེ་མི་དགའ་བར་གྱུར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་ཞུས་པ་ན། བཀའ་སྩལ་པ། ཁྱིམ་བདག་ཁྱོད་མ་འཇིགས་ཤིག ཤ་སྣག་བུ་དེ་རས་བལ་རྨེལ་བའི་ནང་དུ་ཆུག་ལ་ཞག་བདུན་གྱིས་བར་དུ་ཉིན་རེ་བཞིན་དུ་དུས་གསུམ་དུ་ལག་པས་བྲབས་ཏེ། འོ་མས་ཀྱང་ཡང་ཡང་གཏོར་ཅིག་དང་། དེའི་འོག་ཏུ་རྡོལ་ཏེ་བུ་བརྒྱ་འབྱུང་བར་འགྱུར་ལ་དེ་ཐམས་ཅད་ཀྱང་ཚན་པོ་ཆེའི་སྟོབས་དང་ལྡན་པར་འགྱུར་རོ། །དེ་ཐོས་པ་དང་ཁྱིམ་བདག་དེ་ཆེས་དགའ་བར་གྱུར་ཏེ། ཇི་སྐད་བསྟན་པ་བཞིན་དུ་བྱས་པས། ཞག་བདུན་ན་དེ་རྡོལ་བའི་ནང་ནས་བུ་བརྒྱ་བྱུང་སྟེ། ཀུན་ཀྱང་གཟུགས་མཛེས་ཤིང་ཚན་པོ་ཆེའི་སྟོབས་དང་ལྡན་པ་ཤ་སྟག་བྱུང་ངོ་། །དེ་ཐམས་ཅད་ཆེར་སྐྱེས་པ་ན་བཅོམ་ལྡན་འདས་དང་མཇལ་ཞིང་ཆོས་ཐོས་པས་བདེན་པ་མཐོང་ཞིང་། རབ་ཏུ་བྱུང་ནས་ཀུན་ཀྱང་དགྲ་བཅོམ་པར་གྱུར་ཏོ། །དེར་ངོ་མཚར་དུ་གྱུར་ནས་དེ་རྣམས་ཀྱི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་དེ་ལ་མཛའ་སྡེ་བརྒྱ་མངོན་པར་དད་ནས། དེ་དག་གིས་ལྷན་ཅིག་ཏུ་ཏིལ་མར་སྤོས་ཅན་གྱིས་བྱུགས་ནས། མེ་ཏོག་དང་མེ་ཏོག་གི་ཕྲེང་བ་དང་། མར་མེ་དག་གིས་ཀྱང་མཆོད་པར་བྱས་ཏེ། ལྷན་ཅིག་ཏུ་སྨོན་ལམ་བཏབ་པ་བདག་ཅག་གང་དང་གང་དུ་སྐྱེས་པ་དེར་སྤུན་དུ་གྱུར་ཏེ། ལྷན་ཅིག་ཏུ་ལྟོ་གཅིག་ཁོ་ན་ལས་འབྱུང་བར་གྱུར་ཅིག ཚན་པོ་ཆེའི་སྟོབས་ཀྱི་ཤུགས་ཐོབ་པ་དང་བྱད་གཟུགས་དང་ལྡན་པར་གྱུར་ཅིག མ་འོངས་པ་ན་སངས་རྒྱས་རྣམས་མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པར་བྱེད་པར་མ་གྱུར་ཅིག ཅེས་བྱས་པ་ལས་དེའི་རྒྱུས་ད་ལྟར་དེ་བཞིན་དུ་གྱུར་པར་གསུངས་སོ། །ཡང་སྟོན་པ་ནྱ་གྲོ་དྷཱར་བཞུགས་པའི་ཚེ། ཤཱཀྱ་ཕྱུག་ཅིང་ནོར་མང་བ་ཞིག་གི་ཆུང་མ་ལས། ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ནོར་བུ་རིན་པོ་ཆེ་མགོ་བོ་ལ་ཐོགས་པ་ཞིག་བཙས་ཏེ། དེའི་འོད་ཀྱི་སྣང་བས་མཚན་མོ་གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་ཁྱབ་པར་གྱུར་པས་ཉིན་མོ་བཞིན་སྣང་བར་བྱས་པས་མིང་ཉི་མ་ཞེས་བྱ་བར་བཏགས་སོ། །དེ་ཆེར་སྐྱེས་པ་ནས་སངས་རྒྱས་དང་མཇལ་ཞིང་ཆོས་ཐོས་པས་རྒྱུན་དུ་ཞུགས་པ་ཐོབ་ལ། རབ་ཏུ་བྱུང་བས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེ་གྲོང་དུ་བསོད་སྙོམས་ལ་བྱོན་པ་ན་བྲམ་ཟེ་དང་ཁྱིམ་བདག་མ་དད་པ་དག་གིས་ནོར་བུ་རིན་པོ་ཆེ་མགོ་ལ་ཐོགས་ནས། ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་སུམ་མདོ་དག་ཏུ་འཁྱམས་པ་ལས་ནི། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གིི་ཚུལ་ནི་ཚིག་པའོ། །བྲམ་ཟེའི་ཚུལ་ནི་ཚིག་པའོ་ཞེས་འཕྱ་བར་བྱས་པས། དེ་ངོ་ཚ་ནས་བཅོམ་ལྡན་འདས་ལ་འདི་མེད་པར་མཛོད་ཅེས་གསོལ་བ་བཏབ་པས། བུ་འདི་ནི་ལས་ལས་སྐྱེས་པ་ཡིན་པས་མེད་པར་བྱ་མི་ནུས་སོ་གསུངས་ནས་ཕྱིན་ཆད་དད་པ་མེད་པ་རྣམས་ཀྱིས་མི་མཐོང་བར་བྱིིན་གྱིས་བརླབས་སོ། །དེ་ནས་དེའི་ལས་ཀྱི་རྒྱུ་ཞུས་པས་སྔོན་མི་ཞིག་གིས་རྒྱལ་པོ་དང་རྒྱན་པོས་རྩེས་ནས་སྐུགས་སུ་ནོར་བུ་རིན་པོ་ཆེ་མེ་ཤེལ་ཞིག་ཐོབ་པ། སྔར་གྱི་སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་དེའི་ཆར་ཁེབ་ལ་བཏགས་ཏེ་ཕྱག་བྱས་ནས། བདག་གིས་ཀྱང་འདི་ལྟ་བུའི་ཡོན་ཏན་དག་ཐོབ་པར་གྱུར་ཅིག སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པ་བྱེད་པར་མ་གྱུར་ཅིག ནོར་བུ་རིན་པོ་ཆེ་འདི་ལྟ་བུ་ཡང་སྤྱི་བོ་ལ་ཐོགས་བཞིན་ཏུ་མའི་ལྟོ་ནས་འབྱུང་བར་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །རྒྱུ་དེས་ད་ལྟར་འདིའི་མགོ་ལ་ནོར་བུ་རིན་པོ་ཆེ་བྱུང་ཞིང་གཟུགས་བཟང་བ་དང་དགྲ་བཅོམ་པའི་བར་དུ་གྱུར་ཏོ་གསུངས། །ཡང་སྟོན་པ་ནྱ་གྲོ་དྷཱའི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། ཤཱཀྱ་ཕྱུག་པོ་ཞིག་གི་ཆུང་མ་ལ་ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཞིག་བཙས་ཏེ། དེ་བཙས་པའི་ཚེ་ལྷ་རྣམས་ཀྱིས་ཁོ་ར་ཁོར་ཡུག་ནས། ལྷའི་བ་དན་བསྒྲེངས་སོ། །ལྷའི་རོལ་མོའི་ཆ་བྱད་དག་ཀྱང་བརྡུངས་སོ། །ལྷའི་མེ་ཏོག་ཨུད་པ་ལ་དང་། པདྨ་དང་། ཀུ་མུད་དང་། པདྨ་དཀར་པོ་རྣམས་ཀྱང་གཏོར་ཏེ། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཐམས་ཅད་དུ་གྲགས་པ་རྒྱས་པར་གྱུར་ཏེ། ཁྱིམ་ཐམས་ཅད་དུའང་དེའི་ཕྱིར་བ་དན་བསྒྲེངས་སོ། །རྒྱུ་དེས་ཁྱེའུ་མིང་ལ་སྙན་གྲགས་ཞེས་བཏགས་སོ། །དེ་ཆེར་སྐྱེས་པ་ན་སངས་རྒྱས་དང་མཇལ་ཞིང་ཆོས་ཐོས་པ་ནས་དགྲ་བཅོམ་པའི་བར་སྔ་མ་རྣམས་བཞིན་གྱུར་ཏོ། །དེར་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་དེའི་དུས་སྟོན་གྱི་ཚེ། གྱད་འགྱེད་པ་རྣམས་ཀྱི་བ་དན་སྒྲེང་བ་ལས། རྒྱལ་པོའི་གྱད་གཅིག་གིས་གྱད་གཅིག་གནོན་པ་དང་། དེས་གྱད་ཀྱི་བ་དན་ཐོབ་ནས་དེས་བླངས་ཏེ། སྲོག་ཆགས་འབུམ་ཕྲག་དུ་མའི་འཁོར་དང་བཅས་པས་རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་པ་ལེན་ཅིང་། བ་དན་དེ་མཆོད་རྟེན་གྱི་སྲོག་ཤིང་ལ་བཏགས་ནས་སྨོན་ལམ་བཏབ་བོ། །རྒྱུ་དེས་འཁོར་བ་ན་བདེ་བ་མཐའ་ཡས་པ་མྱོང་བར་གྱུར་ལ། ད་ལྟར་ཡང་དགྲ་བཅོམ་པའི་བར་དུ་གྱུར་པར་གསུངས་སོ། །

རིང་བསྲེལ་ཅན་གྱི་མཆོད་རྟེན་ཁྱད་འཕགས་ལ་མཆོད་པ་དང་ཕྲ་རྒྱན་དང་མཆོད་རྫས་ཀྱི་རིགས་སོགས་ཕུལ་བའི་ཕན་ཡོན་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། མཉན་ཡོད་ཀྱི་ཚོང་དཔོན་རྣམ་ཐོས་བུའི་ནོར་དང་ལྡན་པ་ཞིག་གི་ཆུང་མ་ལ། བུ་མོ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ལྷའི་རྒྱན་གྱིས་བཀླུབས་པ་ནོར་བུ་རིན་པོ་ཆེ་མགུལ་དུ་ཐོགས་པ་ཞིག་བཙས་ཏེ། དེ་ལས་འོད་བྱུང་བ་དེས་མཉན་ཡོད་ཐམས་ཅད་སྣང་བར་བྱས་པས་མིང་འོད་བཟང་མ་ཞེས་པར་བཏགས་སོ། །དེ་ཆེར་སྐྱེས་པ་ན་དད་པ་ཆེ་ཞིང་སྦྱིན་པ་ལ་དགའ་བ་སྟེ། སློང་བ་སུ་དང་སུ་འོང་བ་ལ་རང་གི་མགུལ་ནས་རྒྱན་བཀྲོལ་ཏེ་སྦྱིན་པར་བྱེད་དོ། །བྱིན་ནས་ཀྱང་ཡང་རྒྱན་འབྱུང་བར་འགྱུར་རོ། །དེ་ནས་དེ་རྒྱལ་པོའི་བུ་དང་བློན་པོའི་བུ་དང་། ཚོང་དཔོན་གྱི་བུ་མང་པོ་ཞིག་གིས་བསླངས་པས། ཕ་དེས་དེ་དག་གཅིག་ལ་བྱིན་ན་གཞན་ཀུན་དང་དགྲར་འགྱུར་རོ་སྙམ་དུ་སེམས་མི་དགའ་བར་གྱུར་པ་ན། བུ་མོ་དེས་ཡབ་ལ་ཐུགས་ངན་མ་མཛད་ཅིག་དང་། ད་སྟེ་ཞག་བདུན་ན་བདག་ཉིད་ཀྱིས་ཁྱིམ་ཐབ་འདམ་པར་འཚལ་ལོ། །དེ་རྒྱལ་པོ་གསལ་རྒྱལ་ལ་ཞུས་ནས་དྲིལ་བསྒྲགས་ཏེ་ཐམས་ཅད་ཚོགས་པ་ན། བུ་མོ་འོད་བཟང་མ་ཤིང་རྟ་ལ་ཞོན་ཏེ་ཆོས་གོས་ཚོན་ཅན་གྱིས་རྒྱལ་མཚན་བསྒྲེངས་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་རི་མོར་བྲིས་ཏེ་བསྟོད་པ་འདོན་བཞིན་སྲང་དུ་ཞུགས་སོ། །དེར་རྒྱལ་པོའི་བུ་སོགས་དེ་ཐམས་ཅད་ཀྱིས་ཡིད་སྨོན་བྱེད་ཅིང་བལྟ་བ་ལ་བུ་མོ་དེས་བདག་ཁྱོད་རྣམས་གང་གི་སྒོ་ནས་ཀྱང་སྐུ་བརྙས་པ་མ་ལགས་ཏེ་བདག་ནི་འདོད་པ་གཏན་དོན་དུ་མི་གཉེར་བས་སངས་རྒྱས་ལ་སྐྱབས་སུ་སོང་ཞིང་དེར་རབ་ཏུ་བྱུང་བར་བྱའོ་ཞེས་བྱས་པས་དེ་དག་ཕྱིར་ལོག་གོ །དེ་ནས་བུ་མོ་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་ཆོས་ཉན་པས་བདེན་པ་མཐོང་ཞིང་། རབ་ཏུ་བྱུང་བར་གསོལ་བས། བཅོམ་ལྡན་འདས་ཀྱིས་གདུལ་བྱ་མང་པོ་དག་དེས་འདྲེན་པར་གཟིགས་ནས་བཀའ་སྩལ་པ། བུ་མོ་སོང་ལ་འཁོར་རྣམས་ཀྱང་ལྟོས་ཤིག དེ་ནས་བུ་མོ་འོད་བཟང་མ་རྒྱལ་བྱེད་ཀྱི་ཚལ་ནས་ཕྱིར་བྱུང་སྟེ་སྐྱེ་བོ་མང་པོ་འདུས་པའི་ནང་དུ་སོང་བ་དང་། དེ་དག་གིས་འདི་མཐུས་འཕྲོག་པར་བྱའོ་སྙམ་དུ་བཟུང་བར་བརྩམས་ཏེ་བསྙགས་པ་ན། ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་བཞིན་དུ་བུ་མོ་དེ་ནམ་མཁའ་ལ་འཕགས་ཏེ་ཆོ་འཕྲུལ་སྣ་ཚོགས་པ་བསྟན་པས་དེ་དག་དད་པར་གྱུར་ནས་དེའི་རྐང་པ་ལ་ཕྱག་བྱས་ཤིང་བཟོད་པར་གསོལ་བ་ན་བུ་མོ་དེ་ནམ་མཁའ་ལས་བབ་ནས་སྐྱེ་བོ་ཕལ་པོ་ཆེའི་གུང་དུ་འདུག་སྟེ་ཆོས་བསྟན་པས་སྲོག་ཆགས་འབུམ་ཕྲག་དུ་མས་བདེན་པ་མཐོང་བར་བྱས་སོ། །དེ་ནས་དེ་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏང་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་དེ་ལ་རྒྱལ་པོ་མཉན་ཡོད་ཀྱི་བཙུན་མོ་དམ་པ་དེ་རྒས་ནས་རྒྱན་རྣམ་པ་སྣ་ཚོགས་པ་ལུས་ལས་བཀྲོལ་ཏེ་མཆོད་རྟེན་ལ་ཕུལ་ཞིང་། ཞབས་ལ་ཕྱག་བྱས་ནས། དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། བདག་གིས་ཀྱང་དགྲ་བཅོམ་པ་ཐོབ་པར་གྱུར་ཅིག ། ཅེས་སྨོན་ལམ་བྱས་སོ། །དེའི་དུས་ཀྱི་རྒྱལ་པོ་མཉན་ཡོད་ཀྱི་བཙུན་མོ་དམ་པ་དེ་ནི་འོད་བཟང་མ་འདི་ཡིན་ཏེ། རྒྱུ་དེས་ད་ལྟར་དགྲ་བཅོམ་པའི་བར་དུ་གྱུར་པར་གསུངས་སོ། །འདི་རྣམས་ཀྱིས་ནི་རིང་བསྲེལ་ཅན་གྱི་མཆོད་རྟེན་ཁྱད་འཕགས་ལ་མཆོད་པ་དང་ཕྲ་རྒྱན་དང་མཆོད་རྫས་ཀྱི་རིགས་སོགས་ཕུལ་བའི་ཕན་ཡོན་བསྟན་པ་ཡིན་ནོ། །

དགེ་འདུན་པ་རྣམས་ལ་ཞབས་ཏོག་ཕུལ་བའི་ཕན་ཡོན་བསྟན་པ།

༈ ཡང་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་པའི་ཚེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཆུང་མ་ལ་བུ་མོ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་སྐྱེ་བོ་ཀུན་གྱི་སྙིང་དུ་སྡུག་པ་ཞིག་བཙས་པས་མིང་རབ་སྡུག་མར་བཏགས་སོ། །དེས་ཚེ་རབས་ཡང་དྲན་ཏེ་བཙས་མ་ཐག་པར། སྦྱིན་པ་བྱིན་པ་མང་ཉུང་ཅི་ཡང་རུང་། །ཞིང་གི་ཁྱད་པར་གཞི་ལས་འཕེལ་བར་འགྱུར། །དེ་ཕྱིར་མཁས་པས་བསྒྲིམས་{བསྒྲིབས}ཏེ་འཇིག་རྟེན་དུ། །དད་པས་ལྷ་མི་དབང་ཕྱུག་སངས་རྒྱས་སྦྱིན། །ཞེས་སྨྲས་པས་ཐམས་ཅད་ཐེ་ཚོམ་དུ་གྱུར་ཏེ་འདི་ནི་ཤ་ཟ་མོ་ཞིག་གོ་སྨྲས་པ། དེས་སྨྲས་པ། ཡུམ་བདག་ནི་ཤ་ཟ་མོ་ཡང་མ་ལགས། སྲིན་མོ་ཡང་མ་ལགས་ཀྱི། བདག་ནི་བུ་མོ་ལགས་ཏེ་སྦྱིན་པ་དག་སྦྱིན་པར་འཚལ་ལོ། །དེ་ཐོས་པ་དང་ཁྱིམ་བདག་མགོན་མེད་ཟས་སྦྱིན་རབ་ཏུ་དགའ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཁྱིམ་གྱི་ནང་དུ་བཤོས་གསོལ་ཏེ་ཡོན་བསྔོའང་མཛད་དོ། །དེ་ནས་བུ་མོ་དེ་མཐར་གྱིས་ལོ་བདུན་ལོན་པའི་ཚེ། །ཕ་མ་ལ་ཞུས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་བས་ཀུན་ལ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བར་གྱུར་ཏོ། །དེའི་ཚེ་མུ་གེ་ཆེན་པོ་བྱུང་ནས་སྲོག་ཆགས་འབུམ་ཕྲག་མང་པོ་མུ་གེས་ཤི་བར་གྱུར་པ་ན། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་རབ་སྡུག་མ་ལ། ང་ན་རེ་འཁོར་བཞི་པོ་རྣམས་ལ་ཁྱོད་ཀྱིས་ཟླ་བ་གསུམ་གྱི་བར་དུ་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ནད་གསོས་དང་། སྨན་ཟོང་རྣམས་ཕུལ་ཅིག་ཅེས་གྱིས་ཤིག དེ་ནས་ཀུན་དགའ་བོས་རབ་སྡུག་མ་ལ་བཅོམ་ལྡན་འདས་ཀྱི་བཀའ་དེ་བསྐྱལ་བས། རབ་སྡུག་མས་ཐལ་མོ་སྦྱར་ཏེ། བཀའ་བཞིན་དུ་འཚལ་ལོ་ཞེས་བྱས་ཏེ་སྤྱོད་ཡུལ་གྱི་གྲོང་བལྟ་བའི་ཕྱིར་མཉན་ཡོད་དུ་ཆས་པ་ན། མགོན་མེད་ཟས་སྦྱིན་གྱིས་གཏམ་དེ་ཐོས་ནས་དེར་ཕྱིན་ཏེ་ཁྱོད་ཀྱི་དེ་དག་ཐམས་ཅད་བདག་གིས་སྦྱར་གྱིས་ཁྱོད་ཀྱིས་མི་དགོས་སོ། །རབ་སྡུག་མས་སྨྲས་པ། གལ་ཏེ་ཡབ་བདེན་པ་མཐོང་ཞིང་ས་འོག་གི་གཏེར་རྣམས་ཀྱང་གཟིགས་ན། འདི་ལ་ངོ་མཚར་ཅི་མཆིས། དེ་བས་བདག་ནི་སྐྱེ་བོ་དབུལ་པོ་ལ་ཕན་གདགས་པའི་སླད་དུ་ཞལ་ཏ་བགྱིད་དོ། །དེ་བཞིན་དུ་དགེ་བསྙེན་ལྔ་བརྒྱ་དང་། བཙུན་མོ་ཕྲེང་རྒྱུད་མ་དང་། རྒྱལ་རིགས་ཀྱི་བུ་མོ་དབྱར་ཚུལ་མ་དང་། བཙུན་མོའི་འཁོར་གྱི་བླ་དྲང་སྲོང་སྦྱིན་དང་། གནའ་མི་དང་། རི་དྭགས་འཛིན་གྱི་མ་ས་ག་དང་། རྒྱལ་པོ་གསལ་རྒྱལ་རྣམས་ཀྱིས་ཀྱང་སྐབས་ཕྱེ་སྟེ་ཁྱོད་ཀྱི་བྱ་མི་དགོས་སོ་ཞེས་བྱས་སོ། །དེ་ནས་ནགས་ཁུང་དུ་སོང་ནས་དེར་མི་མ་ཡིན་པ་མིའི་ཆ་ལུགས་ཅན་དག་གིས་ཀྱང་སྐབས་ཕྱེའོ། །དེ་ལྟར་སྐབས་ཕྱེ་ནས་ཀྱང་། དེས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་ཞིང་དེའི་རིང་ལ་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཡང་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཟླ་བ་གསུམ་འདས་པ་དང་ཉན་ཐོས་ཀྱི་དགེ་འདུན་རྣམས་དང་ཐབས་གཅིག་ཏུ་མཉན་ཡོད་ནས། རྒྱལ་པོའི་ཁབ་ཏུ་གཤེགས་པ་ན། རབ་སྡུག་མས་བཅོམ་ལྡན་འདས་དང་ལམ་དུ་ཕྲད་ནས་འོ་བརྒྱལ་མི་འཚལ་ལོ་ཞེས་གསོལ་ཏོ། །དེ་ནས་རེ་ཞིག་ན་ནགས་ཁུང་ཆུ་དང་ལྡན་པ་ཞིག་ཏུ་དྲོ་ལ་བབ་པ་ན་རྒྱགས་ཀྱང་མེད་ནས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཞུགས་པར་གསོལ་ནས། དེས་ལྷུང་བཟེད་ལག་པ་གཡོན་པ་ལ་བཞག་སྟེ། གལ་ཏེ་བསོད་ནམས་དག་གི་རྣམ་པར་སྨིན་པ་ཡོད་ཅེ་ན། བདག་གི་ལྷུང་བཟེད་བཟའ་བ་དང་བཅའ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱིས་གང་བར་གྱུར་ཅིག ཅེས་བྱས་པས། ལྷ་རྣམས་ཀྱིས་ལྷ་ཡི་བདུད་རྩིས་བཀང་ངོ་། །དེ་ནས་རབ་སྡུག་མས་གྲལ་རིམ་བཞིན་དུ་དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱི་ལྷུང་བཟེད་རྣམས་ཞལ་ཟས་ཀྱིས་བཀང་བར་བྱས་སོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་མ་བསོད་ནམས་བྱས་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། དགེ་སློང་མ་ར བ་སྡུག་མ་འདི་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེར་དགེ་སློང་རྣམས་ཐེ་ཚོམ་དུ་གྱུར་ནས། དེའི་ལས་ཀྱི་རྒྱུ་གསོལ་པ་ན། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ། གྲོང་ཁྱེར་ཝཱ་རཱ་ཎ་སཱིར་བསོད་སྙོམས་ལ་གཤེགས་པའི་ཚེ། ཚོང་དཔོན་ཞིག་གཡོག་འཁོར་དང་བཅས་པ་སྐྱེད་མོས་ཚལ་དུ་སོང་ནས་དེར་བཟའ་བཅའ་མང་པོ་ཁྱེར་བ་ལས། རེས་ཞིག་ན་དེའི་མངག་གཞུག་བུ་མོ་ཞིག་གིས་འབྲས་ཆན་གྱི་གཟེབ་ཁྱེར་ཏེ་འོང་བ་དང་འགྲིགས་པས་བུ་མོ་དེ་ལྷག་པར་དད་དེ། བདག་ཇོ་བོས་བསད་དམ་བཅིང་ངམ། བརྡེགས་ཀྱང་རུང་བདག་གིས་བཤོས་གསོལ་བར་བྱའོ་སྙམ་སྟེ། འབྲས་ཆན་གྱི་གཟེབ་ཁ་ཕྱེས་ཏེ་སངས་རྒྱས་འཁོར་དང་བཅས་པ་ལ་ཞལ་ཟས་སྣ་ཚོགས་པས་ཚིམས་པར་བྱས་སོ། །དེ་ནས་དེ་ཚོང་དཔོན་གྱི་ཐད་དུ་སོང་ནས་ལོ་རྒྱུས་དྲང་པོར་བཤད་པས་ཚོང་དཔོན་དེ་ཡང་མགུ་ཞིང་ཡི་རང་ནས། བུ་མོ་དེ་བྲན་མོ་ལས་ཕྱུང་སྟེ་བདག་གཉིད་ལོག་པའི་ཚེ་བསྲུང་བར་བསྐོས་སོ། །དེ་ནས་བུ་མོ་དེས་ཇོ་བོ་ལ་རབ་ཏུ་བྱུང་བར་ཞུས་པས། དེས་ཀྱང་གནང་ཞིང་ལྷུང་བཟེད་དང་ཆོས་གོས་དག་ཀྱང་བྱིན་ནོ། །དེ་ནས་དེ་འོང་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་ལོ་དགུ་སྟོང་གི་བར་དུ་ཞལ་ཏ་བའི་ལས་བྱས་ཏེ། ཡོ་བྱད་ཐམས་ཅད་ཕུལ་ནས། སངས་རྒྱས་ཤཱཀྱ་ཐུབ་པའ་ིབསྟན་པ་ལ་རབ་ཏུ་བྱུང་བ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །རྒྱུ་དེས་ཕྱུག་པོའི་རིགས་སུ་སྐྱེས་ཤིང་གཟུགས་བཟང་ལ་སྐྱེ་བོས་བཀུར་བ་དང་། སྨོན་ལམ་གྱིས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ་གསུངས། འདིས་ནི་དགེ་འདུན་པ་རྣམས་ལ་ཞབས་ཏོག་ཕུལ་བའི་ཕན་ཡོན་བསྟན་པའོ། །

སྐབས་འདིར་དགེ་སློང་མ་ཟླ་བའི་རྟོགས་པ་བརྗོད་དེ་གོང་དུ་ཐོས་པ་འཛིན་པའི་མཆོག་ཏུ་ལུང་བསྟན་པ།

༈ ཡང་སྟོན་པ་སེར་སྐྱའི་གནས་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། ཤཱཀྱ་སྣར་མ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་བ་ཞིག་ཡོད་པའི་ཆུང་མ་ལ་བུ་མོ་མཛེས་ཤིང་ལྟ་ན་སྡུག་པ་གོས་དཀར་པོ་གྱོན་པ་མངལ་གྱི་དྲི་མས་མ་གོས་པ་ཞིག་བཙས་ཏེ་མིང་དཀར་མོར་བཏགས་སོ། །དེ་ཇི་ཙམ་སྐྱེ་བ་དང་གོས་ཀྱང་སྐྱེས་ཏེ་དྲི་མ་ཅན་དུ་ཡང་མི་འགྱུར་ལ། དེའི་ལུས་ལ་ཡང་དྲི་མས་གོས་པར་མི་འགྱུར་རོ། །དེ་ཆེན་མོར་གྱུར་པ་ན་རྒྱལ་པོའི་བུ་སོགས་སྐྱེ་བོ་མང་པོས་བསླངས་པས་ཕ་དེ་སེམས་མི་དགའ་བར་གྱུར་པའི་ཚེ། བུ་མོ་དེས་ཕ་མ་ལ་གནང་བ་ཞུས་ནས། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བས་སྔར་བཙས་དུས་ཀྱི་གོས་དཀར་པོ་དེ་ཡང་ཆོས་གོས་ལྔ་ཚར་དུ་གྱུར་ཅིང་དེས་བརྩོན་པས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ་ཚོང་དཔོན་གྱི་ཆུང་མ་དད་པ་དང་ལྡན་ཞིང་བསམ་པ་བཟང་བ་ཞིག་ཡོད་པ་དེས་སངས་རྒྱས་འཁོར་དང་བཅས་པ་ཁྱིམ་དུ་སྤྱན་དྲངས་ཏེ་བཤོས་གསོལ་ནས། དགེ་སློང་གི་དགེ་འདུན་ལ་ཆོས་གོས་སྲ་བརྐྱང་ཕུལ་ཞིང་། ཕྱིས་བསྟན་པ་ལ་རབ་ཏུ་བྱུང་ངོ་། དུས་ཀྱི་ཚོང་དཔོན་གྱི་ཆུང་མ་དེ་དགེ་སློང་མ་དཀར་མོ་འདི་ཡིན་ཏེ། དེའི་ཚེ་ཆོས་གོས་སྲ་བརྐྱང་ཕུལ་བས་གོས་དཀར་པོ་གྱོན་བཞིན་དུ་བཙས་པ་དང་། ཚངས་པར་སྤྱོད་པས་དགྲ་བཅོམ་པ་ཐོབ་པར་གསུངས་སོ། །འདི་དང་གོང་གི་དཀར་མོ་གཉིས་མིང་གཅིག་ཀྱང་དོན་མི་གཅིག་གོ །སྐབས་འདིར་དགེ་སློང་མ་ཟླ་བའི་རྟོགས་པ་བརྗོད་དེ་གོང་དུ་ཐོས་པ་འཛིན་པའི་མཆོག་ཏུ་ལུང་བསྟན་པ་དེ་དང་དོན་གཅིག་གོ །ཡང་སྟོན་པ་འོད་མའི་ཚལ་དུ་བཞུགས་པའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་ཀླུའི་རྒྱལ་པོ་རི་བོ་དང་ཡིད་འོང་གཉིས་ཕྲད་པ་ཞེས་བྱ་བའི་དུས་སྟོན་བྱུང་སྟེ། དེར་གྲོང་ཁྱེར་ཆེན་པོ་དྲུག་པོ་ཐམས་ཅད་ནས་སྐྱེ་བོ་འདུའོ། །དེ་ནས་རེ་ཞིག་ན་ལྷོ་ཕྱོགས་ནས་ཟློས་གར་མཁན་གྱིས་སློབ་དཔོན་ཞིག་འོངས་པ་དེའི་བུ་མོ་ཨུད་པ་ལ་ཞེས་བྱ་བ་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ལང་ཚོ་དང་ནད་མེད་པའི་རྒྱགས་པས་དྲེགས་པ་ཞིག་ཡོད་དེ། དེ་ལྟད་མོའི་ནང་དུ་འོང་བའི་ཚེ་ཐམས་ཅད་ཀྱིས་ཡིད་སྨོན་བྱེད་ཅིང་། རྫོགས་བྱེད་ལ་སོགས་པའི་སྟོན་པ་དྲུག་ཀྱང་བལྟར་འོང་ངོ་། །དེ་ནས་བུ་མོ་ཨུད་པ་ལས་སྐྱེ་བོ་མང་པོ་ལ་སྨྲས་པ། ཀྱེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་མིར་གྱུར་པའི་ནང་ན་བདག་དང་བྱད་གཟུགས་ཀྱིས་མཉམ་པའམ་ཁྱད་པར་དུ་འཕགས་པ་ཡོད་དམ། སྐྱེ་བོ་རྣམས་ཀྱིས། དགེ་སྦྱོང་ག་ཏ་མ་འཁོར་དང་བཅས་པ་ཡོད་དོ། །ཨུད་པ་ལས། ཅི་དེ་མི་ཡིན་ནམ་འོན་ཏེ་ལྷ་ཡིན། སྐྱེ་བོ་རྣམས་ཀྱིས་མི་ནི་ཡིན་མོད་ཀྱི། དེ་ནི་ཐམས་ཅད་མཁྱེན་པ་ཡིན་ནོ། །དེ་ཐོས་པ་དང་ཨུད་པ་ལ་རྒྱན་ཐམས་ཅད་ཀྱིས་བ ཀླུབས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས་གླུ་གར་གྱི་རྩེ་འཇོ་དང་ཆགས་པའི་རྣམས་འགྱུར་རྣམས་བསྟན་པས། དགེ་སློང་འདོད་ཆགས་མ་བྲལ་བ་རྣམས་ནི་ཅི་བྱ་གཏོལ་མེད་པར་གྱུར་པ་ན། བཅོམ་ལྡན་འདས་ཀྱིས་དེ་ཉིད་རྒས་འཁོགས་མི་སྡུག་པར་བསྒྱུར་བའི་རྫུ་འཕྲུལ་བསྟན་པས། དེས་དེ་མཐོང་བ་དང་བྱད་གཟུགས་དང་ལང་ཚོས་རྒྱགས་པ་དེ་མེད་པར་གྱུར་ཅིང་། དགེ་སློང་རྣམས་ཀྱང་ཤས་ཆེར་སྐྱོ་བར་གྱུར་ཏོ། །དེར་ཨུད་པ་ལས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་ཆོས་ཉན་པ་ན། བཅོམ་ལྡན་འདས་ཀྱིས་ཨུད་པ་ལ་དང་དགེ་སློང་འདོད་ཆགས་དང་མ་བྲལ་བ་དེ་དག་གི་བསམ་པ་དང་མཐུན་པར་ཆོས་བསྟན་པས་དེ་ཐམས་ཅད་ཀྱིས་འབྲས་བུ་བཞི་ལས་ཅི་རིགས་པར་ཐོབ་ཅིང་། ཨུད་པ་ལ་ཡང་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །ཟློས་གར་མཁན་དེ་དག་ཀྱང་སྐྱོ་བར་གྱུར་ནས་དགྲ་བཅོམ་པའི་བར་དུ་གྱུར་པའི་ཚེ་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ན། བཅོམ་ལྡན་འདས་ཀྱིས། ང་ད་ལྟར་རྣམ་པར་གྲོལ་བའི་ཡེ་ཤེས་བླ་ན་མེད་པ་བརྙེས་ཟིན་པའི་སྐབས་སུ། འདི་གཟུགས་བྱད་དང་ལང་ཚོས་དྲེགས་པ་ལས་རྒ་བས་སྐྱོ་བར་བྱས་ནས། གཞའ་གསང་སྟེ་གཡུང་དྲུང་གི་གནས་ལ་བཀོད་པ་ལ་ངོ་མཚར་བ་ཅི་ཡོད་དེ། སྔོན་སྲིད་པའི་འཆིང་བ་མ་སྤངས་པའི་སྐབས་སུའང་། ངས་བུ་མོ་ཨུད་པ་ལ་རྒ་བས་སྐྱོ་བར་བྱས་ཏེ་བརྟུལ་ཞུགས་ལྔ་ལ་བཞག་པ་ཡིན་ཏེ། སྔོན་ཝཱ་རཱ་ཎ་སཱིའི་རྒྱལ་པོ་ཚངས་བྱིན་གྱི་བུ་མཚན་དང་ལྡན་པ་ཀ་ཤི་མཛེས་ལྡན་ཞེས་བྱ་བ་དེ། རྒྱལ་སྲིད་ལ་མངོན་པར་སྐྱོ་ནས་དྲང་སྲོང་རྣམས་ཀྱི་ཐད་དུ་རབ་ཏུ་བྱུང་ནས་གངས་ཀྱི་སུལ་ཞིག་ན་གནས་ཏེ་དཀའ་ཐུབ་ཀྱིས་འཚོ་ཞིང་མེའི་སྦྱིན་སྲེག་བྱེད་པ་ལས་སྐབས་ཤིག་ན་འབྲས་བུ་དང་རྩ་བའི་ཕྱིར་རི་སུལ་ཞིག་ཏུ་སོང་བ་དང་། དེར་མིའམ་ཅིའི་བུ་མོ་ཞིག་གིས་དྲང་སྲོང་གཞོན་ནུ་དེ་མཐོང་བས་ཆགས་པར་གྱུར་ཏེ་གླུ་གར་དང་ཆགས་པའི་རྣམ་འགྱུར་རྣམས་བསྟན་པས། དྲང་སྲོང་དེས་བུ་མོ་དེ་ལ་རྒས་པ་དང་འགྱུར་བ་ཅན་གྱི་མི་རྟག་པའི་ཆོས་བསྟན་པས་དེའི་བྱད་གཟུགས་ཀྱི་རྒྱགས་པ་ཞི་ནས། དད་པའི་སེམས་ཀྱིས་དྲང་སྲོང་དེ་ལ། ཁྱོད་སངས་རྒྱས་པའི་ཚེ་བདག་ཁྱོད་ཀྱི་སློབ་མར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་དྲང་སྲོང་གཞོན་ནུ་དེ་ནི་ང་ཡིན་ལ་མིའམ་ཅིའི་བུ་མོ་དེ་ནི་ཨུད་པ་ལ་འདི་ཡིན་ནོ་གསུངས། དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་བསྐལ་པ་བཟང་པོ་འདིའི་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པའི་དུས་སུ། སངས་རྒྱས་འཁོར་བ་འཇིག་འཇིག་རྟེན་དུ་བྱོན་ན ས། རྒྱལ་པོ་མཛེས་པ་བདེན་པ་ལ་བཀོད་པའི་ཚེ། ལྷོ་ཕྱོགས་ནས་ཟློས་གར་མཁན་གྱི་སློབ་དཔོན་ཞིག་འོངས་པ་ལ། རྒྱལ་པོས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གར་གྱི་མཆོད་པ་ཕུལ་དུ་བཅུག་ནས་དེ་དག་ལ་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནོ། །དེར་ཟློས་གར་མཁན་དེ་རྣམས་སངས་རྒྱས་ལ་དད་པ་རྙེད་ནས་སྦྱིན་པ་ཆེན་པོ་བྱས་ཏེ་མ་འོངས་པ་ན་སངས་རྒྱས་རྣམས་མཉེས་པར་བྱེད་པར་གྱུར་ཅིག ཅེས་སྨོན་ལམ་བྱས་སོ། །དེའི་དུས་ཀྱི་ཟློས་གར་མཁན་དེ་ནི་ཨུད་པ་ལ་སོགས་འདི་རྣམས་ཡིན་ཏེ། དེའི་ཚེ་སྨོན་ལམ་བཏབ་པས་ད་ལྟར་དགྲ་བཅོམ་པ་མངོན་དུ་བྱས་སོ་གསུངས། འདིར་རྒྱལ་པོ་ཚངས་བྱིན་གྱིས་བུ་མོ་ཀ་ཤི་མཛེས་ལྡན་མའི་རྟོགས་བརྗོད་འབྱུང་སྟེ་གོང་དུ་བསྟན་པ་དང་དོན་གཅིག་ལ་ཅུང་མི་འདྲ་བའི་ཁྱད་པར་རབ་ཏུ་བྱུང་ཟིན་པའི་རྗེས་སུའང་ཉི་འོག་གི་རྒྱལ་པོ་དྲུག་གིས་གསོལ་བ་བཏབ་པས། དེ་ནམ་མཁའ་ལས་འཕགས་ཏེ་རྫུ་འཕྲུལ་བསྟན་པས་དེ་རྣམས་དད་པར་གྱུར་པ་ལ་ཆོས་བསྟན་པས། སྐྱེ་བོ་འབུམ་ཕྲག་དུ་མས་ཁྱད་པར་ཆེན་པོ་ཐོབ་པར་གསུངས་སོ། །

བཅོམ་ལྡན་འདས་ཀྱི་སྐྱེ་བ་ལྔ་བརྒྱའི་ཡུམ་དུ་གྱུར་པ་དགེ་སློང་མ་ཀ་ཙང་ག་ལ་མདོ་རྣམ་འབྱེད་ཀྱི་མཆོག་ཏུ་ལུང་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། ཡུལ་མཉན་ཡོད་ན་ཚོང་དཔོན་རྒྱལ་བ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་བ་ཞིག་ཡོད་པ་དེའི་ཆུང་མ་ལ་བུ་མོ་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་མགོ་བོ་ལ་མུ་ཏིག་གི་ཕྲེང་བ་བཏགས་པ་ཞིག་བཙས་པས་མིང་མུ་ཏིག་བཏགས། དེ་ཆེར་གྱུར་པ་ན་མུ་ཏིག་གི་ཕྲེང་བ་དེ་ཕོག་པ་ན་ཕྱིར་ཞིང་བྱུང་བར་གྱུར་པས། བུ་མོ་དེས་བཀྲེས་པ་དང་ཕོངས་པ་དག་མཐོང་ན་སྦྱིན་པར་བྱེད་དོ། །དེ་ལ་རྒྱལ་པོ་དང་བློན་པོའི་བུ་སོགས་སློང་བ་མང་དུ་བྱུང་ཡང་ཁྱིམ་ལ་སྤྲོ་བ་མེད་དེ་རབ་ཏུ་བྱུང་བར་འདོད་པ་ལ། ཕྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་ཐ་ཆུང་རབ་སྡུག་ཅེས་བྱ་བའི་ཆུང་མར་བསླང་བ་ན། བུ་མོ་དེས་གལ་ཏེ་དེ་ཆེར་སྐྱེས་པ་ན་བདག་དང་ལྷན་ཅིག་ཏུ་རབ་ཏུ་བྱུང་བར་དམ་བཅའ་ན་ནི་དེ་ལྟར་དུ་བགྱིའོ། །ཞེས་བྱས་ཀྱང་། དེས་ཀྱང་དེ་ལྟར་བྱེད་པར་ཆད་ནས་དེར་ཕྱིན་ཏེ། ཕྱིས་ཞིག་ན་གཉིས་ཀ་རབ་ཏུ་བྱུང་ཞིང་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་དེད་དཔོན་ཞིག་རྒྱ་མཚོར་ཕྱིན་ནས་གྲུའི་དོན་ལེགས་པར་གྲུབ་སྟེ་ཕྱིར་འཁོར་བ་ན། དེ་ལ་ཆུང་མ་གཟུགས་བཟང་ལྟ་བས་ཆོག་མི་ཤེས་པ་ཞིག་ཡོད་པ་དེ་ལ་སྐྱོས་མར་མུ་ཏིག་གི་ཕྲེང་བ་མཆོག་གཅིག་བྱིན་ཏེ་དེའི་མགོ་ལ་དཀྲིས་པ་ལས་ཁྱིམ་བདག་དད་པ་ཅན་གཞན་ལ་ཕན་པར་འདོད་པ་ཞིག་གིས་གཞན་གྱི་དད་པ་བསྡུས་ནས། སངས་རྒྱས་འོད་སྲུང་ལ་ལོ་ལྔ་པའི་དུས་སྟོན་བྱ་བར་སྤྲོ་ནས། རྒྱལ་པོ་ཀྲི་ཀི་ལ་གསོལ་ཏེ་གྲོང་ཁྱེར་དུ་དད་པ་སྡུད་པར་བྱེད་པ་ལ། དེད་དཔོན་གྱི་ཆུང་མ་དེ་དགའ་ནས་མུ་ཏིག་གི་ཕྲེང་བ་དེ་རང་གི་མགོ་ནས་བཀྲོལ་ཏེ་དེ་ལ་ཕུལ་ལོ། །དེར་དེད་དཔོན་གྱིས་མུ་ཏིག་གི་ཕྲེང་བ་དེ་མེད་པར་མཐོང་ནས་གཏམ་དྲིས་པ་ན། དེས་ལོ་རྒྱུས་བཤད་པས་དེད་དཔོན་དེར་སོང་ནས་རིན་པོ་ཆེས་ཕྱིར་བསླུས་ནས་ཆུང་མ་དེ་ཉིད་ལ་བྱིན་པ་ན་དེས་ཕྱིར་ལེན་དུ་མ་བཏུབ་སྟེ། བདག་གིས་འདི་ཡོངས་སུ་བཏང་བ་ལགས་སོ་ཞེས་བྱས་སོ། །ཁྱིམ་ཐབ་ཀྱིས་སྨྲས་པ། བཟང་མོ་ངས་འདི་གསེར་དངུལ་མང་པོས་ཉོས་ན་ཅིའི་ཕྱིར་མི་འདོད། དེ་ནས་བུ་མོ་དེས་བླངས་ནས་མེ་ཏོག་མང་པོ་བསགས་ཏེ། སྤོས་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པ་ཡང་ཁྱེར་ནས་དྲང་སྲོང་སྨྲ་བར་སོང་སྟེ། དྲིའི་གཙང་ཁང་ལ་སྤོས་ཀྱིས་བྱུགས་ནས་མེ་ཏོག་གིས་གཏོར་ཏེ། མུ་ཏིག་གི་ཕྲེང་བ་དེ་སངས་རྒྱས་འོད་སྲུང་གི་དབུ་ལ་བོར་བས་སངས་རྒྱས་ཀྱི་དབུ་ལ་གནས་པར་གྱུར་ཏོ། །དེ་ནས་དད་པ་སྐྱེས་ཏེ། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་དེད་དཔོན་གྱི་ཆུང་མ་དེ་ནི་མུ་ཏིག་འདི་ཡིན་ཏེ། ལས་དེས་གཟུགས་བཟང་ཞིང་མགོ་ལ་མུ་ཏིག་གི་ཕྲེང་བ་བྱུང་བར་གྱུར་ལ། སྨོན་ལམ་གྱིས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ་གསུངས། འདིར་བཅོམ་ལྡན་འདས་ཀྱི་སྐྱེ་བ་ལྔ་བརྒྱའི་ཡུམ་དུ་གྱུར་པ་དགེ་སློང་མ་ཀ་ཙང་ག་ལ་མདོ་རྣམ་འབྱེད་ཀྱི་མཆོག་ཏུ་ལུང་བསྟན་པའི་ཚུལ་འབྱུང་སྟེ་གོང་དུ་བཤད་པ་བཞིན་ནོ། །

མཁན་མོ་སངས་རྒྱས་འོད་སྲུང་གིས་ཤེས་རབ་ཀྱིས་མཆོག་ཏུ་བསྟན་པ་བཞིན་མ་འོངས་པ་ན་བདག་ཀྱང་ཤཱཀྱ་ཐུབ་པས་དེ་ལྟར་ལུང་སྟོན་པ།

༈ དེ་བཞིན་དུ་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་བདེ་བྱེད་མའི་རྟོགས་པ་བརྗོད་པའང་གོང་དུ་ལས་བརྒྱ་པའི་སྐབས་ལྟར་ལས། འདིས་ཕྱིར་མི་འོངས་ཐོབ་ནས་སྐྱེ་བོའི་དབུས་སུ་རྫུ་འཕྲུལ་བསྟན་ནས་དད་པར་བྱས་པའི་འོག་ཏུ་ཆོས་བསྟན་པས་སྐྱེ་བོ་འབུམ་ཕྲག་དུ་མས་བདེན་པ་མཐོང་བ་དང་། དེའི་འོག་ཏུ་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་པའི་ཚེ། སྟོན་པས་ཉན་ཐོས་ཀྱི་དགེ་སློང་མ་ཤེས་རབ་ཆེ་བ་དང་སྤོབས་པ་ཆེ་བ་རྣམས་ཀྱི་མཆོག་ཏུ་བསྟན་པ་དང་། དེའི་ལས་ཀྱི་རྒྱུ། སྔོན་སངས་རྒྱས་འོད་སྲུང་གི་དུས་ཚོང་དཔོན་གྱི་བུ་མོར་གྱུར་པ་རབ་ཏུ་བྱུང་ནས་སྦྱིན་པ་དང་ཚུལ་ཁྲིམས་ལོ་ཁྲི་ཉིས་སྟོང་གི་བར་དུ་བསྲུངས་ནས། རང་གི་མཁན་མོ་སངས་རྒྱས་འོད་སྲུང་གིས་ཤེས་རབ་ཀྱིས་མཆོག་ཏུ་བསྟན་པ་བཞིན་མ་འོངས་པ་ན་བདག་ཀྱང་ཤཱཀྱ་ཐུབ་པས་དེ་ལྟར་ལུང་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པར་གསུངས་པའི་ཁྱད་པར་ཙམ་མོ། །ཡང་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་མི་སྡུག་པ་རསྠའི་རྟོགས་པ་བརྗོད་པའང་གོང་དུ་མཛངས་བླུན་དུ་གསུངས་པའི་བུ་མོ་རྡོ་རྗེའི་ལོ་རྒྱུས་ལྟར་ལས། དེ་རྒྱལ་པོས་ལྷོ་ཕྱོགས་ནས་འོང་བའི་དེད་དཔོན་ཕྱུག་པོ་གང་གཱ་ཞེས་པ་ལ་ནུབ་མོ་མི་མཐོང་བར་བྱས་ཏེ་བྱིན་པ། ཕྱི་ནངས་གཟུགས་མཐོང་བས་མི་དགའ་བར་གྱུར་ཀྱང་རྒྱལ་པོ་ལ་འཇིགས་ནས་འདོར་མ་བཟོད་དེ་ཕུག་ཏུ་སྦས་ཤིང་། མཛའ་སྡེའི་ཚོགས་ལའང་པཎ་ལྔ་བརྒྱ་པོ་འཇལ་ནས་ནང་དུ་སྦས་པའི་ཚེ། བུ་མོ་དེ་སྐྱོ་བར་གྱུར་ནས་ཁང་ཕུག་ཏུ་འགག་ཏུ་སོང་བ་ན། སངས་རྒྱས་ཀྱིས་མཁྱེན་ནས་དེར་གཤེགས་ཏེ་བྱམས་པའི་འོད་བཀྱེས་ཤིང་འགག་ཐག་བཀྲོལ་ནས་དབུགས་ཕྱུང་སྟེ། འཇིག་རྟེན་ན་ངོ་མཚར་རྨད་དུ་བྱུང་བའི་གནས་དྲུག་ཡོད་དེ། དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་དང་། མིར་སྐྱེ་བ་དང་། འཕགས་པ་གནས་པར་སྐྱེ་བ་དང་། དབང་པོ་ཚང་བ་དང་། དགེ་བའི་ཆོས་ལ་འདུན་པ་དང་། ངོ་མཚར་རྨད་དུ་བྱུང་བ་འཇིག་རྟེན་དུ་འབྱུང་བ་ཡོད་དོ། །དེ་ནས་དེ་ལ་ཆོས་བསྟན་པས་འབྲས་བུ་དང་པོ་ཐོབ་ཅིིང་སངས་རྒྱས་ལ་བཤོས་དང་ན་བཟའ་ཡང་ཕུལ། དེར་མི་སྡུག་པ་མེད་ཅིང་ལྷའི་བུ་མོ་བཞིན་དུ་ཁང་ཕུག་འོད་ཀྱིས་སྣང་བར་བྱས་པ་ན། དེད་དཔོན་མྱོས་པར་བྱས་པའི་འོག་ཏུ་མཛའ་སྡེ་རྣམས་དེར་ཕྱིན་པས་མཐོང་ནས་ངོ་མཚར་དུ་གྱུར་ཏེ་ཕྱིར་ལོག་པའི་གཏམ་དེད་དཔོན་ལ་བཤད་པས། དེ་མི་དགའ་བཞིན་ཁྱིམ་དུ་འོངས་པས་དེ་ལྟར་གྱུར་པ་མཐོང་ཞིང་གཏམ་དྲིས་པས་དེ་ཡང་སངས་རྒྱས་ལ་དད་པ་རྙེད་ཅིང་། བུ་མོ་དེ་རབ་ཏུ་བྱུང་བས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར་པའི་ཁྱད་པར་ཙམ་མོ། །ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། མཉན་ཡོད་ཀྱི་དེད་དཔོན་ཞིག་ཆུང་མ་དང་བཅས་ཏེ་རྒྱ་མཚོར་སོང་བ་ལས། རྒྱ་མཚོའི་ནང་དུ་ཁྱེའུ་ཞིག་བཙས་པར་མིང་རྒྱ་མཚོ་བཏགས། དེ་རང་གི་ཡུལ་དུ་འཁོར་ནས་ཆེར་སྐྱེས་པ་ན། དེས་ཚོང་པ་ལྔ་བརྒྱ་ཁྲིད་དེ་རྒྱ་མཚོ་ཆེན་པོར་ཕྱིན་པས། སྲིན་པོ་ནག་པོའི་རླུང་གིས་གྲུ་དེ་ཕུ་མདའ་བསྐོར་བ་ན། དེད་དཔོན་རྒྱ་མཚོ་ནི་མུ་སྟེགས་བྱེད་ལ་དགའ་བས་སྟོན་པ་དྲུག་ལ་གསོལ་འདེབས་བྱེད་ཅིང་། གཞན་དག་གིས་ནི། གུ་ལང་དང་ཆུ་ལྷ་དང་ཀུ་བེ་ར་ལ་སོགས་པ་དང་། རང་རང་འདོད་པའི་ལྷ་ལ་འབོད་པར་བྱས་ཀྱང་སྐྱབས་བྱེད་པ་ནི་སུ་ཡང་མ་བྱུང་ངོ་། །དེ་ནས་དེར་དགེ་བསྙེན་ཞིག་འདུག་པ་དེས་སངས་རྒྱས་ལ་སྐྱབས་སུ་འགྲོ་བར་བསྐུལ་བས་ཐམས་ཅད་ཀྱིས་སངས་རྒྱས་ལ་སྐྱབས་སུ་སོང་བ་དང་། དེ་སངས་རྒྱས་ཀྱིས་མཁྱེན་ནས་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་བཞིན་དུ་ཉི་མ་སྟོང་བས་ལྷག་པའི་འོད་བཀྱེ་སྟེ་ཚོང་པ་དེ་དག་ཀུན་ཏུ་སྣང་བར་བྱས་སོ། །དེར་བྱམས་པ་ཆེན་པོའི་འོད་དེས་ལུས་སེམས་ལ་སིམ་པ་བསྐྱེད་ཅིང་སྲིན་པོ་ནག་པོའི་རླུང་ཡང་བཟློག་པར་གྱུར་ཏེ་བདེ་བར་ཡུལ་དུ་འཁོར་བ་ན་དེ་དག་འ ཆི་བས་སྐྱོ་བར་གྱུར་ཏེ། སྦྱིན་པ་དང་བསོད་ནམས་ཀྱི་ལས་བསགས་ཤིང་ཉེ་དུ་རྣམས་དབུགས་དབྱུང་ནས་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་བརྩོན་པས་དགྲ་བཅོམ་པར་གྱུར་ཏོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ན། སྔོན་རྒྱ་མཚོའི་འགྲམ་ཞིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་གནས་པ་ལ་རྒྱ་མཚོར་འགྲོ་བའི་ཚོང་པ་ལྔ་བརྒྱས་སྐྱབས་གསོལ་ནས་སོང་བ་ན། རིན་པོ་ཆེ་དག་བླངས་ནས་ཕྱིར་ལྡོག་པའི་ལམ་དུ་སྲིན་པོ་ནག་པོའི་རླུང་གིས་བསྐོར་བ་ལས་དྲང་སྲོང་དེས་ཡོངས་སུ་བསྐྱབས་སོ། །དེ་ནས་དེ་རྣམས་བདེ་བར་འཁོར་ཏེ་དྲང་སྲོང་གི་ཐད་དུ་སོང་ནས། ཀྱེ་དྲང་སྲོང་ཆེན་པོ་དཀའ་བས་འབད་པ་དང་། སྙིང་རྗེའི་རང་བཞིན་འདིས་ཅི་ཞིག་སྒྲུབ། དེས་སྨྲས་པ། འཇིག་རྟེན་ལོང་བ་འདྲེན་པ་མེད་པ་རྣམས་བསྐྱབ་པའི་ཕྱིར་སངས་རྒྱས་སུ་འགྱུར་བར་འདོད་དོ། །དེ་དག་གིས། དེའི་ཚེ་བདག་ཅག་ལའང་དགོངས་པར་གསོལ། དྲང་སྲོང་གིས་དེ་ལྟར་བྱའོ་ཞེས་བྱས་སོ། །དེའི་དུས་ཀྱི་དྲང་སྲོང་དེ་ནི་ང་ཡིན་ཏེ། དེའི་ཚེ་ཡང་ངས་ཚོང་པ་འདི་རྣམས་རྒྱ་མཚོ་ལས་ཡོངས་སུ་བསྐྱབས་པར་བྱས་སོ། །གཞན་ཡང་འདི་རྣམས་ཀྱིས་སངས་རྒྱས་འོད་སྲུང་གི་དུས་རབ་ཏུ་བྱུང་ཞིང་དབང་པོ་སྨིན་པར་བྱས་པས་དགྲ་བཅོམ་པ་ཐོབ་བོ་གསུངས་སོ། །ཡང་སྐབས་འདིར་སྣ་མའི་མེ་ཏོག་གི་རྟོགས་བརྗོད་འབྱུང་སྟེ་སྤྱིའི་ཁོག་གོང་དུ་ལས་བརྒྱ་པར་བཤད་པ་ལྟར་ཅུང་མི་འདྲ་བའི་ཁྱད་པར། དེ་ཉིད་བཙས་པའི་ཚེ་ལུས་ལ་ལྷའི་སྣ་མའི་མེ་ཏོག་གི་རལ་གུ་གྱོན་བཞིན་པར་བཙས་ཏེ། དེ་འཕགས་པ་མ་འགགས་པས་ཡོངས་སུ་བསྐྱངས་ཤིང་། ལོ་བདུན་ལོན་པ་ན་རབ་ཏུ་བྱུང་བས་དགྲ་བཅོམ་པ་མངོན་དུ་བྱས་ཏེ་ཕྱག་དར་ཁྲོད་ཀྱི་གོས་ཚེམ་པ་ན་ཁབ་ལན་རེ་འཛུགས་པ་ན་རྣམ་ཐར་བརྒྱད་ལ་འཇུག་ལྡང་བྱེད་དོ། །ཕྱིས་ཞིག་ན་གནས་བརྟན་མ་འགགས་པས། དེ་ཆུ་ཀླུང་ཁང་ལྡན་དུ་ཆུ་ལེན་དུ་མངགས་པ་ན། དེས་ཁྲུས་བྱས་ཏེ་བུམ་པ་ཆུས་བཀང་ནས་ནམ་མཁའ་ལ་སོང་སྟེ་རེས་འགའ་ནི་བུམ་པ་སྔོན་དུ་བཏང་ལ་དགེ་ཚུལ་ཉིད་རྗེས་ལ་འོང་ཞིང་། རེས་འགའ་ནི་རང་ཉིད་སྔོན་དུ་འགྲོ་ལ་བུམ་པ་ཕྱི་ནས་འོང་ངོ་། །དེ་བཅོམ་ལྡན་འདས་ཀྱིས་གཟིགས་ནས་འཁོར་རྣམས་ཀྱི་ནང་དུ་ཤཱ་རིའི་བུ་ལ་བཀའ་སྩལ་པ་ཤཱ་རིས་བུ་དགེ་ཚུལ་དྲན་པ་དང་ལྡན་པ། དབང་པོ་ཤིན་ཏུ་མཉམ་པར་བཞག་པ། བུམ་པ་ཆུས་བཀང་སྟེ་འོང་བ་འདི་མཐོང་ངམ། འདོད་ཆགས་ཞེ་སྡང་རབ་སྤངས་ཤིང་། །མ་རིག་པ་དང་བྲལ་ནས་ནི། །ལུས་ཀྱི་ཐ་མ་འཛིན་བྱེད་པས། །དེ་ནི་ཆུ་ཆུན་རབ་ཏུ་མཛེས། །ཞེས་བསྔགས་པ་མཛད་པ་ལ། དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས། དེའི་ལས་ཞུས་པ་ན། སྔོན་སངས་རྒྱས་རྣམ་གཟིགས་ཀྱི་དུས་སུ་དེད་དཔོན་ཞིག་གཞོན་ནུ་ནས་རབ་ཏུ་བྱུང་བར་འདོད་ཀྱང་གཡེངས་པས་ཁྱེར་ཏེ་རབ་ཏུ་བྱུང་མ་ནུས་པས། དེ་རྒས་པ་ན་འགྱོད་པ་ཆེན་པོ་སྐྱེས་ཏེ། སངས་རྒྱས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་སྣ་མའི་མེ་ཏོག་བཏགས། སངས་རྒྱས་འཁོར་དང་བཅས་པ་ལ་བཤོས་གསོལ་ནས། མ་འོངས་པ་ན་སངས་རྒྱས་རྣམས་མཉེས་པ་བྱེད་པར་གྱུར་ཅིགམི་མཉེས་པར་བྱེད་པར་མ་གྱུར་ཅིག གང་གི་བསྟན་པ་ལ་རབ་ཏུ་བྱུང་བ་དེར་གཞོན་ནུའི་ཚེ་ནས་འཕགས་པའི་ཆོས་རྣམས་རྟོགས་པར་གྱུར་ཅིག་ཅེས་སྨོན་ལམ་བྱས་པ་དང་། སངས་རྒྱས་འོད་སྲུང་གི་དུས་རབ་ཏུ་བྱུང་ནས་ལོ་ཁྲིའི་བར་དུ་ཚངས་སྤྱོད་སྲུང་བའི་ཁྱད་པར་ཙམ་མོ། །ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། མཉན་ཡོད་ཀྱི་ཁྱིམ་བདག་རྣམ་ཐོས་བུའི་ནོར་དང་ལྡན་པ་ཞིག་གི་ཆུང་མ་ལ། ཁྱེའུ་གཟུགས་བཟང་བ་ལྟ་ན་སྡུག་པ་ཞིག་བཙས་ཏེ་དེའི་ལག་པ་གཉིས་ན་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའ་ིགསེར་གྱི་དོང་ཙེ་མཚན་མས་བཏབ་པ་གཉིས་བྱུང་སྟེ་ཇི་ཙམ་བླངས་ཀྱང་དེ་ཙམ་དུ་བྱུང་བས་མིང་ལག་ན་གསེར་ཐོགས་ཞེས་བཏགས་སོ། །དེ་ཆེར་སྐྱེས་པ་ན་བསམ་པ་དགེ་ཞིང་སྙིང་རྗེའི་སེམས་དང་ལྡན་ཏེ་ལམ་སྲང་དུ་འགྲོ་བའི་ཚེ། དགེ་སྦྱོང་དང་བྲམ་ཟེ་དང་བཀྲེན་པ་དང་སྡུག་ཅིང་ཕོངས་པ་རྣམས་མཐོང་ན་ལག་པ་གཉིས་བརྐྱངས་ནས་དེ་ལ་གསེར་གྱི་དོང་ཙེའི་ཕུང་པོ་སྤུངས་ཏེ་སྦྱིན་པར་བྱེད་པས། དེའི་གྲགས་པས་མཉན་ཡོད་ཐམས་ཅད་ཁྱབ་པར་གྱུར་ཏོ། །དེ་ནས་དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་བཅོམ་ལྡན་འདས་ལ་དད་པའི་སེམས་སྐྱེས་ཏེ་ཞབས་ལ་ཕྱག་བྱས་ཤིང་ལག་པ་གཉིས་བརྐྱངས་ནས་གསེར་དངུལ་གྱི་ཕུང་པོ་ཆེན་པོ་སྤུངས་ཏེ་ཕུལ་པས་ཐམས་ཅད་ངོ་མཚར་བར་གྱུར་ཅིང་། དེ་ནས་དེ་ལ་སངས་རྒྱས་ཀྱིས་ཆོས་བསྟན་པས་རྒྱུན་དུ་ཞུགས་པ་ཐོབ་ཅིང་རབ་ཏུ་བྱུང་བས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་ནས་མྱ་ངན་ལས་འདས་པའི་སྐུ་གདུང་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་འཁོར་ཡུག་ཏུ་དཔག་ཚད་གཅིག་དང་། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་རྒྱལ་པོ་ཀྲི་ཀིས་བརྩིགས་ཏེ་དེའི་དུས་སྟོན་བྱེད་པ་ལ། རྒྱན་པོ་པ་ཞིག་གི་གསེར་གྱི་དོང་རྩེ་གཉིས་མཆོད་རྟེན་དེའི་སྲོག་ཤིང་ལ་བཏགས་ནས་ཕྱག་བྱས་ཏེ་བདག་གང་དང་གང་དུ་སྐྱེས་པ་དེར་ལག་པ་ལ་གསེར་ཡོད་པ་ཁོ་ནར་གྱུར་ཅིག་ཅེས་བྱས་སོ། །དེའི་དུས་ཀྱི་རྒྱན་པོ་བ་དེ་ནི་འདི་ཡིན་ཏེ། དེའི་ཚེ་སྦྱིན་པ་དང་སྨོན་ལམ་གྱི་འབྲས་བུས་ད་ལྟར་འདི་བཞིན་གྱུར་ཏེ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་སོ་གསུངས། འདི་དང་གོང་གི་མཛངས་བླུན་གྱི་སྐབས་གཉིས་ལས་ཀྱི་རྒྱུ་སོགས་ཅུང་མི་གཅིག་གོ །

གཙོ་བོར་སྦྱིན་པའི་འབྲས་བུ་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོ་ལ་ཁྱེའུ་གོས་སུ་ཆོས་གོས་ཚོན་ཅན་གྱོན་ལ་དགེ་སློང་གི་ཆ་ལུགས་ཚེ་རབས་དྲན་པ་ཞིག་བཙས་ཏེ་དེ་སྐྱེས་མ་ཐག་ཏུ། ཅི་མཉན་དུ་ཡོད་པ་འདི་ཁོ་ནར་བཅོམ་ལྡན་འདས་དང་། མཆོག་ཟུང་དང་། འོད་སྲུང་དང་། ཀུན་དགའ་བོ་སོགས་ཉན་ཐོས་ཆེན་པོ་རྣམས་བཞུགས་སམ་ཞེས་འདྲིི་བར་བྱེད་པས། དེ་ཐོས་ནས་ཕ་མ་གཉིས་ཡ་མཚན་དུ་གྱུར་ནས། སངས་རྒྱས་འཁོར་དང་བཅས་པ་ཕོ་བྲང་དུ་གདན་དྲངས་ནས་བཤོས་གསོལ་བའི་གྲལ་དུ། རྒྱལ་པོ་གསལ་རྒྱལ་གྱི་ཁྱེའུ་པང་བླངས་ཏེ་སྔར་གྱི་ལོ་རྒྱུས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་ལ་སྡེ་སྣོད་གསུམ་པ་ཁྱོད་ནད་མེད་པར་གྱུར་ཅིག དེས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱས་སོ། །དེ་ནས་དེ་བཙས་ནས་ལོ་བདུན་ལོན་པ་ན་ཆོས་གོས་ཚོན་ཅན་དེ་དག་གྱོན་བཞིན་དུ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་བརྩོན་པས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་སོ། །དེའི་ཚེ་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ། རྒྱལ་པོ་ཀྲི་ཀཱིའི་བུ་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་རབ་ཏུ་བྱུང་བར་འདོད་དེ་རྒྱལ་པོ་ལ་གསོལ་བ་དང་། རྒྱལ་པོས་རིང་པོར་མི་ཐོགས་པར་རྒྱལ་ཚབ་ཏུ་དབང་བསྐུར་དགོས་པས་མི་གནང་བར་གྱུར་པ་ན། དེ་ཞག་དྲུག་གི་བར་དུ་ཟས་མ་ཟོས་པས་སླར་གནང་ནས་ཁྱོད་ཀྱིས་སྡེ་སྣོད་གསུམ་མ་ལོབས་ཀྱི་བར་དུ་ང་དང་ཕྲད་དུ་མ་འོང་ཞིག་ཅེས་བྱས་སོ། །དེ་ནས་དེ་རབ་ཏུ་བྱུང་ཞིང་བརྩོན་པས་རིང་པོར་མ་ལོན་པར་སྡེ་སྣོད་གསུམ་ལོབས་ཏེ་རིག་པ་དང་གྲོལ་བར་སྨྲ་བས་ཆོས་སྟོན་པར་གྱུར་ཏེ། རྒྱལ་པོའི་ཐད་དུ་ཕྱིན་པས་རབ་ཏུ་དགའ་བར་གྱུར་ནས། བུ་གཅིག་ཁྱོད་ལ་ཅི་དགོས། དེས་སྨྲས་པ། སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་ནས་ཡོ་བྱད་དྲུག་དབུལ་བར་འཚལ་ལོ། །རྒྱལ་པོས་ཅི་དགའ་བར་གྱིས་ཤིག དེ་ནས་སྡེ་སྣོད་གསུམ་པས་བཅོམ་ལྡན་འདས། ཞབས་འབྲིང་འཁོར་དགེ་སློང་ཉི་ཁྲི་དང་བཅས་ཏེ་ཞལ་ཟས་བཟང་པོས་ཚིམས་པར་བྱས་ནས་དགེ་སློང་རེ་རེ་ལ་ཡང་ཡོ་བྱད་དྲུག་དྲུག་ཕུལ་ཞིང་སྨོན་ལམ་བཏབ་པ། བདག་གང་དུ་སྐྱེས་པ་དེ་དང་དེར་གོས་སུ་ཆོས་གོས་ཚོན་ཅན་གྱོན་ནས་དགེ་སློང་གི་ཆ་ལུགས་འདི་དང་ལྡན་ཏེ་ཚེ་རབས་དྲན་པར་གྱུར་ཅིག་ཅེས་བྱས་སོ། །དེའི་དུས་ཀྱི་རྒྱལ་པོ་ཀྲི་ཀཱིའི་བུར་གྱུར་པའི་དགེ་སློང་སྡེ་སྣོད་གསུམ་པ་ནི་འདི་ཉིད་ཡིན་ཏེ། རྒྱུ་དེས་དགྲ་བཅོམ་པའི་བར་དུ་གྱུར་པར་གསུངས་སོ། །འདི་རྣམས་ཀྱིས་གཙོ་བོར་སྦྱིན་པའི་འབྲས་བུ་བསྟན་པ་ཡིན་ནོ། །

དགེ་འདུན་གྱི་དཀོར་ལ་བག་མེད་པར་སྤྱོད་པའི་ཉེས་དམིགས་དང་ཡོན་ཆབ་སོགས་བཏུང་བ་ཕུལ་བའི་ཕན་ཡོན་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། མུ་གེ་ཆེན་པོ་བྱུང་ཞིང་ལྟས་མཁན་རྣམས་ཀྱིས་ཀྱང་ཆར་མི་འབབ་པར་བསྟན་ཏོ། །དེའི་ཚེ་མཉན་ཡོད་ཀྱི་དེད་དཔོན་ཕྱུག་ཅིང་ནོར་མང་བ་ཞིག་གི་ཆུང་མ་ལ་ཁྱེའུ་གཟུགས་བྱད་ལྟ་ན་སྡུག་པ་ཞིག་བཙས་ཏེ་དེའི་ཉིན་པར་ནས་ཆར་ཆེན་པོ་བབས་པས། ཡུལ་ཀུན་ཏུ་དེའི་གྲགས་པས་ཁྱབ་པར་གྱུར་པས་མིང་གྲགས་བཤེས་སུ་བཏགས་སོ། །དེ་ཆེར་སྐྱེས་ནས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་རྙེད་དེ་རབ་ཏུ་བྱུང་ཞིང་བརྩོན་པས་དགྲ་བཅོམ་པར་གྱུར་ཏོ། །དེ་ནས་དེའི་མཆེ་བ་གཉིས་ལས་ཆུ་ཡན་ལག་བརྒྱད་དང་ལྡན་པ་བྱུང་ནས་སྐོམ་གྱི་གདུང་བ་མེད་པར་གྱུར་ཏེ། དེ་ཚ་བའི་དུས་སུ་དགེ་སློང་རྣམས་གུང་སྐྱེ མས་ལ་འདུ་བ་ན་མ་འོངས་པར་མཐོང་ནས་དགེ་སློང་རྣམས་ཀྱིས་དེའི་རྒྱུ་དྲིས་པས། སྔར་གྱི་རྒྱུ་མཚན་བཤད་པས་ཐམས་ཅད་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ལ་དེའི་ལས་ཀྱི་རྒྱུ་གསོལ་བ་ན། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་ཚོང་དཔོན་གྱི་བུ་ཞིག་དགེ་སློང་རྒན་པོ་ཞིག་ལས་རབ་ཏུ་བྱུང་སྟེ། དེ་ལེ་ལོ་ཆེ་བར་གྱུར་ནས་གཞན་ལ་བསྙེན་བཀུར་མི་བྱེད་ཅིང་། དགེ་སློང་རྒན་པ་གཞན་རྣམས་ཀྱིས་བསྙེན་བཀུར་ཡང་བླངས་ཏེ་དགེ་འདུན་གྱི་དཀོར་ལ་བག་མེད་དུ་སྤྱད་པས་རྣམ་སྨིན་སྐྱེ་བ་དེར་སྨིན་ནས་ནད་དྲག་པོས་བཏབ་པའི་ཚེ་གནས་བརྟན་གྱིས་སྨན་པའི་ལུང་བཞིན་སྨན་མར་བླུད་པས་དེའི་མཚན་མོ་དེ་སྐོམ་གྱིས་གདུང་སྟེ། ཆུ་བཏུང་བར་འདོད་པས་རང་གི་ཆུ་སྣོད་ཀྱི་དྲུང་དུ་སོང་བ་ན་དེར་ཆུ་མ་མཐོང་ཞིང་དེ་བཞིན་དུ་མཁན་པོ་དང་སློབ་དཔོན་དང་། དགེ་འདུན་གྱི་ཚང་མང་དུ་སོང་ཡང་ཆུ་མ་མཐོང་སྟེ། མཐར་གྱིས་ཆུ་ཀླུང་ཟློག་བྱེད་ཀྱི་འགྲམ་དུ་སོང་ཡང་དེ་ན་ཆུ་མེད་པར་གྱུར་པས། དེ་མི་དགའ་བར་གྱུར་ཏེ་གཞན་དག་ལ་སྐྱོ་བ་བསྐྱེད་པ་དང་། དད་པས་བྱིན་པ་ལྕི་བར་བསྟན་པའི་ཕྱིར་ཆུ་ཀླུང་ཟློག་བྱེད་ཀྱི་ཕ་རོལ་ན་ཤིང་ཞིག་ཡོད་པ་ལ་འཛེགས་ཏེ་རས་ཞིག་དེར་བཏགས་ནས་ཕྱིར་ལོག་སྟེ་བྲང་ཁང་དུ་གནས་པ་ན། ཕྱི་ནས་གཏམ་དེ་རིམ་པར་ཐོས་པས་ཀུན་ཀྱང་མི་དགའ་བར་གྱུར་ཏེ། དེའི་མཁན་པོས་དེ་ལ་ཆུ་བྱིན་ན་ཡང་དེས་མ་མཐོང་ངོ་། །དེ་ནས་དེས་སངས་རྒྱས་འོད་སྲུང་ལ་དོན་དེ་གསོལ་བ་ན། གཎྜི་རྡུངས་ཤིག་ཅེས་བཀའ་སྩལ་ཏེ། དེར་གཎྜི་བརྡུངས་པས་སངས་རྒྱས་ལ་སོགས་པའི་དགེ་འདུན་འཁོར་དང་བཅས་པ་འདུས་ཤིང་གཏམ་དེ་ཝཱ་རཱ་ཎ་སཱི་ཐོག་ཐག་ཏུ་གྲགས་པས་སྐྱེ་བོ་འབུམ་ཕྲག་དུ་མའང་འདུས་སོ། །དེ་ནས་དེའི་མཁན་པོས་གྲལ་དཔོན་གྱི་མདུན་དུ་འདུག་ཏུ་བཅུག་ནས་རིལ་བ་སྤྱི་བླུགས་ཆུས་བཀང་སྟེ་བྱིན་ནས། བུ་ཆུ་འདི་དགེ་འདུན་ལ་བྲིམས་ཤིག་ཅེས་བྱས་སོ། །དེ་ནས་དེས་ཀྱང་འབྲས་བུ་མངོན་དུ་མཐོང་བས་སྐྱོ་ནས་དད་པའི་སེམས་ཀྱིས་སངས་རྒྱས་འཁོར་དང་བཅས་པ་ལ་བྲིམས་ཀྱང་ཆུ་སྣོད་དེའི་ཆུ་ཟད་པར་མ་གྱུར་ཏོ། །སངས་རྒྱས་འཁོར་དང་བཅས་པས་ཀྱང་དེ་ལ་ཐུགས་བརྩེ་བའི་སླད་དུ་ཕྱག་གིས་བླངས་ཤིང་བཞེས་ཏེ་སྐྱེ་བོ་འབུམ་ཕྲག་དུ་མ་བདེན་པ་མཐོང་བར་མཛད་པས་དེའི་རྒྱུད་ལ་ཡང་དགེ་བའི་རྩ་བ་རྣམས་སོར་ཆུད་པར་གྱུར་ཏེ་ནད་ལས་གྲོལ་བ་ན་དེས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་རྣམས་ཆུས་མི་བྲེལ་བར་བྱས་ཏེ་ལོ་ཁྲི་ཉིས་སྟོང་གི་བར་དུ་དེས་དགེ་འདུན་ལ་ཆུ་བྲིམས་སོ། །དེ་ནས་དེ་འཆི་ཀར། དགེ་བའི་རྩ་བ་འདིས་མ་འོངས་པ་ན་སངས་རྒྱས་ཤཱཀྱ་ཐུབ་པ་མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པར་བྱེད་པར་མ་གྱུར་ཅིག བདག་གི་མཆེ་བའི་ཕྲག་ནས་ཀྱང་ཆུ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་བར་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་དགེ་སློང་དེ་ནི་གྲགས་བཤེས་འདི་ཡིན་ཏེ་ལས་ཀྱི་རྒྱུ་དེས་མཆེ་བའི་ཕྲག་ནས་ཆུ་འབྱུང་བ་དང་། དགྲ་བཅོམ་པ་ཐོབ་པར་གསུངས་སོ། །འདིས་ནི་དགེ་འདུན་གྱི་དཀོར་ལ་བག་མེད་པར་སྤྱོད་པའི་ཉེས་དམིགས་དང་ཡོན་ཆབ་སོགས་བཏུང་བ་ཕུལ་བའི་ཕན་ཡོན་བསྟན་པ་ཡིན་ནོ། །

དགེ་འདུན་པའི་ཞལ་ཏ་དང་སྒྲུབ་པ་པོའི་གཡོག་བགྱིས་པའི་ཕན་ཡོན་ཀྱང་བསྟན་པ།

༈ ཡང་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡུམ་གྱི་དོན་དུ་སུམ་ཅུ་རྩ་གསུམ་པའི་ལྷའི་ཡུལ་དུ་གཤེགས་ཏེ་ཤིང་གི་རྒྱལ་པོ་ཡོངས་འདུ་ས་བརྟོལ་གྱི་དྲུང་ནས་ཐག་མི་རིང་བ་ཞིག་ན་རྡོ་ལེབ་སྣམ་བུ་དཀར་པོའི་སྟེང་དུ་དབྱར་གནས་པར་མཛད་དེ། ཡུམ་དང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ཆོས་སྟོན་པར་མཛད་དོ། །དེའི་ཚེ་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ནི་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་དབྱར་གནས་པར་མཛད་དེ། དེར་འཁོར་རྣམ་བཞིས་འཕགས་པ་མོའུ་འགལ་ཆེན་པོ་ལ། བཅོམ་ལྡན་འདས་གང་དུ་དབྱར་གནས་པར་མཛད་དྲིས་པར། མོའུ་འགལ་ཆེན་པོས་གོང་གི་དོན་དེ་བསྙད་པས། དེ་དག་གིས་དབྱར་ཟླ་བ་གསུམ་པོ་འདས་པའི་འོག་ཏུ་འཕགས་པ་མོའུ་འགལ་ཆེན་པོ་ལ། བདག་ཅག་གིས་བཅོམ་ལྡན་འདས་མཐོང་བར་འདོད་པས། བཙུན་པ་ལ་གནོད་པ་མ་མཆིས་ན་བཅོམ་ལྡན་འདས་ཀྱི་དྲུང་དུ་གཤེགས་ནས། བཅོམ་ལྡན་འདས་ལ་སྙུན་གསོལ་ནས། བདག་ཅག་འཁོར་རྣམ་བཞིས་བཅོམ་ལྡན་འདས་མཐོང་བར་འཚལ་ཏེ། འཛམ་བུ་གླིང་པའི་མི་རྣམས་ལ་ནི་ལྷ་ཡུལ་དུ་མཆི་བའི་རྫུ་འཕྲུལ་དང་མཐུ་མ་མཆིས་ལ། ལྷ་རྣམས་ལ་ནི་འཛམ་བུའི་གླིང་དུ་མཆི་བའི་མཐུ་དང་རྫུ་འཕྲུལ་དང་ལྡན་པ་ལགས་ན། ཐུགས་བརྩེ་བའི་སླད་དུ་འདིར་གཤེགས་སུ་གསོལ་ཞེས་ཞུས་ཤིག དེ་ནས་ཚེ་དང་ལྡན་པ་མོའུ་འགལ་བུ་སྐྱེས་བུའི་ལག་པ་བརྐྱང་བསྐུམ་ཙམ་གྱི་ཡུན་ལ་སུམ་ཅུ་རྩ་གསུམ་གྱི་ལྷའི་ཡུལ་དུ་བྱོན་ནས་བཅོམ་ལྡན་འདས་ཀྱིས་ལྷའི་འཁོར་བརྒྱ་ཕྲག་དུ་མ་ལ་ཆོས་སྟོན་པ་མཐོང་ངོ་། །དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་དང་ཞུ་བ་ཞུ་ལན་འགའ་ཞིག་གི་མཐར། ལྷ་ཁ་ཅིག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ཀྱི་ལོགས་སུ་ཐལ་མོ་སྦྱར་ཏེ་གསོལ་བ། བཙུན་པ་བདག་ཅག་ནི་སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས། འདིར་སྐྱེས་ལགས་སོ། །ལྷ་གཞན་དག་གིས་ཀྱང་དེ་བཞིན་དུ་བཙུན་པ་བདག་ནི་ཆོས་དང་དགེ་འདུན་དང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་ལགས་སོ། །དེ་ནས་དེར་ལྷ་བརྒྱ་ཕྲག་དུ་མ་དང་ལྷ་སྟོང་ཕྲག་དུ་མ་དང་། ལྷ་འབུམ་ཕྲག་དུ་མས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོ་སོའི་རྒྱུན་དུ་ཞུགས་པའི་འབྲས་བུ་བརྡ་སྤྲོད་པར་བྱས་ཏེ་མི་སྣང་བར་གྱུར་ཏོ། །དེར་འཕགས་པ་མང་གལ་ཆེན་པོས་བཅོམ་ལྡན་འདས་ལ་འཛམ་བུ་གླིང་གི་འཁོར་རྣམ་བཞིའི་ཕྲིན་རྣམས་གསོལ་བས། བཀའ་སྩལ་པ། ཁྱོད་སོང་ལ་འཛམ་བུ་གླིང་གི་འཁོར་རྣམ་བཞི་ལ། བཅོམ་ལྡན་འདས་ད་སྟེ་ཞག་བདུན་ན་སུམ་ཅུ་རྩ་གསུམ་གྱི་ལྷའི་ཡུལ་ནས་འཛམ་བུ་གླིང་དུ་གྲོང་ཁྱེར་སྣང་ལྡན་གྱི་འདབ། ཨ་པད་ཛ་རའི་ནགས་སུ་ཤིང་ཨུ་དུམ་བཱ་རའི་དྲུང་དུ་གཤེགས་སོ་ཞེས་སྦྲོན་ཅིག དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་འཛམ་བུའི་གླིང་དུ་འོངས་ནས་འཁོར་རྣམ་བཞི་ལ་དོན་དེ་གོ་བར་བྱས་ནས། ཞག་བདུན་ལོན་པ་ན་བཅོམ་ལྡན་འདས་ལྷ་ཡུལ་ནས་གཤེགས་པ་དང་། གནས་དེར་སྲོག་ཆགས་འབུམ་ཕྲག་དུ་མ་འདུས་པར་གྱུར་པ་ལས། དེའི་ནང་དུ་དགེ་སློང་བརྫུས་སྐྱེས་ཤིག་བྱུང་སྟེ། དེས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། ལྷ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་བཤོས་ལ་སྤྱན་དྲངས་ནས། རེ་ཞིག་ན་གདུགས་ཚོད་ལ་བབས་པ་དང་སེམས་བསྐྱེད་མ་ཐག་ཏུ་ལྷའི་གདན་དང་། ལྷའི་ཞལ་ཟས་དང་བཟའ་བཅའ་དག་བྱུང་སྟེ། སངས་རྒྱས་འཁོར་དང་བཅས་པ་དེ་དག་ལ་ལེགས་པར་མཆོད་ཅིང་བཀུར་སྟི་བྱས་སོ། །དེར་བཅོམ་ལྡན་འདས་ཀྱིས་དེ་དང་མཐུན་པའི་ཆོས་བསྟན་པས། དེ་ཐོས་པ་དང་དགེ་སློང་བརྫུས་སྐྱེས་དེས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་ཏེ་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་རྣམ་གཟིགས་འཇིག་རྟེན་དུ་བྱོན་པའི་ཚེ། གྲོང་མེད་པ་དགོན་པའི་གནས་ཤིག་ན་དགེ་སློང་ལྔ་དབྱར་གནས་པར་དམ་བཅས་པ་ལས་དེའི་ནང་ནས་གཅིག་གིས་ཞལ་ཏ་བྱས་ནས། དེ་དག་གིས་བརྩོན་པས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེའི་ཚེ་ཞལ་ཏ་བ་དེས་དེ་དག་གི་རྐང་པ་ལ་ཕྱག་བྱས་ཏེ་འདི་ལྟར་འདི་རྣམས་ཀྱིས་བདག་ལ་བརྟེན་ནས་དགྲ་བཅོམ་པ་ཉིད་མངོན་དུ་བགྱིས་པའི་དགེ་བའི་རྩ་བ་དེས། བདག་རབ་ཏུ་བྱུང་སྟེ་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་བར་གྱུར་ཅིག ཅེས་སྨོན་ལམ་བྱས་ཏེ། དེ་ནི་དགེ་སློང་འདི་ཡིན་ལ་འདི་ཉིད་རྫུས་སྐྱེས་སུ་འགྱུར་བའི་རྒྱུ་ནི། སངས་རྒྱས་འོད་སྲུང་གི་དུས་སུ་ཚོང་དཔོན་ཞིག་རང་གི་ཆུང་མ་ལ་བུ་བཙའ་བའི་ཚེ་སྡུག་བསྔལ་གྱིས་ཚོོར་བས་ཉེན་ཏེ་ཉམ་ཐག་པའི་སྐད་འབྱིན་ཅིང་ངུ་བ་ཐོས་པས་སེམས་རབ་ཏུ་སྐྱོ་སྟེ་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་བདག་གང་དུ་སྐྱེས་པ་དེར་རྫུས་ཏེ་སྐྱེ་བར་ཤོག་ཅིག་ཅེས་བྱས་སོ། །དེའི་དུས་ཀྱིས་ཚོང་དཔོན་དུ་གྱུར་པ་དེ་ཡང་དགེ་སློང་འདི་ཡིན་པས་སྨོན་ལམ་གྱི་དབང་གིས་རྫུས་ཏེ་སྐྱེས་པ་དང་དེའི་ཚེ་དབང་པོ་ཡོངས་སུ་སྨིན་པར་བྱས་པས་དགྲ་བཅོམ་པ་མངོན་དུ་བྱས་སོ་གསུངས། འདིས་ནི་དགེ་འདུན་པའི་ཞལ་ཏ་དང་སྒྲུབ་པ་པོའི་གཡོག་བགྱིས་པའི་ཕན་ཡོན་ཀྱང་བསྟན་པ་ཡིན་ནོ། །

མཆོད་རྟེན་སོགས་རྙིང་པ་ལ་བྱི་དོར་བྱས་པ་དང་མེ་ཏོག་སོགས་ཕུལ་བའི་ཕན་ཡོན་བསྟན་པ།

༈ ཡང་བཅོམ་ལྡན་འདས་སེར་སྐྱའི་གནས་ཤིང་ནྱགྲོ་དྷཱའི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། ཤཱཀྱ་ཕྱུག་པོ་རྣམ་ཐོས་བུའི་ནོར་དང་ལྡན་པ་ཞིག་གི་ཆུང་མ་ལ། ཁྱེའུ་གཟུགས་བཟང་བ་ལྟ་ན་སྡུག་པ་མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་ཞིག་བཙས་ཏེ་དེ་བཙས་པའི་ཚེ་ངོ་མཚར་བ་དུ་མ་བྱུང་བས་གྲོང་ཁྱེར་སེར་སྐྱའི་གནས་རྣམས་མཛེས་པར་གྱུར་པས་མིང་མཛེས་པ་བཏགས། དེ་ཆེར་སྐྱེས་པ་ན་སངས་རྒྱས་དང་མཇལ་ཏེ་ཆོས་ཐོས་པས་བདེན་པ་མཐོང་ཞིང་དེ་རབ་ཏུ་བྱུང་བས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ཀྱི་དེའི་ལས་ཀྱི་རྒྱུ་ཞུས་པས། འདི་ལ་ལས་དུ་མ་ཡོད་དེ། སྔོན་སངས་རྒྱས་འཁོར་བ་འཇིག་འཇིག་རྟེན་དུ་བྱོན་པའི་ཚེ། རྒྱལ་པོ་མཛེས་པས་དེའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་བརྩེགས་ཤིང་། དེའི་དུས་སྟོན་གྱི་ཚེ་མཛའ་སྡེེ་དག་གཅིག་མཆོད་རྟེན་གྱི་དྲུང་དུ་སོང་ནས་དད་པ་སྐྱེས་ཏེ་མེ་ཏོག་བཏགས་སོ། །དེའི་ནང་ནས་མཛའ་སྡེ་གཅིག་གིས་བདག་ལ་ནི་ཅི་ཡང་མེད་ཀྱིས། བདག་ནི་ཅི་ཡང་མི་བྱེད་དོ་ཞེས་ཟེར་ནས་དེའི་ནང་ནས་ཕྱིར་བྱུང་བ་ལས་སླར་འགྱོད་པ་སྐྱེས་ཏེ་དེས་མེ་ཏོག་སྣ་ཚོགས་པ་བཏུས་ཏེ་མཆོད་རྟེན་དེ་ཉིད་ལ་ཕུལ་ལོ། །དེའི་དུས་ཀྱི་འགྱོད་པ་སྐྱེས་ཏེ་སླར་མེ་ཏོག་འབུལ་བ་པོ་དེ་ནི་དགེ་སློང་མཛེས་པ་འདི་ཡིན་ལ། གཞན་ཡང་ཝཱ་རཱ་ཎ་སཱིར་འདི་ཉིད་ཚོང་དཔོན་ཞིག་ཏུ་གྱུར་ནས་རང་སངས་རྒྱས་ཞིག་ལ་དད་པའི་སེམས་ཀྱིས་བཤོས་དང་གོས་དག་ཀྱང་ཕུལ་ལོ། །ཡང་སངས་རྒྱས་འོད་སྲུང་གི་དུས་སུ་འདི་ཉིད་དབུལ་པོ་ཤིང་འཐུ་ཞིག་ཏུ་གྱུར་ཏེ། དེ་རིའི་སུལ་ཞིག་ཏུ་ཤིང་འཐུར་སོང་བ་དང་། དེས་མཆོད་རྟེན་ཞིག་མཐོང་ནས་དད་པ་སྐྱེས་ཏེ། འཁོར་ས་ན་རྩྭ་དག་སྐྱེས་པའང་ཕྱུང་ཕྱགས་མ་ཐོགས་ནས་མཆོད་རྟེན་དང་མཆོད་རྟེན་གྱི་འཁོར་ས་ཕྱགས་ཏེ་ཕྱག་བྱས་ནས། བདག་གཟུགས་བཟང་ཞིང་ལྟ་ན་སྡུག་པ་དང་། མ་འོངས་པ་ན་སངས་རྒྱས་རྣམས་མཉེས་པར་བྱེད་པར་གྱུར་ཅིག ཅེས་སྨོན་ལམ་བྱས་སོ། །ལས་དེས་གཟུགས་བཟང་ཞིང་མཛེས་པ་དང་། དགྲ་བཅོམ་པའི་བར་དུ་གྱུར་པར་གསུངས་སོ། །འདིས་ནི་མཆོད་རྟེན་སོགས་རྙིང་པ་ལ་བྱི་དོར་བྱས་པ་དང་མེ་ཏོག་སོགས་ཕུལ་བའི་ཕན་ཡོན་བསྟན་པའོ། །འདིར་རྒྱལ་པོ་ཀ་པི་ནའི་རྟོགས་བརྗོད་འབྱུང་སྟེ་རྒྱས་བསྡུས་སོགས་ཀྱི་ཁྱད་པར་ཅུང་ཟད་ལས་གོང་དུ་བསྟན་པའི་རྒྱལ་པོ་ཀ་བྱི་ལ་ཆེན་པོ་དང་དོན་གཅིག་ལ། དེའི་ལས་ཀྱི་རྒྱུའི་སྐབས་སུ་ཅུང་མི་འདྲ་བའི་ཁྱད་པར་འདིར་སངས་རྒྱས་རྣམ་གཟིགས་ཀྱི་དུས་རྒྱལ་པོ་འདི་དེད་དཔོན་ཞིག་ཏུ་གྱུར་ཏེ་རྒྱ་མཚོ་ལས་རིན་པོ་ཆེ་བླངས་ནས་སངས་རྒྱས་འཁོར་དང་བཅས་པ་ལ་ཟླ་བ་གསུམ་དུ་བཤོས་ཕུལ་ཞིང་། མཐར་གཙུག་ལག་ཁང་ཡང་བརྩིགས་ནས་ཕྱོགས་བཞིིའི་དགེ་འདུན་ལ་ཕུལ་བ་དང་། ཡང་རྒྱལ་པོ་ཚངས་པས་བྱིིན་ཞེས་པར་གྱུར་པའི་ཚེ་རང་སངས་རྒྱས་ནད་པ་ཞིག་ལ་ཟླ་བ་གསུམ་དུ་བསྙེན་བཀུར་ཞིང་། དེ་མྱ་ངན་ལས་འདས་པའི་འོག་ཏུ་དེའི་སྐུ་གདུང་གི་མཆོད་རྟེན་བརྩིགས་ནས་བློན་པོ་ཁྲི་བརྒྱད་སྟོང་དང་བཅས་པས་ཏིལ་མར་གྱིས་བསྐུས་པས་འཁོར་བར་ཚད་སྟོབས་དང་ལྡན་པར་གྱུར་པ་དང་སངས་རྒྱས་འོད་སྲུང་གི་དུས་སུ་དབང་པོ་ཡོངས་སུ་སྨིིན་པར་བྱས་པས་དགྲ་བཅོམ་པ་ཐོབ་པར་གསུངས་སོ། །

སྦྱིན་པ་དང་ཚུལ་ཁྲིམས་ཀྱི་འབྲས་བུ་དང་དབང་པོ་དུལ་བར་བྱས་ཏེ་ཁྱིམ་སྤོང་ཞིང་དགོན་པ་ལ་གནས་པའི་ཡོན་ཏན་གྱི་བསྔགས་པའང་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་སོ། །དེ་ཡང་བཅོམ་ལྡན་འདས་མངོན་པར་སངས་རྒྱས་ནས་ལོ་བཅུ་གཉིས་ལོན་པ་ན་གྲོང་ཁྱེར་སེར་སྐྱའི་གནས་སུ་གཤེགས་ཏེ། བྲེ་བོ་ཟས་དང་། བདུད་རྩིའི་ཟས་ལ་སོགས་པ་སྐྱེ་བོ་སྟོང་ཕྲག་དུ་མས་བདེན་པ་མཐོང་བའི་ཚེ། རྒྱལ་པོ་ཟས་གཙང་མས་བསྐུལ་ནས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བའི་ཕྱིར། ཤཱཀྱའི་རྒྱལ་པོ་བཟང་ལྡན་དང་། མ་འགགས་པ་དང་། ནམ་གྲུ་དང་། ལྷ་བྱིན་ལ་སོགས་པ་ཤཱཀྱའི་བུ་ལྔ་བརྒྱ་རབ་ཏུ་བྱུང་བར་ཆས་པའི་ཚེ། དེ་དག་འབྲེག་མཁན་བསྙེན་བཀུར་བྱེད་པ་ཉེ་བར་འཁོར་དེས་དེ་དག་རབ་ཏུ་བྱུང་བར་མཐོང་ནས་ངུས་སོ། དེ་རྣམས་ཀྱིས་དེའི་རྒྱུ་དྲིས་པས། ཁྱེད་རྣམས་རབ་ཏུ་བྱུང་ན་བདག་ལ་ཟས་གོས་ཀྱིས་སྐྱོང་བ་སུའང་མ་མཆིས་སོ། །དེ་རྣམས་ཀྱིས། འོ་ན་རས་ཐིང་ཞིག་{ཐིངས་ཤིག}དེ་ནས་དེས་བཏིང་བ་ན། ཤཱཀྱ་རྣམས་ཀྱི་ལུས་ལ་ཐོགས་པའི་དོ་ཤལ་དང་། སེ་མོ་དོ་དང་། ནོར་བུ་དང་། མུ་ཏིག་དང་། བཻཌཱུཪྱ་དང་། དཔུང་རྒྱན་དང་། སོར་གདུབ་རྣམས་ཕུང་པོ་ཆེན་པོར་སྤུངས་ནས་བྱིན་ནོ། །དེ་ནས་འབྲེག་མཁན་ཉེ་བར་འཁོར་གྱིས་རྒྱན་རྣམས་ལ་བལྟས་ཏེ་ཤཱཀྱ་འདི་དག་ཆོ་རིགས་དང་། བྱད་གཟུགས་དང་ལང་ཚོ་དང་། འབྱོར་པ་དང་ལྡན་པ་ཡིན་ན། བཙུན་མོ་དང་འཁོར་དང་རྒྱན་ལ་སོགས་པ་འདི་དག་མཆིལ་མ་བཞིན་དུ་བོར་ནས་རབ་ཏུ་བྱུང་ན་བདག་ཀྱང་རྒྱན་འདི་རྣམས་ལ་ཆགས་ནས་ཅི་ཞིག་བྱ་དེ་བས་རབ་ཏུ་བྱུང་བར་བྱའོ་སྙམ་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་ཚུར་ཤོག་གིས་སྙེན་པར་རྫོགས་སོ། །དེའི་འོག་ཏུ་བཟང་ལྡན་སོགས་ཤཱཀྱ་ལྔ་བརྒྱ། དགེ་སློང་གི་ཆ་ལུགས་ཅན་རྣམས་འོངས་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕྱག་འཚལ་བར་བྱས་པ་ལས་དེ་དག་གིས་ཉེ་བར་འཁོར་གྱི་རྐང་པ་ངོ་ཤེས་ཏེ་ཕྱག་འཚལ་དུ་མ་བཏུབ་པར། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བཟང་ལྡན་ལ་བཀའ་སྩལ་པ། བཟང་ལྡན་གང་གི་ཕྱིར་ངའི་བསྟན་པ་འདི་ནི་ཆོ་རིགས་དང་། བྱད་གཟུགས་དང་ལང་ཚོ་དང་། དབང་ཕྱུག་དང་། རིགས་བཞི་རྣམ་པར་དག་པ་དང་སྦྱར་བ་མེད་ཀྱིས་འདི་ལ་ཕྱག་འཚོལ་ཅིག དེ་ནས་བཟང་ལྡན་ལ་སོགས་པའི་ཤཱཀ་རིགས་རྣམས་ཀྱིས་ཆོས་ཉིད་བཙན་པར་བྱས་ནས་ཕྱག་བྱས་པས། དེའི་མོད་ལ་ས་ཆེན་པོ་འདི་ཡང་རྣམ་པ་དྲུག་ཏུ་གཡོས་སོ། དེ་ནས་ཚེ་དང་ལྡན་པ་བཟང་ལྡན་གྱིས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་ཏེ། དེ་མཐར་གྱིས་མཉན་ཡོད་ཀྱི་གྲོང་དུ་སོང་སྟེ། རིགས་ངན་གྱི་ཁྱིམ་ནས་བསོད་སྙོམས་བླངས་སོ། །དེ་རྒྱལ་པོ་གསལ་རྒྱལ་གྱིས་མཐོང་བས་འཁུམས་ནས་རྒྱལ་བར་གྱུར་ཅིང་། བརྒྱལ་སངས་པ་ན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་གསོལ་པ། བཅོམ་ལྡན་འདས་བདག་གིས་ནི་རྨད་དུ་བྱུང་བ་ཞིག་མཐོང་སྟེ་ཤཱཀྱའི་རྒྱལ་པོ་བཟང་ལྡན་དེ་ཕྱག་དར་ཁྲོད་ཀྱི་གོས་གྱོན་ཞིང་ཁ་ཟས་ངན་པ་ཐོགས་ཏེ་ལྷ་དང་མི་དད་པར་བགྱིས་པའི་སྤྱོད་ལམ་ཤིན་ཏུ་ཞི་བས་བསོད་སྙོམས་བླངས་ཏེ་རིགས་ངན་གྱི་ཁྱིམ་ནས་སླར་བྱུང་བ་དེ་ལ་བདག་འདི་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱི་བསྟན་པ་ནི་ཤིན་ཏུ་དུལ་བར་བགྱིད་པ་ལགས་ཏེ་དེ་ལ་བརྟེན་ན་འདི་ལྟ་བུར་སྐྱིད་དེ་བར་མཆིས་ལ་བདེ་བས་བསྐྱེད་པ་དག་ཀྱང་འདི་ལྟར་ཚུལ་དུལ་བར་གྱུར་པ་ནི་ངོ་མཚར་ཆེའོ་སྙམ་བགྱིད་དོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བཟང་ལྡན་འདི་ལ་ངོ་མཚར་ཆེ་བ་གཞན་ཡང་ཡོད་ཀྱིས་ཉོན་ཅིག འདི་ནི་དགོན་པ་ན་གནས་སམ། ཤིང་དྲུང་ན་གནས་སམ། ཁང་སྟོང་ན་གནས་ཀྱང་རུང་སྟེ། ཀྱེ་མ་རེ་སྐྱིད། ཀྱེ་མ་རེ་སྐྱིད། བདག་རབ་ཏུ་མ་བྱུང་བཙན་རྒྱལ་པོའི་ཕོ་བྲང་གི་ནང་ན་འདུག་སྟེ་བློན་པོ་ཆེན་པོ་དང་། གྲོང་རྡལ་གྱི་མི་དང་ཡུལ་མི་རྣམས་ཀྱིས་ཤིན་ཏུ་ལེགས་པར་བསྲུངས་ལ། ར་བ་དང་། འོབས་དང་། སྒོ་དང་། གཅན་གཟན་རྣམས་ཀྱིས་བསྐྱབས་ཀྱང་སྙིང་གཞན་ལ་དོགས་ཤིང་མི་དགའ་ལ་ཀུན་ལ་ཡང་ཁུ་འཕྲིག་ཟ་བཞིན་ཏེ། གཉིད་ཀྱང་མི་འོང་བ་ལས། ད་ནི་བདག་ལུས་དང་སྲོག་ལ་ཡང་མི་ལྟ་བས། གནས་གང་དང་གང་དུ་ཡང་བདེ་བར་འདུག་ཏུ་ཡོད་དོ་ཞེས་དགའ་བའི་ཚིག་ལན་གསུམ་དུ་བརྗོད་པར་བྱེད་དོ། །དེར་དགེ་སློང་རྣམས་ཐེ་ཚོམ་དུ་གྱུར་ནས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་བྱུང་བ་འདས་པའི་དུས་གྲོང་ཁྱེར་ཝཱ་རཱ་ཎ་སཱི་ན་སྤྲང་པོ་ཞིག་གནས་པ་ལུས་བཀྲེས་ཤིང་ཉམ་ཆུང་བས་ནོན་ནས་ཕན་ཚུན་དུ་འཁྱམས་པ་ན། བུ་མོ་ཞིག་གི་ཁུར་བ་ཞིག་ཁྱེར་ཏེ་འགྲོ་བ་མཐོང་ནས། དེ་ལས་ཁུར་བ་གཅིག་ཕྲོགས་ཏེ་བྲོས་པ་ན། བུ་མོ་དེས་ཕྱི་བཞིན་དུ་བདས་པས། སྤྲང་པོ་དེ་ཚམ་ཚོམ་མེད་པར་ཆུ་ཀླུང་ཟློག་བྱེད་ལ་འབོག་པས་ཐར་རོ། །དེར་རང་སངས་རྒྱས་བྱོན་པས། སྤྲང་པོ་དེ་དགའ་བ་ཆེན་པོ་སྐྱེས་ཏེ་སྔར་སྲོག་དང་བསྡོས་ཏེ་རྙེད་པའི་ཁུར་བ་དེ། རང་སངས་རྒྱས་ལ་ཕུལ་ཞིང་། དེས་ཀྱང་ནམ་མཁའ་ལ་འཕགས་ནས་ཆོ་འཕྲུལ་ཆེན་པོ་བསྟན་པས། དེ་ལྷག་པར་ཡང་དད་པར་གྱུར་ནས། ཞབས་ལ་ཕྱག་བྱས་ཏེ། དགེ་བའི་རྩ་བ་འདིས་བདག་གང་དུ་སྐྱེས་པ་དེར་རིགས་མཐོན་པོར་སྐྱེས་པ་དང་། འདི་ལྟ་བུའི་ཆོས་དག་ཐོབ་པར་གྱུར་ཅིག ། འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བྱས་སོ། །དེའི་དུས་ཀྱི་སྤྲང་པོ་དེ་ནི་བཟང་ལྡན་འདི་ཡིན་ཏེ། ལས་དེའི་རྣམ་པར་སྨིན་པས་ནི་ཤཱཀྱའི་རིགས་ཕྱུག་པོར་སྐྱེས་སོ། །གཞན་ཡང་སངས་རྒྱས་འོད་སྲུང་གི་བསྟན་པ་ལ། ལོ་ཁྲིའི་བར་དུ་ཚངས་པར་སྤྱོད་པའི་གནས་སྲུང་བ་དེས་ནི། ད་ལྟར་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ་གསུངས། འདིས་ནི་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་འབྲས་བུ་དང་དབང་པོ་དུལ་བར་བྱས་ཏེ་ཁྱིམ་སྤོང་ཞིང་དགོན་པ་ལ་གནས་པའི་ཡོན་ཏན་གྱི་བསྔགས་པའང་བསྟན་པ་ཡིན་ནོ། །

སྦྱིན་པའི་འབྲས་བུ་དང་དམ་པའི་ཆོས་སྒྲུབ་པ་ལ་འཇིག་རྟེན་མཐུན་འཇུག་གི་དབང་དུ་གཏོང་མི་ཉན་པར་བསྟན་པ།

༈ ཡང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་ཡུལ་གསུས་པོ་ཆེ་ཞེས་བྱ་བ་ན་གསུས་པོ་ཆེའི་ནགས་ཁྲོད་ན་བཞུགས་པའི་ཚེ། ཡུལ་དེ་ན་རྒྱལ་པོ་སྒྲ་མི་སྙན་ཞེས་བྱ་བས་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བར་བྱེད་དེ། དེའི་ནུ་བོའི་བུ་ཡུལ་འཁོར་སྐྱོང་ཞེས་བྱ་བ་གཟུགས་བཟང་བ་ལྟ་ན་སྡུག་པ་ཞིག་ཡོད་པ་དེ་གདུལ་བའི་དུས་ལ་བབ་པར་གཟིགས་ནས། དགེ་སློང་གི་དགེ་འདུན་གྱིས་མདུན་བདར་ཅིང་ཞབས་འབྲིང་བྱས་ཏེ་ཡུལ་དེར་བསོད་སྙོམས་ལ་གཤེགས་པའི་ཚེ། ཁྱེའུ་ཡུལ་འཁོར་སྐྱོང་དད་པ་ཆེར་སྐྱེས་ཏེ་རབ་ཏུ་བྱུང་བར་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཕ་མ་ལ་གནང་བ་ཞུས་ཤིག་པར་བཀའ་སྩལ་པས། དེ་ཕ་མའི་ཐད་དུ་ཕྱིན་ནས་སངས་རྒྱས་ཀྱི་བསྔགས་པ་བརྗོད་དེ་བདག་དེའི་རྗེས་སུ་རབ་ཏུ་བྱུང་བར་གནང་བ་མཛོད་ཅིག་ཅེས་བྱས་པས། དེ་གཉིས་ཀྱིས་མ་གནང་བ་ན་ཞག་དྲུག་གི་བར་དུ་དེས་ཟས་བཅད་དེ་ཁ་འཆོས་པ་ལས། ཕ་མ་གཉིས་དེའི་དྲུང་དུ་འོངས་ནས་སྨྲས་པ། བུ་ཤེས་པར་གྱིས་ཤིག ཁྱོད་ནི་སྐྱིད་དེ་བར་འདུག་པ་བདེ་བར་འདོད་པ་ཡིན་ཏེ། ཁྱོད་ཀྱིས་སྡུག་མ་མྱོང་བ་ཡིན་ལ་ཚངས་པར་སྤྱོད་པ་ནི་སྤྱད་པར་དཀའོ། །དབེན་པར་གནས་པ་ནི་དཀའོ། །གཅིག་པུར་འདུག་པ་ནི་དགའ་བར་བྱ་དཀའོ། །དགོན་པ་དང་། ནགས་ཁུང་དང་། བས་མཐའི་གནས་མལ་དུ་གནས་བཅའ་བ་ནི་ཡིད་ལ་བསམ་པར་ཡང་དཀའ། བུ་ཁྱོད་འདི་ཉིད་དུ་འདུག་ལ་འདོད་པ་རྣམས་ཀྱང་ལོངས་སྤྱོད་པར་གྱིས་ཤིག སྦྱིན་པ་དག་ཀྱང་བྱིན་ཅིག བསོད་ནམས་དག་ཀྱང་གྱིས་ཤིག་ཅེས་བྱས་ཀྱང་དེས་ལན་མི་སྟེར་རོ། །དེ་ནས་ཕ་མ་དེ་གཉིས་ཀྱིས་ཉེ་དུ་རྣམས་བསྐུལ་ནས་སྔ་མ་ལྟར་སྨྲས་ཀྱང་དེས་ཅང་མི་ཟེར་རོ། །དེ་ནས་དེ་གཉིས་ཀྱིས་དེའི་གྲོགས་པོ་རྣམས་ལ་བསྐུལ་ནས་དེ་རྣམས་ཀྱིས་ཀྱང་དེ་ལྟར་སྨྲས་ཀྱང་ལན་མི་སྟེར་བ་ན། གྲོགས་དེ་དག་ཕ་མའི་ཐད་དུ་འོངས་ནས། ཡུལ་འཁོར་སྐྱོང་གུམ་ན་ཅི་རུང་གིས་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་དུ་སྩོལ་ཅིག་དང་། གལ་ཏེ་རབ་ཏུ་འབྱུང་བ་ལ་དགའ་བར་གྱུར་ན་ནི། གསོན་པོར་མཆིས་ན་ནི་ཁྱོད་ཀྱིས་གཟིགས་པར་འགྱུར་གྲང་། གལ་ཏེ་དགའ་བར་མ་གྱུར་ན་ནི་བུ་འགྲོ་བའི་ས་ཕ་མ་མ་གཏོགས་པ་གཞན་མ་མཆིས་སོ། །ཕ་མ་གཉིས་ཀྱིས་སྨྲས་པ་བྱིས་པ་དག་གལ་ཏེ་བུ་ཡུལ་འཁོར་སྐྱོང་ར བ་ཏུ་བྱུང་བའི་འོག་ཏུ་ངེད་དང་ཕྲད་དུ་འོང་ན་ནི་དེ་བཞིན་དུ་གནང་ངོ་། །དེ་ནས་དེ་རྣམས་ཀྱིས་དོན་དེ་ཡུལ་འཁོར་སྐྱོང་ལ་བསྙད་པས་དེས་ཀྱང་ཁས་བླངས་ཏེ་ལུས་ཀྱི་མཐུ་སྟོབས་བསྐྱེད་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་དགོན་པ་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། དགེ་སློང་ཡུལ་འཁོར་སྐྱོང་འདི་ཉིད་ཡིན་ནོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་བྱུང་བ་འདས་པའི་དུས་ན་ལུས་འཕགས་ཀྱི་རྒྱལ་པོ་ཕོ་བྲང་འཁོར་གྱི་མི་དང་བཅས་པ་ཕ་རོལ་གྱི་དམག་ཚོགས་བྱུང་ནས་ཅི་བྱ་གཏོལ་མེད་པས་ནགས་ཁུང་དུ་ཞུགས་ཏེ། དེ་ཉི་མ་གུང་ལ་ཉི་ཚན་གྱིས་གདུང་ནས་དཔུང་གི་ཚོགས་དང་བཅས་ཏེ་ཕན་ཚུན་འཁོར་ནས་ལམ་ཡང་མ་རྙེད་དོ། །དེར་རང་སངས་རྒྱས་ཞིག་བཞུགས་པ་དེས་དེ་དག་ལ་ཐུགས་བརྩེ་བས་དེ་ལ་ལམ་ཡང་བསྟན། ཆུའི་ལྟེང་ཀ་ཡང་བསྟན་ནས་དེས་རྒྱལ་པོ་འཁོར་དང་བཅས་པའི་སྲོག་ཕོངས་པ་བསྐྱངས་སོ། །དེ་ནས་རྒྱལ་པོ་དེ་དད་པ་སྐྱེས་ཏེ་རང་སངས་རྒྱས་དེ་གྲོང་ཁྱེར་དུ་ཁྲིད་དེ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱི་བསྙེན་བཀུར་བྱས་ཤིང་། དེ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་དེའི་སྐུ་གདུང་གི་མཆོད་རྟེན་བརྩིགས་ནས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱིས་རྒྱལ་པོར་གྱུར་པ་དེ་ནི་ཡུལ་འཁོར་སྐྱོང་འདི་ཉིད་ཡིན་ནོ། །ཡང་སངས་རྒྱས་འོད་སྲུང་གི་དུས་སུ་འདི་རྒྱལ་པོ་ཀྲི་ཀཱིའི་བུ་ཐ་ཆུང་དུ་གྱུར་ནས་སངས་རྒྱས་ལ་དད་པ་རྙེད་དེ་སངས་རྒྱས་འོད་སྲུང་འཁོར་དང་བཅས་པ་ལ་བསྙེན་བཀུར་བྱས་ཏེ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ཀྱང་བླངས་ཤིང་། ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་མཆོད་རྟེན་ལ་གདུགས་བུ་ཆུང་བཏགས་སོ། །གཞན་ཡང་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་བྲམ་ཟེ་ལས་སུ་རྩྭ་རྐོ་བ་ཞིག་ཏུ་གྱུར་ཏེ་དེ་ནགས་ཁྲོད་དུ་སོང་བ་དང་། རང་སངས་རྒྱས་ནད་པ་ཞིག་དང་མཇལ་བས་དད་པར་གྱུར་ནས། དེ་ལ་བསྙེན་བཀུར་བྱས་ནས་དེ་སོས་པ་དེའི་ཚེ་ན་ཡང་བཤོས་གསོལ་ཏེ་སྨོན་ལམ་བཏབ་བོ། །ལས་དེའི་རྣམ་པར་སྨིན་པས་འཁོར་བར་ནམ་ཡང་སྡུག་བསྔལ་མྱོང་བར་མ་གྱུར་ལ་ད་ལྟ་ཡང་རྒྱལ་པོའི་རིགས་ཕྱུག་པོར་སྐྱེས་ཏེ། གཟུགས་བཟང་ཞིང་མཛེས་པ་དང་རྒྱུ་དེ་ཁོ་ནས་དགྲ་བཅོམ་པ་མངོན་དུ་བྱས་སོ་གསུངས། འདིས་ནི་སྦྱིན་པའི་འབྲས་བུ་དང་དམ་པའི་ཆོས་སྒྲུབ་པ་ལ་འཇིག་རྟེན་མཐུན་འཇུག་གི་དབང་དུ་གཏོང་མི་ཉན་པར་བསྟན་པའང་ཡིན་ནོ། །

སྡང་སེམས་དང་ངག་གི་ཉེས་པར་སྤྱོད་པའི་རྣམ་སྨིན་དང་རྟག་ཏུ་ཤེས་བཞིན་ལ་གནས་པས་ཉོན་མོངས་པ་མེད་པར་བྱས་ཏེ་གཞན་གྱི་སེམས་བསྲུང་དགོས་པར་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། ལྗོངས་སོ་སོར་གདུལ་བའི་སྐྱེ་བོ་རྣམས་ལ་ཕན་གདགས་པའི་ཕྱིར་ཉན་ཐོས་རྣམས་བསྐོ་བར་མཛད་པ་ལས། བསམ་གཏན་པ་ཁ་ཅིག་རི་རབ་ཀྱི་བང་རིམ་དུ་འཁོད་པ་ལས། ཕྱིས་ཞིག་ན་ནམ་མཁའ་ལྡིང་ཞིག་གི་རྒྱ་མཚོ་ཆེན་པོ་ནས་ཀླུའི་ཕྲུ་གུ་ཞིག་བླངས་ཏེ། རི་རབ་ཀྱི་བང་རིམ་སྟེང་དུ་ཁྱེར་ནས་ཟོས་པ་ན། དེས་ཉན་ཐོས་རྣམས་མཐོང་སྟེ་སེམས་དགའ་བ་སྐྱེས་ནས་ཚེ་འཕོས་པ་མཉན་ཡོད་དུ་བྲམ་ཟེ་འབྱོར་པ་ཞེས་བྱ་བའི་ཆུང་མའི་ལྟོར་ཞུགས་ནས། དུས་ལ་བབ་པ་ན་ཁྱེའུ་གཟུགས་བཟང་ཞིག་བཙས་ཏེ་མིང་རབ་འབྱོར་དུ་བཏགས། དེ་ཆེར་སྐྱེས་པ་ན་སྔོན་གྱི་རྒྱུའི་སྟོབས་ཤུགས་ཀྱིས་སྤྲོ་ཐུང་བ་དང་ཁྲོ་བ་དང་ཞེ་གནག་པ་ཤས་ཆེ་བར་བྱུང་བས། ཕ་མ་གཉིས་ཀྱིས་དེ་དྲང་སྲོང་གི་ཐད་དུ་བཏང་བས་དཀའ་ཐུབ་ཀྱི་ནགས་ཁྲོད་ཅིག་ཏུ་འདུག་པ་ན། དེར་ལྷ་བདེན་པ་མཐོང་བ་ཞིག་ཡོད་པ་དེས། དེ་ལ་སྙིང་རྗེ་བར་གྱུར་ནས། དེའི་གམ་དུ་ཕྱིན་ནས་དཀོན་མཆོག་གསུམ་གྱི་བསྔགས་པ་བརྗོད་པས་དེ་དད་པར་གྱུར་པ་ན། ལྷ་དེས་རྫུ་འཕྲུལ་གྱི་མཐུས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁྲིད་པས། དེ་ཤིན་ཏུ་དད་པར་གྱུར་ཅིང་ཁོང་ཁྲོ་བ་དེ་མེད་པར་གྱུར་ནས་ཆོས་ཉན་པས་རྒྱུན་དུ་ཞུགས་པ་ཐོབ་ཅིང་རབ་ཏུ་བྱུང་བས་དགྲ་བཅོམ་པ་ཐོབ་བོ། །དེ་ནས་དེས་རང་གང་ནས་ཤི་འཕོས་པ་དང་། གང་དུ་སྐྱེས་པ་དང་། ལས་གང་གིས་སྐྱེས་བརྟགས་པས། དེ་ཚེ་རབས་ལྔ་བརྒྱར་ཀླུ་ལས་ཤི་འཕོས་ཏེ་ཀླུ་འབའ་ཞིག་ཏུ་སྐྱེ་བར་མཐོང་ངོ་། །དེ་ནས་དེས་བསམ་པ་བདག་སྔོན་ཞེ་སྡང་གི་དབང་གིས་ཚེ་རབས་ལྔ་བརྒྱར་ཀླུ་འབའ་ཞིག་ཏུ་སྐྱེས་ཏེ་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་གྱིས། ད་ནི་ཅི་ནས་ཀྱང་བདག་ལ་གཞན་དག་གི་ཞེ་སྡང་སྐྱེ་བར་འགྱུར་ཞིང་དེ་དང་ལྡན་པས་ལུས་དང་བྲལ་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་དེ་ལྟ་བུ་མི་འགྱུར་བར་བྱའོ་སྙམ་ནས་དེ་ཉོན་མོངས་པ་མེད་པ་ལ་གནས་པའི་ལམ་ཡང་དག་པར་བླངས་ཏེ་གནས་སོ། །དེ་གང་གི་ཚེ་དགེ་འདུན་གྱི་ནང་ངམ། གྲོང་ངམ། ཡུལ་ལམ། ལྗོངས་སུ་བསོད་སྙོམས་ཀྱི་ཕྱིར་གནས་པར་འདོད་པ་དེའི་ཚེ་ཐོག་མ་ཁོ་ནར་སྤྱོད་ཡུལ་ལ་བལྟ་བར་བྱེད་དེ། བདག་མཐོང་བ་ན་ཐ་ན་གྲོག་སྦུར་ཡན་ཆད་སུ་ཡང་སྣ་འགའ་ཞིག་གི་ཕྱིར་སེམས་སྡང་བར་མི་འགྱུར་གྲང་སྙམ་ནས་དེས་སྤྱོད་ལམ་དེ་བཏང་སྟེ་གཞན་དུ་བསྒྱུར་ནས། དེས་སེམས་ཅན་དེ་དག་གི་སེམས་དགའ་བར་གྱུར་ཏེ། དེ་དགྲ་བཅོམ་པ་ཡིན་དུ་ཟིན་ཀྱང་དེ་ལྟ་བུའི་ཉམ་ང་བ་མྱོང་ངོ་། །དེ་ནས་ཚེ་དང་ལྡན་པར་རབ་འབྱོར་དེ། ད་ནི་སྐྱེ་བོ་མང་པོ་ལ་ཕན་གདགས་པར་བྱའོ་སྙམ་སྟེ། དེས་རྫུ་འཕྲུལ་གྱིས་ནམ་མཁའ་ལྡིང་ལྔ་བརྒྱར་སྤྲུལ་ཏེ། དེ་མཐོང་ནས་ཀླུ་རྣམས་སྐྲག་ཅིང་དངངས་ཏེ་མི་དགའ་བར་གྱུར་ནས་ཅི་བྱ་གཏོལ་མེད་དུ་གྱུར་པ་ན། དེ་ཡང་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཡོངས་སུ་བསྐྱབས་པར་བསྟན་པས། དེ་དག་དགའ་བར་གྱུར་པ་ལ་བྱམས་པའི་ལུང་ཕོག་ཅིང་། དེ་བཞིན་དུ་ཡང་ཀླུ་ཆེན་པོའི་གཟུགས་སུ་སྤྲུལ་ནས་ནམ་མཁའ་ལྡིང་ལྔ་བརྒྱ་ཙམ་གཙེས་ཏེ་དེ་དག་ཀྱང་སྐྲག་ནས་བྱམས་པའི་ལུང་ཕོག་སྟེ། དེ་ལྟར་དེས་ཀླུ་དང་ནམ་མཁའ་ལྡིང་གི་རིགས་ལྔ་བརྒྱ་ལྔ་བརྒྱ་བཏུལ་ལོ། །དེར་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱིས་མཆོག་ནི་འདི་ལྟ་སྟེ་རིགས་ཀྱི་བུ་རབ་འབྱོར་འདི་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱིས་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་འདི་ཉིད་རབ་ཏུ་བྱུང་སྟེ། འདིས་སྦྱིན་པ་དང་རབ་ཏུ་སྦྱིན་པ་དག་བྱིན་ནས་ལོ་ཁྲིའི་བར་དུ་ཚངས་པར་སྤྱོད་པའི་གནས་བསྲུངས་ཏེ་བདག་མ་འོངས་པ་ན་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་མེད་པར་གནས་པའི་མཆོག་ཏུ་གྱུར་ཅིག ཅེས་སྨོན་ལམ་བྱས་སོ། །ལས་གང་གིས་ཀླུར་སྐྱེས་ཞེ་ན། ཉོན་མོངས་པ་རྣམས་མ་སྤངས་པ་དང་། དབང་པོ་རྣམས་འཁྲུལ་པ་དང་། ལས་ཀྱི་ལམ་མཐར་ཐུག་པ་མ་བྱས་པ་དང་། སློབ་པ་དང་མི་སློབ་པའི་དགེ་སློང་རྣམས་ལ་སྡང་སེམས་ཀྱིས་སྦྲུལ་གདུག་པ་ཞེས་བྱ་བའི་ཚིག་བརྗོད་དེ་དེས་ཀླུར་སྐྱེས་སོ། །དེས་སྦྱིན་པ་དང་ཚུལ་ཁྲིམས་བསྲུངས་པས་དགྲ་བཅོམ་པ་ཐོབ་པ་དང་། སྨོན་ལམ་གྱིས་ཉོན་མོངས་པ་མེད་པར་གནས་པའི་མཆོག་ཏུ་གསུངས། འདིས་ནི་སྡང་སེམས་དང་ངག་གི་ཉེས་པར་སྤྱོད་པའི་རྣམ་སྨིན་དང་རྟག་ཏུ་ཤེས་བཞིན་ལ་གནས་པས་ཉོན་མོངས་པ་མེད་པར་བྱས་ཏེ་གཞན་གྱི་སེམས་བསྲུང་དགོས་པར་བསྟན་པ་ཡིན་ནོ། །ཡང་བཅོམ་ལྡན་འདས་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་པའི་ཚེ། རྒྱལཔོའི་ཁབ་ཀྱི་ཚོང་དཔོན་ཕྱུག་པོ་ཞིག་གིི་ཆུང་མ་ལ་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཉིད་ཕྱིར་མ་བཙས་པར་ཡུན་རིང་དུ་གྱུར་པས་སླར་ཡང་རྩེ་དགས་རོལ་བས་བུ་ཕྱི་མ་དག་ཆགས་པར་གྱུར་ཏེ་སྔ་ཕྱིར་བུ་བཅུ་བྱུང་ཡང་སྔ་མ་དེ་ནི་ལྟོ་ན་གནས་བཞིན་དུ་འཁོད་པ་ལས། ནམ་ཞིག་མ་དེ་ནད་དྲག་པོས་ནོན་ཏེ་འཆི་ཁར་ཁྱིམ་ཐབ་ལ་སྨྲས་པ་བདག་གི་ལྟོ་ན་བུ་དང་པོ་མཆིས་པ་དེ་ད་དུང་མ་ཤི་བར་གནས་པས་བདག་ཤི་བའི་འོག་ཏུ་གློ་གཡས་ཕྱོགས་ནས་མཚོན་གྱིས་དྲལ་ཏེ་ཁྱེའུ་དེ་མ་བསྣད་པར་ལེན་པར་མཛོད་ཅིག་ཅེས་དང་། བསགས་པ་ཀུན་གྱི་མཐའ་ནི་ཟད། །མཐོན་པོ་རྣམས་ནི་ཐ་མར་ཉིལ། །ཕྲད་པ་རྣམས་ནི་ཐ་མ་འབྲལ། །གསོན་པོ་རྣམས་ནི་ཐ་མར་འཆི། །ཞེས་སྨྲས་ཏེ་ཤིའོ། །དེ་ནས་ཚོང་དཔོན་དེས་དེའི་ཕུང་པོ་ཁྱོགས་ལ་བཏེགས་ཏེ་དུར་ཁྲོད་དུ་ཁྱེར་ནས་སྨན་པའི་རྒྱལ་པོ་འཚོ་བྱེད་པོས་ཏེ་ལྟོ་བ་འདྲལ་བར་བརྩམ་པ་དང་གཏམ་དེ་ཐོག་ཐག་ཏུ་གྲགས་པས་དེ་ལ་བལྟ་བའི་ཕྱིར་སྲོག་ཆགས་འབུམ་ཕྲག་དུ་མ་འདུས་ཤིང་རྫོགས་བྱེད་ལ་སོགས་པའི་སྟོན་པ་དྲུག་ཀྱང་འོངས་ས་ོ། །དེར་བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་བརྟེན་ནས་སེམས་ཅན་མང་པོའི་དོན་འབྱུང་བར་མཁྱེན་ཏེ་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་ཏེ་དེར་གཤེགས་སོ། །དེ་ནས་སྨན་པ་འཚོ་བྱེད་ཀྱིས་བུད་མེད་དེའི་ལྟོ་འདྲལ་བ་ན། ཁྱེའུ་སྐྲ་དཀར་ཞིང་ཡན་ལག་གཉེར་མས་གང་བ། ལུས་ཀྱི་ཕྱོགས་རྣམས་རྒན་ཤར་གྱུར་པ། དབང་པོ་རྙིང་པ། རིད་པ། ཉམས་སྟོབས་ཆུང་ངུ་ཞིག་བྱུང་ནས། དེས་སྐྱེ་བོའི་ཚོགས་དེ་དག་ལ་བལྟས་ནས་ཚིག་ཏུ། ཀྱེ་བླ་མ་རྣམས་སམ། བླ་མ་ལྟ་བུ་རྣམས་སམ། ཕ་མའམ། མཁན་པོའམ། སློབ་དཔོན་རྣམས་ལ་ཚིག་རྩུབ་མ་ཟེར་ཅིག ཇི་ལྟར་བདག་མའི་ལྟོར་ཕོ་བ་དང་ལོང་ཀ་གཉིས་ཀྱི་བར་དུ་ལོ་དྲུག་ཅུ་འདུག་འདུག་པ་དེ་ལྟ་བུ་ཉམས་སུ་མྱོང་བར་འགྱུར་ཏ་རེ་ཞེས་སྨྲས་ནས་ཅང་མི་ཟེར་བར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། འདི་ལྟར་སྲིད་པ་ཐ་མ་པའི་སེམས་ཅན་གྱིས་ཀྱང་ཉམས་ང་འདི་ལྟ་བུ་མྱོང་བར་འགྱུར་གྱིས་སྲིད་པར་སྐྱེ་བ་ཐམས་ཅད་ཀྱིས་ཆོག་པར་གྱིས་ཤིག སྲིད་པར་སྐྱེ་བའི་ཡོ་བྱད་ཐམས་ཅད་ཀྱིས་ཆོག་པར་གྱིས་ཤིག དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་ལ་ཁྱེའུ་ཁྱོད་རྒན་པོ་ཡིན་ནམ། བཅོམ་ལྡན་འདས་བདག་ནི་རྒན་པོ་ལགས་སོ། །དེ་ལྟར་ལན་གཉིས་ཀྱི་བར་དུ་བཀའ་སྩལ་པ་ལ་དེས་ཀྱང་དེ་ལྟར་ལན་བཏབ་པས། དེའི་མིང་ལ་རྒན་པོར་བཏགས། དེ་ནས་སངས་རྒྱས་ཀྱིས་གཞི་དེ་ལས་དེ་ལྟ་བུའི་ཆོས་སྟོན་པར་མཛད་པས་སེམས་ཅན་བརྒྱ་ཕྲག་མང་པོ་སྐྱོ་བར་གྱུར་ནས་ཁྱད་པར་ཆེན་པོ་ཐོབ་བོ། །རྒན་པོ་དེ་ཡང་ལོ་བཅུའི་བར་དུ་ཁྱིམ་ན་གནས་ཏེ་ལོ་བདུན་ཅུ་ལོན་པ་ན་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་ཉི་ཤུ་རྩ་ལྔ་དང་ཐབས་ཅིག་ཏུ་དབྱར་གནས་པར་དམ་བཅས་ཏེ། དེར་དགེ་འདུན་གྱི་གནས་བརྟན་གྱིས་སོ་སོའི་སྐྱེ་བོར་འདུག་བཞིན་དུ་གང་གིས་ཀྱང་སྐབས་དབྱེ་བར་མི་བྱའོ་ཞེས་ཁྲིམས་བཅས་སོ། །དེ་ནས་དེར་ཟླ་བ་གསུམ་ལོན་པ་ན་དགེ་སློང་ཉི་ཤུ་རྩ་བཞི་པོས་དགྲ་བཅོམ་པ་ཐོབ་པར་གྱུར་ཀྱང་རྒན་པོ་གཅིག་པུས་མ་ཐོབ་སྟེ་སོ་སྐྱེར་ལུས་པ་ན། གནས་བརྟན་གྱིས་མང་དུ་སྤྱོས་ནས་ཚོགས་ཀྱི་ནང་ནས་ཕྱིར་བསྐྲད་དེ་བཏང་ངོ་། །དེ་ནས་དེས་མཚོན་བླང་སྟེ་ཁང་ཕུག་ཏུ་ཞུགས་ནས་ངུ་ བཞིན་དུ། ནགས་ཚལ་ཐམས་ཅད་འབར་གྱུར་ཏེ། །རི་རྣམས་སེར་པོར་གྱུར་ཟིན་ན། །འོན་ཀྱང་ད་དུང་སྡིག་པའི་སེམས། །རྣམ་པར་གྲོལ་བར་མ་གྱུར་ཏོ། །ཞེས་པ་ནས། ལུང་ཕོག་པ་ཡི་གནས་བརྟན་རྣམས། །ཕྱོགས་ཕྱོགས་དག་ཏུ་དོང་ཟིན་ནས། །འོན་ཀྱང་ད་དུང་སྡིག་པའི་སེམས། །རྣམ་པར་གྲོལ་བར་མ་གྱུར་ཏོ། །སོ་སོའི་སྐྱེ་བོར་འདུག་བཞིན་དུ། །སྟོན་པའི་ཐད་དུ་ཇི་ལྟར་འགྲོ། དོན་མེད་གསོན་པ་ཅི་དགོས་ཀྱིས། །བདག་ནི་མཚོན་གྱིས་ལྕེབས་ཏེ་བཏང་། །ཞེས་སྨྲ་བར་བྱེད་པ་ན། བཅོམ་ལྡན་འདས་ཀྱིས་མཁྱེན་ནས། རྫུ་འཕྲུལ་གྱིས་དེར་གཤེགས་ཏེ་དེ་དང་མཐུན་པའི་ཆོས་བསྟན་པས། ཚེ་དང་ལྡན་པ་རྒན་པོས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེ་ནས་དེས་བདག་ཉིད་ཀྱིས་གདུལ་བར་བྱ་བ་འགའ་ཞིག་ཡོད་དམ་སྙམ་སྟེ་བལྟས་པས། ཚོང་པ་ལྔ་བརྒྱ་རྒྱ་མཚོའི་ནང་ན་སྲིན་པོ་ནག་པོའི་རླུང་གིས་བསྐོར་ཅིང་འདུག་པ་མཐོང་ནས་དེ་རྣམས་ཀྱི་ཐད་དུ་རྫུ་འཕྲུལ་གྱིས་སོང་སྟེ་འཇིགས་པ་དེ་ལས་བསྐྱབས་པས་དེ་ཐམས་ཅད་དད་པར་གྱུར་ཏེ་དེའི་ཐད་དུ་རབ་ཏུ་བྱུང་ནས། དེ་དག་ལ་ལུང་ཕོག་པས་ཀུན་ཀྱང་དགྲ་བཅོམ་པར་གྱུར་ཏོ། །དེ་ནས་དེ་རྣམས་ཀྱི་ཡོན་ཏན་སུས་ཀྱང་མི་ཤེས་ནས་དྲུག་སྡེས་འཕྱ་བར་གྱུར་ཏེ། རྒན་བླུན་དུ་འདུག་ལ་མི་ལྔ་བརྒྱ་དང་ལྷན་ཅིག་འཁོད་ཅིང་དྲུང་དུ་བཞག་པས་འདི་དག་ཀྱང་དེ་དང་འདྲ་བར་དུལ་བར་མི་འགྱུར་རོ་ཞེས་འཛེར་ཏོ། །དེ་ནས་ཀུན་དགའ་བོས་གནས་བརྟན་རྒན་པོ་ལ་གཏམ་གླེང་བར་འདོད་དེ་དེའི་གམ་དུ་ཕྱིན་ནས་དགའ་དང་མགུ་བར་གྱུར་པའི་གཏམ་བྱས་ཏེ། དགེ་སློང་དགོན་པ་ལ་གནས་པས་ཡིད་ལ་བྱ་བའི་ཆོས་གང་ཡིན་ཞེས་དྲིས་པ་ན། གནས་བརྟན་རྒན་པོས་ཞི་གནས་དང་ལྷག་མཐོང་ལས་འཕྲོས་པའི་ཆོས་ཀྱི་གཏམ་ཡང་དག་བྱས་པས་ཀུན་དགའ་བོས་གནས་བརྟན་རྒན་པོས་བཤད་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་པར་གྱུར་ནས། དེ་བཞིན་དུ་དགེ་སློང་ལྔ་བརྒྱ་པོའི་ཐད་དུ་ཕྱིན་ནས་དྲིས་ཀྱང་སྔ་མ་ཁོ་ན་ལྟར་གྱུར་པས་རྗེས་སུ་ཡི་རངས་ཤིང་མངོན་པར་བསྟོད་ནས། སླར་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ནས་གསོལ་པ་ནའང་། སྔ་མ་དེ་ཁོ་ན་ཇི་ལྟ་བར་ཚིག་དོན་གྱི་ཆ་ཐམས་ཅད་མཐུན་པར་གྱུར་པས་ཤིན་ཏུ་ངོ་མཚར་གྱུར་ནས་གསོལ་པ། བཙུན་པ་སྟོན་པ་དང་ཉན་ཐོས་རྣམས་འདི་ལྟ་སྟེ། ཚིག་གི་མཆོག་གིས་འདི་ཁོ་ན་ལྟར་དོན་དང་དོན་མཐུན་ཞིང་འདྲ་བ་དང་། ཚིག་དང་ཚིག་ཏུ་མཐུན་ཞིང་འདྲ་བ་དང་། ཡི་གེ་དང་ཡི་གེར་མཐུན་ཞིང་འདྲ་བ་དེ་ནི་ངོ་མཚར་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་དགེ་སློང་རྒན་པོ་སུ་ཡིན་ཤེས་སམ། གསོལ་པ། བཙུན་པ་དགེ་སློང་རྒན་པོ་དེ་ནི་དགྲ་བཅོམ་པ་ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པའི་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ལགས་སོ། །དགེ་སློང་ལྔ་བརྒྱ་པོ་དེ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་ལགས་སོ། །དེ་ལྟར་བཅོམ་ལྡན་འདས་དང་ཀུན་དགའ་བོས་དགེ་སློང་རྒན་པོ་དང་། དགེ་སློང་ལྔ་བརྒྱ་པོ་དེ་དག་གི་ཡོན་ཏན་གླེངས་ཤིང་བསྒྲགས་པ་ཐོས་ནས། དགེ་སློང་རྣམས་ཐེ་ཚོམ་དུ་གྱུར་ཏེ། དེའི་ལས་ཀྱི་རྒྱུ་ཞུས་པ་ན་བཀའ་སྩལ་པ། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་ཚོང་དཔོན་གྱི་བུ་ཞིག་གནས་བརྟན་དགྲ་བཅོམ་པ་ཞིག་ལས་རབ་ཏུ་བྱུང་ཞིང་གནས་པ་ལས། ཡུལ་དེར་དུས་སྟོན་ཞིག་བྱུང་ནས། དགེ་སློང་གཞོན་ནུ་དེས། གནས་བརྟན་དེ་བསླངས་ཏེ། བཞེངས་ལ་སྤྱོད་ཡུལ་གྱི་གྲོང་དུ་བཞུད་དོ། །གནས་བརྟན་གྱིས་བུ་ད་དུང་སྔས་ཀྱིས་རེ་ཞིག་སོང་ལ་དགེ་བའི་ཕྱོགས་གྱིས་ཤིག དེ་ལྟར་དགེ་སློང་གཞོན་ནུ་དེས་ལན་གཉིས་ལན་གསུམ་གྱི་བར་དུ་བསླངས་ཀྱང་སྔ་མ་ལྟར་གསུངས་པས་དེ་ཁྲོས་ཏེ། ཁྱོད་ལོ་དྲུག་ཅུའི་བར་དུ་ཡང་ཁྱིམ་ནས་མ་བྱུང་ཞིག ད་ནི་སོང་ཟིན་ནོ་ཞེས་ཚིག་རྩུབ་པོ་སྨྲས་སོ། །དེའི་དུས་ཀྱི་དགེ་སློང་གཞོན་ནུར་གྱུར་པ་དེ་ནི་དགེ་སློང་རྒན་པོ་འདི་ཡིན་ཏེ་ལས་དེས་ལོ་དྲུག་ཅུའི་བར་དུ་མའི་ལྟོ་ན་འདུག་གོ །གཞན་ཡང་སྔོན་ཆོས་ལ་སེར་སྣ་བྱས་པ་དེས་ནི་ཤེས་རབ་འཆལ་བར་གྱུར་ཏེ། དབང་པོ་རྣམས་ཚོགས་ཆེན་པོས་ཡོངས་སུ་སྨིན་པར་གྱུར་ཏོ། །དེར་བསླབས་པ་དང་། ཁ་ཏོན་བྱས་པ་དང་། མཁས་བྱའི་གནས་དྲུག་ལ་མཁས་པར་བྱས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དགེ་སློང་དག་དེ་བས་ན་ངག་གི་ཉེས་པ་སྤང་བའི་ཕྱིར་འབད་པར་བྱ་སྟེ་ཅི་ནས་རྒན་པོ་དེ་སོ་སོའི་སྐྱེ་བོར་གྱུར་པའི་ཚེ་ཉེས་པ་དེ་ལྟ་བུ་དག་མི་འབྱུང་བར་བྱའོ། །དེ་ཉིད་ཀྱིས་དགྲ་བཅོམ་པ་ཐོབ་པའི་ཡོན་ཏན་གྱིས་ཚོགས་དེ་ལྟ་བུ་དག་ཐོབ་པ་ལ་བསླབ་པར་བྱའོ་གསུངས། །ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། མཉན་ཡོད་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་བ་རྣམ་ཐོས་བུའི་ནོར་དང་ལྡན་པ་ཞིག་གི་ཆུང་མ་ལ་ཁྱེའུ་གཟུགས་བཟང་བ་ལྟ་ན་སྡུག་པ་རང་གི་ཚེ་རབས་དྲན་པ་ཞིག་བཙས་ཏེ་དེས་རང་གི་ལག་པ་བཟུང་སྟེ། འོ་བྱེད་ཅིང་འཁྱུད་པར་བྱེད་དེ་ཚིག་ཏུ། ཀྱེ་མ་བདག་གི་ལག་གུ་གཉིས་ཤིན་ཏུ་ཡུན་རིང་མོ་ཞིག་ནས་གདོད་རྙེད་དོ་ཞེས་ཡང་ཡང་སྨྲ་བར་བྱེད་པས་མིང་ལག་པ་ཅན་ཞེས་གདགས་སོ། །དེ་ཆེར་སྐྱེས་པའི་ཚེ་ཡུལ་དེར་འཇིགས་པ་ཞིག་བྱུང་སྟེ་སྐྱེ་བོ་རྣམས་ཀྱིས་རང་རང་གི་རྫས་རྣམས་སྦེད་པར་བྱེད་པ་ནའང་། དེ་ནི་ལག་པ་གཉིས་སྦེད་པར་བྱེད་དེ་སྐྱེ་བོའི་ཚོགས་ལ། ཀྱེ་ཡོན་གནས་རྣམས་ལ་སེམས་སྡང་བར་མ་བྱེད་ཅིག ཚིག་རྩུབ་པོ་མ་ཟེར་ཅིག ཀྱེ་མ་བདག་གི་ལག་གུ་གཉིས་ནི་ཤིན་ཏུ་ཡུན་རིང་མོ་ཞིག་ནས་གདོད་རྙེད་དོ་ཞེས་ཟེར་རོ། །དེ་ནས་དེ་ཕྱིས་བཅོམ་ལྡན་འདས་དང་མཇལ་ཞིང་ཆོས་ཐོས་པས་རྒྱུན་དུ་ཞུགས་པ་ཐོབ་ལ། རབ་ཏུ་བྱུང་ཞིང་བརྩོན་པས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེ་དགྲ་བཅོམ་པར་གྱུར་ནས་ཀྱང་དགེ་སློང་རྣམས་ལ་ཆོས་སྟོན་པ་ན་སྔ་མ་ལྟར་བརྗོད་པར་བྱེད་པས། ཐམས་ཅད་ཐེ་ཚོམ་དུ་གྱུར་ནས་བཅོམ་ལྡན་འདས་ལ་དེའི་དོན་གསོལ་པ་ན། བཀའ་སྩལ་པ་དགེ་སློང་དག་འདིས་ནི་ལས་ཀྱི་འབྲས་བུ་མངོན་སུམ་དུ་མཐོང་བས་ཡིན་ཏེ། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་དགེ་སློང་གཉིས་མཛའ་ཞིང་འདུག་སྟེ། གཅིག་ནི་དགྲ་བཅོམ་པ་ཡང་ཡིན་ལ་ཐོས་པ་མང་བ་ཡང་ཡིན་ལ། ཅིག་ཤོས་ནི་སོ་སོའི་སྐྱེ་བོའང་ཡིན་ལ་ཐོས་པའང་ཉུང་ངོ་། །དེ་ནས་དགྲ་བཅོམ་པ་མང་དུ་ཐོས་པ་དེ་ནི་བསོད་ནམས་རྒྱ་ཆེན་པོ་དང་ལྡན་ཞིང་ཀུན་གྱིས་བཀུར་བས་གཡར་འདྲེན་པ་མང་བ་ན། དེར་དགེ་སློང་མཛའ་བོ་དེ་ཡང་ཁྲིད་པར་བྱེད་པ་ལས། ཉིན་གཅིག་དགེ་སློང་དེ་ཚོལ་ཡང་མ་རྙེད་པས་དགེ་སློང་གཞན་ཞིག་ཁྲིད་ནས་སྦྱིན་བདག་གི་སྤྱན་འདྲེན་ལ་ཕྱིན་པའི་འོག་ཏུ། དགེ་སློང་དེ་ལ་གཞན་རྒོད་བག་ཅན་རྣམས་ཀྱིས། དེང་ཁྱོད་ཉིད་མ་ཁྲིད་ལ་གཞན་ཁྲིད་དོ་བྱས་པས། དེ་ཁྲོས་ནས་དགྲ་བཅོམ་པ་དེ་ལ་བདག་གིས་ཕྱིན་ཆད་དེའི་ལྷུང་བཟེད་བཀྲུས་སུ་ཟིན་ན་བདག་གི་ལག་པ་འདི་གཉིས་མེད་པར་གྱུར་ཅིག་ཅེས་ཚིག་རྩུབ་སྨྲས་སོ། །དེའི་དུས་ཀྱི་དགེ་སློང་མཛའ་བོར་གྱུར་པ་དེ་ནི་ལག་པ་ཅན་འདི་ཡིན་ཏེ། ལས་དེས་ཚེ་རབས་ལྔ་བརྒྱར་ལག་པ་མེད་པར་གྱུར་ཏོ། །ཕྱིས་སྙིང་ནས་འགྱོད་པར་སྐྱེས་ཏེ་ཉེས་པ་བཤགས་ཤིང་དབང་པོ་རྣམས་སྨིན་པར་བྱས་པས་ད་ལྟར་ལག་པ་ཐོབ་པ་ནས་དགྲ་བཅོམ་པའི་བར་དུ་གྱུར་པར་གསུངས། འདིར་འདེ་གུ་གསོས་ཀྱི་ལོ་རྒྱུས་འབྱུང་སྟེ་གོང་དུ་བསྟན་པའི་སྒུར་ཆུང་གི་ལོ་རྒྱུས་དང་ཁྱད་པར་ཅུང་ཟད་ཙམ་ལས་དོན་གཅིག་ཏུ་འབབས་པ་ཡིན་ནོ། །ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། མཉན་ཡོད་དུ་ཁྱིམ་བདག་ཕྱུག་པོ་རྣམ་ཐོས་བུའི་ནོར་དང་ལྡན་པ་ཞིག་གི་ཆུང་མ་ཁྱེའུ་གཟུགས་བཟང་བ་ལྟ་ན་སྡུག་པ་ཞིག་བཙས་ཏེ། དེ་བཙས་མ་ཐག་ཏུ་ཁྱིམ་གྱི་མི་རྣམས་ལ། ཀྱེ་མ་འཁོར་བ་ནི་སྡུག་བསྔལ་བའོ། །འཁོར་བ་ནི་མཆོག་ཏུ་སྡུག་བསྔལ་བའོ། །ཞེས་སྨྲས་ནས་ཅང་མི་ཟེར་བར་འདུག་གོ །དེ་ལ་མིང་འཁོར་བ་ཞེས་པར་བཏགས་ཏེ། དེ་ཆེར་སྐྱེས་པ་ན་རང་བཞིན་གྱིས་ཚེ་རབས་དྲན་པས་སྐྱེ་བོའི་ཚོགས་ལ། ཀྱེ་བླ་མ་རྣམས་དང་། བླ་མ་ལྟ་བུ་རྣམས་དང་། ཕ་མ་དང། མཁན་པོ་དང་སློབ་དཔོན་རྣམས་ལ་ཚིག་རྩུབ་པོ་མ་ཟེར་ཅིག འཁོར་བ་ནི་སྡུག་བསྔལ་བའོ། །འཁོར་བ་ནི་མཆོག་ཏུ་སྡུག་བསྔལ་བའོ། །ཞེས་ཟེར་རོ། །དེ་ནས་དེ་ཕྱིས་བཅོམ་ལྡན་འདས་དང་མཇལ་ནས་ཆོས་ཐོས་པས་འཁོར་བ་ལ་སྐྱོ་བར་གྱུར་ནས། ཕ་མ་ལ་གནང་བ་ཞུས་ཏེ་རབ་ཏུ་བྱུང་ཞིང་བརྩོན་པས་དགྲ་བཅོམ་པ་མངོན་དུ་བྱས་ཏེ། དེའི་ཚེ་ནའང་སྔར་གྱི་ཚིག་དེ་ཉིད་སྨྲ་བར་བྱེད་པས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་དེའི་རྒྱུ་གསོལ་བས། སྔོན་སངས་རྒྱས་འོད་སྲུང་གི་དུས་ཚོང་དཔོན་གྱི་བུ་ཞིག་གནས་བརྟན་དགྲ་བཅོམ་པ་ཞིག་ལས་རབ་ཏུ་བྱུང་ནས། དེས་དུས་སྟོན་ཞིག་གི་ཚེ་གནས་བརྟན་ལ། བཞེངས་ལ་སྤྱོད་ཡུལ་གྱི་གྲོང་དུ་བཞུད་དོ་ཞེས་ལན་གསུམ་གྱི་བར་དུ་བསྐུལ་ཡང་། གནས་བརྟན་གྱིས་བུ་ད་དུང་སྔས་ཀྱིས་སོང་ལ་དགེ་བའི་ཕྱོགས་གྱིས་ཤིག་གསུངས་པས། དེ་ཁྲོས་ནས། ཁྱོད་ཚེ་རབས་ལྔ་བརྒྱའི་བར་དུ་གསོན་པོར་ཁྱིམ་ནས་མ་བྱུང་ཞིག་ཅེས་སྨྲས་སོ། །དེའི་དུས་ཀྱི་དགེ་སློང་གཞོན་ནུ་དེ་ནི་འདི་ཉིད་ཡིན་ཏེ། ལས་དེའི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱའི་བར་དུ་མའི་ལྟོ་ནས་ཤི་བའི་རོ་བྱུང་བས། ད་ལྟར་དེ་དྲན་ནས་ཚིག་དེ་སྐད་དུ་སྨྲ་བར་བྱེད་པ་ཡིན་ནོ། །དེའི་ཚེ་གནས་བརྟན་ལ་ཉེས་པ་བཤགས་ནས་ཚངས་པར་སྤྱོད་པའི་གནས་སྲུང་བས་ད་ལྟར་དགྲ་བཅོམ་པ་མངོན་དུ་བྱས་སོ་གསུངས། འདི་རྣམས་ཀྱིས་ནི་ཡུལ་དམ་པ་ལ་ཚིག་རྩུབ་སྨྲས་པའི་ཉེས་པ་བསྟན་པ་ཡིན་ནོ། །འདིར་སྦད་པའི་རྟོགས་བརྗོད་འབྱུང་སྟེ་དེ་ནི་གོང་དུ་བསྟན་པའི་རྨོངས་པའི་ལོ་རྒྱུས་དང་རྒྱས་བསྡུས་སོགས་ཀྱི་ཁྱད་པར་ཅུང་ཟད་ལས་ལས་ཀྱི་རྒྱུ་སོགས་དོན་གཅིག་ཏུ་འབབས་པ་ཡིན་ནོ། །

ཡུལ་གཉན་པོ་ལ་སྡང་མིག་སོགས་ཀྱིས་སྡིགས་པར་བྱས་པའི་རྣམ་སྨིན་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་པའི་ཚེ། ཡུལ་མཉན་ཡོད་ཀྱི་ཁྱིམ་བདག་ཕྱུག་ཅིང་ནོར་མང་བ་ཞིག་གི་ཆུང་མ་ལ་ཁྱེའུ་མི་སྡུག་པའི་སྣ་གྲངས་བཅོ་བརྒྱད་དང་ལྡན་པ་ཞིག་བཙས་ཏེ། དེ་ཆེར་སྐྱེས་པ་ན་ཕ་མ་གཉིས་ཀྱི་ཁྱིམ་ནས་བསྐྲད་དོ། །དེ་གང་དང་གང་དུ་སོང་བ་དེ་དང་དེར་ཡང་ཡིད་དུ་མི་འོང་བའི་ཕྱིར་སྐྱེ་བོ་མང་པོས་བསྐྲད་དོ། །དེ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་རྣམས་ཀྱིས་ཀྱང་དེ་ལས་གཟི་བརྗིད་ཀྱིས་བརྙས་པར་བྱེད་ན་མིར་གྱུར་པ་རྣམས་ལྟ་ཅི་སྨོས་ཏེ། དེ་གྲོང་ཁྱེར་གྱི་ནང་ནས་བསྐྲད་ནས་སྐྱེད་མོས་ཚལ་དུ་ཞུགས་ཏེ། དེས་རེས་འགའ་ནི་འབྲས་བུ་དང་རྩ་བ་རྙེད་དོ། རེས་འགའ་ནི་མི་རྙེད་དེ་རྩྭ་དང་མེ་ཏོག་དང་། ལོ་མ་དག་གིས་འཚོ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ཉིད་འདུལ་བའི་དུས་ལ་བབ་པར་མཁྱེན་ནས་དགེ་སློང་གི་དགེ་འདུན་དང་བཅས་ཏེ་སྐྱེད་མོས་ཚལ་དེར་གཤེགས་པ་དང་། དེ་ངོ་ཚ་ནས་ཕན་ཚུན་དུ་འབྲོས་པར་བརྩམས་ཀྱང་འབྲོས་མི་ནུས་པར་བྱིན་གྱིས་བརླབས་ནས་བཅོམ་ལྡན་འདས་ཉིད་ཀྱང་དེ་ལྟ་བུའི་མི་སྡུག་པ་ཁམ་ཕོར་ཟས་ཀྱིས་བཀང་བ་བསྣམས་པར་སྤྲུལ་ནས་དེའི་ཐད་དུ་བྱོན་པས་བག་ཕབ་སྟེ་དེ་ཁ་ཟས་ཀྱིས་ཚིམས་པར་བྱས་པའི་འོག་ཏུ་བཅོམ་ལྡན་འདས་ཀྱི་སྐུ་དངོས་སུ་བསྟན་པས། དེས་གསོལ་པ། ད་ནི་ཁྱོད་བྱད་གཟུགས་བཟང་པོར་གྱུར་ན་ལས་གང་གི་མཐུ་ལས་གྱུར། བཀའ་སྩལ་པ། ང་ལ་སེམས་དགའ་བར་བྱེད་པ་ཞེས་བྱ་བའི་རིགས་སྔགས་ཡོད་པ་དེའི་མཐུ་ཡིན་ནོ། །དེ་ནས་དེས་སངས་རྒྱས་འཁོར་དང་བཅས་པ་ལ་སེམས་དགའ་བར་བྱས་པས། དེའི་མི་སྡུག་པ་མེད་ནས་བཟང་པོར་གྱུར་ཏེ་རབ་ཏུ་བྱུང་བས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་འདས་པའི་དུས་ནས་སངས་རྒྱས་བཅོམ་ལྡན་འདས་རྒྱལ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། དེའི་ཚེ་ཉེ་བར་གྱུར་པའི་བྱང་ཆུབ་སེམས་དཔའ་གཉིས་ཡོད་དོ། །བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་དང་། བྱམས་པའོ། །དེ་ལ་བྱམས་པ་ནི་རང་གི་རྒྱུད་ཡོངས་སུ་སྨིན་པར་གྱུར་ལ་གདུལ་བར་བྱ་བ་རྣམས་ཡོངས་སུ་མ་སྨིན། ཤཱཀྱ་ཐུབ་པ་ནི་རང་གི་རྒྱུད་ཡོངས་སུ་མ་སྨིན་ལ་གདུལ་བྱ་རྣམས་ནི་ཡོངས་སུ་སྨིན་པར་གཟིགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་གྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པའི་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གངས་རིའི་སྟེང་དུ་གཤེགས་ཏེ་རིན་པོ་ཆེའི་བྲག་ཕུག་ཏུ་ཞུགས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་འབྲས་བུ་དང་རྩ་བ་དག་གི་ཕྱིར་རིའི་རྒྱལ་པོ་གངས་ཀྱི་སྟེང་དུ་སོང་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་སྟེ། དེས་ཉིན་མཚན་བདུན་གྱི་བར་དུ་རྐང་པ་ཡ་གཅིག་གིས་འགྲེང་སྟེ་ཚིགས་སུ་བཅད་པ་གཅིག་གིས་བསྟོད་དེ་སེམས་རྩེ་གཅིག་པས། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །འཇིག་རྟེན་འདི་ནའང་ཡོང་གིས་མེད་ལ་རྣམ་ཐོས་བུ་ཡི་ཕོ་བྲང་ན་ཡང་མེད། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་མ་ལུས་བསྐོར་ཀྱང་ག་ལ་ཡོད། །ཅེས་བསྟོད་དོ། །དེ་ནས་རྫོགས་པའི་སངས་རྒྱས་རྒྱལ་གྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པའི་རྒྱུད་ཡོངས་སུ་སྨིན་པར་གཟིགས་ནས་སྐྱེས་བུ་དམ་པ་ལེགས་སོ། །བྲམ་ཟེ་དམ་པ་དེ་རིང་དུ། །དེ་བཞིན་གཤེགས་ལ་ལེགས་བསྟོད་པའི། །སྟོབས་དང་བརྩོན་འགྲུས་རྫོགས་པ་འདིས། །བསྐལ་པ་དགུ་ཞིག་འདུམ་པར་གྱུར། །ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་ལྷ་ཆེ་བར་གྲགས་པ་རྣམས་ཀྱི་ཞབས་འབྲིང་བྱས་ཏེ། ཕུག་དེའི་ནང་དུ་བཞུགས་པ་དང་། ཕུག་དེའི་ནང་ན་གནས་པའི་ལྷ་ཆུང་བར་གྲགས་པ་ཞིག་ཡོད་པ་དེས་ཕུག་དེའི་ནང་དུ་འགྲོ་མ་ནུས་སོ། །དེ་ནས་དེས་གཟུགས་མི་སྡུག་པར་བསྒྱུར་དེ་བཅོམ་ལྡན་འདས་ལ་ཡུན་རིང་མོ་ཞིག་ཏུ་བསྡིགས་ཀྱང་གནོད་པ་བྱེད་མ་ནུས་པས། སླར་དད་དེ་ཞབས་ལ་ཕྱག་བྱས་ནས་བཟོད་པར་གསོལ་ཏེ་བཤོས་ཀྱང་གསོལ་ལོ། །དེའི་དུས་ཀྱི་ལྷ་དེ་ནི་འདི་ཡིན་ཏེ། ལས་དེས་འཁོར་བ་སྡུག་བསྔལ་མཐའ་ཡས་པར་མྱོང་ལ་ད་ལྟར་ཡང་རྒྱུ་དེ་ཁོ་ནས་མི་སྡུག་པར་གྱུར་ཏོ། །ཕྱིས་དགའ་བ་སྐྱེས་པས་མི་སྡུག་པ་མེད་པར་གྱུར་ནས། དགྲ་བཅོམ་པ་ཐོབ་པར་གསུངས་སོ། །འདིས་ནི་ཡུལ་གཉན་པོ་ལ་སྡང་མིག་སོགས་ཀྱིས་སྡིགས་པར་བྱས་པའི་རྣམ་སྨིན་བསྟན་པའོ། །འདིར་གང་གཱ་པའི་རྟོགས་བརྗོད་འབྱུང་སྟེ་གོང་དུ་བསྟན་པའི་གང་གཱ་དར་དང་དོན་གཅིག་སྟེ། དེ་ལས་ཅུང་མི་འདྲ་བའི་ཁྱད་པར་དེ་རབ་ཏུ་བྱུང་བར་ཕ་མས་མ་གནང་སྟེ་འཆིར་འདོད་པ་ན་དུག་དང་མེ་དང་ཆུས་ཀྱང་མ་གནོད་ཅིང་། རྒྱལ་པོའི་ཕོ་བྲང་གི་ཁྱིམ་ཕུག་པས་བཟུང་ནས་གསོད་སར་ཁྲིད་པ་ན་དེས་གཤེད་མ་རྣམས་ལ། ཀྱེ་རྒྱལ་པོའི་བཀའ་འགྱུར་ན་མི་རུང་གིས་མྱུར་བར་དྲོངས་ཤིག་ཟེར་བ་གཤེད་མ་རྣམས་ཀྱིས་རྒྱལ་པོ་ལ་སྦྲན་པས། ཕྱིར་བཟློགས་ཏེ་དྲིས་པ་ན་རྒྱུ་མཚན་བཤད་པས་རྒྱལ་པོ་མ་སྐྱེས་དགྲ་ངོ་མཚར་དུ་གྱུར་ཏེ། སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་དད་པས་རབ་ཏུ་བྱུང་བ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། ཝཱ་རཱ་ཎ་སཱིའི་ཚོང་དཔོན་གྱི་བུ་གང་གཱ་པ་འདི་ཡིན་ནོ། །དེར་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་ཝཱ་རཱ་ཎ་སཱིའི་རིགས་ངན་གྱི་དུར་རྐུན་པ་ཞིག་གིས་མགྲོན་པོ་དག་བཅོམ་སྟེ་རྫས་ཐོབ་པ་དང་། དེའི་ཕྱི་བཞིན་དུ་མི་རྒོད་དག་གི་བསྙེགས་པ་ལས་རིང་ཞིག་ན་རང་སངས་རྒྱས་ཞིག་འགོག་པར་སྙོམས་པར་ཞུགས་པ་དེའི་མདུན་དུ་རིགས་ངན་དེས་རྫས་རྣམས་བོར་ཏེ་དེ་ཉིད་དུ་ཡིབ་པ་ན། མི་རྒོད་དག་གིས་རང་སངས་རྒྱས་ལ་བོང་རྡོ་དག་གིས་ཀྱང་བསྣུན། མཚོན་གྱིས་ཀྱང་བཏབ། མེས་བསྲེགས་ཀྱང་དེ་འགོག་སྙོམས་ལ་ཞུགས་པས་ཆོས་གོས་ཀྱི་གྲ་ཙམ་ཡང་བསྐྱོད་མ་ནུས་སོ། །དེ་ནས་དེ་དག་ཕྱིར་ལོག་པའི་འོག་ཏུ་རང་སངས་རྒྱས་ཏིང་ངེ་འཛིན་ལས་བཞེངས་པ་ན་སྔར་གྱི་དུར་རྐུན་དེ་དད་པར་གྱུར་ཏེ་བཤོས་གསོལ་ནས་སྨོན་ལམ་བཏབ་པ། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་ཐོབ་པར་གྱུར་ཅིག འདི་ཇི་ལྟར་གཞན་གྱིས་མི་ཚུགས་པ་དེ་བཞིན་དུ་བདག་ཀྱང་གང་དུ་སྐྱེས་པ་དེ་དང་དེར་གཞན་གྱིས་མི་ཚུགས་པར་གྱུར་ཅིག འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པར་བྱེད་པར་མ་གྱུར་ཅིག ཅེས་བྱས་སོ། །དེའི་དུས་ཀྱི་དུར་རྐུན་དེ་ནི་གངྒཱ་པ་འདི་ཡིན་ནོ། །གཞན་ཡང་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་བསྲུངས་པས་དགྲ་བཅོམ་པ་ཐོབ་པར་གསུངས་སོ། །ཡང་སྟོན་པ་འོད་མའི་ཚལ་དུ་བཞུགས་པའི་ཚེ། སྤང་སྤོས་ཅན་གྱི་གྲོང་ན་བྲམ་ཟེ་རྒྱལ་ཞེས་པ་ཞིག་གནས་པ་དེས། བྲམ་ཟེ་མ་ཀ་རིས་བུ་མོ་ཤཱ་རི་ཞེས་བྱ་བ་ཐོབ་ནས་ཤཱ་རིའི་ལྟོར་ཤཱ་རིའི་བུ་ཞུགས་པ་དེའི་ཚེ་བུད་མེད་དེ་མིང་པོ་སེན་རིངས་དང་གཞུང་རྩོད་པ་ལས་མིང་པོ་ཆད་པ་ལ་ཐུག་པར་བྱས་ཏེ། དེ་ནས་སེན་རིངས་ཀྱིས་འདིའི་ལྟོར་སེམས་ཅན་བསོད་ནམས་ཆེ་བར་གྲགས་པ་ཞིག་ཉིང་མཚམས་སྦྱར་བ་འདྲ་སྟེ་དེའི་མཐུ་ཡིན་གྱིས། བདག་གིས་སྔ་ནས་ཕྱོགས་འགའ་ཞིག་ལ་བརྟེན་པར་བྱའོ་སྙམ་སྟེ། ལྷོ་ཕྱོགས་སུ་སོང་ནས་བསྟན་བཅོས་མང་པོ་བསླབས་སོ། །དེ་ནས་རེ་ཞིག་ན་མཐར་གྱིས་ཤཱ་རིའི་བུ་བཙས་ཏེ་དེ་ལོ་བཅུ་དྲུག་ལོན་པ་དང་། དབང་པོའི་བརྡ་སྤྲོད་པ་ལོབས་ནས་གཞུང་གི་རྩོད་པ་ཐམས་ཅད་ཚར་བཅད་ནས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་ནས་ཀུན་ཏུ་རྒྱུ་སེན་རིངས་ཀྱིས་མུ་སྟེགས་པ་དེ་དག་ཐམས་ཅད་ཚ་བོས་ཚར་བཅད་ནས་ད་ལྟར་དགེ་སྦྱོང་ག་ཏ་མའི་སློབ་མར་ཁས་བླངས་སོ་ཞེས་ཐོས་པས། ཀུན་ཏུ་རྒྱུ་སེན་རི ངས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་། དེའི་ཚེ་ཤཱ་རིའི་བུ་བསྙེན་པར་རྫོགས་ཏེ་ཞག་བཅོ་ལྔ་ལོན་ཏེ་བཅོམ་ལྡན་འདས་ཀྱིས་འཁོར་རྣམ་བཞི་ལ་ཆོས་གསུང་བའི་སྤྱན་སྔར་བསིལ་གཡབ་གཡོབ་ཅིང་འདུག་གོ །དེ་མཐོང་ནས་ཀུན་ཏུ་རྒྱུ་སེན་རིངས་ཀྱིས་བཅོམ་ལྡན་འདས་ལ་ཞུ་བ་ཞུ་ལན་འགའ་ཞིག་གིས་མཐར་བཅོམ་ལྡན་འདས་ཀྱིས་སོ་སོ་ཡང་དག་པར་རིག་པ་དང་འབྲེལ་བའི་ཆོས་ཀྱི་བདུད་རྩི་སྩལ་པས། ཤཱ་རིའི་བུ་ནི་དགྲ་བཅོམ་པར་གྱུར་ཏེ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ཞིང་ཀུན་ཏུ་རྒྱུ་སེན་རིངས་ཀྱིས་ཀྱང་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་ཏེ་སྟོན་པའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་། དབེན་པར་བག་ཡོད་པ་དང་བརྩོན་འགྲུས་ཀྱིས་འབད་པས་མཐར་གྱིས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་སོ་སོར་ཡང་དག་པར་རིག་པ་ཐོབ་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། དགེ་སློང་གསུས་པོ་ཆེ་འདི་ཡིན་ནོ། །ཞེས་བཀའ་སྩལ་པས། དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས། དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་ཝཱ་རཱ་ཎ་སཱིར་མི་རྒོད་ལྔ་བརྒྱ་མཆིས་པ་ལས། དེའི་སྡེ་དཔོན་དུ་གྱུར་པ་དེས། འདི་ན་གཞན་གྱི་མི་འགའ་ཡོད་དམ་ལྟོས་དང་། དེ་བདག་ཅག་གིས་གནོད་སྦྱིན་ལ་མཆོད་པ་བྱའོ། །དེ་ནས་མི་རྒོད་རྣམས་ཀྱིས་ནགས་ཁྲོད་དུ་བཙལ་བས་རང་སངས་རྒྱས་ཤིག་རྙེད་དེ། དེ་བཟུང་ནས་སྡེ་དཔོན་གྱི་ཐད་དུ་ཁྲིད་པ་ན་དེས་སོད་ཅིག་ཅེས་བསྒོ་བའི་ཚེ། རང་སངས་རྒྱས་དེ་ནམ་མཁའ་ལ་འཕགས་ཏེ་ཆོ་འཕྲུལ་སྣ་ཚོགས་པ་བསྟན་པས། མི་རྒོད་གྱི་སྡེ་དཔོན་དེ་འགྱོད་པར་གྱུར་ནས། ཞབས་ལ་ཕྱག་བྱས་ཤིང་བཤོས་ཀྱང་གསོལ་ནས། བདག་གིས་ཡོན་ཏན་འདི་ལྟ་བུ་ཐོབ་པ་དང་འདི་བས་ཀྱང་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་མི་རྒོད་ཀྱི་སྡེ་དཔོན་དེ་ནི་གསུས་པོ་ཆེ་འདི་ཡིན་ནོ། །གཞན་ཡང་སངས་རྒྱས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་ནས་ལོ་ཁྲིའི་བར་དུ་ཚངས་པར་སྤྱོད་པ་སྤྱད་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ་གསུངས། །

།ཡང་བཅོམ་ལྡན་འདས་གྲོང་ཁྱེར་ཀུ་ཤི་ན་གྱད་ཀྱི་ཉེ་འཁོར་ཤིང་སཱ་ལ་ཟུང་གི་ཚལ་དུ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པའི་ཚེ་གྲོང་ཁྱེར་པ་ཏྲ་ལིའི་བུ་ཞེས་བྱ་བ་ན་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བས་རྒྱལ་སྲིད་བྱེད་དེ། དེ་ལས་སྲས་གཟུགས་བཟང་ཞིང་ལྟ་ན་སྡུག་པ་མིག་བྱ་ཀུ་ན་ལའི་མིག་འདྲ་བ་ཞིག་བཙས་ཏེ། མིང་ཀུ་ན་ལ་ཞེས་པར་བཏགས་སོ། །དེ་ཆེར་སྐྱེས་པ་ན་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རྒྱལ་པོའི་པང་དུ་བླངས་ཏེ་ཡང་དང་ཡང་དུ་བལྟས་ནས། དེའི་བྱད་གཟུགས་ཕུན་སུམ་ཚོགས་པས་ངོམས་པར་གྱུར་ཏེ། འཇིག་རྟེན་ན་ངའི་བུ་དང་བྱད་གཟུགས་མཚུངས་པ་མེད་དོ་ཞེས་ཟེར་རོ། །དེའི་ཚེ་ཡུལ་ས་འཛིན་ན་གྲོང་ཁྱེར་མེ་ཏོག་ཁུར་ཆེན་ཞེས་བྱ་བ་ན། ཁྱིམ་བདག་གཅིག་ལ་བུ་མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་ཞིག་བཙས་ཏེ། དེ་བཙས་པ་ན་རིན་པོ་ཆེའི་རྫིང་བུ་ལྷའི་སྤོས་ཆུས་གང་བ་དང་སྐྱེད་མོས་ཚལ་ཆེན་པོ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པ་འགྲོ་ཤེས་པ་ཞིག་བྱུང་སྟེ། ཁྱེའུ་དེ་གང་དུ་འགྲོ་བ་དེ་དང་དེར་རྫིང་དང་སྐྱེད་མོས་ཚལ་དེ་ཡང་འབྱུང་བར་འགྱུར་རོ། །དེ་ནས་ཁྱེའུ་དེའི་མིང་མཛེས་ལྡན་ཞེས་བྱ་བར་བཏགས་ཏེ་ཆེར་སྐྱེས་པ་ན་ཡུལ་དེའི་ཚོང་པ་དག་ཡུལ་པ་ཏྲ་ལིའི་བུར་ཕྱིན་ནས། རྒྱལ་པོ་ལ་སྐྱེས་ཕུལ་བ་དང་། རྒྱལ་པོས་བུ་ཀུ་ན་ལ་བསྟན་ནས། ཁྱེད་ཀྱིས་གཟུགས་བྱད་འདི་ལྟ་བུ་སྔོན་ཆད་མཐོང་ངམ་ཞེས་དྲིས་པས། དེ་དག་གིས་ཕྱག་བྱས་ཏེ་གྱོད་མི་སྨྲ་བར་གསོལ་ནས། ཁྱེའུ་མཛེས་ལྡན་གྱི་བསྔགས་པ་བརྗོད་པས་རྒྱལ་པོ་མྱ་ངན་མེད་ཡ་མཚན་དུ་གྱུར་ནས་བལྟ་བར་འདོང་བས་དེར་ཕོ་ཉ་བ་བཏང་བས། ཡུལ་དེའི་སྐྱེ་བོ་རྣམས་སྐྲག་སྟེ། ཁྱེའུ་དེ་མུ་ཏིག་གི་དོ་ཤལ་འབུམ་གྱི་སྐྱེས་དང་བཅས་ཏེ་རྒྱལ་པོའི་དྲུང་དུ་བརྫངས་པས། རྒྱལ་པོས་དེ་མཐོང་བ་ན་མཆོག་ཏུ་ཡ་མཚན་དུ་གྱུར་ཏེ། གནས་བརྟན་ཉེ་བར་སྲུང་ལ་ཡ་མཚན་དུ་བསྟན་པའི་ཕྱིར་ཁྱེའུ་མཛེས་ལྡན་ཁྲིད་དེ་ཁྱིམ་བྱའི་ཀུན་དགའ་ར་བར་སོང་། །དེ་ན་དགྲ་བཅོམ་པ་ཉེ་བར་སྲུང་ལ་སོགས་པ་ཁྲི་བརྒྱད་སྟོང་དང་སློབ་པ་དང་སོ་སོའི་སྐྱེ་བོའི་དགེ་སློང་ནི་དེའི་ཉིས་འགྱུར་དུ་གནས་སོ། །དེ་ནས་ཁྱེའུ་མཛེས་ལྡན་གྱིས་གནས་བརྟན་ཉེ་བར་སྲུང་གི་རྐང་པ་ལ་ཕྱག་བྱས་ཏེ་ཆོས་ཉན་པས་རབ་ཏུ་བྱུང་འདོད་པར་གྱུར་ཏེ། དེས་རྒྱལ་པོ་ལ་གསོལ་ནས། གནས་བརྟན་ཉེ་བར་སྲུང་གི་ཐད་དུ་རབ་ཏུ་བྱུང་ཞིང་། དེས་སྦྱོར་བ་དང་བསྒྲུབ་པ་དང་། འབད་པས་ཕོལ་ཕུང་ལྔ་སྡུག་བདེན་གྱི་མཚན་གཞི་ཡིན་པས་མཆན། མིག་ལྔ་པའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་ལྷུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན། ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེར་རྒྱལ་པོ་མྱ་ངན་མེད་ངོ་མཚར་དུ་གྱུར་ནས་གནས་བརྟན་ཉེར་སྲུང་ལ། བཙུན་པ་མཛེས་ལྡན་གྱི་ལས་གང་བགྱིས་པས་གཟུགས་མཛེས་དང་། །རིན་པོ་ཆེའི་རྫིང་དང་སྐྱེད་མོས་ཚལ་འགྲོ་ཤེས་པར་བྱུང་བར་གྱུར་ཅེས་དྲིས་པས། གནས་བརྟན་ཉེར་སྲུང་གིས། རྒྱལ་པོ་ཆེན་པོ་མཛེས་ལྡན་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །སྔོན་གང་གི་ཚེ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཁོར་ལྔ་བརྒྱ་དང་བཅས། ཡུལ་མ་ག་དྷར་ལྗོངས་རྒྱུ་ཞིང་དོང་སྟེ། ཆོས་ཡང་དག་པར་བསྡུ་བར་འདོད་པ་ལས། རེ་ཞིག་ན་ཚོང་པ་དབུལ་པོ་ཞིག་གིས་དགེ་སློང་གི་དགེ་འདུན་ཕལ་ཆེར་སྟོན་པ་དང་བྲལ་བའི་མྱ་ངན་གྱིས་ནོན་པར་གྱུར་ལ་འགྲོ་འགྲོ་བས་དུབ་ཅིང་ལུས་རྡུལ་གྱིས་ཡོགས་པར་མཐོང་ནས། སྙིང་རྗེ་སྐྱེས་ཏེ་དེས་འོང་སྲུང་ཆེན་པོ་ལ་སོགས་པ་དགེ་སློང་ལྔ་བརྒྱ་པོ་ཆོ་ག་དང་ལྡན་པའི་ཁྲུས་ལ་སྤྱན་དྲངས་སོ། །དེ་ནས་དེས་ཆུ་དྲོན་སྤོས་སྣ་ཚོགས་ཀྱིས་བསྒོས་པ་ཕུལ་ཏེ། དགེ་སློང་རྣམས་ཀྱིས་ལུས་བཀྲུས་ཤིང་ཆོས་གོས་རྣམས་ཀྱང་བཀྲུས་སོ། །ཁ་ཟས་བཟང་པོས་ཀྱང་ཚིམས་པར་བྱས་ནས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ཀྱང་བླངས་ཏེ་སྨོན་ལམ་བཏབ་པ། བདག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ཉིད་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་གྱུར་ཅིག ། ཅེས་བྱས་སོ། །དེའི་དུས་ཀྱི་ཚོང་དཔོན་དབུལ་པོར་གྱུར་པ་དེ་ནི་དགེ་སློང་མཛེས་ལྡན་འདི་ཡིན་ཏེ། དེས་དགེ་སློང་དག་ལ་ཆོ་ག་དང་ལྡན་པའི་ཁྲུས་བྱས་པ་དེས་འདི་ལྟར་གཟུགས་ཁྱད་པར་ཅན་དུ་གྱུར་ལ། རིན་པོ་ཆེའི་རྫིང་ལྷའི་སྤོས་ཆུས་གང་བ་དང་། སྐྱེད་མོས་ཚལ་ཆེན་པོ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པ། འགྲོ་ཤེས་པ་བྱུང་བར་གྱུར་ཏོ། །དེས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་པ་དེས་ནི་ཚེ་འདི་ཉིད་ལ་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །རྒྱལ་པོ་ཆེན་པོ་དེ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀའ་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ་གསུངས། འདི་དག་གིས་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པ་ལས་འབྱུང་བའི་བསོད་ནམས་ཀྱི་འབྲས་བུ་བསྟན་པ་སྟེ། དེ་རྣམས་ཀྱིས་གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པའི་སྙིང་པོ་བསྡུས་ཏེ་བརྗོད་པ་ཡིན་ནོ། །

འཕགས་པ་སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་ལྡན་གྱི་མདོ་ལས།

༈ གཞན་ཡང་འཕགས་པ་སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་ལྡན་གྱི་མདོ་ལས། བཅོམ་ལྡན་འདས་ཡུམ་གྱི་དོན་དུ་ལྷ་རྣམས་ཀྱི་གནས་སུ་ཤིང་ཡོངས་འདུ་ས་བརྟོལ་གྱི་དྲུང་ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེ བ་ལ་བཞུགས་པའི་ཚེ། ལྷའི་བུ་ཞིག་ལ་འཆི་ལྟས་ལྔ་བྱུང་སྟེ། ཕྲེང་རྒྱན་རྙིང་པ་དང་། གོས་རྙིང་པ་དང་། ལུས་ཀྱི་དྲི་ང་བར་གྱུར་པ་དང་། མཆན་ཁུང་ནས་རྔུལ་འཛག་པ་དང་། རང་གི་སྟན་ལ་དགའ་བ་མེད་པར་གྱུར་ཏོ། །དེས་རང་ཉིད་ཤི་བར་ཤེས་ནས་སླར་གར་སྐྱེ་བརྟགས་པས་ཡངས་པ་ཅན་ན་ཕག་མོ་ཞིག་གི་མངལ་དུ་སྐྱེ་བར་མཐོང་ནས་ཤིན་ཏུ་ཡང་སྡུག་བསྔལ་ཏེ་སྨྲེ་སྔགས་འདོན་པ་ན། ལྷའི་ཟླ་བོ་དག་གིས་སངས་རྒྱས་ལ་སྐྱབས་སུ་འགྲོ་བར་བསྐུལ་བས། དེས་བཅོམ་ལྡན་འདས་ཀྱི་ལོགས་སུ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །བདག་ལ་ཐུགས་བརྩེ་བའི་སླད་དུ་འདིར་གཤེགས་སུ་གསོལ། བདག་ངན་སོང་དུ་སྐྱེ་བ་རྣམས་ལས་གྲོལ་བར་མཛད་དུ་གསོལ་ཅེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས་དེའི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས། ལྷའི་བུའི་གན་དུ་བྱོན་ནས་དེ་ལ་བཀའ་སྩལ་པ། ལྷའི་བུ་ཁྱོད་འཆི་བས་མ་འཇིགས་ཤིག དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་བདག་ཉིད་ཀྱི་ལས་ཀྱིས་འོང་ཞིང་འགྲོ་སྟེ། ཁྱོད་ཚུར་ཤོག སངས་རྒྱས་ལ་སྐྱབས་སུ་སོངས་ཤིག ཆོས་དང་དགེ་འདུན་ལ་སྐྱབས་སུ་སོངས་ཤིག དེ་ནས་ལྷའི་བུ་དེ་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ངོ་། །དེར་སྟོན་པས་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་ཞིག་སངས་རྒྱས་ལ་ནི་སྐྱབས་སོང་བས། །དེ་ནི་ངན་འགྲོ་འདིར་ནི་མི་འགྲོ་སྟེ། །ལྷ་ཡི་བདག་ཉིད་དངོས་པོ་སྤངས་ནས་སུ། །མི་ཡི་བདག་ཉིད་དངོས་པོ་ལེན་པར་འགྱུར། །དེ་ནས་རིང་པོར་མ་ལོན་པར་ལྷའི་བུ་དེ་ཚེ་འཕོས་ཏེ་ཡངས་པ་ཅན་དུ་ཚོང་དཔོན་ཞིག་གི་ཆུང་མའི་མངལ་དུ་ཆགས་ནས། ཟླ་བ་དགུ་འདས་པ་ན་ཁྱེའུ་གཟུགས་བཟང་ལྟ་ན་སྡུག་པ་ཞིག་བཙས་ཏེ། དེ་བཙས་མ་ཐག་པར། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཞེས་སྨྲས་པས་ཕ་མ་གཉིས་ཀྱིིས་འདི་ནི་ཤེས་པ་དང་ལྡན་ནོ་སྙམ་ནས་མིིང་ཤེས་ལྡན་དུ་བཏགས། དེ་ལོ་བརྒྱད་ལོན་པ་ན་ལིཙྪ་བི་གཞོན་ནུ་རབ་ཏུ་མང་པོ་དང་ལྷན་ཅིག་ཏུ་སྐྱེད་མོས་ཚལ་དུ་སོང་བ་ན། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་དེར་བསོད་སྙོམས་ལ་གཤེགས་པ་མཐོང་བས། ཁྱེའུ་དེ་རབ་ཏུ་དགའ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཤིང་ལན་གསུམ་དུ་བསྐོར་ནས། བདག་ནི་སྔོན་གྱི་ཚེ་དྲན་ཏེ། །སྡུག་བསྔལ་རྣམས་ལས་རབ་བཀྲོལ་ཞིང་། །ངན་སོང་ལྟུང་བ་ལས་ནི་བདག ། འཇིག་རྟེན་མགོན་གྱིས་གྲོལ་བར་མཛད། །མི་མཆོག་ཐུགས་ནི་བརྩེར་དགོངས་ཏེ། །བསོད་སྙོམས་འདི་ནི་བཞེས་པར་གསོལ། །བདག་གི་གདུགས་ཚོད་འདི་དག་ནི། །གྲོལ་བར་མཛད་ནས་དེང་བཞེས་ལ། །སང་ནི་བདག་གི་ཕ་མ་ཡི། །སྡུམ་པར་འདྲེན་པས་བརྩེར་དགོངས་ཏེ། །དགེ་སློང་ཀུན་དང་ཐབས་གཅིག་ཏུ། །གདུགས་ཚོད་དག་ནི་གསོལ་བར་མཛོད། །ཅེས་གསོལ་ཏེ། ཕྱིར་ནང་ཁྱེའུ་དེས་ཕ་མ་གཉིས་ལ་སྨྲས་པས་དེ་གཉིས་ཀྱང་དགའ་བ་ཆེན་པོ་སྐྱེས་ཏེ་བཀུར་སྟི་ཆེན་པོས་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་ཤིང་། ཁྱེའུ་རང་གི་ལག་གིས་བཟའ་བཅའ་རོ་དང་ལྡན་པ་ཞིམ་ཞིང་མང་བ་དག་བྲིམས་ནས། སོ་སོ་ལ་རས་བུ་ཟུང་རེ་དང་ལྷམ་ཟུང་དག་ཕུལ་ཅིང་། བཅོམ་ལྡན་འདས་ལ་ཆོས་གོས་སར་པ་གསུམ་དང་། ཞབས་ཆགས་སར་པ་ཟུང་དག་གསོལ་ཏེ། དེ་ནས་གསེར་དང་དངུལ་གྱི་མེ་ཏོག་རྣམས་ཀྱིས་གཏོར་བས་དེ་དག་སངས་རྒྱས་ཀྱི་མཐུས་བཅོམ་ལྡན་འདས་ཀྱི་སྤྱི་གཙུག་གི་ཐད་ཀར་ཁང་པ་བརྩེགས་པ་བཀྲ་བ་ལྟ་ན་སྡུག་པ་གྲུ་བཞི་པ། གནས་གཞི་དང་ལྡན་པ་ཞིག་འདུག་པར་གྱུར་ཏོ། །ཁང་པ་བརྩེགས་པ་དེར་དེ་བཞིན་གཤེགས་པའི་སྐུ་སྐྱིལ་མོ་ཀྲུང་བཅས་ཏེ་ཆོས་འཆད་ཅིང་བཞུགས་པ་དེས་མཐོང་ངོ་། །དེ་མཐོང་བ་དང་ཁྱེའུ་ཤེས་ལྡན་དགའ་མགུ་ཡི་རངས་པར་གྱུར་ནས་བཅོམ་ལྡན་འདས་བདག་གི་དགེ་བའི་རྩ་བ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་བསྔོ་སྟེ་དགེ་བའི་རྩ་བ་དེས་ན་བདག་ད་ལྟར་གྱི་བཅོམ་ལྡན་འདས་བཞིན་དུ་སངས་རྒྱས་པར་གྱུར་ཅིག ཆོས་སྟོན་པར་ཡང་གྱུར་ཅིག དགེ་འདུན་ཡོངས་སུ་སྐྱོང་བར་གྱུར་ཅིག ཅེས་བྱས་སོ། །དེར་བཅོམ་ལྡན་འདས་ཀྱི་ཞལ་འཛུམ་པ་མཛད་ནས། འོད་རྣམས་སྤྱི་བོའི་གཙུག་ཏུ་ནུབ་པར་མཛད་པ་དང་། ཀུན་དགའ་བོས་དེའི་རྒྱུ་གསོལ་བ་ན། བཀའ་སྩལ་པ། ཀུན་དགའ་བོ་འདི་ལྟར་ཤེས་ལྡན་གྱིས་ནི་དེ་བཞིན་གཤེགས་པ་མཆོད་པས་ན། བསྐལ་པ་བྱེ་བ་དགུ་བཅུ་དག་ཏུ་ལོག་པར་ལྟུང་བར་མི་འགྱུར་ལ། །དེ་ནས་དེ་མ་ཐག་ཏུ་རྣམ་པར་འདྲེན་པར་ཉེ་བར་སྐྱེ་འགྱུར་ཏེ། །མཚན་ནི་མཁྱེན་གཙོ་རྒྱལ་པོ་ཞེས་བྱ་སངས་རྒྱས་འཇིག་རྟེན་འབྱུང་བར་འགྱུར། །སངས་རྒྱས་ཀྱི་ནི་རྟོགས་པ་བརྗོོད་པས་མཁས་རྣམས་ཡང་དག་དགའ་བྱེད་ཅིང་། །མི་ཡི་མཁས་པ་དག་གིས་ཐོས་ན་དགེ་བ་མང་པོ་བྱེད་འགྱུར་ཏེ། །རྒྱ་མཚོ་མཐའ་གཏུགས་དཔག་མེད་ལྟ་བུའི་དེ་བཞིན་གཤེགས་པ་སངས་རྒྱས་ལ། །རབ་ཏུ་དང་བས་ཡོན་རྣམས་ཕུལ་བའི་འབྲས་བུ་ཆུང་བར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཁྱེའུ་ཤེས་ལྡན་ལ་སོགས་པའི་འཁོར་རྣམས་ཡི་རངས་ཏེ་མངོན་པར་བསྟོད་དོ། །འདིས་ནི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་ཕན་ཡོན་བསྟན་པའོ། །

ཕག་མོའི་རྟོགས་བརྗོད་ལས།

༈ ཡང་ཕག་མོའི་རྟོགས་བརྗོད་ལས། སྟོན་པ་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་པའི་ཚེ། ལྷའི་བུ་ཞིག་ལ་འཆི་ལྟས་བྱུང་ཞིང་ཞག་བདུན་ནས། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ཕག་མོའི་མངལ་དུ་སྐྱེ་བར་མཐོང་ནས་ས་ལ་འགྲེ་ལྡོག་སྟེ་བྲང་བརྡུང་ཞིང་ངུ་ལ། སྙིང་རྗེའི་སྐད་དུ་སྨྲེ་སྔགས་འདོན་ཏེ། ཀྱི་ཧུད་དལ་གྱིས་འབབ་པ། ཀྱི་ཧུད་རྫིང་། ཀྱི་ཧུད་རྫིང་བུ། ཀྱི་ཧུད་ཤིང་རྟ་སྣ་ཚོགས་ཅན་གྱི་ཚལ། ཀྱི་ཧུད་རྩུབ་འགྱུར་གྱི་ཚལ། ཀྱི་ཧུད་དགའ་བའི་ཚལ། ཀྱི་ཧུད་འབྲས་བུའི་ཚལ། ཀྱི་ཧུད་ཡོངས་འདུ། ཀྱི་ཧུད་སྡུག་པ། ཀྱི་ཧུད་ཨར་མོ་ནིག་ལྟ་བུའི་རྡོ་ལེབ། ཀྱི་ཧུད་ལྷའི་འདུན་ས། ཀྱི་ཧུད་ལྟ་ན་སྡུག་པ་ཞེས་སྨྲེ་སྔགས་འདོན་པ་ལ། ལྷ་ཡི་དབང་པོས་རྒྱུ་དྲིས་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བསྐུལ་བས། དེས་ཀྱང་བདག་ནི་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་སྨྲས་ཏེ་སྐྱབས་གསུམ་བཟུང་ནས་འཆི་འཕོ་བའི་དུས་བྱས་ཏེ། དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་དེ་གར་སྐྱེ་བལྟས་པས། ཕག་མོའི་མངལ་དུའང་མ་སྐྱེས་ལ། གཞན་འགྲོ་བ་རྣམས་སུ་བལྟས་ཀྱང་མ་མཐོང་སྟེ། ལྷ་རྣམས་ཀྱིི་ཆོས་ཉིད་ཀྱིས་འོག་མ་ལ་ཤེས་པ་དང་མཐོང་བ་འཇུག་གི་གོང་མ་ལ་ནི་མ་ཡིན་ནོ། །དེར་ལྷའི་དབང་པོ་ཐེ་ཚོམ་དུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་ཕྱིན་ཏེ་དོན་དེ་ཞུས་པ་ན། བཀའ་སྩལ་པ། ཀ་ཤི་ཀ་ལྷའི་བུ་དེ་ནི་དགའ་ལྡན་གྱི་ལྷའི་རིས་དེར་སྐྱེས་ཏེ། ལྷའི་འདོད་པ་ཐམས་ཅད་ཕུན་སུམ་ཚོགས་སོ། །དེར་ལྷའི་དབང་པོ་ངོ་མཚར་དུ་གྱུར་ནས་ཚིགས་སུ་བཅད་དེ་གསོལ་བ། གང་དག་སངས་རྒྱས་སྐྱབས་མཆི་བ། །དེ་དག་ངན་འགྲོར་མ་མཆི་སྟེ། །མི་ཡི་ལུས་རྣམས་སྤངས་ནས་སུ། །དེ་དག་ལྷ་ལུས་ཐོབ་པར་འགྱུར། །གང་དག་ཆོས་ལ་སྐྱབས་མཆི་བ། །དེ་དག་ངན་འགྲོར་མི་འགྲོ་སྟེ། །མི་ཡི་ལུས་རྣམས་སྤངས་ནས་སུ། །དེ་དག་ལྷ་ལུས་ཐོབ་པར་འགྱུར། །གང་དག་དགེ་འདུན་སྐྱབས་མཆི་བ། །དེ་དག་ངན་འགྲོར་མི་མཆི་སྟེ། །མི་ཡི་ལུས་རྣམས་སྤངས་ནས་སུ། །དེ་དག་ལྷ་ལུས་ཐོབ་པར་འགྱུར། །གང་དག་ཉིན་མཚན་རྟག་པར་ཡང་། །སངས་རྒྱས་རྗེས་སུ་དྲན་པ་དང་། །གང་དག་སངས་རྒྱས་སྐྱབས་མཆིས་པ། །མི་དེ་དག་གི་རྙེད་པ་ཆེ། །དེ་བཞིན་དུ་ཆོས་དང་དགེ་འདུན་ལ་ཡང་སྦྱར་ཏེ་གསོལ་པ་ན། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དང་རྗེས་སུ་འཐུན་པར་བཀའ་སྩལ་པ། ཀ་ཤི་ཀ་དེ་དེ་བཞིན་ཏེ་དེ་དེ་བཞིན་ནོ། །གང་དག་སངས་རྒྱས་སྐྱབས་དོང་བ། །དེ་དག་ངན་འགྲོར་མི་འགྲོ་སྟེ། །མི་ཡི་ལུས་རྣམས་སྤངས་ནས་སུ། །དེ་དག་ལྷ་ལུས་ཐོབ་པར་འགྱུར། །དེ་བཞིན་ཆོས་དང་དགེ་འདུན་ལ་ཡང་སྦྱར་ཏེ་བཀའ་སྩལ་པས། ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དེ་ཞབས་ལ་ཕྱག་བྱས་ཤིང་ལན་གསུམ་དུ་བསྐོར་བ་བྱས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །འདིས་ཀྱང་སྐྱབས་འགྲོའི་ཕན་ཡོན་བསྟན་པའོ། །ཡང་མ་ག་དྷཱ་བཟང་མོའི་རྟོགས་པ་བརྗོད་པ་ལས། སྟོན་པ་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་པའི་ཚེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ། བུ་མོ་མ་ག་དྷཱ་བཟང་མོ་ཞེས་བྱ་བ་བུད་མེད་ཀྱི་ཡོན་ཏན་ཐམས་ཅད་ལྡན་ཞིང་དགེ་བའི་རྩ་བ་ཆེར་བསགས་པ་ཅིག་ཡོད་དོ། །དེའི་ཚེ་གྲོང་ཁྱེར་བུ་རམ་ཤིང་འཕེལ་ན་ཚོང་དཔོན་གྱི་བུ་ཁྱུ་མཆོག་བྱིན་ཞེས་བྱ་བ་ཞིག་ཡོད་པ་དེས། གཅེར་བུ་པ་རྣམས་ལས་མ་ག་དྷཱ་བཟང་མོའི་ཆེ་བ་ཐོས་པས། དེ་ཉིད་ལ་བལྟ་བའི་ཕྱིར་རང་ཉིད་གཅེར་བུ་བའི་ཆ་བྱད་དུ་བརྫུས་ནས་མཉན་ཡོད་དུ་སོང་སྟེ་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་སློང་བ་ལ་ཞུགས་པ་ན། བུ་མོ་དེས་ཁ་ཟས་བྱིན་པ་ན། དེ་དེ་ལ་ཆགས་པས་ནོན་ནས་ཞྭའི་ནང་བླངས་པས་བུ་མོས་འདི་ཤེས་བཞིན་མེད་པར་སློང་མོ་ལེན་ཏོ་ཞེས་དཔྱས་བྱས་སོ། །དེ་ནས་དེ་ངོ་ཚ་ཞིང་སོང་ནས་གྲོང་ཁྱེར་བུ་ར མ་ཤིང་འཕེལ་དུ་སླེབ་མ་ཐག ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་མ་ག་དྷཱ་བཟང་མོ་དེ་སློང་བར་བཏང་བས། ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་ཞུས་པ་དང་། གང་གི་ཚེ་མ་ག་དྷཱ་བཟང་མོ་འདི་བུ་རམ་ཤིང་འཕེལ་དུ་སོང་ན་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་རྒྱུར་འགྱུར་བར་ལུང་བསྟན་པས། དེ་ཉེ་དུ་རྣམས་ལ་གོ་བར་བྱས་ཏེ་བུ་རམ་ཤིང་འཕེལ་དུ་བག་མར་བཏང་ངོ་། །དེར་མ་ག་དྷཱ་བཟང་མོ་ཁྱིམ་གྱི་བྱ་བ་ལ་ཞུགས་ནས་མི་རིང་བ་ན། སྒྱུག་མོ་ན་རེ། དེང་མཆོད་གནས་བཤོས་གསོལ་བ་ལ་བལྟ་བར་ཤོག་ཅིག དེར་མཆོག་ཟུང་ལ་སོགས་པའི་ཉན་ཐོས་ཆེན་པོ་དག་བྱོན་ནོ་སྙམ་སྟེ་དགའ་མགུ་རང་བ་དང་བཅས་ཏེ་ཕྱིན་པས། མུ་སྟེགས་གཅེར་བུ་པ་ནགས་ཀྱི་མ་ཧེ་འདྲ་བ་མགོ་བོའི་སྐྲ་བ ཏོག་པ་དག་མཐོང་བས་མ་ག་དྷཱ་བཟང་མོ་ངོ་ཚ་ཞིང་གདོང་ཕྱིར་ཕྱོགས་ཏེ། འདི་ལྟ་བུ་ཡང་མཆོད་གནས་ཡིན་ན་མཆོད་གནས་མ་ཡིན་པ་ཇི་ལྟ་བུ་ཞེས་སྨྲས་སོ། །དེར་སྒྱུག་མོས། ཁྱེད་ཀྱི་ཡུལ་ན་ཆེས་ཁྱད་པར་དུ་འཕགས་པ་འགའ་ཞིག་ཡོད་དམ། བཟང་མོས་སྨྲས་པ། བདག་གི་སྟོན་པ་བཙོ་མའི་ཚོགས་ལྟར་སེར། །བཙོ་མའི་གསེར་ལྟར་ཤིན་ཏུ་དྲི་མ་མེད། །ཚུལ་ཁྲིམས་རྣམ་དག་ཤེས་རབ་རྣམ་པར་དག ། འཇིག་རྟེན་གསུམ་ན་མཉམ་མེད་འགྲོ་ལས་འཕགས། །དེ་དག་གིས་སྨྲས་པ། བུ་མོ་ངེད་ཅག་རྣམས་ལ་བཅོམ་ལྡན་འདས་དེ་སང་བསྟན་པར་ནུས་སམ། བཟང་མོས་སྨྲས་པ། བཤོས་གཙང་སྦྱོར་ཅིག་དང་སང་སྤྱན་དྲངས་སོ་བྱས་ནས་ཁང་ཐོག་ཏུ་ཕྱིན་ཏེ་བཅོམ་ལྡན་འདས་བཞུགས་སའི་ཕྱོགས་སུ་ཕྱག་འཚལ་ཞིང་། མེ་ཏོག་གིས་གཏོར། སྤོས་ཀྱིས་བདུག གསེར་གྱི་བུམ་པ་ནས་ཆུ་ཡང་སྦྲེངས་ཤིང་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པའི་བློས། ཚུལ་ཁྲིམས་རྣམ་དག་ཤེས་རབ་རྣམ་པར་དག ། དད་ལྡན་སྙིང་པོ་ཉན་ཐོས་ཆེ་རྣམས་ཀྱིས། །མགོན་མེད་གྱུར་པ་བདག་ལ་རྗེས་བཟུང་བའི། །དོན་མཛད་ཐུགས་རྗེས་གཤེགས་པར་མཛད་དུ་གསོལ། །ཅེས་གསོལ་བ་བཏབ་པས། མཆོད་རྫས་རྣམས་ནམ་མཁར་སོང་ནས། གསེར་གྱི་བུམ་པའི་ཆུ་དེ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཻཌཱུཪྱའི་སྡོང་བུ་བཞིན་དུ་གནས་སོ། །མེ་ཏོག་ནི་སྟེང་གི་ནམ་མཁའ་ལ་ཁང་བུ་བརྩེགས་པ་བཞིན་དུ་གནས་སོ། །སྤོས་རྣམས་ནི་སྤྲིན་བརྩེགས་པ་བཞིན་དུ་གྱུར་པས། ཀུན་དགའ་བོས། བཅོམ་ལྡན་འདས་སྤྱན་འདྲེན་པ་འདི་ག་ལས་མཆིས། བཀའ་སྩལ་པ། དཔག་ཚད་བརྒྱ་དྲུག་ཅུ་རྩ་གསུམ་ན་བུ་རམ་ཤིང་འཕེལ་གྱི་གྲོང་ཁྱེར་ནས་འོངས་སོ། །གྲོང་ཁྱེར་དེ་ནི་མུ་སྟེགས་པ་རྣམས་ཀྱིས་བཟུང་བ་ཡིན་པས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བས་འགྲོ་བར་བྱའོ། །དེར་འགྲོ་འདོད་པ་རྣམས་ལ་ཚུལ་ཤིང་བྲིམས་ཤིག དེར་ཀུན་དགའ་བོས་དགེ་སློང་རྣམས་ལ་བརྡ་སྦྱར་ནས་ཚུལ་ཤིང་རྒན་རིམ་ནས་བཟུང་བྲིམས་པ་ན། གནས་བརྟན་གང་པོ་ཤེས་རབ་ཀྱི་ཆ་ལས་གྲོལ་ཡང་སྙོམས་འཇུག་གི་སྒྲིབ་པ་མ་སྤངས་པས་རྫུ་འཕྲུལ་དང་མི་ལྡན་པས་ཀྱང་ལེན་པར་བརྩམས་པ་ན་ཀུན་དགའ་བོས་དོན་དེ་གོ་བར་བྱས་པས། དེས་ཀྱང་རྫུ་འཕྲུལ་སྒྲུབ་སྟེ་ཚུལ་ཤིང་གཉིས་པ་མ་བྲིམས་པ་ན་དེས་ཀྱང་བླངས་སོ། །དེ་ནས་དེའི་ནང་པར་དགེ་སློང་རྣམས་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་བས་ཡང་དག་པར་ཆས་ཏེ། ཀུན་གྱི་ཐོག་མར་ཀུན་ཤེས་ཀཎྜི་ནྱ་རྟ་མཆོག་གིས་དྲངས་པའི་ཤིང་རྟར་ཞུགས་ཏེ་གློག་འགྱུ་ཞིང་ཆར་འབེབ་པ་དང་བཅས་ཏེ་བྱོན་པས། མ་ག་དྷཱ་བཟང་མོའི་གྱོས་སྒྱུག་དང་། རྒྱལ་པོ་ལ་སོགས་པའི་སྐྱེ་བོ་རྣམས་ཀྱིས་མཐོང་ནས་མ་ག་ངྷཱ་བཟང་མོ་ལ་དྲིས་པ། འདི་ཁྱོད་ཀྱི་སྟོན་པ་དེ་ཡིན་ནམ། དེས་སྨྲས་པ་མ་ཡིན་ཏེ། འདི་ནི་ཀུན་ཤེས་ཀཎྜི་ནྱ་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཆོས་འཁོར་དང་པོར་བསྐོར་བ་ན་ཐོག་མར་བདག་མེད་པ་མངོན་དུ་བྱས་པ་དེ་ཐོག་མར་འོང་བ་ཡིན་ནོ། །དེ་བཞིན་དུ་གཞན་རྣམས་ལའང་རིགས་འགྲེས་སྦྱར་ཏེ། འོད་སྲུང་ཆེན་པོ་ནི་བྲག་རི་ཆེན་པོ་ཤིང་དང་བྱ་དང་མེ་ཏོག་དང་འབབ་ཆུ་སྣ་ཚོགས་ཀྱིས་བརྒྱན་ཏེ་ནམ་མཁའ་ལས་བྱོན་པ་ན། འདི་ནི་འོད་སྲུང་ཆེན་པོ་ཞེས་བྱ་སྟེ་སྦྱངས་པའི་ཡོན་ཏན་ལ་གནས་པར་སྨྲ་བ་རྣམས་ཀྱིས་མཆོག་ཏུ་གསུངས་པ་དེ་ཡིན་ནོ། །དེ་ནས་ཤཱ་རིའི་བུ་སེང་གེས་དྲངས་པའི་ཤིང་རྟ་ལ་ཆིབས་ཏེ་བྱོན་པ་ན། །འདི་ནི་དགེ་སློང་ཤཱ་རིའི་བུ་སྟེ་ཤེས་རབ་དང་ལྡན་པ་རྣམས་ཀྱིས་མཆོག་ཏུ་བསྟན་པ་ཡིན་ནོ། །དེ་ནས་མོང་གལ་གྱི་བུ་གླང་པོ་ཆེ་ས་སྲུང་ལ་ཆིབས་པར་སྤྲུལ་ཏེ་བྱོན་པ་ན། འདི་ནི་དགེ་སློང་མོའུ་འགལ་གྱི་བུ་ཆེན་པོ་སྟེ་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་ཡིན་ནོ། །དེ་ནས་མ་འགགས་པ་གསེར་གྱི་པདྨ་ཤིང་རྟའི་འཕང་ལོ་ཙམ་པ་དངུལ་གྱི་གེ་སར་དང་། བཻཌཱུཪྱའི་སྡོང་པོ་ཅན་གྱི་ལྟེ་བ་ལ་བཞུགས་ནས་བྱོན་པས། འདི་ནི་དགེ་སློང་མ་འགགས་པ་སྟེ་ལྷའི་མིག་དང་ལྡན་པ་རྣམས་ཀྱིས་མཆོག་ཏུ་བསྟན་པ་དེ་ཡིན་ནོ། །དེ་ནས་བྱམས་མའི་བུ་གང་པོ་བྱ་ཁྱུང་གིས་དྲངས་པའི་ཤིང་རྟ་ལ་བཞུགས་ཏེ་བྱོན་པས། འདི་ནི་དགེ་སློང་གང་པོ་ཞེས་བྱ་སྟེ་ཆོས་སྟོན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་ཡིན་ནོ། །དེ་ནས་རྟ་ཐུལ་ནི་ལྷུང་བཟེད་ཐོགས་ཏེ་སྤྱོད་ལམ་ཞི་བས་ཐམས་ཅད་དང་བ་བ སྐྱེད་ཅིང་བྱོན་པ་ན། འདི་ནི་དགེ་སློང་རྟ་ཐུལ་ཞེས་བྱ་སྟེ་སྤྱོད་ལམ་ཞི་བ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་ཡིན་ནོ། །དེ་ནས་ཉེ་བར་འཁོར་གསེར་གྱི་ཏ་ལའི་ནགས་ཀྱི་གསེབ་ཏུ་ཞུགས་ནས་གཤེགས་པས། འདི་ནི་དགེ་སློང་ཉེ་བར་འཁོར་ཏེ་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་ཡིན་ནོ། །དེ་ནས་ཀཱ་ཏྱ་ཡ་ནའི་བུ་ཆེན་པོ་བཻཌཱུཪྱའི་ཁང་བརྩེགས་ཀྱི་ནང་དུ་ཞུགས་ཏེ་བྱོན་པས། འདི་ནི་དགེ་སློང་ཀཱ་ཏྱ་ཡ་ནའི་བུ་ཆེན་པོ་སྟེ་མདོ་སྡེ་བ་དང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་ཡིན་ནོ། །དེ་ནས་གསུས་པོ་ཆེ་ཁྱུ་མཆོག་གི་ཤིང་རྟས་བྱོན་པ་ན། འདི་ནི་དགེ་སློང་གསུས་པོ་ཆེ་སྟེ་རིག་པ་ཐོབ་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་ཡིན་ནོ། །དེ་ནས་སྲུང་དབང་གི་བུ་ངང་པའི་ཤིང་རྟས་འོང་བ་ན། འདི་ནི་དགེ་སློང་སྲུང་དབང་གི་བུ་ཞེས་བྱ་སྟེ། སྙིང་རྗེ་ལ་གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ནོ། །དེ་ནས་རྣ་བ་བྱེ་བ་ཉི་ཤུ་རི་དྭ གས་ཀྱི་ཚོགས་ཀྱིས་ཁྱབ་པའི་ནགས་ཚལ་དང་བཅས་ཏེ་བྱོན་པ་ན། འདི་ནི་དགེ་སློང་རྣ་ཅན་ཞེས་བྱ་སྟེ་བརྩོན་འགྲུས་རྩོམ་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་ཡིན་ནོ། །དེ་ནས་སྒྲ་གཅན་འཛིན་འཁོར་ལོས་སྒྱུར་བའི་ཆ་ལུགས་སུ་སྤྲུལ་ནས་བྱོན་པ་ན། འདི་ནི་བཅོམ་ལྡན་ལྡན་འདས་ཀྱི་སྲས་བསླབ་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་ཡིན་ནོ། །ཞེས་སོགས་ཉན་ཐོས་ཆེན་པོ་རྣམས་ཀྱི་ཡོན་ཏན་གྱི་བསྔགས་པ་རྒྱས་པར་བརྗོད་པར་བྱས་ཤིང་། དེ་བཞིན་དུ་འཁོར་དགྲ་བཅོམ་པའི་ཚོགས་རྣམས་ལ་ལ་ནི་འབར་བར་བྱེད་པ་དང་། ལ་ལ་ནི་ཆར་འབེབས་པ་སོགས་ཆོ་འཕྲུལ་སྣ་ཚོགས་པ་སྟོན་ཅིང་འོང་བའི་རྗེས་ཐོག་དེར། བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་གསེར་མདོག་ལྟ་བུ་སྤྲོས་ཏེ་འཛམ་བུའི་གླིང་ཐམས་ཅད་ཁྱབ་པར་མཛད་ཅིང་། མཉན་ཡོད་ནས་བུ་རམ་ཤིང་འཕེལ་གྱི་བར་དུ་ཐག་རིང་བ་དང་རི་ལ་སོགས་གང་གིས་ཀྱང་སྒྲིབ་པ་མེད་པར་ཕན་ཚུན་གྱི་མི་ཐམས་ཅད་ཀྱིས་དངོས་པོ་ཕྲ་མོ་ཐམས་ཅད་ཀྱང་མཐོང་བར་བྱིན་གྱིས་བརླབས་སོ། །དེ་ནས་བཅོམ་ལྡན་འདས་མཁའ་ལ་གཤེགས་པ་ན། ཕྱག་ན་རྡོ་རྗེ་ནི་ཕྱི་བཞིན་དུ་འོང་ལ། སྟེང་ནས་གནས་གཙང་མའི་ལྷ་རྣམས་དང་འོག་ནས་ནི་འདོད་ཁམས་ཀྱི་ལྷ་རྣམས་དང་། གཡས་ནས་ཚངས་པ་དང་། གཡོན་ནས་བརྒྱ་བྱིན་དང་། མཐའ་བསྐོར་དུ་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང་། ཤིན་ཏུ་དགའ་བ་དང་མིག་སྦྱིན་ལ་སོགས་པ་དྲི་ཟ་རྣམས་ཀྱིས་རོལ་མོའི་བྱེ་བྲག་སྣ་ཚོགས་པ་ཕུལ་ཞིང་གཞན་ཡང་ལྷ་ཀླུ་ལ་སོགས་པ་མཐུ་བོ་ཆེ་རྣམས་ཀྱིས་མཆོད་རྫས་དཔག་ཏུ་མེད་པ་ཐོགས་ཏེ་འབྱོར་པ་ཆེན་པོས་གཤེགས་ཏེ་མཉན་ཡོད་ནས་བུ་ར མ་ཤིང་འཕེལ་གྱི་བར་དེར་མི་དང་མི་མ་ཡིན་པའི་སྲོག་ཆགས་སྟོང་ཕྲག་བདུན་ཅུ་རྩ་བདུན་བདེན་པ་ལ་བཀོད་ནས། གྲོང་ཁྱེར་བུ་ར མ་ཤིང་འཕེལ་ལ་སྒོ་བཅོ་བརྒྱད་ཡོད་པའི་སྒོར་རེ་རེ་ནས་བཅོམ་ལྡན་འདས་རེ་རེ་བྱོན་པའི་ཆོ་འཕྲུལ་བསྟན་ཏེ་མ་ག་དྷཱ་བཟང་མོའི་ཁྱིམ་དུ་བྱོན་ནས་གདུགས་ཚོད་གསོལ་ཏོ། །དེར་སྐྱེ་བོའི་ཚོགས་ཀྱིས་བཅོམ་ལྡན་འདས་མ་མཐོང་ནས་ཁྱིམ་གཞིག་པར་བརྩམས་པ་ན། ཁྱིམ་དང་གྲོང་ཁྱེར་དེ་ཤེལ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་ནས་ཐམས་ཅད་ཀྱིས་མཐོང་བར་མཛད་དོ། །དེར་བཅོམ་ལྡན་འདས་ཀྱིས་མ་ག་དྷཱ་བཟང་མོ་ལ་སོགས་པའི་སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་ལ་བདེན་པར་མཐོང་བར་འགྱུར་བའི་ཆོས་བསྟན་པས་ལུས་ཅན་དཔག་ཏུ་མེད་པ་ཞིག་འབྲས་བུ་བཞི་ཐོབ་པ་དང་། བྱང་ཆུབ་གསུམ་ལ་གཞོལ་བར་གྱུར་ཏོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས་གསོལ་བ་བཅོམ་ལྡན་འདས་ཇི་སྲིད་དུ་མ་ག་དྷཱ་བཟང་མོ་མཆིས་ནས་སྲོག་ཆགས་བརྒྱ་སྟོང་དུ་མ་མཐོ་རིས་དང་ཐར་པར་གཞོལ་བར་གྱུར་པ་དང་། འདིས་སངས་རྒྱས་ཀྱི་མཛད་པ་བགྱིས་པ་ནི་ངོ་མཚར་ཆེའོ། །བཀའ་སྩལ་པ། ད་ལྟ་འབའ་ཞིག་ཏུ་མ་ཟད་དེ། འདས་པའི་དུས་ན་འདིས་སངས་རྒྱས་ཀྱི་བྱ་བ་བྱས་པ་དེ་ཉོན་ཅིག དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་ཝཱ་རཱ་ཎ་སཱི་ན་རྒྱལ་པོ་ཀྲི་ཀྭི་ཞེས་བྱ་བས་རྒྱལ་པོ་བྱེད་དེ། དེའི་བུ་མོ་གསེར་གྱི་ཕྲེང་བ་དང་ལྡན་པ་ཞིག་བཙས་ཏེ་མིང་གསེར་ཕྲེང་ཅན་ཞེས་བྱ་བར་བཏགས་སོ། །དེ་ཆེར་སྐྱེས་པ་ན་འཁོར་གཞོན་ནུ་མ་ལྔ་བརྒྱ་དང་བཅས་ཏེ་སངས་རྒྱས་འོད་སྲུང་ལ་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང་། བསོད་སྙོམས་དང་གཟིམས་ཆ་དང་བསྙུན་གྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱེད་དོ། །དེ་ཚེ་རྒྱལ་པོ་ཀྲི་ཀཱི་ལ་རྨི་ལམ་བཅུ་རྨིས་ཏེ། གླང་པོའི་རྒྱལ་པོ་སྐར་ཁུང་ནས་བྱུང་བ་ན་མཇུག་མ་ཕྲ་མོ་ཐོགས་པ་དང་། མི་ཞིག་སྐོམ་པའི་ཕྱི་ནས་ཁྲོན་པས་སྙེགས་པ་དང་། ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་ཚོང་བྱེད་པ་དང་། །ཙནྡན་དང་ཤིང་ཕལ་པ་གཉིས་རིན་ཐང་མཉམ་པར་བྱེད་པ་དང་། ཀུན་དགའ་ར་བའི་མེ་ཏོག་དང་འབྲས་བུ་རྣམས་རྐུན་བུས་འཕྲོག་པ་དང་། གླང་པོ་ཆེའི་ཕྲུ་གུས་སྤོས་ཀྱི་གླང་པོ་འཇིགས་པར་བྱེད་པ་དང་། སྤྲེའུ་མི་གཙང་བས་གོས་པས་གཞན་ལ་སྐུད་པ་དང་། སྤྲེའུ་རྒྱལ་པོར་དབང་བསྐུར་བ་དང་། རས་གཅིག་མི་བཅོ་བརྒྱད་ཀྱིས་དྲས་ཀྱང་མ་རལ་བ་དང་། སྐྱེ་བོ་མང་པོ་འདུས་ནས་འཐབ་པ་དང་རྩོད་པ་དང་འགྱེད་པ་དང་། མཚང་འདྲུ་བར་གྱུར་པས་འཇིགས་པ་རྣམས་རྨིིས་པས། ཕྱི་ནངས་གཉིད་སད་པར་གྱུར་པ་ན་སྲོག་གམ་རྒྱལ་སྲིད་ཀྱི་བར་ཆད་དུ་མི་འགྱུར་རམ་སྙམ་སྟེ། བྲམ་ཟེ་ལྟས་མཁན་རྣམས་ལ་དྲིས་པས་དེ་རྣམས་ཀྱིས་གསེར་ཕྲེང་ཅན་ལ་ངན་སེམས་ཀྱིས་ལོག་པར་སྨྲས་ཏེ། ལྷ་ཁྱེད་ལ་ཐམས་ཅད་ཀྱི་ནང་ན་ཐུགས་སུ་བྱོན་པ་དེའི་སྙིང་མེ་ལ་སྦྱིན་སྲེག་གིས་མཆོད་སྦྱིན་མཛོད་ཅིག ། དེ་ནས་རྒྱལ་པོ་ཡི་མུག་པས་བསམ་པ། ཐམས་ཅད་ཀྱི་ནང་ནས་ང་ལ་སྡུག་པ་དེ་ནི་ངའི་གསེར་ཕྲེང་ཅན་ཡིན་ནོ། །གསེར་ཕྲེང་ཅན་གྱིས་དེ་ཐོས་ནས་རྒྱལ་པོའི་གན་དུ་སོང་སྟེ་ལྷ་ཉི་མ་ཤར་བ་ན་སྒྲོན་མའི་འོད་མི་དགོས་ཀྱིས་སངས་རྒྱས་འོད་སྲུང་ལ་ཞུས་ཤིག་དང་དེས་ལུང་སྟོན་པར་འགྱུར་རོ། །དེར་རྒྱལ་པོས་དྲིལ་བསྒྲགས་ཏེ་འཁོར་བརྒྱ་སྟོང་མང་པོ་དང་བཅས་ཏེ་བཅོམ་ལྡན་འདས་འོད་སྲུང་གི་སྤྱན་སྔར་ཕྱིན་ཏེ་སྔར་གྱི་རྨི་ལམ་དེ་རྣམས་ཀྱི་དོན་ཞུས་པ་ན། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མ་འཇིགས་ཤིང་། ཁྱོད་ཀྱི་ཡུལ་འཁོར་ཉམས་པར་མི་འགྱུར་ལ། སྲོག་གི་བར་ཆད་དུའང་མི་འགྱུར་གྱིས། མ་འོངས་པ་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ནས་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་འབྱུང་སྟེ། དེའི་བསྟན་པ་ལ་ཕྱི་མའི་དུས་ཉན་ཐོས་རྣམས་སྒོ་གསུམ་མ་བསྡམས་པ། ཚུལ་ཁྲིམས་དང་ཤེས་རབ་འཆལ་བ་དག་འབྱུང་བར་འགྱུར་ཏེ། དེ་རྣམས་ཁྱིམ་སྤངས་ནས་རབ་ཏུ་བྱུང་ཡང་གཙུག་ལག་ཁང་རྣམས་སུ་ཁྱིམ་གྱི་འདུ་ཤེས་ཀྱིས་ཆགས་པར་འགྱུར་ཏེ་གླང་པོ་ཆེ་སྐར་ཁུང་ནས་བྱུང་བ་ན་དེའི་མཇུག་མ་ཐོགས་པ་ནི་དེའི་སྔ་ལྟས་ཡིན་ནོ། །སྐོམ་པའི་ཕྱི་ནས་ཁྲོན་པ་སྙེགས་པར་རྨི་བ་ནི། དེ་རྣམས་གཙུག་ལག་ཁང་གི་ནང་ན་ལྷན་ཅིག་གནས་པ་རྣམས་ལ་ཆོས་སྟོན་པར་འགྱུར་ཡང་དེ་རྣམས་ཀྱིས་ཉན་པར་མི་འདོད་ཅིང་ཡིད་ལ་མི་འཇོག་སྟེ་དེའི་སྔ་ལྟས་ཡིན་ནོ། །ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་ཚོང་བྱེད་པ་དེ་ནི། དེ་རྣམས་ཀྱིས་ཟས་གོས་ཙམ་གྱི་དོན་དུ་དབང་པོ་དང་སྟོབས་ལ་སོགས་པའི་ཆོས་ཡང་དག་པར་སྟོན་པར་བྱེད་པས་དེའི་ལྟས་སོ། །ཙནྡན་དང་ཤིང་མཉམ་པོར་ཚོང་བྱེད་པ་དེ་ནི། དེ་རྣམས་ཀྱིས་སངས་རྒྱས་ཀྱི་བཀའ་དང་མུ་སྟེགས་བྱེད་ཀྱི་གཞུང་མཉམ་པར་འཛིན་པས་དེའི་ལྟས་སོ། །ཀུན་དགའ་ར་བའི་མེ་འབྲས་རྐུན་པོས་འཕྲོག་པ་ནི། དེ་རྣམས་ཀྱིས་དགེ་འདུན་གྱི་རྫས་ལས་བཅད་ནས་ཁྱིམ་པ་རྣམས་ལ་སྟེར་བར་བྱེད་པས་དེའི་ལྟས་ཡིན་ནོ། །གླང་པོའི་ཕྲུ་གུས་སྤོས་ཀྱི་གླང་པོ་འཇིགས་པར་བྱེད་པ་ནི། ཚུལ་ཁྲིམས་འཆལ་བ་སྡིག་པའི་ཆོས་ཅན་རྣམས་ཀྱིས་གང་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་རྣམས་ཟིལ་གྱི་གནོན་པའི་ལྟས་སོ། །སྤྲེའུ་མི་གཙང་བས་གོས་པས་གཞན་ལ་སྐུད་པ་ནི། ཚུལ་ཁྲིམས་འཆལ་བ་སྡིག་པའི་ཆོས་ཅན་རྣམས་ཀྱིས་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་རྣམས་ལ་སྐུར་བ་འདེབས་པར་འགྱུར་བས་དེའི་ལྟས་སོ། །སྤྲེའུ་རྒྱལ་པོར་དབང་བསྐུར་བ་ནི། དེའི་ཚེ་རྨོངས་པ་རྣམས་རྒྱལ་པོར་དབང་བསྐུར་བར་འགྱུར་བ་དེའི་ལྟས་སོ། །རས་གཅིག་མི་བཅོ་བརྒྱད་ཀྱིས་དྲས་ཀྱང་མ་རལ་བར་མཐོང་བ་ནི། དེའི་བསྟན་པ་སྡེ་པ་བཅོ་བརྒྱད་དུ་གྱེས་ཀྱང་རྣམ་པར་གྲོལ་བའི་ལམ་མི་ཉམས་ཏེ་དེའི་ལྟས་སོ། །སྐྱེ་བོའི་ཚོགས་ཆེན་པོ་འདུས་ནས་འཐབ་རྩོད་འགྱེད་པ་སོགས་མཐོང་བ་དེ་ནི། དེ་ཉིད་ཀྱི་བསྟན་པ་ལ་རྩོད་པས་ནུབ་པར་འགྱུར་ཏེ་དེའི་སྔ་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་ལྟར་མི་བཟད་པ་རྣམས་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རོ་ཞེས་གསུངས་པས་རྒྱལ་པོ་ཀྲི་ཀྭི་དང་བུ་མོ་གསེར་ཕྲེང་ཅན་སོགས་མགུ་ནས་ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་རྣམས་བསྐྱེད་པ་ཡིན་ནོ། །དེའི་དུས་ཀྱི་གསེར་ཕྲེང་ཅན་གང་ཡིན་པ་དེ་ནི་མ་ག་དྷཱ་བཟང་མོ་འདི་ཉིད་ཡིན་ཏེ་དེའི་ཚེ་ཡང་འདིས་སངས་རྒྱས་ཀྱི་བྱ་བ་བྱས་ཏེ་ད་ལྟ་ཡང་འདིར་འོངས་ནས་སངས་རྒྱས་ཀྱི་བྱ་བ་བྱས་སོ། །དེར་དགེ་སློང་རྣམས་ཀྱིས་གསེར་ཕྲེང་ཅན་གྱི་ལས་ཀྱི་རྒྱུ་ཞུས་པ་ན། དགེ་སློང་དག འདི་ཉིད་ཀྱིས་ལས་བྱས་པ་ཡོད་དེ་སྔོན་བྱུང་བ་ན་ཞིང་པ་ཞིག་གི་ཆུང་མར་གྱུར་ཏེ། རང་སངས་རྒྱས་ཀྱི་མཆོད་རྟེན་ལ་ཁ་དོག་སྣ་ཚོགས་པའི་མེ་ཏོག་གི་ཕྲེང་བ་བྱས་ནས་བཏགས་ཏེ། ལས་དེའི་རྣམ་པར་སྨིན་པས་གསེར་གྱི་ཕྲེང་བ་བཏགས་པར་སྐྱེས་སོ། །དེ་བས་ན་དགེ་སློང་དག་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་དཀར་བ་ཡིན་ཏེ། འདྲེས་མ་རྣམས་ཀྱི་རྣམ་པར་སྨིན་པ་ནི་འདྲེས་མའོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་གནག་པ་དང་འདྲེས་མ་རྣམས་ནི་སྤངས་ལ། ལས་གཅིག་ཏུ་དཀར་བ་རྣམས་ལ་མངོན་པར་བརྩོན་པར་བྱ་སྟེ། དགེ་སློང་དག་ཁྱེད་རྣམས་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འདིས་ནི་སངས་རྒྱས་ཀྱི་བསྟན་པ་རྣམས་རྣམ་གྲོལ་གྱི་ལམ་དུ་གཅིག་པས་ཀུན་ལ་དག་སྣང་སྦྱང་དགོས་པ་དང་། སྨོས་མ་ཐག་པའི་སྐྱོན་རྣམས་ངོས་བཟུང་ནས་སྤངས་ཤིང་ཚུལ་གནས་ཐོས་བསམ་བ སྒོམ་པའི་བྱ་བ་ལ་བརྩོན་པས་སྟོན་པའི་བསྟན་པ་སྲུང་དགོས་པར་ཡང་བསྟན་པ་ཡིན་ནོ། །དེ་ལྟར་ཡིད་ཆེས་སྐྱེད་བྱེད་ཀྱི་གཏམ་གྱི་སྦྱོར་བ་འདི་དག་ནི་གོང་དུ་བསྟན་པའི་མདོ་སྡེ་དག་ལས་བཏུས་པ་ཡིན་ལ། གཞན་ཐེག་པ་ཆེ་ཆུང་གི་མདོ་སྡེ་རྣམས་ལས་ངོ་མཚར་བའི་གཏམ་རྒྱུད་ཀྱི་སྦྱོར་བ་ནི་ཆེས་མང་མོད་དེ་དག་འདིར་བསྡུར་མ་ལོངས་པས་བློ་དང་ལྡན་པ་རྣམས་ཀྱིས་དེ་དང་དེར་གཟིགས་པར་རིགས་ལ། དེ་དག་ཀློག་མི་ནུས་པ་དག་གིས་ཀྱང་གོང་དུ་བསྟན་པའི་དོན་རྣམས་ལ་རྟོག་པ་བཅུག་པས་ཡིད་ཆེས་སྐྱེ་བར་འགྱུར་བ་ཡིན་ལ། དོན་གྱི་གཙོ་བོ་ནི། ཇི་སྐད་དུ། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་བསྐལ་པ་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་པ་ནི་ཆོས་སྣང་བའི་སྒོ། ཐར་པར་བགྲོད་པའི་ཐེམ་སྐས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན་པས། བདག་ལེགས་སུ་འདོད་པ་དག་གིས་ནི་རང་ཡང་ཚུལ་འདི་ལ་གནས་པར་བྱ་ཞིང་། གཞན་དག་ཀྱང་ཚུལ་འདི་ལྟ་བུ་ལ་བསྐུལ་བར་བྱས་ན་དོན་ཆེན་པོ་དང་ལྡན་པ་ཡིན་ཞིང་། གང་དག་ཚེ་འདི་དང་ཕྱི་མ་ལ་ཇི་ལྟར་བྱས་ན་དགེ་བར་འགྱུར་ཞེས་འདྲི་བ་བདག་ལ་ཡང་འདི་བཞིན་དུ་སྟོན་པར་བྱས་ན་རྒྱལ་བའི་བཀའ་ནི་ནམ་ཡང་མི་བསླུ་བས་རྣམ་སྨིན་གྱི་ཁྱད་པར་གོང་དུ་བསྟན་པ་དེ་ལྟ་བུ་འབྱུང་བར་གདོན་མི་ཟ་བས་དཔྱོད་ལྡན་དག་གི་སྙིང་གི་བདུད་རྩིའི་འཛིན་པར་འོས་ཤིང་། དེ་ཡང་། ལྷ་དང་བཅས་པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོགས་པའི། །ཡོན་གྱི་གནས་འགའ་མ་མཆིས་པས། །དངོས་པོ་ཀུན་གྱིས་དེ་ལ་མཆོད། །ཅེས་གསུངས་པས་སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ་དང་མཉམ་པའི་བྱིན་རླབས་དང་ཐུགས་རྗེ་ཡོན་ཏན་གྱི་ཚོགས་གཞན་ན་མེད་པར་ངེས་པར་བྱས་ཏེ་རང་ལ་འཁོས་ཀ་གང་ཡོད་ཀྱིས། དཀོན་མཆོག་མཆོད་པ་སོགས་བསོད་ནམས་ཀྱི་ལས་ལ་འདུན་པར་བྱ་བ་གལ་ཆེ་ཞིང་། དེ་ཡང་སྔོན་སངས་རྒྱས་བཅོམ་ལྡན་འདས་འཁོར་རྣམ་བཞི་དང་བཅས་པ་དངོས་སུ་བཞུགས་པ་དང་ད་ལྟར་དཀོན་མཆོག་གི་རྟེན་གསུམ་སོགས་ལ་སེམས་དང་བས་བཀུར་སྟི་བྱས་པ་གཉིས་ལ་རྣམ་སྨིན་གྱི་འབྲས་བུ་ཁྱད་པར་ཅུང་ཟད་ཀྱང་མེད་པར་མདོ་སྡེ་དུ་མ་ལས་གསུངས་པ་ཡིན་ཏེ་མཆོད་རྟེན་བསྐོར་བའི་ཚིགས་བཅད་ལས། བཞུགས་པའི་ཚེ་ན་གང་གིས་མཆོད། །མྱ་ངན་འདས་འོག་གང་གིས་མཆོད། །སེམས་དགེ་བ་ནི་མཚུངས་པའི་ཕྱིར། །བསོད་ནམས་ལ་ནི་ཁྱད་པར་མེད། །ཅེས་གསུངས། དེ་དག་གི་རྣམ་བཞག་ཅུང་ཟད་ནི་ཁོ་བོས་ཟུར་དུ་བྲིས་ཡོད་པས། དེར་ངེས་པར་བྱ་ལ། འདིར་ས་ཁོངས་ཙམ་དུ།

འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས།

༈ འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མང་ངོ་། །སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བུ་དང་། ཇི་ལྟར་འདུལ་བ་དང་། དགེ་བའི་རྩ་བ་ཇི་ལྟ་བུ་དང་། སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཀྱི་སྤྱོད་པ་མཁྱེན་ནས་ཆོས་སྟོན་ཏེ། སེམས་ཅན་ཁ་ཅིག་ནི་བྱང་ཆུབ་སེམས་དཔས་འདུལ། ཁ་ཅིག་ནི་ཉན་ཐོས་ཀྱིས་འདུལ། ཁ་ཅིག་ནི་རང་སངས་རྒྱས་ཀྱིས་འདུལ། ཁ་ཅིག་ནི་ལྷས་འདུལ། ཁ་ཅིག་ནི་བརྒྱ་བྱིན་གྱིས་འདུལ། ཁ་ཅིག་ནི་ཚངས་པས་འདུལ། ཁ་ཅིག་ནི་ཀླུས་འདུལ། ཁ་ཅིག་ནི་རྫུ་འཕྲུལ་ཆེན་པོས་འདུལ། ཁ་ཅིག་ནི་རྒྱལ་པོས་འདུལ། ཁ་ཅིག་ནི་ཏིང་ངེ་འཛིན་གྱིས་འདུལ། ཁ་ཅིག་ནི་ཆོས་ཉན་པས་འདུལ། ཁ་ཅིག་ནི་ཆོ་འཕྲུལ་གྱིས་འདུལ། ཁ་ཅིག་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པས་འདུལ། ཁ་ཅིག་ནི་རིང་བསྲེལ་གྱིས་འདུལ། ཁ་ཅིག་ནི་མཆོད་སྦྱིན་བྱེད་དུ་གཞུག་པ་དང་། གཙུག་ལག་ཁང་དང་། འཆག་ས་དང་། སྐྱེད་མོས་ཚལ་བྱེད་དུ་གཞུག་པའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་སྐུ་གཟུགས་བྱེད་དུ་གཞུག་པ་དང་། རི་མོ་དང་། གསེར་དང་། དངུལ་དང་། ར་གན་གྱི་སྐུ་གཟུགས་བྱེད་དུ་གཞུག་པའི་དགེ་བའི་རྩ་བ་ལ་སྤྲོ་བས་འདུལ། ཁ་ཅིག་ནི་དགེ་སློང་གི་དགེ་འདུན་མཆོད་པ་དང་། བཀུར་སྟི་བྱ་བའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་མདོ་སྡེ་འདྲི་བ་དང་། འདྲིར་གཞུག་པ་དང་། བཀླག་པ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་མར་མེ་དང་། སྤོོས་དང་། མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། དོ་ཤལ་ལ་སོགས་པས་བརྒྱན་པ་ལ་སྤྲོ་བ་བསྐྱེད་པས་འདུལ་བ་ཡིན་ཏེ་ཞེས་སོགས་དང་། ཡང་ལྷའི་བུ་དག་སྔོན་གྱི་སྨོན་ལམ་གྱིས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་སྟོང་ལོན་པའམ། མྱ་ངན་ལས་འདས་ནས་བསྐལ་པར་ལོ ན་པའམ། མྱ་ངན་ལས་འདས་ནས་བསྐལ་པ་བྱེ་བར་ལོན་ཡང་སེམས་ཅན་གྱིས་མཆོད་པར་བྱ་བ་རིང་བསྲེལ་གྱི་མཆོད་རྟེན་བྱེད་དུ་བཞུག་པ་དང་། སྐུ་གཟུགས་དང་བཀུར་སྟིར་བྱ་བ་དང་བྱེད་དུ་བཞུག་པ་དང་། མཚན་ནས་བརྗོད་པ་དང་དམ་པའི་ཆོས་འཛིན་པ་དང་། མཆོད་པ་བྱེད་པའི་སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་སྣ་ཚོགས་ན་གནས་པ་རྣམས་ཐར་པར་མཛད་དེ་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མི་ཁོམ་པ་དང་། ངན་སོང་དང་། ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་དང་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་མཛད་ནས། རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ན། གང་དག་དེ་བཞིན་གཤེགས་པ་ལ་མངོན་སུམ་དུ་མེ་ཏོག་དང་སྤོོས་དང་དྲི་དང་ཕྲེང་བ་དང་བྱུག་པ་དང་ན་བཟའ་དང་རྒྱན་རྣམས་ཀྱིས་མཆོད་པ་ལྟ་སྨོས་ཀྱང་ཅི་དགོས། ལྷའི་བུ་དག་གང་སེམས་ཅན་ལ་ལས་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་སྟོང་ངམ། བསྐལ་པ་བྱེ་བ་ལོན་ཡང་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་མཚན་ནས་ལན་འདུན་དུ་བརྗོད་ནས་ནམ་མཁའ་ལ་མེ་ཏོག་གཏོར་ན་དེ་དག་ཐམས་ཅད་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ། །མེ་ཏོག་ནམ་མཁའ་ལ་གཏོར་བ་ལྟ་ཞོག་གིས། གང་དག་དད་པས་དེ་བཞིན་གཤེགས་པའི་རྗེས་སུ་སློབ་པ་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གཅིག་ཙམ་འཛིན་ཏམ། ཉིན་གཅིག་གམ་མཚན་གཅིག་གམ་ཡུད་ཙམ་ཞིག་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིད་ལ་བྱེད་པར་བརྩོན་ན། དེ་སྡུག་བསྔལ་ཐམས་ཅད་མཐར་བྱས་ནས་རིམ་གྱིས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཏོ། །གང་གིས་དེ་བཞིན་གཤེགས་པ་རྣམས་མཆོད་པའི་ཕྱིར་བཞད་གད་དམ། ཀུ་རེའམ། བྱིས་པའི་ཀྱལ་ཀའམ། རྩེད་མོར་བྱེད་པའམ་འཇིམ་པ་ལས་མཆོད་རྟེན་བྱེད་ན་དེ་དག་ཐམས་ཅད་སྡུག་བསྔལ་མཐར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ན། གང་གིས་རིང་བསྲེལ་གྱི་མཆོད་རྟེན་ནམ་རིང་བསྲེལ་གྱི་སྐུ་གཟུགས་བྱས་ཏེ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་གཙོ་བོར་ཤེས་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་གྲོལ་ལོ་སྙམ་སྟེ་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་སྐྱེས་ནས་ལྷའི་མེ་ཏོག་དང་། ལྷའི་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། སིལ་སྙན་དང་། གདུགས་དང་། རྒྱལ་མཚན་རྣམས་ཀྱིས་མཆོད་པ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་འགྱུར་རོ། །དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་ལས་ཡོངས་སུ་ཐར་པར་འགྱུར་ཏེ། ཇི་སྲིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བདེ་འགྲོར་འགྲོ་བར་འགྱུར་རོ། །དེ་ལྟར་ན་དེ་བཞིན་གཤེགས་པ་རྣམས་ཀྱི་སྔོན་གྱི་སྨོན་ལམ་ལ་མཁས་ཤིང་མཐུན་པ་ཡོངས་སུ་དག་པ་ཡིན་ནོ། །ཞེས་དང་། མཆོད་རྟེན་དང་ནི་རི་མོ་དང་། །སྐུ་གཟུགས་བྱེད་དུ་གཞུག་པ་དང་། །མཆོད་དང་བཀུར་སྟི་བྱ་བའི་ཕྱིར། །གང་དག་མཚན་ནི་དྲན་བྱེད་པ། །བྱང་ཆུབ་ཕྱིར་ནི་གནས་པ་རྣམས། །ཐམས་ཅད་ཐར་པ་ཐོབ་པར་འགྱུར། །དེ་བཞིན་གཤེགས་ལ་ཕྱག་འཚལ་ནས། །དམ་པའི་ཆོས་ནི་མཉན་པ་དང་། །མཆོད་ཅིང་འཛིན་པའང་དེ་བཞིན་ཏེ། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་དང་། དེ་བཞིན་གཤེགས་པ་དེ་དག་མྱ་ངན་ལས་འདས་ནས་ལོ་བྱེ་བ་ཁྲག་ཁྲིག་བ རྒྱ་སྟོང་ལོན་པའམ། མྱ་ངན་ལས་འདས་ནས་བསྐལ་པ་བརྒྱ་ལོན་པའི་སངས་རྒྱས་རྣམས་ཀྱི་མཚན་བཟུང་བ་དང་། རིང་བསྲེལ་གྱི་མཆོད་རྟེན་བྱེད་དུ་འཇུག་པ་དང་། རི་མོ་དང་སྐུ་གཟུགས་བྱེད་དུ་འཇུག་པ་དང་། མར་མེ་དང་། སྤོས་དང་། མེ་ཏོག་དང་། དྲི་དང་། བྱུག་པ་རྣམས་ཀྱིས་མཆོད་ཅིང་བཀུར་སྟི་བྱས་པ་དང་། བསླབ་པ་འཛིན་པ་དང་། བརྟུལ་ཞུགས་དང་། དཀའ་ཐུབ་དང་། སྡོམ་པ་དང་། ཉེ་བར་གནས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ངན་སོང་དང་། ངན་འགྲོ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །བསྐལ་པར་གནས་པའི་ལས་ཀྱི་སྒྲིབ་པ་མཚམས་མེད་པ་ལྔ་ལ་སོགས་པ་ཡང་ཡོངས་སུ་དག་པར་འགྱུར་ཏེ། བདེ་འགྲོར་འགྲོ་བར་འགྱུར་ཞིང་ངན་འགྲོར་འགྲོ་བར་མི་འགྱུར་བ་ནས། རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་བྱང་ཆུབ་ཀྱི་སེམས་དྲན་པ་ཉམས་པ་ཞིག་གིས་སྡིག་པ་བྱེད་པ་དང་། དམ་པའི་ཆོས་སྤོང་བ་དང་། འཕགས་པ་དག་ལ་སྐུར་བ་འདེབས་པ་དང་། མཚམས་མེད་པ་ལྔ་བྱེད་པ་དང་། སྲོག་གཅོད་པ་དང་། དཀོན་མཆོག་གསུམ་གྱི་ནོར་རྐུ་བ་དང་། སེམས་ཅན་དམྱལ་བ་མནར་མེད་པར་འགྲོ་བ་དང་། ངན་སོང་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་དོན་དང་གྲོགས་པོ་དང་གཉེན་རྣམས་ཡོངས་སུ་ཐར་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་གི་རི་མོའི་སྐུ་གཟུགས་དང་། འཇིམ་པའི་སྐུ་གཟུགས་བྱེད་དུ་འཇུག་ཅིང་བྱེད་དུ་བཅུག་ནས་ཀྱང་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བའི་སེམས་གཙོ་བོར་བྱས་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པར་གྱུར་ནས་ཡར་གྱི་ཚེས་བརྒྱད་ནས་བརྩམས་བཅོ་ལྔའི་བར་དུ་དེ་བཞིན་གཤེགས་པ་དེ་དག་ལ་མེ་ཏོག་དང་སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། མར་མེ་དང་། སིལ་སྙན་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མཚན་ལན་གསུམ་ཉིན་ལན་གསུམ་དུ་མཆོད་དེ་སེམས་ཅན་དེ་དག་ཐར་པའི་ཕྱིར་ཅི་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ནི་མཁྱེན། ལྷའི་སྙན་གྱིས་གསན། ལྷའི་སྤྱན་གྱིས་ནི་གཟིགས་ཤིང་སེམས་ཅན་དེ་དག་བདེ་འགྲོར་འགྲོ་བར་འགྱུར་གྱིས་ངན་འགྲོར་འགྲོ་བར་མི་འགྱུར་པ་དང་། ལེགས་པར་བྱ་བ་བྱེད་ཀྱི་ངན་པར་བྱ་བ་མི་བྱེད་པར་ཡོངས་སུ་བསྔོ་ཞིང་། དེ་ལྟར་སེམས་ཅན་ཐམས་ཅད་ངན་སོང་དུ་སྐྱེས་པ་དེ་དག་ཐར་པར་བགྱི་བའི་སླད་དུ་དེ་བཞིན་གཤེགས་པ་དེ་དག་ལ་གསོལ་བ་གདབ་བོ། །བཤགས་པ་དང་མཐོལ་བས་སྡིག་པ་སྲབ་པར་གྱུར་ཅིག དེ་བཞིན་གཤེགས་པའི་མཚན་ཐོས་པར་གྱུར་ཅིག ངན་འགྲོ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་གྱུར་ཅིག ཇི་སྲིད་བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་བདག་གི་སྤྱོད་པ་དང་མཐུན་པར་སྤྱོད་པར་གྱུར་ཅིག་ཅེས་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་ཡང་བྲིས་པ་དང་། འདྲིར་བཅུག་པ་དང་། བཅངས་པ་དང་། བཀླག་པ་དང་། མཆོད་པ་དེའི་ཕྱིར་སྔོན་གྱི་དེ་བཞིན་གཤེགས་པ་དེ་དག་གི་སྨོན་ལམ་གྱི་མཐུས་སེམས་ཅན་མནར་མེད་པར་འགྲོ་བ་དང་། ངན་སོང་གསུམ་དུ་སྐྱེས་པ་དེ་དག་གི་རྣ་བར་མཚན་རྣམས་ཐོས་པར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདིའི་མཐུས་སྡིག་པ་ཐམས་ཅད་སྲབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་དག་གི་གཟི་བརྗིད་ཀྱི་མཐུ་དང་། ཆོས་ཀྱི་རྣམ་གྲངས་འདིའི་མཐུས་དགེ་བ་དང་མི་དགེ་བའི་ལས་རྗེས་སུ་དྲན་པར་གྱུར་ནས་ཕྱིས་སྡིག་པའི་ལས་བྱེད་པར་མི་འགྱུར་ཏེ་དེ་ནས་སྡུག་བསྔལ་དེ་དག་ལས་ཡོངས་སུ་གྲོལ་བར་འགྱུར་ཞིང་བདེ་འགྲོར་འགྲོ་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སྤྱོད་པར་མཐུན་པར་འགྱུར་རོ། །དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ནི་ཡོན་ཏན་མང་པོ་དང་ལྡན་ཞིང་ནོར་བུ་རིན་པོ་ཆེ་ཆེན་པོ་དང་འདྲ་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་བསམ་པ་ཐམས་ཅད་འགྲུབ་སྟེ། སྡིག་པ་ཐམས་ཅད་འཇོམས་པར་བྱེད། ངན་འགྲོའི་སྒོ་ཐམས་ཅད་གཅོད་པར་བྱེད། བདེ་འགྲོའི་སྒོ་དང་སངས་རྒྱས་ཀྱི་ཞིང་གི་སྒོ་རྣམས་ནི་འབྱེད་དོ། །རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ལ་མཁས་པ་དང་། སྨོན་ལམ་དང་། རྣམ་པར་འཕྲུལ་བ་དང་། བྱིན་གྱིས་བརླབས་དང་། ཏིང་ངེ་འཛིན་སྣ་ཚོགས་པས་མྱ་ངན་ལས་འདས་ནས་བསྐལ་པ་བརྒྱ་ལོན་པ་འཇིག་རྟེན་གྱི་ཁམས་སྣ་ཚོགས་ན་གནས་པ་དག་མཉན་ཅིང་མཆོད་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཉིད་ཀྱིས་ངན་སོང་ཐམས་ཅད་ལས་ཡོངས་སུ་ཐར་ཏེ་བདེ་འགྲོར་བཀོད་པར་འགྱུར་ན། གང་འཆང་བ་དང་། ཀློག་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དང་། གཞན་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཡོན་ཏན་དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཡོངས་སུ་བཟུང་བར་འགྱུར་ན། དེའི་བསོད་ནམས་མངོན་པར་འདུ་བྱ་བ་དང་། དགེ་བའི་རྩ་བ་འདུ་བྱ་བའི་ཡོན་ཏན་དེ་ནི་དེ་བཞིན་གཤེགས་པ་མ་གཏོགས་པར་བརྗོད་པར་སླ་བ་མ་ཡིན་ནོ། །ཞེས་དང་། ཞིང་སྟོང་བྱེ་བ་གཞན་དུ་གནས་པ་ཡི། །སངས་རྒྱས་མཁས་པ་མཐའ་ཡས་བྱེད་པ་དག ། སེམས་ཅན་རྣམས་ཀྱི་ཕྱིར་ནི་དགོངས་མཛད་ཅིང་། །ངན་འགྲོ་ལས་ནི་སེམས་ཅན་ཐར་པར་མཛད། །བསྟིར་མེད་ལས་ལ་གནས་ཤིང་སྦྱིན་བྱེད་དག ། ལས་བྱས་ནས་ནི་ངན་འགྲོར་སོང་བ་རྣམས། །དེ་དག་ཐར་པ་བྱ་ཕྱིར་ཆོས་འདོད་པས། །དེ་བཞིན་གཤེགས་པ་འདི་དག་མཆོད་པར་བགྱི། །རི་མོར་མཆོད་རྟེན་རྣམ་པ་སྣ་ཚོགས་བྱོས། །གསེར་དང་དངུལ་དང་དེ་བཞིན་ལུགས་རྣམས་དང་། །འཇིམ་པའི་སྐུ་གཟུགས་དག་ནི་བྱེད་བཅུག་ནས། །མཆོད་པ་སྣ་ཚོགས་ཀྱིས་ནི་མཆོད་པར་གྱིས། །མེ་ཏོག་དང་ནི་ཕྲེང་བ་བྱུག་པ་དང་། །མར་མེ་སིལ་སྙན་དྲི་དང་སྤོས་ཀྱིས་མཆོད། །ཤེས་རབ་ཆེ་བས་བསྔོ་བ་དག་ཀྱང་གྱིས། །མདོ་སྡེ་བཤད་ཅིང་འདིར་ཡང་བཞུགས་པར་གྱིས། །དེ་བཞིན་གཤེགས་དང་མདོ་སྡེའི་གཟི་བརྗིད་ཀྱིས། །སྡིག་པའི་ལས་ལས་སེམས་ཅན་དེ་ཐར་གྱིས། །བླ་མེད་བྱང་ཆུབ་རེག་པར་འགྱུར་བར་དུ། །དག་པའི་གནས་སུ་སྐྱེ་བ་འཛིན་པར་འགྱུར། །སྔོན་གྱི་ལས་རྣམས་རྗེས་སུ་དྲན་འགྱུར་ཞིང་། །དྲན་ནས་མཁས་པས་སྡིག་པ་བྱེད་མི་འགྱུར། །མི་ཡི་བྱང་ཆུབ་སེམས་དཔའ་མདོ་སྡེ་འདི། །བཤད་པ་དེས་ནི་བསོད་ནམས་མང་དུ་ཐོབ། །དེ་ནི་ལྷ་རྣམས་ཀུན་གྱི་སྲུང་བར་འགྱུར། །དེ་ཡི་ལུས་འདི་ལ་ནི་ནད་མི་འབྱུང་། །དེ་ཡི་རྒྱལ་སྲིད་ཀུན་ལ་གནོད་མི་འགྱུར། །ཁྱིམ་དང་གྲོང་དང་གྲོོང་ཁྱེར་ཞི་བར་འགྱུར། །གང་ཞིག་མདོ་སྡེ་འདི་ནི་རྟག་འཛིན་པ། །སངས་རྒྱས་རྣམས་ཀྱི་མཛོད་ནི་རྟག་འཛིན་འགྱུར། །གང་ཞིག་མཆོད་ཅིང་རྗེད་དང་འདྲིར་འཇུག་དང་། །ལས་གཞན་མེད་པར་ཉན་དུ་འཇུག་པ་ནི། །དེས་ནི་སངས་རྒྱས་ཡང་དག་མཆོད་པར་འགྱུར། །དེས་ནི་མྱུར་དུ་བྱང་ཆུབ་མཆོག་རྟོགས་འགྱུར། །ཞེས་རྒྱ་ཆེར་གསུངས་པ་དང་། འཕགས་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་བསྟན་པ་ལས། བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས། དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་ཇི་ཙམ་ཞིག་མཆིས་ཞེས་གསོལ་པ་ན། བཀའ་སྩལ་པ། དགེ་སློང་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བསྟན་པར་བྱའོ། །དགེ་སློང་དག་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིིན་པ་པོ་ལ་ཕན་ཡོན་འདི་ལྔ་ཡོད་དེ། ལྔ་གང་ཞེ་ན། གཞལ་མེད་ཁང་ཆེན་པོར་གནས་པ་དང་། བོང་སྟེ་བཟང་པོར་གྲགས་པ་དང་སྤྲོ་བ་མང་བ་དང་། ཚེ་རིང་བ་དང་། གྲགས་པ་དང་ལྡན་པ་དང་། བདེ་བ་མང་བ་སྟེ་འདི་ནི། དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་དང་པོ་ཡིན་ནོ། །གཞན་ཡང་ཕྱུག་པོ་དང་། ནོར་མང་བ་དང་། ལོངས་སྤྱོད་ཆེ་བ་དང་། ནོར་རྫས་དང་ཡོ་བྱད་མང་བ་དང་། བདག་དབང་བ་ལ་བདག་གིར་བྱ་བ་མང་བ་དང་། ནོར་དང་འབྲུ་དང་དབྱིག་དང་གསེར་དང་མཛོད་དང་བང་བའི་ཚོགས་མང་བ་དང་། རྟ་དང་གླང་པོ་ཆེ་དང་བ་ལང་དང་ལུག་དང་། བྲན་ཕོ་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་མང་བ་དང་། བློོན་པོ་དང་མཛའ་བཤེས་དང་། གཉེན་དང་སྣག་གི་གཉེན་མཚམས་མང་པོ་འགྱུར་ཏེ། འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གཉིས་པའོ། །གཞན་ཡང་གཟུགས་བཟང་པོ་དང་ལྟ་ན་སྡུག་པ་དང་མཛེས་པ་དང་མདངས་གསེར་ལྟར་བཟང་བ་དང་། མགོ་གདུགས་ལྟར་ཟླུམ་པ་དང་། ལག་པ་རིང་བ་དང་། དཔྲལ་བ་དབྱེས་ཆེ་བ་དང་། སྨིན་མཚམས་བར་མ་ཆད་པ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་འགྱུར་ཏེ། འདི་དག་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གསུམ་པའོ། །གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་བཟང་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དང་བུ་སྟོང་གིས་བསྐོར་བར་འགྱུར་ཏེ། དེའི་བུའམ་ཆུང་མའམ་བྲན་ནམ་ཉེ་བར་འཚོ་བ་གང་ཡིན་པ་དེ་དག་ཐམས་ཅད་དེ་ལ་གུས་པར་ཉན་པ་དང་བཀའ་ཉན་པར་བྱེད་དེ། འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་བཞི་པ་ཡིན་ནོ། །གཞན་ཡང་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ནས་ལྷའི་རྒྱལ་པོ་ཁྱད་པར་ཅན་ལྷ་དང་། ལྷའི་བུ་དང་། ལྷའི་བུ་མོ་རྣམས་ཀྱི་རྟེན་དུ་འགྱུར་ལ། གནས་བཅུ་པོ་ལྷའི་ཚེ་དང་། མདོག་དང་། སྟོབས་དང་། བདེ་བ་དང་། དབང་ཕྱུག་རྣམས་ལ་དབང་བྱེད་པ་དང་། ལྷའི་གཟུགས་དང་། སྒྲ་དང་དྲི་དང་རོ་དང་། རེག་བྱ་རྣམས་ཀྱིས་དགའ་བར་བྱེད་དོ། །དགེ་སློང་དག་འདི་ནི་དེ་བཞིན་གཤེགས་བའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་ལྔ་པ་ཡིན་ནོ། །ཞེས་བཀའ་སྩལ་པས། དགེ་སློང་དག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གཞན་ཡང་འཕགས་པ་རྨད་དུ་བྱུང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་གཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱི་སྲོག་ཤིང་བཅུག་སྟེ་རྒྱ་ཤུག་གི་ལོ་མ་ཙམ་གྱིས་གདུགས་བྱས་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ་ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ། །ཞེས་ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ཡེ་ཤེས་དཔག་ཏུ་མེད་པ། ཚུལ་ཁྲིམས་ཀྱིས་དཔག་ཏུ་མེད་པ། བཟོད་པས་དཔག་ཏུ་མེད་པ། བརྩོན་འགྲུས་ཀྱིས་དཔག་ཏུ་མེད་པ། བསམ་གཏན་གྱིས་དཔག་ཏུ་མེད་པ། ཤེས་རབ་ཀྱིས་དཔག་ཏུ་མེད་པ། བྱམས་པས་དཔག་ཏུ་མེད་པ། སྙིང་རྗེས་དཔག་ཏུ་མེད་པ། དགའ་བས་དཔག་ཏུ་མེད་པ། བཏང་སྙོམས་གྱིས་དཔག་ཏུ་མེད་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་དྲན་པ་ཉེ་བར་བཞག་པ། མ་འདྲེས་པ་གསུམ་དང་། སྙིང་རྗེ་ཆེན་པོས་དཔག་ཏུ་མེད་པ་སྟེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཞེས་གསུངས། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་དག་པ་ལ་བཀའ་སྩལ་པ། བློ་གྲོས་རྣམ་པར་དག་པ་སངས་རྒྱས་ཀྱི་ཆོས་རྣམས་དང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ །དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་དག་པ་ལ་སུ་ཞིག་མེ་ཏོག་དང་ཕྲེང་བ་དང་སྤོོས་དང་གདུགས་དང་རྒྱལ་མཚན་དང་བ་དན་དང་རོལ་མོ་དང་བྱུག་པ་རྣམས་ཀྱིས་བསྟི་སྟང་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ་རྟོགས་པར་མི་ནུས་ཏེ། དེའི་མཐར་ནི་ཐེག་པ་གསུམ་པོ་ལས་ཐེག་པ་གང་ཡང་རུང་བས་མྱ་ངན་ལས་འདས་པའི་མཐར་ཐུག་པ་མ་གཏོགས་པས་བསོད་ནམས་ཀྱི་ཕུང་པོ་དེ་ཕྱི་མའི་མཐར་ཟད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ་ཇི་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་ཚད་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ཡང་ཚད་མེད་དོ། །མཐའ་ཡས་སོ། །བསམ་གྱིས་མི་ཁྱབ་བོ། །མཚུངས་པ་མེད་དོ། །དཔག་ཏུ་མེད་དོ། །གྲངས་མེད་དོ། །དཔག་གིས་མི་ལང་ངོ་། །བརྗོད་དུ་མེད་དོ། །བློ་གྲོས་རྣམ་པར་དག་པ་སུ་ཞིག་དེ་བཞིན་གཤེགས་པ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པ་ལ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་རྗེད་པ་དང་། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་སུ་ཞིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། རྗེད་པ་དང་། ཡང་དག་པར་སེམས་ཉེ་བར་བཞག་སྟེ། བྱང་ཆུབ་ཏུ་གཞོལ་བའི་སེམས་བསྐྱེད་པས་ཕྱག་འཚལ་བ་དང་། ཕྱག་བྱེད་པ་དང་། བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། མཆོད་པ་དང་། རྗེད་པ་དང་། གསོལ་པ་དང་། བསྔགས་པ་དང་། སྐོར་བ་བྱེད་པ་དེས། ཕན་ཡོན་ལྔ་ཡོངས་སུ་གཟུང་བར་འགྱུར་ཏེ། དྲན་པ་དང་ལྡན་པར་འགྱུར་བ་དང་། རྟོགས་པ་དང་ལྡན་པར་འགྱུར་བ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པར་འགྱུར་བ་དང་། མྱུར་དུ་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་བ་དང་། མཐོང་ནས་ཀྱང་དད་པ་སྐྱེད་པར་འགྱུར་བ་སྟེ་ཕན་ཡོན་ལྔ་པོ་དག་ཡོངས་སུ་གཟུང་བར་འགྱུར་རོ། །དེ་ཆོས་བཞི་དང་ལྡན་པར་འགྱུར་ཏེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པའི་བསྟན་པ་འཛིན་པ་དང་། དེ་ཡང་ཇི་སྐད་བསྟན་པ་བཞིན་དུ་བསྒྲུབས་པ་དང་། བསྒྲུབས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་འགྱུར་བ་དང་། མྱུར་དུ་སངས་རྒྱས་ཀྱི་ཞིང་དག་པར་སྐྱེ་བར་འགྱུར་བ་སྟེ། ཆོས་བཞི་པོ་དེ་དག་གོ །བློ་གྲོས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བདུད་དམ་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་མི་བ རྫི་བར་འགྱུར་ཏེ། བཞི་གང་ཞེ་ན། རིགས་མཐོ་ཞིང་ཆེ་བ་དང་། བཙས་མ་ཐག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡིད་ལ་བྱེད་པ་དང་། ཕྱི་མའི་དུས་ན་དམ་པའི་ཆོས་འཛིན་པ་དང་། རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབ་པར་འགྱུར་བ་སྟེ་ཆོས་བཞི་པོ་དེ་དག་དང་ལྡན་ན་བདུད་དམ་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་མི་བརྫི་བར་འགྱུར་རོ། །ཞེས་སོགས་སྐུ་གཟུགས་དང་མཆོད་རྟེན་ལ་སོགས་པ་བཞེངས་པ་དང་ཕྱག་དང་མཆོད་པའི་རིགས་རྣམས་དང་། དམ་པའི་ཆོས་འཛིན་པ་སོགས་ཀྱི་ཕན་ཡོན་གྱི་བསྔགས་པ་རྒྱ་ཆེར་གསུངས་པས་མདོ་དེ་ཉིད་དུ་བལྟ་བར་བྱ་ཞིང་། གཞན་ཡང་མཆོད་རྟེན་བསྐོར་པའི་ཚིགས་བཅད་དང་། གསལ་རྒྱལ་གྱི་ཚིགས་སུ་བཅད་པ་སོགས་ལས་ཀྱང་རྒྱ་ཆེར་བསྟན་ཅིང་ཅུང་ཟད་ཙམ་ནི་ཡིད་ཆེས་ལུང་གི་ཉི་མར་བྲིས་ཟིན་པས་འདིར་མ་སྨོས་སོ། །། །

འཕགས་པ་སྦྱིིན་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས།

༈ གཞན་ཡང་འཕགས་པ་སྦྱིིན་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་་ཆེན་པོ་མི་ཡི་དབང་པོ་གཙུག་གི་ནོར་བུས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དང་སེམས་བསྐྱེད་པས་གང་ལ་མངོན་པར་བརྩོན་པར་བགྱི་ལགས། བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་པས་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་མངོན་པར་བརྩོན་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྲོག་གཅོད་པ་སྤོང་བ་ནས། ལོག་པར་ལྟ་བའི་བར་དག་སྤངས་པ་ཡིན་ནོ། །དེ་ལ་སྲོག་གཅོད་པ་སྤངས་པ་ནི་འདི་སྙམ་དུ་སེམས་ཏེ། སྲོག་ཅེས་བྱ་བ་ནི་ཐ་ན་སྲོག་ཆགས་གྲོགས་སྦུར་ཡན་ཆད་ལ་ཡང་སྡུག་ཅིང་ཕངས་ལ་དགའ་ཞིང་ཡིད་དུ་འོང་བ་ཡིན་ཏེ། བདག་ལ་ཡང་སྲོག་འདི་སྡུག་ཅིང་ཕངས་ལ་དགའ་ཞིང་ཡིད་དུ་འོང་བ་ཡིན་གྱི་སུ་ཡང་བདག་གསོད་པའམ། གསོད་དུ་འཇུག་པའམ། བསད་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག བདག་གིས་ཀྱང་སུ་ལ་ཡང་གསད་པར་མི་བྱ། གསོད་དུ་གཞུག་པར་མི་བྱ། བསད་པ་ལ་རྗེས་སུ་ཡི་རང་བར་མི་བྱའོ་སྙམ་མོ། །དེ་ལྟ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲོག་གཅོད་སྤངས་པ་ཡིན་ནོ། །མངལ་ན་གནས་པ་ཡན་ཆད་ཀྱང་། །ཀུན་ལ་སྲོག་ནི་སྡུག་པའི་ཕྱིར། །བདག་གི་སྲོག་ཕངས་གང་ཡིན་པ། །དེ་ནི་སྲོག་ཆགས་གསོད་མི་བྱེད། །དེ་བཞིན་དུ་མ་བྱིན་པ་ལེན་པ་སྤངས་པ་ནི། ནོར་ཞེས་བྱ་བ་ནི་ཐ་ན་རིགས་ངན་དང་གཡུང་པོ་ཡན་ཆད་ལའང་སྡུག་ཅིང་ཕངས་པ་ཡིན་པས། སུ་ཡང་བདག་ལ་འཕྲོག་པ་དང་། འཕྲོག་ཏུ་འཇུག་པ་དང་། ཕྲོགས་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག བདག་གིས་ཀྱང་སུ་ལའང་འཕྲོོག་པར་མི་བྱ། འཕྲོག་ཏུ་གཞུག་པར་མི་བྱ། ཕྲོགས་པ་ལ་རྗེས་སུ་ཡི་རང་བར་མི་བྱའོ་སྙམ་པའོ། །ཤིང་དང་བོང་བ་ཡན་ཆད་ལ། །གཞན་གྱིས་བོར་བར་གྱུར་པ་ཡང་། །གང་ལ་ཕ་ཡི་ནོར་སྡུག་པ། །དེ་ནི་ནོར་ལ་འཕྲོག་མི་བྱེད། །འདོད་པས་ལོག་པར་གཡེམ་པ་སྤངས་པ་ནི། ཆུང་མ་ཞེས་བྱ་བ་ནི་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་རྣམས་ལ་ཡང་སྡུག་ཅིང་ཕངས་པ་ཡིན་ཏེ་སུ་ཡང་བདག་ལ་འཕྲོག་པའམ་འཕྲོག་ཏུ་འཇུག་པའམ། ཕྲོགས་པ་ལ་རྗེས་སུ་ཡིི་རང་བའམ། ནན་གྱིས་མནན་ཏེ་དགའ་མགུར་ཡོངས་སུ་ལོངས་སྤྱོད་པར་མ་གྱུར་ཅིག བདག་གིས་ཀྱང་སུ་ལ་ཡང་དབྲོག་པར་མི་བྱ་བ་ནས། དགའ་མགུར་ལོངས་སྤྱོད་པར་མི་བྱའོ་སྙམ་པའོ། །བྲན་མོར་གྱུར་པ་ཡན་ཆད་ཀྱང་། །གཞན་གྱི་བཞག་པར་གྱུར་པ་ལ། །གང་ལ་རང་གི་ཆུང་མ་སྡུག ། དེ་ནི་ཆུང་མ་འཕྲོག་མི་བྱེད། །བརྫུན་དུ་སྨྲ་བ་སྤངས་པ་ནི། །བདེན་པ་ཞེས་བྱ་བ་དེ་ནི་ཐ་ན་གནོད་སྦྱིན་དང་འབྱུང་པོ་དང་ཤ་ཟ་རྣམས་ལའང་སྡུག་ཅིང་ཕངས་ལ་དགའ་ཞིང་ཡིད་དུ་འོང་བ་ཡིན་ཏེ། བདག་ལའང་སྡུག་ཅིང་ཕངས་པས་བདག་ལ་རྫུན་སྨྲ་བས་སུན་འབྱིན་པའམ། སུན་འབྱིན་དུ་འཇུག་པའམ། སུན་ཕྱུང་བ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག བདག་གིས་ཀྱང་སུ་ལའང་བརྫུན་དུ་སྨྲ་བས་སུན་དབྱུང་བར་མི་བྱ་བ་ནས། རྗེས་སུ་ཡི་རང་བར་མི་བྱའོ་སྙམ་པའོ། །གནོད་སྦྱིན་འབྱུང་པོ་ཡན་ཆད་ཀྱང་། །གང་ལ་བདེན་པར་སྨྲ་བ་སྡུག ། ཤེས་རབ་ཅན་དེ་བརྫུན་ཚིག་གིས། །ལུས་ཅན་ཀུན་ལ་སུན་མི་འབྱིན། །ཕྲ་མའི་ཚིག་སྤངས་པ་ནི། ཕྲ་མ་ནི་ཐ་ན་གང་ཟག་ཕྲ་མ་ཅན་རྣམས་ལའང་ཡིད་མི་སྡུག་ཅིང་མི་འདོད་ལ་མི་དགའ་ཞིང་ཡིད་དུ་མི་འོང་བ་ཡིན་ཏེ་བདག་ལའང་ཡིད་དུ་མི་འོང་བ་ཡིན་གྱིས། སུ་ཡང་བདག་ལ་ཕྲ་མ་ཟེར་བས་གླེང་བའམ། གླེང་དུ་འཇུག་པའམ། གླེང་བ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག བདག་གིས་ཀྱང་སུ་ལའང་ཕྲ་མ་ཟེར་བས་གླེང་བར་མི་བྱ་བ་ནས། ཡི་རང་བར་མི་བྱའོ་སྙམ་པའོ། །ངག་རྩུབ་མོ་སྨྲ་བ་སྤངས་པ་ནི། ངག་རྩུབ་པོ་ཞེས་བྱ་བ་འདི་ནི་ཐ་ན་གང་ཟག་ངག་རྩུབ་པོ་དང་ལྡན་པ་རྣམས་ལ་ཡང་མི་སྡུག་ཅིང་ཡིད་དུ་མི་འོང་བ་ཡིན་ཏེ། བདག་ལའང་ཡིད་དུ་མི་འོང་བ་ཡིན་གྱིས། སུ་ཡང་བདག་ལ་ངག་རྩུབ་པོ་སྨྲ་བ་དང་། གཏུམ་པོའི་ཚིག་དང་། བརླང་པོའི་ཚིག་དང་། མི་བདེན་པའི་ཚིག་གིས་ཐོ་འཚམ་པའམ། ཐོ་འཚམ་དུ་འཇུག་པའམ། ཐོ་འཚམ་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག བདག་གི་ཀྱང་སུ་ལ་ཡང་ངག་རྩུབ་པོ་སྨྲ་བ་ནས། ཡི་རང་བར་མི་བྱའོ་སྙམ་པའོ། །གང་དག་སུ་ཡང་རུང་བ་ལ། །ཕྲ་མ་ངག་རྩུབ་མི་སྡུག་པ། །དེ་ནི་ཕྲ་མ་མི་ཟེར་ཏེ། །རྩུབ་པའི་ཚིག་ཀྱང་སྲུང་བར་བྱེད། །ཚིག་ཀྱལ་པ་སྤངས་པ་ནི། ཚིག་ཀྱལ་པ་ཞེས་བྱ་བ་ནི་ཐ་ན་གང་ཟག་ཚིག་ཀྱལ་པ་ཅན་དག་ལ་ཡང་མི་སྡུག་ཅིང་ཡིད་དུ་མི་འོང་བ་ཡིན་ཏེ། བདག་ལའང་ཡིད་དུ་མི་འོང་བས། སུ་ཡང་བདག་ལ་ཚིག་ཀྱལ་པ་སྨྲས་པས་དྲན་པར་བྱེད་པའམ། དྲན་པར་བྱེད་དུ་འཇུག་པའམ། དྲན་པར་བྱས་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག བདག་གིས་ཀྱང་སུ་ལ་ཡང་ཚིག་ཀྱལ་པ་སྨྲ་བས་དྲན་པར་མི་བྱ་བ་ནས། ཡི་རང་བར་མི་བྱ་སྙམ་པའོ། །བརྣབ་སེམས་སྤངས་པ་ནི། བརྣབ་སེམས་ནི་ཐ་ན་གང་ཟག་བ རྣབ་སེམས་ཅན་རྣམས་ལ་ཡང་མི་སྡུག་ཅིང་ཡིད་དུ་མི་འོང་བ་ཡིན་ཏེ། བདག་ལ་ཡང་མི་འདོད་པས་སུ་ཡང་བདག་ལ་བརྣབ་སེམས་ཀྱི་ཚིག་གིས་བརྗོད་པའམ། རྗོད་དུ་འཇུག་པའམ། བརྗོད་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག བདག་གིས་ཀྱང་སུ་ལའང་བརྣབ་སེམས་ཀྱི་ཚིག་བརྗོད་པར་མི་བྱ་བ་ནས། ཡི་རང་བ་མི་བྱའོ་སྙམ་པ་སྟེ། ཀྱལ་པའི་ཚིག་དང་བརྣབ་སེམས་གཉིས། །གང་ཞིག་བདག་ཉིད་མི་འདོད་པ། །དེ་ནི་ཀྱལ་པའི་ཚིག་མི་སྨྲ། །བརྣབ་སེམས་ཀྱང་ནི་སྲུང་བར་བྱེད། །གནོད་སེམས་སྤངས་པ་ནི། གནོད་སེམས་ནི་ཐ་ན་གང་ཟག་གནོད་སེམས་སུ་གྱུར་པའི་སེམས་དང་ལྡན་པ་རྣམས་ལའང་མི་སྡུག་ཅིང་མི་འདོད་ལ་ཡིད་དུ་མི་འོང་བ་ཡིན་ཏེ། བདག་ལའང་མི་འདོད་ཅིང་ཡིད་དུ་མི་འོང་བས། སུ་ཡང་བདག་ལ་གནོད་སེམས་ཀྱི་ཚིག་གིས་འཆད་པའམ། འཆད་དུ་འཇུག་པའམ། བཤད་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག བདག་གིས་ཀྱང་སུ་ལའང་གནོད་སེམས་ཀྱི་ཚིག་གིས་བཤད་པར་མི་བྱ་བ་ནས་རྗེས་སུ་ཡི་རང་བར་མི་བྱའོ་སྙམ་པའོ། །ལོག་པར་ལྟ་བ་སྤངས་པ་ནི། བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ལོག་པར་ལྟ་བ་ཞེས་བྱ་བ་ནི་ཐ་ན་གང་ཟག་ལོག་པར་ཞུགས་པ་རྣམས་ལ་ཡང་མི་སྡུག་ཅིང་། མི་འདོད་ལ་མི་དགའ་ཞིང་ཡིད་དུ་མི་འོང་བ་ཡིན་ཏེ། བདག་ལ་ཡང་ལོག་ལྟ་འདི་མི་སྡུག་ཅིང་མི་འདོད་ལ་མི་དགའ་ཞིང་ཡིད་དུ་མི་འོང་བ་ཡིན་གྱིས། སུ་ཡང་བདག་ལ་ལོག་པར་ལྟ་བའི་ཚིག་གིས་སྟོན་པའམ། སྟོན་དུ་འཇུག་པའམ། བསྟན་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག བདག་གིས་ཀྱང་སུ་ལའང་ལོག་པར་ལྟ་བའི་ཚིག་གིས་བསྟན་པར་མི་བྱ། སྟོན་དུ་གཞུག་པར་མི་བྱ། བསྟན་པ་ལ་རྗེས་སུ་ཡི་རང་བར་མི་བྱའོ་སྙམ་མོ། །དེ་ལྟ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལོག་པར་ལྟ་བ་སྤངས་པ་ཡིན་ནོ། །གནོད་སེམས་ལོག་པར་ལྟ་བ་གཉིས། །ཡོང་གིས་མི་འདོད་གང་ཡིན་པ། །དེ་ནི་གནོད་སེམས་མི་བྱེད་དེ། །གང་ལའང་ལོག་པར་མི་འཇུག་{འདུག} གོ །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བ་བཅུའི་ལས་ཀྱིས་ལམ་འདི་དག་ཏུ་བརྩོན་པར་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་པས་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་མངོན་པར་བརྩོན་པར་བྱའོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་ཇི་ལྟར་བརྩོན་པར་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པ་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་སྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་གཏན་ལ་བསམ་གཏན་དུ་བྱེད། ཤེས་རབ་འབར་བར་བྱེད། ཐབས་ལ་མཁས་པར་བྱེད། སྨོན་ལམ་འདེབས་པར་བྱེད། སྟོབས་ལ་འཇུག་པར་བྱེད། ཡེ་ཤེས་ལ་འཇུག་པར་བྱེད་དོ། །དེ་ལ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་ཇི་ལྟར་བརྩོན་པར་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་ནི། ཟས་དང་། སྐོམ་དང་། བཞོན་པ་དང་། གོས་དང་། རྒྱན་སོགས་ནས་རྐང་སྦྱིན་པའི་བར་ལ་མངོན་པར་བརྩོན་པར་བྱེད་དོ། །དེ་ལ་ཟས་སྦྱིན་པས་ནི། ཚེ་དང་། ཁ་དོག་དང་། སྟོབས་དང་། བདེ་བ་སྦྱིན་པར་འགྱུར་ཏེ། ཁ་ཟས་སྦྱིན་པ་བྱིན་ན་ནི། །དེས་ན་ཚེ་དང་ཁ་དོག་དང་། །སྟོབས་དང་བདེ་བ་ལྔ་པ་སྤོབས། །ཤེས་རབ་ཅན་གྱིས་བྱིན་པ་ཡིན། །ཁ་ཟས་བྱིན་པས་དགའ་བ་དང་། །ཚེ་རིང་སྟོབས་ལྡན་བདེ་སྐྱིད་འགྱུར། །སྐྱིད་ཅིང་བརྟེན་པ་དེ་དག་ནི། །ཐོགས་མེད་སྤོབས་དང་ལྡན་པར་འགྱུར། །ཕྱུག་ཅིང་ནོར་མང་དཔལ་དང་ལྡན། །མི་ནི་དེས་ཤིང་བློ་ལྡན་ལ། །བསོད་ནམས་ལྡན་ཞིང་མཁས་ལ་ཞི། །ཁ་ཟས་བྱིན་པས་དེ་ལྟར་འགྱུར། །བྱང་ཆུབ་སེམས་དཔའ་སྐོམ་སྦྱིན་པ་ན། སངས་རྒྱས་ཀྱིས་བསྔགས་པའི་སྨོན་ལམ་བཞིན་དུ་སྐོམ་གྱིས་སྦྱིན་པ་འདིས་ནི། བདག་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྲིད་པའི་རྒྱ་མཚོ་ཐམས་ཅད་སྐེམ་པར་བྱེད་པར་གྱུར་ཅིག རྣམ་པར་གྲོལ་བའི་རོའི་སྐོམ་གྱིས་ཀྱང་ཚིམ་པར་བྱེད་པར་གྱུར་ཅིག ཅེས་སྨོན་ལམ་འདེབས་པར་བྱ་ཞིང་། རྒ་ཤིའི་ཆུ་སྲིན་གྱིས་དཀྲུགས་པའི། །ཉོན་མོངས་སྲེད་པའི་མཚོ་སྐེམ་ནས། །རྣམ་གྲོལ་རོ་ཡི་སྐོམ་གྱིས་ནི། །མི་རྣམས་བདག་གིས་ཚིམ་པར་བྱ། །སྐོམ་བྱིན་པ་ནི་མཁས་པ་དེ། །ཀུན་ཏུ་འབར་ཞིང་རབ་འབར་བའི། །ཡི་དྭགས་ཉམས་པར་མི་སྐྱེ་ཞིང་། །སྐོམ་པའི་གནོད་པ་འབྱུང་མི་འགྱུར། །དེ་བཞིན་དུ་ཤིང་རྟའམ་ཁྱོགས་སམ་རྟའམ་གླང་པོ་ཆེ་སོགས་བཞོན་པ་དང་། ལྷ མ་སྦྱིན་པར་བྱེད་ན། བཞོན་པ་སྦྱིན་པ་འདིས་བདག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་དང་། རྫུ་འཕྲུལ་གྱི་གཞི་སྡུད་པར་གྱུར་ཅིག ཅེས་དང་། བཞོན་པ་ཤིང་རྟ་བྱིན་པ་ཡིས། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས། །ཐེག་པ་ཆེན་པོ་ཐོབ་གྱུར་ཅིག ། རྫུ་འཕྲུལ་རྐང་པ་ཐོབ་པར་ཤོག ། བཞོན་པ་བྱིན་པས་དྲང་སྲོང་ཆེ། །སངས་རྒྱས་ཞིང་ནས་ཞིང་དག་ཏུ། །བློ་ལྡན་བྱ་ཡི་ཤུགས་འདྲ་བར། །རྫུ་འཕྲུལ་གྱིས་ནི་མཁའ་ལ་འགྲོ། །ཞེས་དང་། གོས་སྦྱིན་པ་ན་གོས་ཀྱི་སྦྱིན་པ་འདིས་བདག་སེམས་ཅན་ཐམས་ཅད་ཀྱི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མདོག་ཡོངས་སུ་དག་པར་བྱེད་པར་གྱུར་ཅིག གོས་ཀྱི་སྦྱིན་པ་འདིས་ནི་བདག ། སེམས་ཅན་ཀུན་གྱི་ངོ་ཚ་ཤེས། །ཁྲེལ་ཡོད་པ་ནི་སྦྱོང་བ་དང་། །མདོག་ཀྱང་དག་པར་བྱེད་གྱུར་ཅིགགོས་སྦྱིན་ཤིན་ཏུ་དཔལ་དང་ལྡན། །རྟག་ཏུ་རིགས་ལྡན་གཟུགས་བཟང་ཞིང་། །མི་དེ་ངོ་ཚ་ཤེས་པར་འགྱུར། །མི་ནི་གྲགས་དང་སྐལ་དང་ལྡན། །ཞེས་དང་། རྒྱན་གྱི་རིགས་སྦྱིན་ན། རྒྱན་སྦྱིན་པ་འདིས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་ལུས་མཚན་དང་དཔེ་བྱད་བཟང་པོ་དག་གིས་བརྒྱན་པ་མཐོང་བར་གྱུར་ཅིག གསེར་གྱི་རྒྱན་ནི་བྱིན་པ་ཡིས། །མཚན་རྣམས་ཀྱིས་ནི་བརྒྱན་པ་ཡི། །སེམས་ཅན་ཐམས་ཅད་མཐོང་གྱུར་ཅིང་། །བདག་ཀྱང་བྱང་ཆུབ་འཚོལ་བར་ཤོག ། ནོར་བུ་མུ་ཏིག་བྱིན་པ་ཡིས། །གང་དང་གང་དུ་དེ་སྐྱེ་བ། །སྐྱེ་གནས་དེ་དང་དེ་དག་ཏུ། །རིན་ཆེན་ཆར་ནི་འབབ་པར་འགྱུར། །ཞེས་དང་། མར་མེ་སྦྱིན་ན། བདག་སེམས་ཅན་ཐམས་ཅད་ཀྱི་ལྷའི་མིག་ཡོངས་སུ་དག་པར་འགྱུར་བའི་དོན་བྱེད་པར་གྱུར་ཅིག ཀུན་མཁྱེན་ཡེ་ཤེས་འགྱུར་བ་ཡི། །མར་མེ་སྦྱིན་པ་དེས་ན་བདག ། སེམས་ཅན་ཀུན་གྱི་ལྷ་ཡི་མིག ། རྣམ་པར་དག་པར་བྱེད་གྱུར་ཅིག ། མི་དེ་མར་མེ་བྱིན་པ་ཡིས། །འཇིག་རྟེན་དག་ན་དུས་ཀུན་ཏུ། །སངས་རྒྱས་རྣམས་ཀྱི་སྤྱན་ལྔ་དང་། །རིམ་གྱིས་སུ་ནི་ལྡན་པར་འགྱུར། །ཞེས་དང་། རོལ་མོའི་སྒྲ་སྦྱིན་ན། རོལ་མོའི་སྒྲའི་སྦྱིན་པ་འདིས་བདག་སེམས་ཅན་ཐམས་ཅད་ཀྱི་ལྷའི་རྣ་བ་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག རོལ་མོའི་སྒྲ་བྱིན་དེས་ན་བདག ། སེམས་ཅན་ཀུན་ལ་ལྷ་རྣ་དང་། །སངས་རྒྱས་བྱང་ཆུབ་འགྲོོ་ཕན་པ། །རབ་ཏུ་རྫོགས་པར་བྱེད་གྱུར་ཅིག ། རོལ་མོ་སྒྲ་ནི་བྱིན་པས་ན། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །དཔའ་བོ་རྣམས་ཀྱི་ལྷ་ཡི་སྙན། །གང་དུ་སྐྱེས་པ་དེ་ཡིས་འཐོབ། །ཅེས་དང་། སྤོས་དང་བྱུག་པ་སོགས་སྦྱིན་ན། སྤོས་དང་ཕྱེ་མ་དང་བྱུག་པའི་སྦྱིན་པ་འདིས། བདག་གིས་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་དང་། ཐོས་པ་དང་། ཏིང་ངེ་འཛིན་གྱི་སྤོས་ཀྱི ས་བྱུགས་པར་གྱུར་ཅིག ། སྤོས་དང་ཕྱེ་མ་བྱིན་པ་དང་། །བྱུག་པ་དག་ནི་བྱིན་པ་ཡིས། །ཚུལ་ཁྲིམས་ཐོས་དང་ཏིང་ངེ་འཛིན། །ལུས་ཅན་རྣམས་ཀྱིས་ཐོབ་གྱུར་ཅིག ། སྤོས་དང་ཕྱེ་མ་བྱིན་པ་དང་། །བྱུག་པ་བྱིན་པས་སྐྱོབ་རྣམས་ཀྱི། །ལྷ་ཡི་ཤངས་དང་ལྷ་ཡི་སྐུ། །སྐྱོན་མེད་དེ་ཡིས་ཐོབ་པར་འགྱུར། །ཞེས་དང་། མེ་ཏོག་དང་མེ་ཏོག་གི་ཕྲེང་བ་སྦྱིན་ན། མེ་ཏོག་དང་མེ་ཏོག་གི་ཕྲེང་བའི་སྦྱིན་པ་འདིས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་ལུས་གཟུངས་དང་། སྤོབས་པ་དང་། བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེའི་མེ་ཏོག་གིས་བརྒྱན་པར་བྱེད་པར་གྱུར་ཅིག མེ་ཏོག་མེ་ཏོག་ཕྲེང་བྱིན་པས། །མྱུར་བར་རྣམ་པ་ཐམས་ཅད་དུ། །བྱང་ཆུབ་ཡན་ལག་མེ་ཏོག་གིས། །ལུས་ཅན་ཀུན་ལ་བརྒྱན་པར་ཤོག ། མེ་ཏོག་མེ་ཏོག་ཕྲེང་བྱིན་པས། །གང་དང་གང་དུ་སྐྱེས་པ་དེར། །རྒྱལ་པོ་བློན་པོ་ཞང་བློན་གྱིས། རྟག་ཏུ་མཆོད་ཅིང་རིམ་གྲོ་བྱེད། །ཅེས་དང་། ཤིང་ཏོག་དང་བུར་སྦྲང་མར་དང་ལན་ཚྭ་སོགས་ཀྱི་རོ་བྲོ་བ་སྦྱིན་ན། རོའི་སྦྱིན་པ་འདིས་བདག་གིས་སེམས་ཅན་ཐམས་ཅད་ལ་རོ་བྲོ་བའི་མཆོག་ཏུ་འགྱུར་བའི་སྐྱེས་བུ་ཆེན་པོའི་མཚན་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག རོ་ཡི་སྦྱིན་པས་སེམས་ཅན་ཀུན། །ཀུན་མཁྱེན་རོ་ཡི་སྙིང་པོ་ཡིས། །རྫོགས་སངས་རྒྱས་པའི་བྱང་ཆུབ་ཀྱི། །སྤྱོད་པ་ཡོངས་སུ་རྫོགས་གྱུར་ཅིག ། རོ་ཡི་སྦྱིན་པས་ཡིད་གཞུངས་ཤིང་། །དྲན་ལྡན་བློ་གྲོས་རྒྱ་མཚོ་བཞིན། །དེས་ནི་རོ་ཡི་རྣམ་གྲངས་ཐོབ། །ལྷུན་གྱིས་གྲུབ་པར་ལོངས་སྤྱོད་ལྡན། །ཞེས་དང་། གནས་ཁང་སོགས་སྦྱིན་ན། གནས་ཀྱི་སྦྱིན་པ་འདིས་བདག་སེམས་ཅན་ཐམས་ཅད་ཀྱི་གནས་དང་སྐྱོ བ་པ་དང་། གླིང་དང་། སྐྱབས་དང་དཔུང་གཉེན་དུ་གྱུར་ཅིག ། གཞལ་མེད་ཁང་གནས་སྦྱིན་པ་ཡིས། །བདག་ནི་འཛམ་བུ་གླིང་དག་ཏུ། །ལུས་ཅན་ཀུན་གྱི་སྐྱོབ་དང་གླིང་། །སྐྱབས་དང་དཔུང་གཉེན་འགྱུར་བར་ཤོག ། གཞལ་མེད་ཁང་གནས་སྦྱིན་པ་ཡིས། །གང་དང་གང་དུ་སྐྱེས་པ་ན། །ཁྱིམ་དང་གནས་དང་ཡུལ་འཁོར་གྱི། །བདག་པོ་དང་ནི་གཙོ་བོར་འགྱུར། །ཞེས་དང་། མལ་དང་སྔས་སྦྱིན་ན། མལ་དང་སྔས་ཀྱི་སྦྱིན་པ་འདིས། བདག་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་གཏན་སྤངས་པའི་འཕགས་པ་དང་། ལྷའི་ཚངས་པའི་གནས་དེ་བཞིན་གཤེགས་པའི་གཟིམས་མལ་དང་འཕངས་སྦྱིན་པར་གྱུར་ཅིག མལ་དང་སྔས་རྣམས་བྱིན་པས་བདག་ལ་ནི། །བསོད་ནམས་ཚོགས་ནི་ཅུང་ཟད་ཅི་ཡོད་པ། །དེས་ནི་བདག་གིས་སྐྱེ་བོའི་སྒྲིབ་པ་དག ། སྡིག་པའི་བློ་གྲོས་ངན་པ་འཇོམས་པར་ཤོག ། ལུས་ཅན་རྣམས་ཀྱི་ལྟ་བ་ངན་པ་ཡི། །དྲྭ་བ་ཤེས་རབ་མཚོན་གྱིས་གཅོད་པར་ཤོག ། བདེ་བར་གཤེགས་པ་རྣམས་ལ་འོས་པ་ཡི། །མལ་མཆོག་ཚངས་གནས་བསྟན་པ་སྦྱིན་པར་ཤོག ། མལ་དང་སྔས་རྣམས་སྦྱིན་པར་བྱེད་པའི་མི། །བསྟན་བཅོས་དག་ལ་མཁས་པར་སྐྱེ་བར་འགྱུར། །ཞི་གནས་ཐོབ་ཅིང་རྒྱ་ཆེར་བྱིན་པ་དང་། །པདྨ་ལས་བྱུང་གཟི་ཅན་གཞོན་ནུར་འགྱུར། །ཞེས་དང་། ཁྲི་སྟན་སོགས་སྦྱིན་ན། སྟན་གྱི་སྦྱིན་པ་འདིས་བདག་གིས་སེམས་ཅན་ཐམས་ཅད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ས་གཞི་ལ། བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཐོབ་པ་བྱེད་པར་གྱུར་ཅིག སྟན་གྱི་སྦྱིན་པ་འདི་ཡིས་ནི། །བྱང་ཆུབ་སྙིང་པོའི་རྡོ་རྗེའི་གདན། །བཟང་ཞིང་སྲ་ལ་བརྟན་པ་དག ། ལུས་ཅན་ཀུན་ལ་འབྱུང་བར་ཤོག ། སྣ་ཚོགས་རིན་ཆེན་བདུན་ལས་བྱས། །འཕང་དུ་དཔག་ཚད་གཉིས་ཡོད་ལ། །ཁོ་ར་ཁོར་ཡུག་དཔག་ཚད་གཅིག ། རི་རབ་བཞིན་དུ་སྦ་བ་དང་། །རིན་ཆེན་ལྗོན་ཤིང་བརྒྱས་བསྐོར་ཅིང་། །གཞལ་མེད་ཁང་གིས་ལེགས་པར་བརྒྱན། །དྲིལ་བུ་གཡེར་ཀའི་དྲྭ་བས་བཀབ། །ནོར་བུ་རིན་ཆེན་སྤྲས་གསལ་བ། །ཚངས་པ་མཚུངས་པར་སྤྱོད་རྣམས་ལ། །ཁྲིའུ་དང་སྟན་དང་སྟེགས་བྱིན་པས། །འཁོར་བ་དག་ན་འཁོར་བའི་ཚེ། །དེ་འདྲའི་སྟན་ནི་ཐོབ་པར་འགྱུར། །ཞེས་དང་། མཁོ་བའི་ཡོ་བྱད་དག་སྦྱིན་ན། ཡོ་བྱད་བྱིན་པ་འདིས་བདག་སེམས་ཅན་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཡོ་བྱད་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག ཡོ་བྱད་ཡོངས་སུ་བཏང་བ་དེས། །བདག་གིས་ཀྱང་ནི་ལུས་ཅན་གྱིས། །བྱང་ཆུབ་ཡོ་བྱད་བཙལ་བ་དག ། ཡོངས་སུ་རྫོགས་པར་བྱེད་གྱུར་ཅིག ། ཡོ་བྱད་རབ་ཏུ་བྱིན་པ་ཡིས། །གང་དང་གང་དུ་སྐྱེས་པ་དེར། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཡན་ལག་ཐམས་ཅད་རྫོགས་པར་འགྱུར། །ཞེས་དང་། སྨན་སྦྱིན་ན། སྨན་བྱིན་པ་འདིས་བདག་སེམས་ཅན་ཐམས་ཅད་ཀྱི་རྒ་བ་དང་འཆི་བ་མེད་པའི་བདུད་རྩིའི་བདེ་བ་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག རྩི་དང་སྨན་གྱི་སྦྱིན་པ་ཡིས། །སེམས་ཅན་ཐམས་ཅད་ཚེ་དཔག་མེད། །ཐམས་ཅད་མཁྱེན་པའི་བདུད་རྩི་ཡང་། །མྱུར་བ་ཉིད་དུ་ཐོབ་གྱུར་ཅིག ། རྩི་དང་སྨན་གྱི་སྦྱིན་པ་ཡིས། །ཟླ་བ་ཉ་ལྟར་ནད་མེད་ཅིང་། །གནོད་ཆུང་སྐྱིད་ཅིང་བདེ་བར་གནས། །མི་རྣམས་ཚེ་ནི་རིང་བར་འགྱུར། །ཞེས་དང་། བྲན་སོགས་སྦྱིན་ན། བྲན་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་ཡོངས་སུ་གཏོང་བའི་སྦྱིན་པ་འདིས། བདག་སེམས་ཅན་ཐམས་ཅད་ཀྱི་རང་དགའ་དང་རང་དབང་དང་རང་བྱུང་གི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག བྲན་དང་བྲན་མོ་བཏང་བ་ཡིས། །མདོར་ན་ལུས་ཅན་ཐམས་ཅད་ཀྱིས། །རང་བྱུང་གི་ནི་ཡེ་ཤེས་ཀྱི། །སྙིང་པོ་ཡོངས་སུ་རྫོགས་གྱུར་ཅིག ། བྲན་དང་བྲན་མོ་བཏང་བ་ཡིས། །མི་ནི་བྲན་དུ་མི་སྐྱེ་ཞིང་། །བརྟན་པོ་རང་དབང་ཡོད་པས་འཚོ། །ཞུམ་པ་མེད་ཅིང་འཇིགས་པ་མེད། །ཅེས་དང་། གསེར་དངུལ་སོགས་སྦྱིན་ན། གསེར་དང་དངུལ་དང་ནོར་བུ་དང་མུ་ཏིག་དང་། བཻཌཱུ ཪྱ་དང་། དུང་དང་། མན་ཤེལ་དང་། བྱེ་རུ་དང་། རིན་པོ་ཆེ་ཐམས་ཅད་བྱིན་པ་དེས། བདག་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་མཐའ་ཡས་མུ་མེད་པ་དག་ཏུ་འོད་ཟེར་སྔོན་པོ་དང་སེར་པོ་དང་དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུས་སྣང་བར་བྱེད་པར་གྱུར་ཅིག རིན་ཆེན་བྱིན་པ་དེས་ན་བདག ། འོད་ཟེར་སྣ་ཚོགས་སྣང་བ་ཡིས། །སངས་རྒྱས་དྲང་སྲོང་ཆེ་རྣམས་ཀྱི། །ཞིང་རྣམས་ཐམས་ཅད་སྣང་བྱེད་ཤོག ། རིན་ཆེན་སྣ་ཚོགས་བྱིན་པ་ཡིས། །ངེས་པ་གང་དང་གར་སྐྱེས་པ། །འཇིག་རྟེན་མཚན་མོ་ཡན་ཆད་དུ། །དེས་ནི་འོད་ཟེར་སྣང་བར་བྱེད། །ཅེས་དང་། རྟ་གླང་སྦྱིན་ན། རྟ་དང་གླང་པོ་ཆེ་དང་། ཤིང་རྟའི་བཞོན་པ་ཡོངས་སུ་གཏོང་བའི་སྦྱིན་པ་འདིས། བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་དང་། ཐེག་པ་མཆོག་དང་ཐེག་པ་མི་མཉམ་པ་དང་མཉམ་པ་དང་། སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པ་གཙོ་བོ་དམ་པར་རབ་མཆོག་གིས་སྡུད་པར་བྱེད་པར་གྱུར་ཅིག བདག་གིས་གླང་ཆེན་བྱིན་པ་ཡིས། །སངས་རྒྱས་ཐེག་པ་ཐེག་པ་ཆེ། །ཐེག་པ་མཆོག་གིས་ལུས་ཅན་རྣམས། །མྱུར་དུ་སྡུད་པར་བྱེད་པར་ཤོག ། གླང་ཆེན་བྱིན་ཞིང་རྟ་བྱིན་པས། །གསལ་ཞིང་མཁས་ལ་ཤེས་ཉན་ཅན། །ཐེག་པ་ཆེ་ལ་མོས་པ་དང་། །མི་དེ་སྐལ་བ་ཅན་དུ་འགྱུར། །ཞེས་དང་། སྐྱེད་ཚལ་སོགས་སྦྱིན་ན། སྐྱེད་མོས་ཀྱི་ཚལ་དང་། དཀའ་ཐུབ་ཀྱི་ནགས་ཚལ་དང་། གཙུག་ལག་ཁང་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་བདག་སེམས་ཅན་ཐམས་ཅད་ཀྱི་བསམ་གཏན་གྱི་ཡན་ལག་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག ལྷ་ཁང་སྐྱེད་མོས་ཚལ་བྱིན་པས། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །བསམ་གཏན་ཡན་ལག་རིམ་བཞིན་དུ། །ཡོངས་སུ་རྫོགས་པར་བྱེད་པར་ཤོག ། ལྷ་ཁང་སྐྱེད་མོས་ཚལ་བྱིན་པས། །རྣལ་འབྱོར་ཅན་གྱི་མི་དེ་ནི། །བསམ་གཏན་ཡན་ལག་ཡོངས་རྫོགས་ཤིང་། །རྣལ་འབྱོར་ཀུན་ལ་དཀའ་ཐུབ་ཆེ། །ཞེས་དང་། བུ་དང་ཆུང་མ་སོགས་བྱིན་ན། དེ་བཞིན་གཤེགས་པས་བསྙེན་བ ཀུར་མཛད་མཛད་པའི་སྨོན་ལམ་བཞིན་དུ་ཆུང་མ་དང་། བུ་དང་བུ་མོ་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་བདག་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱེད་པར་གྱུར་ཅིག བུ་ཡིས་སྦྱིན་པ་དེས་ན་མྱུར་བར་ཡང་། །སེམས་ཅན་རྣམས་ནི་རེ་རེའི་དོན་གྱི་ཕྱིར། །སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡི། །བྱང་ཆུབ་དམ་པ་འཚང་རྒྱ་བྱེད་པར་ཤོག ། ཆུང་མ་བུ་དང་བུ་མོ་གཏོང་བྱེད་པ། །དེ་ལ་བྱང་ཆུབ་ཟག་མེད་དཀའ་བ་མེད། །བརྩོན་འགྲུས་ལྡན་པའི་མི་ནི་གང་ལ་ཡང་། །དཀའ་བ་ཅི་ཡང་མེད་པར་བལྟ་བར་བྱ། འབྲུ་ནོར་དང་བང་མཛོད་སྦྱིན་ན། དེ་བཞིན་གཤེགས་པས་གསུངས་པའི་སྨོན་པ་བཞིན་དུ་ནོར་དང་འབྲུ་དང་བང་མཛོད་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ནི། བདག་སེམས་ཅན་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་མཛོད་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག ནོར་དང་དབྱིག་རྣམས་གཏོང་བའི་བསོད་ནམས་ནི། །མཁའ་ལས་ལྷག་པ་བདག་ལ་ཅི་ཡོད་པས། །མི་རྣམས་རྒྱུད་ནི་དམ་པའི་ཆོས་མཛོད་ཀྱིས། །རྒྱལ་པོའི་མཛོད་ལྟར་མྱུར་དུ་རྒྱས་གྱུར་ཅིག ། ནོར་དང་འབྲུ་དང་བང་མཛོད་བུད་མེད་རྣམས། །གཏོང་བའི་བསོད་ནམས་བདག་ལ་ཅི་ཡོད་པ། །དེས་ནི་བདག་གིས་བྱང་ཆུབ་མྱུར་ཐོབ་ཅིང་། །དམ་པའི་ཆོས་ཀྱི་མཛོད་ནི་ཐོབ་པར་ཤོག ། ཅེས་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་སོགས་སྦྱིན་ན། དེ་བཞིན་གཤེགས་པས་བསྟན་པའི་སྨོན་ལམ་བཞིན་དུ། གླིང་བཞི་དང་། འཛམ་བུའི་གླིང་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་སོགས་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་འདིས། བདག་སེམས་ཅན་ཐམས་ཅད་དམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་འཐོབ་པ་ཐོབ་པར་གྱུར་ཅིག གླིང་བཞི་རིལ་གྱིས་བཏང་བ་འདི་དག་ལས། །བདག་གིས་བསོད་ནམས་ཅུང་ཟད་ཅི་བསྒྲུབ་པ། །དེས་ནི་མི་རྣམས་འདི་དག་དམ་ཆོས་ཀྱི། །རྒྱལ་སྲིད་འཐོབ་པའི་མཐའ་ནི་ཐོབ་གྱུར་ཅིག ། འཛམ་བུ་གླིང་ནི་སྦྱིན་པ་ཡིས། །རིན་ཆེན་སྣ་བདུན་ལྡན་པ་ཡི། །རྒྱལ་པོ་གླང་བཞི་དབང་བྱེད་པ། །དབང་ཕྱུག་རྣམ་པར་རྒྱལ་བར་འགྱུར། །ཞེས་དང་། གཙུག་གི་ནོར་བུ་དང་ཅོད་པཎ་སྦྱིན་ན། གཙུག་གི་ནོར་བུ་དང་ཅོད་པཎ་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་བདག་སེམས་ཅན་ཐམས་ཅད་ཀྱི་སྤྱི་གཙུག་བལྟར་མི་མཐོང་བ་ཐོབ་པར་བྱེད་པར་གྱུར་ཅིག མགོ་བོའི་ནོར་བུའི་ཅོད་པཎ་བྱིན་པ་ཡི། །བསོད་ནམས་ཚོགས་ནི་བདག་ལ་ཅི་ཡོད་པ། །དེས་ནི་འདིར་ནི་སེམས་ཅན་ཐམས་ཅད་ཀྱི། །སྤྱི་གཙུག་བལྟར་མེད་རྟག་ཏུ་འཐོབ་གྱུར་ཅིག ། གཙུག་གི་ནོར་བུ་བྱིན་དེས་བདག ། ནྱ་གྲོ་ལྟ་བུར་ཆུ་ཞིང་གབ། །གསེར་དང་ནོར་བུ་བྱས་པ་ཡིས། །གཙུག་ཏོར་ཕུན་སུམ་ཚོགས་པར་ཤོག ། ཅེས་དང་། རང་གི་རྐང་པ་སྦྱིན་ན། དེ་བཞིན་གཤེགས་པས་བརྙེས་པའི་སྨོན་ལམ་བཞིན་དུ་རྐང་པ་སྦྱིན་པ་འདིས། མི་རྣམས་དང་སེམས་ཅན་ཐམས་ཅད་རྟག་ཏུ་མྱུར་བར་ཁྱིམ་ནས་མངོན་པར་བྱུང་ནས་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་གནོད་པ་ཞི་བར་བྱ་བའི་དོན་གྱི་ཕྱིར་འདོད་བཞིན་དུ་བག་བརྐྱང་ནས་རབ་ཏུ་དགའ་ཞིང་དབང་པོ་ཞི་ལ་སྐྱབས་སུ་འོས་པའི་ཟླ་བའི་འོད་ལྟར་གཟུགས་ཞི་བ་སྣང་བྱེད་ཉི་མ་སྣ་ཚོགས་ཀྱི་གཟི་བརྗིད་ལྟར་སྙིང་རྗེ་ལས་བྱུང་བའི་འོད་ཟེར་འཕྲོོ་བས་མཚམས་མེད་པ་ཡན་ཆད་མུན་པར་ཞུགས་པས་ཉམ་ཐག་པའི་མི་རྣམས་ཀྱི་མུན་པ་སྣང་བར་བྱས་ནས་ལུས་རབ་ཏུ་ཚ་བའི་སྡུག་བསྔལ་རྣམས་སེལ་ཅིང་། པདྨའི་རྐང་པ་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚན་གྱིས་སྤྲས་ལ་མཉམ་ཞིང་འཇམ་པ་དང་། སོར་མོ་རིང་ཞིང་ངང་པའི་རྐང་པ་ལྟར་དྲྭ་བས་འབྲེལ་བ་དང་། སེན་མོ་མེ་ལོང་བཟང་པོ་དག་པར་ཕྱིས་པ་ལྟ་བུས་བརྒྱན་ཏེ། མེ་ཏོག་ཀུན་ད་ལྟར་འདུག་པ་དང་། ལོང་བུ་མི་མངོན་པ་དང་རྗེ་ངར་སྨྱུག་མ་དང་རི་དྭགས་ཨེེ་ན་ཡའི་བྱིན་པ་འདྲ་བའི་ཡ་མཚན་གྱི་སྟབས་ཀྱིས་དལ་བུས་དལ་གྱིས་བྱང་ཆུབ་ཀྱི་སྙིང་པོའི་གདན་རྡོ་རྗེའི་སྟེགས་བུའི་གདན། ཆོས་ཀྱི་སེང་གེའི་ཁྲི་ལ་བདུད་རྣམ་པར་གཞོམ་པའི་ཕྱིར་ཤིན་ཏུ་རྣམ་པར་གནོན་པར་གྱུར་ཅིག རྐང་པ་བྱིན་པ་འདི་ཡིས་ནི། །རྐང་མཐིལ་འཁོར་ལོའི་མཚན་ཅན་གྱིས། །བྱང་ཆུབ་སྙིང་པོའི་གདན་བཟང་ལ། །བརྟན་པོས་ཤིན་ཏུ་གནོན་པར་ཤོག ། རྐང་པ་སྦྱིན་པ་འདིས་ནི་བདག ། བྱང་ཆུབ་སྙིང་པོའི་གདན་མཆོག་ལ། །འདུག་ནས་བདུད་རྣམས་སྡེ་དང་དཔུང་། །བཞོན་དང་བཅས་པ་འདུལ་བར་ཤོག ། ཅེས་དང་། དེ་བཞིན་དུ་ལག་མཐིལ་སྦྱིན་ན། ལག་མཐིལ་སྦྱིན་པས་མྱུར་དུ་བདག ། རྣམ་འདྲེན་ལག་ན་རིན་ཆེན་དང་། །ལག་པ་རིང་ཞིང་གསེར་མདོག་ལྡན། །འཇིག་རྟེན་མཆོག་གནས་འགྱུར་བར་ཤོག ། སྙིང་རྗེས་ནོན་པར་གྱུར་ནས་ནི། །ཆོས་ཀྱི་ལག་པ་བསྟོད་བྱས་ལ། །ངན་སོང་ཀུན་ལས་ལུས་ཅན་རྣམས། །བདག་གིས་རྟག་ཏུ་འབྱིན་པར་ཤོག ། ཅེས་དང་། རྣ་བ་དང་སྣ་བཏང་ན། རྣ་བ་དང་ནི་སྣ་བཏང་བས། །སྲོག་ཆགས་རྣམ་ནི་ཐམས་ཅད་ཀྱང་། །དབང་པོ་ཀུན་དང་ལྡན་གྱུར་ཏེ། །ཡན་ལག་ཐམས་ཅད་རྫོགས་པར་ཤོག ། རྣ་བ་དང་ནི་སྣ་བཏང་བས། །གང་དང་གང་དུ་སྐྱེས་པ་དེར། །ལྟ་ན་སྡུག་ཅིང་གཟུགས་བཟང་ལ། །མི་ནི་དེ་བཞིན་མཛེས་པར་འགྱུར། །ཞེས་དང་། མིག་སྦྱིན་ན། མིག་གི་སྦྱིན་པ་འདིས་ནི་བདག ། བླ་མེད་བྱང་ཆུབ་སངས་རྒྱས་ནས། །སེམས་ཅན་ཀུན་གྱི་ཆོས་ཀྱི་མིག ། རྣམ་པར་དག་པ་བྱེད་གྱུར་ཅིག ། མིག་བྱིན་བརྟུལ་ཞུགས་བཟང་པོ་དེས། །དྲི་མ་མེད་ཅིང་སྐྱོན་མེད་ལ། །དག་ཅིང་ཡངས་ལ་མཛེས་བཟང་དང་། ཞི་བའི་མིག་ནི་ཐོབ་པར་འགྱུར། །ཨུད་པལ་སྔོན་པོའི་འདབ་འདྲ་དང་། །བྱིའུ་ཀུན་ལའི་མིག་འདྲ་ཞིང་། །མིག་གི་རྫི་མ་བ་ཡི་འདྲ། །དེ་འདྲའི་མིིག་ནི་དེ་ཡིས་འཐོབ། །ཞེས་དང་། མགོ་བོ་སྦྱིན་ན། མགོ་བོ་ཡོངས་སུ་གཏོང་བ་ཡིས། །བསོད་ནམས་བདག་ལ་ཅི་ཡོད་པ། །དེས་ནི་སེམས་ཅན་ཀུན་མཁྱེན་གྱི། །གོ་འཕང་མི་གཡོ་ཐོབ་གྱུར་ཅིག ། ཅེས་དང་། པགས་ཤུན་ཡོངས་སུ་གཏོང་ན། པགས་ཤུན་ཡོངས་སུ་བཏང་བ་ཡིས། །བདག་གིས་སུ་ནི་ལུས་ཅན་རྣམས། །པགས་ཤུན་ལུས་ལས་སྐྱེས་པ་དག ། འཇམ་སྲབ་གསེར་གྱི་མདོག་བསྒྱུར་ཤོག ། ཅེས་དང་། རང་གི་ཤ་དང་ཁྲག་ཡོངས་སུ་གཏོང་ན། ཤ་དང་ཁྲག་གིས་སྦྱིན་པ་ཡི། །རྣམ་སྨིན་བདག་ལ་ཅི་ཡོད་དེས། །སྙིང་པོ་མེད་པ་མ་ལུས་ལས། །འགྲོ་ཀུན་སྙིང་པོ་ཐོབ་གྱུར་ཅིག ། ཅེས་དང་། རྐང་སྦྱིིན་ན། རྐང་གི་སྦྱིན་པ་འདི་ཡིས་ནི། །བདག་གི་སེམས་ཅན་ཐམས་ཅད་ཀྱིས། །རྣག་གི་ལུས་ཀྱི་ཟ་མ་ཏོག ། རྡོ་རྗེ་མི་ཤིགས་རྫོགས་བྱེད་ཤོག ། ཅེས་སྨོན་ལམ་འདེབས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ཁ་དོག་ཕུན་སུམ་ཚོགས་པ་བྱིན་པས་ནི། ཁ་དོག་དང་ལྡན་པར་གྱུར་གྱིས་བདག་གིས་ཁ་དོག་ཕུན་སུམ་ཚོགས་པ་སྦྱིན་པར་བྱ་གོར་མ་ཆག་སྙམ་དུ་སེམས་ཤིང་། དེ་བཞིན་དུ་དྲི་ཕུན་སུམ་ཚོགས་པ་བྱིན་པས་ནི་གྲགས་པའི་དྲི་དང་ལྡན་པར་འགྱུར། རོ་དྲོ་བ་ཕུན་སུམ་ཚོགས་པ་བྱིན་པས་ནི་ཡོ་བྱད་གྱ་ནོམ་པ་རྣམས་འཐོབ་པར་འགྱུར། རེག་པ་ཕུན་སུམ་ཚོགས་པ་བྱིན་པས་ནི་རྐང་ལག་འཇམ་ལ་གཞོན་ཤ་ཆགས་པར་འགྱུར། རང་གི་ལག་ནས་བྱིན་པས་ནི་བསྙེེན་བཀུར་བྱེད་པ་འཐོབ་པར་འགྱུར། གུས་པར་བྱས་ཏེ་བྱིན་པས་ནི་གཉེན་ལ་སོགས་པའི་ནང་དུ་གཞན་གྱི་བཀུར་སྟི་བྱ་བར་འགྱུར། དུས་སུ་བྱིན་པས་ནི་དེའི་ནོར་རྣམས་དུས་སུ་འགྲུབ་ཅིང་རྒྱས་པར་འགྱུར། མཐུན་པ་དང་ཡིད་དུ་འོང་བ་བྱིན་པས་ནི་མལ་དང་གོས་ལ་སོགས་པ་ལོངས་སྤྱོད་ཡིད་དུ་འོང་བ་རྣམས་ལ་སེམས་འཇུག་པར་འགྱུར། གཞན་ལ་མི་གནོད་པར་བྱིན་པས་ནི་ལོངས་སྤྱོད་བརྟན་པ་དག་འཐོབ་པར་འགྱུར། མི་དགའ་བ་དང་དུ་ལེན་པའི་སྦྱིན་པས་ནི་འཁོར་སྙིང་ཉེ་བར་འགྱུར། ཟས་བྱིན་པས་ནི་སྟོབས་དང་ལྡན་པར་འགྱུར། སྐོམ་བྱིན་པས་ནི་སྐོམ་པ་མེད་པར་འགྱུར། གོས་བྱིན་པས་ནི་ཁ་དོག་དང་ལྡན་པར་འགྱུར། མར་མེ་བྱིན་པས་ནི་མིག་དང་ལྡན་པར་འགྱུར། རོལ་མོའི་སྒྲ་བྱིན་པས་ནི་རྣ་བ་ཉམས་པ་མེད་པར་འགྱུར། བཞོན་པ་བྱིན་པས་ནི་བདེ་བ་དང་ལྡན་པར་འགྱུར། སྨན་བྱིན་པས་ནི་ནད་ཉུང་བར་འགྱུར། མེ་ཏོག་བྱིན་པས་ནི་གཞན་གྱིས་མཆོད་པར་འགྱུར། མེ་ཏོག་ཕྲེང་བ་སྦྱིན་པས་ནི་གཞན་གྱི་རིམ་གྲོ་བྱ་བར་འགྱུར། བསྟོད་པ་བྱིན་པས་ནི་ཚངས་པའི་དབྱངས་དང་ལྡན་པར་འགྱུར། སྟན་བྱིན་པས་ནི་བླ་མའི་གནས་ཐོབ་པར་འགྱུར། བཞོན་པ་བྱིན་པས་ནི་རྫུ་འཕྲུལ་དང་ལྡན་པར་འགྱུར། བྱུག་པ་བྱིན་པས་ནི་རྨ་མེད་པར་འགྱུར། ཕྱག་དར་བྱ་བ་བྱིན་པས་ནི་རྡུལ་དང་བྲལ་བར་འགྱུར། དྲིལ་བུ་བྱིན་པས་ནི་ཚེ་རབས་དྲན་པར་འགྱུར། གནས་སྦྱིན་པས་ནི་ཐམས་ཅད་བྱིན་པར་འགྱུར། ཆོས་བྱིན་པས་ནི་བདུད་རྩི་བྱིན་པར་འགྱུར་གྱིས་བདག་གིས་ཆོས་ཀྱི་སྦྱིན་པར་བྱ་བར་གོར་མ་ཆག་སྙམ་མོ། །དེ་སྦྱིན་པ་དེ་ལྟ་བུ་སྦྱིན་པ་ན་ཆགས་པས་སྦྱིན་པར་མི་བྱེད། སྡང་བས་སྦྱིན་པར་མི་བྱེད། རྨོངས་པས་སྦྱིན་པར་མི་བྱེད། ཚིག་པ་ཟ་ཞིང་སྦྱིན་པར་མི་བྱེད། བརྙས་བཞིན་དུ་སྦྱིན་པར་མི་བྱེད། རྡེག་ཅིང་སྦྱིན་པར་མི་བྱེད། ཚར་བཅད་དེ་སྦྱིན་པར་མི་བྱེད། ཁྱད་དུ་གསོད་ཅིང་སྦྱིན་པར་མི་བྱེད། སྨད་དེ་སྦྱིན་པར་མི་བྱེད། ང་རྒྱལ་གྱིིས་ཁེངས་བཞིན་དུ་སྦྱིན་པར་མི་བྱེད། འགྱིང་བཞིན་དུ་སྦྱིན་པར་མི་བྱེད། ལྷག་མར་གྱུར་པར་མི་བྱེད། རུལ་ཞིང་མྱགས་པ་སྦྱིན་པར་མི་བྱེད་ཀྱི་སྦྱིན་པ་གང་དང་གང་སྦྱིན་པ་དེ་གུས་པར་བྱས་ཏེ་སྦྱིན་པར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱས་ཤིང་བརྗོད་ནས་སྦྱིན་པར་བྱེད། མང་དུ་སྦྱིན་པར་བྱེད། བཟང་པོ་སྦྱིན་པར་བྱེད། རབ་ཏུ་དགའ་བས་སྦྱིན་པར་བྱེད། དགའ་ཞིང་མགུ་བས་སྦྱིན་པར་བྱེད། གཙང་བ་དང་རྒྱ་ཆེར་སྦྱིན་པར་བྱེད། རང་གི་ལག་ནས་སྦྱིན་པར་བྱེད། གུས་པ་དང་བཅས་པ་དང་། ཞེ་ས་དང་བཅས་པས་སྦྱིན་པར་བྱེད། བསམ་པ་དག་ཅིང་བཟང་ལ་དགེ་བས་སྦྱིན་པར་བྱེད། སེར་སྣ་མེད་པས་སྦྱིན་པར་བྱེད། བརྐམ་པ་མེད་པར་སྦྱིན་པར་བྱེད། ཞུམ་པ་མེད་པར་སྦྱིན་པར་བྱེད། འཇིགས་པ་མེད་པར་སྦྱིན་པར་བྱེད། རྒྱ་ཆེ་ཞིང་ཡངས་པར་སྦྱིན་པར་བྱེད་དོ། །དེ་སྦྱིན་པ་དེ་ལྟ་བུ་དེ་སྦྱིན་པ་ན་འདི་སྙམ་དུ། འདི་ནི་ཚུལ་ཁྲིམས་དང་ལྡན་པ་ཡིན་གྱིས་བདག་གིས་སྦྱིན་པར་བྱའོ། །འདི་ནི་ཚུལ་ཁྲིམས་འཆལ་བ་ཡིན་ནོ། །འདི་ནི་དགེ་བའི་ཆོས་དང་ལྡན་པ་ཡིན་ནོ། །འདི་ནི་དགེ་བའི་ཆོས་མ་ཡིན་པ་དང་ལྡན་པ་ཡིན་ནོ། །འདི་བྱིན་ན་ནི་འབྲས་བུ་ཆེ་བ་དང་། ཕན་ཡོན་ཆེ་བ་དང་མཐུ་ཆེ་བར་འགྱུར་རོ། །འདི་ལ་བྱིན་ན་ནི་འབྲས་བུ་མི་ཆེ་བ་དང་། ཕན་ཡོན་མི་ཆེ་བ་དང་། མཐུ་མི་ཆེ་བར་འགྱུར་རོ་སྙམ་དུ་མི་སེམས་སོ། །གཞན་ཡང་ཡང་དག་པའི་བློ་དང་ལྡན་གྱི་ཡང་དག་པ་མ་ཡིན་པ་མ་ཡིན་པའི་ཕྱིར་དེ་སྦྱིན་པ་དེ་སྦྱིན་པ་ན། འདི་སྙམ་དུ་སྦྱིན་པ་འདི་དང་དགེ་བའི་རྩ་བ་དང་། ཆོས་ཀྱི་སྦྱིན་པ་དེ་ཡོངས་སུ་གཏོང་བ་དེས་ན་བདག་རྒྱལ་པོར་གྱུར་ཅིག་ཅེའམ། རྒྱལ་པོ་གཞན་ནམ། བློན་པོ་ཆེན་པོའམ། ལྷའམ། ཀླུའམ། ལྷའི་བུའམ། ལྷ་གཞན་གང་ཡང་རུང་བ་ཞིག་ཏུ་གྱུར་ཅིག་ཅེས་སེམས་བསྐྱེད་པར་མི་བྱེད་དོ། །འོ་ན་གང་དུ་ཞེ་ན། གཞན་དུ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། དགེ་བའི་རྩ་བ་འདི་དང་། ཆོས་ཀྱི་ཕྱིར་ཡོངས་སུ་གཏོང་བ་འདིས་ན། བདག་སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བར་བྱེད་པ་དང་། དབུགས་མ་བྱིན་པ་རྣམས་དབུགས་འབྱིན་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བར་བྱེད་པ་དང་། འཇིག་རྟེན་ལོང་བ་འདྲེན་པ་མེད་པ་དང་། སྐྱོ་བ་མེད་པ་དང་། སྐྱབས་མེད་པ་དང་། གནས་མེད་པ་དང་། གླིང་མེད་པ་དང་། དཔུང་གཉེན་མེད་པ་རྣམས་ཀྱི་འདྲེན་པ་དང་། ཡོངས་སུ་འདྲེན་པ་དང་། སྒྲོལ་བ་དང་། སྐྱབས་དང་། གནས་དང་། གླིང་དང་། དཔུང་གཉེན་དུ་གྱུར་ཅིག་ས་ཡོངས་སུ་བསྔོ་བར་བྱེད་དོ། །ཆོས་ཕྱིར་སྦྱིན་པ་འདིས་ནི་བདག ། འཁོར་བ་ཡི་ནི་རྒྱ་མཚོ་ལས། །གཞན་མིན་ཐེག་པ་ཆེན་པོ་ཡིས། །སེམས་ཅན་རྣམས་ནི་སྒྲོལ་གྱུར་ཅིག ། སྐྱེ་བོ་ཐམས་ཅད་ཉོན་མོངས་པའི། །འཆིང་བ་དག་ལས་གྲོལ་བར་ཤོག ། དབུགས་མ་བྱིན་པ་དབུགས་འབྱིན་ཅིང་། །མྱ་ངན་འདས་ལམ་སྟོན་གྱུར་ཅིག ། འཇིག་རྟེན་ལོང་བ་འདྲེན་མེད་པའི། །ཡོངས་སུ་འདྲེན་པར་བདག་གྱུར་ཅིག ། ལུས་ཅན་རྣམས་ལ་སྐྱོབ་པ་དང་། །དཔུང་གཉེན་གླིང་དང་སྐྱབས་གྱུར་ཅིག ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་མངོན་པར་བརྩོན་པར་བྱེད་པ་ཡིན་ནོ། །ཞེས་བཀའ་སྩལ་པས། བྱང་ཆུབ་སེམས་དཔའ་མིའི་དབང་པོ་གཙུག་གི་ནོར་བུ་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །

འཕགས་པ་སྦྱིན་པའི་ཕན་ཡོན་བསྟན་པ།

༈ གཞན་ཡང་འཕགས་པ་སྦྱིན་པའི་ཕན་ཡོན་བསྟན་པ་ལས། བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མཁས་པ་རྣམས་ཀྱིས་ནི་རྣམ་པ་སུམ་ཅུ་རྩ་བདུན་སྦྱིན་པ་སྦྱིན་ནོ། །གང་ཞེ་ན། སེར་སྣ་སྤངས་པའི་ཕྱིར་དད་པས་སྦྱིན་པ་སྦྱིན་ནོ། །དུས་སུ་སྦྱིན་པ་སྦྱིན་ནོ། །དེ་བཞིན་གཤེགས་པས་གནང་བའི་རུང་བའི་དངོས་པོ་གསུམ་ཡོངས་སུ་དག་པར་སྦྱིན་པ་སྦྱིན་ནོ། །སེམས་ཀྱི་འཁྲུགས་པའི་སྐྱོན་ཐམས་ཅད་སྤང་པའི་ཕྱིར་བསྟི་སྟང་དུ་བྱས་ཏེ་སྦྱིན་པ་སྦྱིན་ནོ། །སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་བའི་ཕྱིར་རང་གི་ལག་ནས་སྦྱིན་པ་སྦྱིན་ནོ། །གཞན་ལ་མི་གནོད་པའི་སྦྱིན་པ་བྱིན་ན་རྣམ་པར་སྨིན་པར་གཏོང་བ་ཆེན་པོ་དེ་རབ་ཏུ་འཐོབ་པར་འགྱུར་རོ། །ཁ་དོག་ཕུན་སུམ་ཚོགས་པ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ཁ་དོག་མཛེས་པ་རབ་ཏུ་འཐོབ་པར་འགྱུར་རོ། །དྲི་ཕུན་སུམ་ཚོགས་པ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པར་གྲགས་པའི་དྲི་རབ་ཏུ་འཐོབ་པར་འགྱུར་རོ། །དེ་བཞིན་དུ། རོ་བྲོ་བ་ཕུན་སུམ་ཚོགས་པས་རོ་བྲོོ་བ་མཆོག་གི་དཔེ་བྱད་བཟང་པོ་འཐོབ་པར་འགྱུར་རོ། །གྱ་ནོམ་པ་བྱིན་པས་ལོངས་སྤྱོད་གྱ་ནོམ་པ་འཐོབ་པར་འགྱུར་རོ། །རྒྱ་ཆེན་པོ་བྱིན་པས་ལོངས་སྤྱོད་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ། །བཟའ་བ་བྱིན་ན་ཚེ་རབས་ཐམས་ཅད་དུ་བཀྲེས་པ་རྣམ་པར་གཅོད་པ་འཐོབ་པར་འགྱུར་རོ། །བཏུང་བ་བྱིན་ན་ཚེ་རབས་ཐམས་ཅད་དུ་སྐོམ་པ་རྣམ་པར་གཅོད་པ་འཐོབ་པར་འགྱུར་རོ། །བགོ་བ་བྱིན་པས་གོས་ཀྱི་ལོངས་སྤྱོད་སྣ་ཚོགས་འཐོབ་པར་འགྱུར་རོ། །གནས་ཀྱི་སྦྱིན་པས་པུ་ཤུ་དང་ཁང་པ་བརྩེགས་པ་དང་། ཁྱམས་དང་། ཁང་པ་དང་། གཞལ་མེད་ཁང་དང་སྐྱེད་མོའི་ཚལ་དང་ཀུན་དགའ་ར་བ་དང་ཡུལ་འཐོབ་པར་འགྱུར་རོ། །མལ་ཆ་བྱིན་ན་རིགས་མཐོན་པོ་འཐོབ་པར་འགྱུར་རོ། །བཞོན་པ་བྱིན་ན་རྫུ་འཕྲུལ་གྱིས་རྐང་པ་བཞི་འཐོབ་པར་འགྱུར་རོ། །སྨན་བྱིན་པས་རྒ་ཤི་མེད་ཅིང་མྱ་ངན་དང་ཀུན་ནས་ཉོན་མོངས་པ་འགོག་པའི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ། །ཆོས་སྦྱིན་པས་སྐྱེ་བ་དྲན་པ་རབ་ཏུ་འཐོབ་པར་འགྱུར་རོ། །མེ་ཏོག་བྱིན་པས་བྱང་ཆུབ་ཡན་ལག་གི་མེ་ཏོག་འཐོབ་པར་འགྱུར་རོ། །ཕྲེང་བ་བྱིན་ན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དྲི་མ་རྣམ་པར་དག་པ་འཐོབ་པར་འགྱུར་རོ། །བདུག་པ་བྱིན་ན་ཉོན་མོངས་པའི་དྲི་ང་བ་མེད་པ་འཐོབ་པར་འགྱུར་རོ། །གདུགས་བྱིན་ན་ཆོས་ལ་དབང་བའི་དབང་ཕྱུག་འཐོབ་པར་འགྱུར་རོ། །དྲིལ་བུ་བྱིན་ན་སྒྲ་དབྱངས་ཡིད་དུ་འོང་བ་འཐོབ་པར་འགྱུར་རོ། །སིལ་སྙན་བྱིན་ན་ཚངས་པའི་སྒྲ་དབྱངས་ལྟ་བུ་འཐོབ་པར་འགྱུར་རོ། །མར་མེ་བྱིན་ན་ལྷའི་མིག་སྒྲིབ་པ་མེད་ཅིང་རྣམ་པར་དག་པ་འཐོབ་པར་འགྱུར་རོ། །དར་བྱིན་ན་མིའི་ནང་ན་རྣམ་པར་གྲོལ་བའི་དར་གྱིས་བཅིངས་པ་འཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ནམ་སྐུ་གཟུགས་ལ་འབྲུ་མར་དྲི་ཞིམ་པོ་ཕུལ་ལམ་སྤོས་ཀྱི་ཁྲུས་ཆུ་དབུལ་བ་ཕུལ་ན་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་འཐོབ་པར་འགྱུར་རོ། །ཁྲུས་ཀྱི་ཡོ་བྱད་བྱིན་ན་ཚེ་རབས་ཐམས་ཅད་དུ་ནད་ཉུང་བ་དང་རིགས་ཀྱི་མཆོག་ཏུ་སྐྱེ་ཞིང་ཀུན་ཏུ་མཛེས་པ་འཐོབ་པར་འགྱུར་རོ། །སྙིང་པོ་ལྔ་བྱིན་ན་ཚེ་རབས་ཐམས་ཅད་དུ་མཐུ་ཆེ་ཞིང་སྤྲོ་བ་ཆེན་པོ་མི་བུལ་བ་འཐོབ་པར་འགྱུར་རོ། །བྱམས་པ་ལ་གནས་ཏེ་སྦྱིན་པ་བྱིན་ན་གནོད་སེམས་མེད་པ་འཐོབ་པར་འགྱུར་རོ། །སྙིང་རྗེ་ལ་གནས་ཏེ་བྱིན་ན་འཚེ་བ་མེད་པ་འཐོབ་པར་འགྱུར་རོ། །དགའ་བ་ལ་གནས་ཏེ་བྱིན་ན་མི་འཇིགས་པ་སྦྱིན་པ་འཐོབ་པར་འགྱུར་རོ། །བཏང་སྙོམས་ལ་གནས་ཏེ་བྱིན་ན་མི་དགའ་བ་སྤོང་བ་འཐོབ་པར་འགྱུར་རོ། །རྣམ་པ་སྣ་ཚོགས་ཀྱི་སྦྱིན་པ་བྱིན་ན་ལོངས་སྤྱོད་སྣ་ཚོགས་པ་འཐོབ་པར་འགྱུར་རོ། །ལན་ལ་མི་རེ་བ་ལ་གནས་ཏེ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རབ་ཏུ་འཐོབ་པར་འགྱུར་ཏེ། དགེ་སློང་དག་མཁས་པ་རྣམས་ཀྱིས་རྣམ་པ་སུམ་ཅུ་རྩ་བདུན་པོ་དེ་དག་སྦྱིན་ནོ། །ཞེས་བཀའ་སྩལ་ཏོ། །གཞན་ཡང་འཕགས་པ་སྐྱེས་བུ་དམ་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྔ་པོ་འདི་དག་ནི་སྐྱེས་བུ་དམ་པའི་སྦྱིན་པ་དག་ཡིན་ཏེ། ལྔ་གང་ཞེ་ན། སྐྱེས་བུ་དམ་པ་ནི་དད་པས་སྦྱིན་པ་བྱིན་པར་བྱེད་པ་ཡིན། དེ་བཞིན་དུ་གུས་པར་བྱས་ཏེ་དང་། རང་གི་ལག་པ་ནས་དང་། དུས་སུ་དང་། གཞན་དག་ལ་མི་གནོད་པར་སྦྱིན་པར་བྱེད་པ་ཡིན་ནོ། །དགེ་སློང་དག་དད་པས་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་འདོད་པར་བྱ་བ་གང་ཞེ་ན། དད་པས་སྦྱིན་པ་བྱིན་པས་ཕྱུག་པོར་འགྱུར་བ་ཡིན། ནོར་མང་བ་དང་ལོངས་སྤྱོད་ཆེ་བ་ཡིན། ནོར་གྱི་ཡོ་བྱད་མང་བ་ཡིན། བདག་དབང་བའི་སློང་ཆེ་བ་ཡིན། ནོར་དང་འབྲུ་དང་དབྱིག་དང་གསེར་དང་། མཛོད་དང་བང་བའི་ཚོགས་མང་བ་ཡིན། བྲན་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་མང་བ་ཡིན། མཛའ་བོ་དང་། བློན་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་མང་བ་ཡིན་ཏེ། དགེ་སློང་དག་དད་པས་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་དེ་ལྟ་བུ་འདོད་པར་བྱའོ། །དེ་བཞིན་དུ་གུས་པས་བྱས་ཏེ་བྱིན་པས་ཕྱུག་པོར་འགྱུར་བ་ནས། སྣག་གི་གཉེན་མཚམས་མང་བའི་བར་སྔར་ལྟར་ལ། བུ་དང་ཆུང་མ་དང་བྲན་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་དང་། མཛའ་བོ་དང་བློན་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་དག་གིས་ཀྱང་གུས་པས་བྱས་པར་འགྱུར་བ་ཡིན་ཏེ། དེ་ནི་གུས་པར་བྱས་ཏེ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པའོ། །རང་གི་ལག་པས་བྱིན་པས་ཕྱུག་པོར་གྱུར་པ་ནས། སྣག་གི་གཉེན་མཚམས་མང་བའི་བར་སྔ་མ་བཞིན་ལ། དེའི་ཁྱིམ་གྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་ཡང་སེམས་འཇུག་པ་ཡིན། ཟས་ཀྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་དང་། དེ་བཞིན་དུ་ཐེག་པ་དང་། གོས་དང་མལ་གྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་དང་། གཟུགས་དང་། སྒྲ་དང་། དྲི་དང་རོ་དང་། རེག་བྱ་ཆེན་པོ་དག་ལའང་སེམས་འཇུག་པ་ཡིན་ཏེ། དེ་ནི་རང་གི་ལག་པས་བྱིན་པའི་འབྲས་བུའོ། །དུས་སུ་སྦྱིན་པ་བྱིན་པས་ཕྱུག་པོར་འགྱུར་བ་ནས། སྣག་གི་གཉེན་མཚམས་མང་བ་ཡིན། དེའི་ནོར་དག་ཀྱང་དུས་སུ་ཐོབ་པ་དང་། མང་ཞིང་མཐུན་པ་མངོན་དུ་འབྱུང་བ་ཡིན་ཏེ། དེ་ནི་དུས་སུ་བྱིན་པའི་འབྲས་བུའོ། །གཞན་ལ་མི་གནོད་པར་བྱིན་པས་ཕྱུག་པོར་གྱུར་པ་ནས་སྣག་གི་གཉེན་མཚམས་མང་བ་ཡིན། དེའི་ལོངས་སྤྱོད་གང་དག་བརྩོན་འགྲུས་དང་མཐུས་སྒྲུབ་པ་སོགས་དང་ཆོས་ཀྱི་ཐོབ་པ་དེ་དག་ལ་ཡང་རྒྱལ་པོའམ། རྐུན་པོའམ། མེའམ། ཆུའམ། མི་མཛའ་བ་བགོ་སྐལ་སྤྱོད་པའམ། གང་ལས་ཀྱང་བར་ཆད་མི་འབྱུང་བ་ཡིན། གཞན་ལ་མི་གནོད་པར་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་འདི་ལ་འདོད་པར་བྱའོ། །ཞེས་གསུངས་པ་སོགས་མདོ་སྣ་ཚོགས་པ་ནས་སྦྱིན་པ་དང་སྦྱིན་པའི་ཡོན་ཏན་གྱི་བསྔགས་པ་དང་རྣམ་སྨིན་གྱི་འབྲས་བུ་སོགས་རྒྱ་ཆེར་བཀའ་སྩལ་པ་བཞིན་བདག་ལེགས་སུ་འདོད་པ་དག་གིས་ནི་སྙིང་པོའི་ནོར་ལ་སྙིང་པོ་ལེན་པར་བྱ་བའི་ཕྱིར་སྦྱིན་པ་དག་སྦྱིན། བསོད་ནམས་དག་བསགས་ཏེ། སྦྱིན་པའི་བགོ་བཤའ་ལ་འབད་པར་བྱ་དགོས་ཤིང་། དེ་ལས་ཀྱང་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་འབད་པ་ནི་ཆེས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དགའ་བོ་རབ་ཏུ་བྱུང་བའི་མདོ་ལས། དགའ་བོས་གསོལ་པ། བཅོམ་ལྡན་འདས་རབ་ཏུ་འབྱུང་བ་ཞེས་པའི་ཚིག་གི་དོན་དེ་ཅི་ལགས། བཀའ་སྩལ་པ། སྡིག་པ་ཐམས་ཅད་ཡོངས་སུ་སྤོང་བ་ཡིན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རབ་ཏུ་སེལ་བ་ཡིན་ནོ། །འཐབ་པ་དང་། འཐབ་མོ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་དང་། སྒྱུ་དང་། གཡོའི་མུན་པས་བསྡུས་པའི་དྲི་མ་ཐམས་ཅད་འཁྲུ་བ་ཡིན་ནོ། །ལོ་ཏོག་ཐམས་ཅད་ཀྱི་ས་གཞི་ལྟ་བུར་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་ནོ། །རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་ནོ། །བདེ་བ་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུ་ཡིན་ནོ། །ཡོན་ཏན་ཐམས་ཅད་ཀྱི་གོ་འཕང་གི་གནས་ཡིན་ནོ། །སེམས་ཅན་ཐམས་ཅད་དབུགས་འབྱིན་པ་ཡིན་ནོ། །འབྱུང་པོ་ཐམས་ཅད་ཀྱི་ཡིད་བརྟན་པ་ཡིན་ནོ། །སྲོག་ཆགས་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཡིན་ནོ། །སེམས་ཅན་དབུལ་པོ་ཐམས་ཅད་ཀྱི་བུམ་པ་བཟང་པོ་ཡིན་ནོ། སྐྱབས་མེད་པ་རྣམས་ཀྱི་དཔུང་གཉེན་ཡིན་ནོ། །ཀུན་ཏུ་ཚོལ་བས་ཕོངས་པ་དང་སྡུག་བསྔལ་གྱི་ཉམ་ཐག་པ་རྣམས་ཀྱི་བསྟི་ས་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་མ་འདྲེས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱིས་མཆོད་པར་བྱ་བ་ཡིན་ནོ། །མཁས་པ་རྣམས་ཀྱིས་བསྔགས་པ་ཡིན་ནོ། །ཐར་པར་འགྲོ་བ་རྣམས་ཀྱི་ལམ་ཡིན་ནོ། །སེམས་ཅན་དག་པ་རྣམས་ཀྱི་བསྙེན་པར་བྱ་བ་ཡིན་ནོ། །སྣོད་དུ་གྱུར་པ་རྣམས་ཀྱི་བསྟན་པར་བྱ་བ་ཡིན་ནོ། །ངན་སོང་གི་སྒོ་གཅོད་པ་ཡིན་ནོ། །མཐོ་རིས་དང་ཐར་པའི་སྒོ་འབྱེད་པ་ཡིན་ནོ། །ལྷའི་འགྲོ་བ་རྣམས་ཀུན་ཏུ་འགེངས་པ་ཡིན་ནོ། །སྡུག་བསྔལ་ཐམས་ཅད་ཀུན་ཏུ་གཅོད་པ་ཡིན་ནོ། །སྲེད་པའི་འཆིང་བས་བཅིངས་པ་རྣམས་རྣམ་པར་གྲོལ་བར་བྱེད་པ་ཡིན་ཏེ། དགའ་བོ་དེ་ནི་རབ་ཏུ་བྱུང་བ་ཞེས་བྱའོ། །ཡང་དག་པའི་ལྟ་བའི་ཁྱིམ་ཡིན་ནོ། །ཐར་པའི་ཡང་དག་པའི་སྡོམ་པ་ཡིན་ནོ། །མྱ་ངན་ལས་འདས་པ་ལ་བསྙེན་པ་ཡིན་ནོ། །རྒྱུན་ཉེ་བར་གཅོད་པ་ཡིན་ནོ། །ཉོན་མོངས་པ་རྣམས་སྲེག་པ་ཡིན་ནོ། །ཕྲ་རྒྱས་རྣམས་འབྱིན་པ་ཡིན་ནོ། །ལྟ་བ་ངན་པའི་དྲྭ་བ་རྣམས་འཇིག་པར་བྱེད་པ་ཡིན་ནོ། །བདུད་ཀྱི་རྒྱལ་མཚན་བསྙིལ་བ་ཡིན་ནོ། །བཟོད་པ་སྨྲ་བ་སྒྲེང་བ་ཡིན་ནོ། །འཁོར་བའི་འཁོར་ལོ་ལྡོག་པར་བྱེད་པ་ཡིན་ནོ། །ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་པ་ཡིན་ནོ། །ནུ་ཞོའི་རྒྱ་མཚོ་སྐེམ་པ་ཡིན་ནོ། །རུས་པའི་རི་འཇིག་པར་བྱེད་པ་ཡིན་ནོ། །སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་མཐའ་ཡིན་ནོ། །ཕུང་པོའི་ཁུར་འཇོག་པ་ཡིན་ནོ། །ཉོན་མོངས་པའི་འདམ་དུ་བྱིང་བ་རྣམས་འབྱིན་པ་ཡིན་ནོ། །ཁྱིམ་གྱི་གཟེབ་ཏུ་བཅིངས་པ་རྣམས་རྣམ་པར་གྲོལ་བར་བྱེད་པ་ཡིན་ནོ། །གནོད་པའི་ཚོར་བ་རྣམས་ཟད་པར་བྱེད་པ་ཡིན་ནོ། །ཐེ་ཚོམ་རྣམས་དང་ཉོན་མོངས་པའི་དྲི་བརྟན་པོར་གྱུར་པ་རྣམས་གཅོད་པ་ཡིན་ནོ། །རྒ་ཤིས་འཇིགས་པ་རྣམས་དབུགས་འབྱིན་པ་ཡིན་ནོ། །སྡུག་པ་དང་བྲལ་བ་ཟད་པར་བྱ་བ་ཡིན་ནོ། །འཁོར་བའི་སྡུག་བསྔལ་གྱིས་གཙེས་པ་རྣམས་ཀྱི་བདེ་བ་དང་། མི་འཇིགས་པའི་འགྲམ་ཡིན་ནོ། །འདོད་པའི་ཁམས་ལས་བརྒལ་བར་བྱེད། གཟུགས་ཀྱི་ཁམས་ལས་ཡང་དག་པར་བརྒལ་བར་བྱེད། གཟུགས་མེད་པའི་ཁམས་ལས་རྣམ་པར་བརྒལ་བར་བྱེད་པ་ཡིན་ནོ། །དོན་དམ་པར་མྱ་ངན་ལས་འདས་པ་མཆོག་ཐོབ་པར་བྱེད་པ་ཡིན་ཏེ། དགའ་བོ་དེ་ནི་རབ་ཏུ་བྱུང་བ་ཞེས་བྱའོ། །དེ་བཞིན་འཇིག་རྟེན་ཐམས་ཅད་ཀྱི་མིག་ལྟ་བུའོ། །གཏི་མུག་གི་མུན་པའི་སྒྲོན་མེའོ། །རྒྱུད་དག་པར་བྱེད་པའོ། །ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། །ལམ་སྟོར་བ་རྣམས་ལ་ལམ་ཀུན་ཏུ་སྟོན་པའོ། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་སྟོན་པའོ། །མདུད་པ་ཐམས་ཅད་རྣམ་པར་གྲོལ་བར་བྱེད་པའོ། །མ་རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པའོ། །མི་ཤེས་པའི་རབ་རིབ་ཀྱི་སྒྲིབ་པའི་མུན་པ་རྣམས་འདྲལ་བར་བྱེད་པའོ། །ལེ་ལོ་ཅན་རྣམས་བརྩོན་འགྲུས་རྩོམ་པར་བྱེད་པའོ། །ཚུལ་ཁྲིམས་ཉམས་པ་རྣམས་སྐྱོ་བར་བྱེད་པའོ། །ཚུལ་ཁྲིམས་དང་ལྡན་པ་རྣམས་རབ་ཏུ་དགའ་བར་བྱེད་པའོ། །བརྩོན་འགྲུས་བརྩམས་པ་རྣམས་མཆོག་ཏུ་དགའ་བའོ། །ནང་དུ་ཡང་དག་པ་འཇོག་པ་ལ་མངོན་པར་དགའ་བ་རྣམས་རབ་ཏུ་དགའ་བའོ། །རྣལ་འབྱོར་སྤྱོད་པ་རྣམས་མཆོག་ཏུ་ཆོག་ཤེས་པར་བྱེད་པའོ། །ཉོན་མོངས་པའི་དགྲ་འཇོམས་པར་བྱེད་པ་རྣམས་ཀྱི་མཚོན་ཆའོ། །ཕྱིར་མི་འོང་བ་རྣམས་མཆོག་ཏུ་རྒྱལ་བར་བྱེད་པའོ། །གནས་མེད་པ་རྣམས་ཀྱི་གནས་སོ། །སྐྱོབ་པ་མེད་པ་རྣམས་ཀྱིས་སྐྱོབ་པའོ། །འཇིགས་པས་འབྲེལ་བྲེལ་བ་རྣམས་ཀྱི་མི་འཇིགས་པར་བྱེད་པའོ། །སྐྱབས་མེད་པ་རྣམས་ཀྱི་སྐྱབས་སོ། །སྡུག་བསྔལ་བ་རྣམས་ཀྱི་བདེ་བའི་ཡོ་བྱད་དོ། །འཁོར་བའི་འཆིང་བས་བཅིངས་པ་རྣམས་འགྲོལ་བར་བྱེད་པ་ཡིན་ཏེ། དེ་ནི་རབ་ཏུ་བྱུང་བ་ཞེས་བྱའོ། །ལྷ་དང་མི་རྣམས་ཀྱིས་བཀུར་སྟི་བྱས་པ་ཡིན་ནོ། །མིའི་དབང་པོ་རྣམས་ཀྱིས་མཆོད་པའོ། །སངས་རྒྱས་ཐམས་ཅད་ཀྱིས་དགོངས་པའོ། །ཁྱིམ་གྱི་གནས་ཡོངས་སུ་གཏོང་བའོ། །མྱ་ངན་ལས་འདས་པའི་ལམ་འདྲེན་པའོ། །སྐྲའི་ཁུར་འདྲེག་པའོ། །གོས་ངུར་སྨྲིག་ནི་འདོད་ཆགས་དང་བྲལ་བའི་རྟགས་སོ། །རིགས་པ་ལ་བརྩོན་པ་བརྩོན་འགྲུས་ཀྱི་ཞིང་ཡིན་ནོ། །འདི་ནི་དྲང་སྲོང་རྣམས་ཀྱི་རྒྱལ་མཚན་ཡིན་ནོ། །བདུད་སྡིག་ཏོ་ཅན་རྣམས་ཀྱི་གྲགས་པ་འཇོམས་པ་ཡིན་ནོ། །ལྷ་དང་མི་རྣམས་རབ་ཏུ་དགའ་བར་བྱེད་པ་ཡིན་ཏེ། དགའ་བོ་རབ་ཏུ་བྱུང་བ་ནི་དེ་ལྟ་བུ་ཡིན་ན་ཅིའི་ཕྱིར་རབ་ཏུ་མི་འབྱུང་། དགའ་བོ་རབ་ཏུ་བྱུང་བ་ནི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པར་བདེ་བ་ཡིན་ན། དགའ་བོ་གཞན་ཡང་དལ་བ་ཐོབ་པ་ནི་བསྐལ་པ་བྱེ་བ་བརྒྱར་ཡང་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ཏེ། སངས་རྒྱས་འབྱུང་བ་ནི་དེ་བས་ཀྱང་ཆེས་རྙེད་པར་དཀའ་བ་ཡིན་ནོ། །དགའ་བོ་ཐར་པར་འདོད་པ་རྒྱལ་པོའི་དྲང་སྲོང་རྣམས་དང་། གཞན་ཡང་འཁོལ་ལོས་སྒྱུར་བའི་རྒྱལ་པོ་རིན་ཆེན་སྣ་བདུན་དང་ལྡན་པ་རྣམས་ཀྱང་བཙུན་མོའི་འཁོར་དང་བཅས་ཏེ་དེ་རྣམས་བོར་ནས་རབ་ཏུ་བྱུང་ངོ་། །དེ་བཞིན་དུ་ཁྱིམ་བདག་དང་བྲམ་ཟེའི་ཚོགས་གཞན་རྣམས་ཀྱང་ཁྱིམ་རྣམས་བོར་ནས་རབ་ཏུ་བྱུང་ངོ་ཞེས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཁམས་གསུམ་པ་གང་དག་ཡིན་པའི་འཇིག་རྟེན་གང་བར་གྱུར་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་ལོ་བརྒྱར་འདི་ལྟ་སྟེ་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་ནད་ཀྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱེད་ན་དགའ་བོ་དེ་ནི་རབ་ཏུ་བྱུང་བ་ངེས་པར་འབྱུང་བའི་སེམས་ཀྱིས་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་། །དལ་བ་ཤིན་ཏུ་རྙེད་དཀའ་སྟེ། །དགའ་བོ་སྟོན་པ་མངོན་གྱུར་པ། །ང་ལ་མི་མཉེས་མ་བྱེད་ཅིག ། དགའ་བོ་དཔེར་ན་ས་ཆེན་པོ་འདི་ཆུ་གཅིག་པུར་རྒྱ་མཚོར་གྱུར་ལ། དེ་ན་རུས་སྦལ་ཞར་བ་གཅིག་ཀྱང་ཡོད། དེ་ན་གཉའ་ཤིང་བུ་ག་གཅིག་པ་གཅིག་ཀྱང་རྒྱུ་ལ་རུས་སྦལ་ཞར་བ་དེ་འདི་སྐད་དུ། གཉའ་ཤིང་གི་བུ་ག་དེར་མགྲིན་པ་ཆུད་པར་བྱའོ་སྙམ་དུ་སེམས་{མི་ཞུ་མཆན། } སྐྱེ་ཞིང་། གཉའ་ཤིང་བུ་ག་ཅན་དེ་ཡང་རླུང་གིས་བསྐྱོད་ནས་ཕྱོགས་ཕྱོགས་སུ་རྒྱུག་པར་བྱེད་པ་ན། བརྒྱ་ལ་རྐྱེན་ཞིག་གིས་རུས་སྦལ་ཞར་བ་དེའི་མགྲིན་པ་གཉའ་ཤིང་གི་བུ་ག་དེར་འཇུག་པར་འགྱུར་གྱི། མི་ཉིད་ཐོབ་པ་ནི་མ་ཡིན་ནོ། །དལ་བ་ཕུན་སུམ་ཚོགས་པ་ཡང་དེ་བཞིན་ནོ། །དགའ་བོ་ཁྱོད་ཀྱིས་མི་ཉིད་ཤིན་ཏུ་རྙེད་དཀའ་བ་དང་། དེ་བཞིན་དུ་དལ་བ་ཕུན་སུམ་ཚོགས་པ་ཡང་རྙེད་ན་ཁྱོད་རབ་ཏུ་བྱུང་ཞིག དཔེར་ན་འགའ་ཞིག་གིས་ཁབ་ཀྱི་མིག་གནམ་དུ་བསྟན་ཏེ་ཡུངས་ཀར་གྱི་འབྲུ་རྣམས་འཐོར་བར་བྱེད་ན་བརྒྱ་ལ་རྐྱེན་ཞིག་གིས་དེར་ཡུངས་ཀར་གྱི་འབྲུ་གང་ཡིན་པ་གཅིག་ཆུད་པར་འགྱུར་གྱི། མི་ཉིད་རྙེད་པ་ནི་མ་ཡིན་ནོ། །ཞེས་སོགས་དང་བསྐལ་པ་བྱེ་བ་སྟོང་དང་ནི། །བརྒྱ་དང་ཁྲག་ཁྲིག་དག་ཏུ་ཡང་། །སངས་རྒྱས་སྒྲ་ནི་མི་ཐོས་ན། །སངས་རྒྱས་མཐོང་བ་ག་ལ་ཞིག ། ཨུ་དུམྦཱ་རའི་མེ་ཏོག་ནི། །ཤིང་ལས་ཤིན་ཏུ་རྙེད་དཀའ་ལྟར། །དེ་བཞིན་སངས་རྒྱས་རྙེད་དཀའ་སྟེ། །ཁྱེད་ཀྱིས་ང་ནི་རྙེད་གྱུར་ན། །དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་། །ཞེས་སོགས་དཀའ་སྩལ་པ་དང་། གཞན་ཡང་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་ཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག ། ཚུལ་ཁྲིམས་ལྡན་པ་དྲི་དང་བྱུག་པ་ཡིན། །ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། །ཚུལ་ཁྲིམས་ལྡན་པ་གདུང་བ་བསིལ་བའི་ཆུ། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཚུལ་ཁྲིམས་དག་གིས་འགྲོ་བ་དམ་པ་མནོས། །ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང་། །ཚུལ་ཁྲིམས་ཅན་ལ་གནོད་མེད་གཞན་ཅི་སྨོས། །ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་ཐོབ། །ཚུལ་ཁྲིམས་ལྡན་པ་མཐོ་རིས་འགྲོ་བའི་རྒྱུ། །ཚུལ་ཁྲིམས་བསྲུང་བས་མྱ་ངན་འདའ་འཐོབ་འགྱུར། །ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ལྟར། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་བསྐྱེད་པའི་གཞི། །ཞེས་སོགས་གསུངས་པ་དང་། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ཚུལ་ཁྲིམས་འདི་ནི་བདེ་བའི་མཆོག ། ཚུལ་ཁྲིམས་འདི་ནི་ཐར་པའི་ལམ། །ཚུལ་ཁྲིམས་འདི་ནི་ཡོན་ཏན་ཞིང་། །ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ། །ཚུལ་ཁྲིམས་འདི་ནི་རབ་མཆོག་ཡིན། །མིག་གི་འབྲས་བུ་བཞིན་དུ་སྲུངས། །ཞེས་གསུངས། གལ་ཏེ་ཁྱིམ་པ་ལྟ་བུ་རབ་ཏུ་བྱུང་མི་ནུས་པའི་རིགས་ཀྱིས་ཀྱང་དགེ་བསྙེན་གྱི་བསླབ་པའི་ཁྲིམས་ལྔ་པོ་ལས་ཅི་རིགས་པར་གཏན་ཁྲིམས་སུ་བསྲུང་བའམ། མིན་ཀྱང་དུས་ཆེན་བཞིའམ། ཉ་སྟོང་བརྒྱད་གསུམ་ལ་སོགས་པར་བསྙེན་གནས་ཡན་ལག་བརྒྱད་པ་ཉིན་ཞག་གི་མཐའ་ཅན་བསྲུང་བའང་ཕན་ཡོན་དང་དགོས་པ་ཆེན་པོ་དང་འབྲེལ་བ་ཡིན་ཏེ། འཕགས་པ་གནས་འཇོག་གི་མདོ་ལས། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་གནས་འཇོག་ལ་བཀའ་སྩལ་པ། གནས་འཇོག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པར་འདོད་པས་ནངས་པར་ལངས་ནས་དགེ་སློང་ངམ། བྲམ་ཟེའམ། གཞན་གང་ཡང་རུང་བ་ཤེས་པ་ཞིག་གིས་དྲུང་དུ་སོང་སྟེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་མིང་ཆེ་གེ་མོ་ཞེས་བགྱི་བ་འདི་དུས་འདི་ནས་བཟུང་སྟེ། གང་དོ་ནུབ་ཀྱི་མཚན་མོ་འདི་དང་། སང་ཉི་མ་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤངས་ཤིང་སྲོག་གཅོད་པ་ལས་སླར་ལོག་སྟེ། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ་ངོ་ཚ་དང་ལྡན་ཞིང་སྙིང་རྗེ་དང་ལྡན་པར་བགྱིས་ལ། སེམས་ཅན་དང་། སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་ངུ་ན་སྲོག་ཆགས་ཕྲ་མོ་གྲོག་སྦུར་ཡན་ཆད་ཀྱི་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་ནས་དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ། སེམས་ཅན་དང་། སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་ངུ་ན་སྲོག་ཆགས་ཕྲ་མོ་གྲོག་སྦུར་ཡན་ཆད་ཀྱི་སྲོག་གཅོད་པ་ཡང་བསྲུངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་ཆེ་གེ་མོ་ཡང་དུས་འདི་ནས་བཟུང་སྟེ། དོ་ནུབ་ཀྱི་མཚན་མོ་འདི་དང་། སང་ཉི་མ་{མ་ཞུ་མཆན། }ཤར་གྱི་བར་དུ་སྲོག་གཅོད་པ་སྤངས་ཤིང་སྲོག་གཅོད་པ་ལས་སླར་ལྡོག་སྟེ། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ། ངོ་ཚ་དང་ལྡན་ཞིང་སྙིང་རྗེ་དང་ལྡན་པར་བགྱིས་ལ་སེམས་ཅན་དང་། སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་ངུ་ན་སྲོག་ཆགས་ཕྲ་མོ་གྲོག་སྦུར་ཡན་ཆད་ཀྱི་སྲོག་གཅོད་པ་ཡང་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །ཇི་ལྟར་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པ་ལ་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་འབྲུའི་ཆང་དང་། བཙོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་། ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པར་བགྱིའོ། །ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་ཇི་སྲིད་འཚོའི་བར་དུ་དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པ་དེ་བཞིན་དུ་བདག་ཆྒཻ་མོ་ཡང་དུས་འདི་ནས་བཟུང་སྟེ། གང་དོ་ནུབ་ཀྱི་མཚན་མོ་འདི་དང་། སང་ཉི་མ་མ་ཤར་གྱི་བར་དུ་དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ་དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་བརྒྱད་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །དེ་ལྟར་ལན་གཉིས། དེ་ལྟར་ལན་གསུམ་དུའོ། །གནས་འཇོག་འདི་ནི་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ཡིན་ཏེ། དེ་ལྟར་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པ་ནི་ལྷ་དང་མིའི་འདོད་པ་ལ་ཉེ་བར་སྤྱོད་པར་འགྱུར་ཏེ། གནས་འཇོག་ཁྱེད་འཕགས་པའི་བསྙེན་གནས་ལ་གནས་པར་གྱིས་ཤིག ཆོ་འཕྲུལ་གྱི་ཕྱོགས་ལའང་ནན་ཏན་གྱིས་སྒྲུབས་ཤིག་ལྷ་དང་མི་རྣམས་ཀྱི་འདོད་པ་ཡང་སྤྱད་པར་གྱིས་ཤིག་གནས་འཇོག་ཇི་ལྟར་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་དེའི་བསོད་ནམས་འདི་ཙམ་མོ་ཞེས་བསོད་ནམས་སམ་བསོད་ནམས་ཀྱི་འབྲས་བུའམ་བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་ཚད་གཟུང་བར་མི་ནུས་ཏེ། འོན་ཀྱང་བསོད་ནམས་ཀྱི་ཕུང་ངོ་མང་ངོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །གནས་འཇོག་དཔེར་ན་ཆུ་བོ་ཆེན་པོ་ལྔ་པོ་གཅིག་ཏུ་གཞོལ་བར་འབབ་པ་ནི་འདི་ལྟ་སྟེ། གང་གཱ་དང་། ཡ་མུ་ན་དང་། མཚོ་ལྡན་དང་། ཁྱིམ་ལྡན་དང་། པཀྵུ་སྟེ་དེ་དག་ལ་འདི་ཙམ་མོ་ཞེས་ཆུའམ། ཆུ་བུམ་པ་བརྒྱའ མ། ཆུ་བུམ་པ་སྟོང་ངམ། ཆུ་བུམ་པ་བརྒྱ་སྟོང་ཞེས་ཚད་གཟུང་བར་མི་ནུས་ཏེ་འོན་ཀྱང་ཆུ་མང་ཞིང་ཆུ་ཀླུང་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །གནས་འཇོག་དེ་བཞིན་དུ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ཙམ་མོ་ཞེས་བསོད་ནམས་སམ་བསོད་ནམས་ཀྱི་འབྲས་བུའམ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་ཚད་གཟུང་བར་མི་ནུས་ཏེ་འོན་ཀྱང་བསོད་ནམས་མང་ངོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཞེས་སོགས་དང་། ཡང་གནས་འཇོག་གིས་སྐྱེས་བུ་གཉིས་ཤིག་ལས་གཅིག་གིས་ཇི་སྲིད་འཚོའི་བར་དུ་སྦྱིན་པ་སྩལ་པ་དང་། གཉིས་པས་ཀྱང་ཇི་སྲིད་འཚོའི་བར་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པ་གཉིས་ཁྱད་པར་གང་ཆེ་ཞེས་གསོལ་པའི་ལན་དུ་བཀའ་སྩལ་པ། གནས་འཇོག་འདི་ལ་འཕགས་པའི་ཡན་ལག་བརྒྱད་ལ་གནས་པ་དང་སྦྱིན་པ་གཉིས་མཉམ་པ་མ་ཡིན་ཏེ། དཔེར་ན་འཛམ་བུའི་གླིང་འདིར་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་རྣམས་ཀྱིས་གང་བར་གྱུར་པ་དེ་དག་ལ་གང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཅིག་གིས་ཇི་སྲིད་འཚོའི་བར་དུ་འདི་ལྟ་སྟེ། ཡུལ་ཆེན་པོ་བཅུ་དྲུག་ལ་ཨང་ག་དང་། མ་ག་དྷཱ་དང་། ཀོ་ས་ལ་དང་། ཀཱ་ཤི་དང་། བྲཛི་དང་། མལླ་དང་། སྲེག་པ་དང་། ཀཱ་མཱ་དང་། ཨ་སན་ཏི་དང་། ཀུ་རུ་དང་། ལྔ་ལེན་དང་། པད་ས་དང་། དཔལ་སྡེ་དང་། ཡ་བན་དང་། ཀམ་པོ་རྣམས་སུ་འདི་ལྟ་སྟེ། རིན་པོ་ཆེ་རྡོ་རྗེ་དང་། མར་གད་དང་། པདྨ་རཱ་ག་དང་། ཨན་ད་སྙིལ་དང་། མཐོན་ཀ་ཆེན་པོ་དང་། ནོར་བུ་དང་། མུ་ཏིག་དང་། བཻཌཱུར་ཡ་དང་། ཤང་ཀ་ཤི་ལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་དང་། རྡོའི་སྙིང་པོ་དང་། སྤུག་དང་། མུ་ཏིག་དམར་པོ་དང་། དུང་གཡས་སུ་འཁྱིལ་བ་རྣམས་བརྩོན་འགྲུས་ཀྱི་སྟོབས་ཀྱིས་བསྐྱེད་རྡུལ་ཞིང་དྲི་མ་ཆགས་ཆགས་སུ་ལག་མཐུས་བསྒྲུབས། ཆོས་དང་ལྡན་ཞིང་ཆོས་ཀྱིས་ཐོབ་པ་དེ་དག་དང་། ཡོ་བྱད་དང་། ཆོས་གོས་དང་། ཟས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་གྱི་གསོས་སྨན་རྣམས་ཀྱིས་བསྙེན་བཀུར་བྱས་པ་བས། གང་ཟག་གཉིས་པས་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་གཅིག་གནས་པ་ལ་སྔ་མ་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དེས་ནི་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོ་སྟེ་གནས་འཇོག་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་ནི། དེ་ལྟར་འབྲས་བུ་ཆེ་བ་ཡིན། དེ་ལྟར་ཕན་ཡོན་ཆེ་བ་ཡིན། དེ་ལྟར་མཐུ་ཆེ་བ་ཡིན། དེ་ལྟར་རྒྱ་ཆེ་བ་ཡིན་ནོ། །གནས་འཇོག་ཁྱོད་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་པར་གྱིས་ཤིག ཆོ་འཕྲུལ་གྱི་ཕྱོགས་ལ་ཡང་ནན་ཏན་གྱིས་སྒྲུབས་ཤིག ལྷ་དང་མི་རྣམས་ཀྱིས་འདོད་པ་ལ་ཡང་སྤྱད་པར་གྱིས་ཤིག་ཅེས་སོགས་རྒྱ་ཆེར་བཀའ་སྩལ་པ་དང་། གཞན་ཡང་ཀུན་ཏུ་རྒྱུ་སེན་རིངས་ཀྱིས་ཞུས་པ་ལས། སྲོག་གཅོད་སྤངས་པས་རྡོ་རྗེའི་སྐུ་འགྲུབ་པ་དང་། མ་བྱིན་ལེན་སྤངས་པས་ཕྱག་སོར་རིང་ཞིང་དྲྭ་བས་འབྲེལ་བ་དང་། ལོག་གཡེམ་སྤངས་པས་དབང་པོ་ཡོངས་སུ་ཚང་ཞིང་ལུས་རབ་ཏུ་རྒྱས་པ་དང་། བརྫུན་སྤངས་པས་ལྗགས་ཀྱིས་ཞལ་གྱི་དཀྱིལ་འཁོར་ཡོངས་སུ་ཁེབས་པ་དང་། འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པ་བག་མེད་པའི་གནས་སྤངས་པས་སེང་གེའི་སྟབས་སུ་གཤེགས་པར་གྱུར་པ་སོགས་རྒྱས་པར་བཀའ་སྩལ་པས་མཚོན་མདོ་རྣམས་ལས་མང་དུ་གསུངས་པ་བཞིན་ཤེས་པར་བྱ་ལ། དེ་ལྟར་དུས་སམ་གཏན་གྱི་ཁྲིམས་རྣམས་གང་བླང་ཡང་ཁེ་ཉེན་གྱི་ཁྱད་པར་ཤེས་པར་བྱས་ཏེ། དྲན་པ་དང་ཤེས་བཞིན་དང་བག་ཡོད་པའི་སྒོ་ནས་ཚུལ་བཞིན་དུ་ནན་ཏན་གྱིས་བརྩོན་པས་སྒྲུབ་དགོས་སྟེ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་རྒྱུ། །ཚུལ་ཁྲིམས་ལྡན་པ་བདེ་བའི་མཆོག ། ཚུལ་ཁྲིམས་འཆལ་བ་སྡུག་བསྔལ་ཡིན། །ཤིན་ཏུ་ལེགས་པར་ཚུལ་ཁྲིམས་གང་། །བསྡམས་པས་མི་དེ་མཛེས་པའི་གཟུགས། །འདུལ་བ་ལ་ནི་ཉེ་བར་གནས། །ཚུལ་ཁྲིམས་བསླབ་པར་རང་ཡིད་ཆེས། །མི་དེ་ཉི་མ་གཅིག་ལ་ཡང་། །བསོད་ནམས་ཕུང་པོ་དཔག་མེད་པ། །སོག་ཅིང་སངས་རྒྱས་འབྲས་བུ་བསྐྲུན། །རང་གིས་རང་ལ་བསླུས་འདེབས་ཤིང་། །བསླབ་པ་ལ་ནི་མི་གནས་ཤིང་། །བདེ་བར་གཤེགས་པའི་རྒྱལ་མཚན་འཛིན། །གཟུགས་ཙམ་ལ་ནི་བརྟེན་ནས་སུ། །ང་ནི་དགེ་སློང་ཡིན་ཟེར་བ། །གླང་སྨྱོན་སྣ་རལ་བཏགས་པའམ། །སྦྲུམ་མ་སྐྱུར་རྩི་འཐུང་བ་ལྟར། །མི་དེ་ཉི་མ་གཅིག་ལ་ཡང་། །སྡིག་པའི་ས་བོན་དཔག་མེད་དང་། །རང་ལ་གནོད་པ་སྣ་ཚོགས་པ། །བྱེད་པར་འགྱུར་བ་ཁོ་ན་ཡིན། །གང་ཞིག་བསླབ་ལ་མི་གནས་ཤིང་། །བདེ་གཤེགས་རྒྱལ་མཚན་འཛིན་པ་བས། །བསླབ་པ་མི་གནས་སྐད་ཅིག་ལ། །གཟུགས་པོར་ཁྱིམ་པར་གནས་པ་བཟང་། །བསླབ་པ་མི་གནས་རྟག་འཛིན་པ། །འཇིག་རྟེན་པ་ནི་ཐམས་ཅད་ཀྱིས། །སྙིང་དུ་སྡུག་པར་མི་འགྱུར་ཞིང་། །ཀུན་གྱི་ཚིག་གི་ངན་སྣོད་པ། །དཔེར་ན་སྡོང་པོ་བཟང་པོ་ལ། །ཡུན་རིང་ཡལ་ག་འཁྲུང་བ་བཞིན། །མི་དེ་རྟགས་ཙམ་ཡུན་རིང་ན། །ཁ་ན་མ་ཐོ་གཏམ་འཕེལ་དང་། །སྡིག་པའི་ལས་རྣམས་འཕེལ་བར་བཤད། །ཅེས་དང་། སྲོག་ལ་བབ་ཀྱང་ཚུལ་ཁྲིམས་ནི། །གཏོང་བ་མི་མཁས་བླུན་པོ་ཡིན། །སྲོག་ཆགས་ཕྱི་མར་སྐྱེ་བ་སྟེ། །ཚུལ་ཁྲིམས་ཕྱི་ནས་དེ་ལྟ་མིན། །ཞེས་གསུངས། འཕགས་པ་དགའ་བ་ཅན་གྱི་མདོ་ལས། བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་བཞུགས་པའི་ཚེ། དགེ་བསྙེན་དགའ་བ་ཅན་གྱིས། དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་པོ་གང་དག་བཅས་པ་དེ་དག་ལས་འདའ་བར་བགྱིད་པ། དེའི་རྣམ་པར་སྨིན་པ་ཇི་ལྟ་བུར་འགྱུར་ཞེས་གསོལ་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བྱིན་ནས་བཀའ་སྩལ་པ། དགའ་བ་ཅན་སྲོག་གཅོད་པའི་ཉེས་དམིགས་བཅུ་ནི། འདི་དག་ཡིན་པར་རིག་པར་བྱ་སྟེ། བཅུ་པོ་དག་གང་ཞེ་ན། འདི་ལྟ་སྟེ། ཚེ་འདི་ལ་འཁོན་སྐྱེད་པ་དང་། སྐྱེ་བ་གཞན་རྣམས་སུ་ཡང་འཁོན་དང་རྗེས་སུ་འབྲེལ་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་གིས་ཡིད་མི་བརྟན་པར་འགྱུར་བ་དང་། སྡིག་པའི་རྨི་ལམ་མཐོང་བ་དང་། བདག་ཀྱང་འཇིགས་པ་སྐྱེ་ཞིང་སེམས་ཅན་རྣམས་ཀྱང་དེ་ལ་འཇིགས་པ་སྐྱེ་བ་དང་། བདེ་བར་ཉལ་ཡང་སྡུག་བསྔལ་བར་སད་པ་དང་། སྡིག་པ་རྣམ་པར་སེམས་པ་དང་། རྨོངས་པ་དང་བཅས་པར་འཆི་བའི་དུས་བྱེད་པ་དང་། ཚེ་ཐུང་བར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་སྟེ་ཤི་ནས་ཀྱང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཚེ་ཐུང་བ་དང་ནད་མང་བར་འགྱུར་ཏེ་དགའ་བ་ཅན་སྲོག་གཅོད་པའི་ཉེས་དམིགས་བཅུ་པོ་དེ་དག་ཡིན་པར་རིགས་པར་བྱའོ། །དེ་བཞིན་དུ་མ་བྱིན་པར་ལེན་པའི་ཉེས་དམིགས་བཅུ་ནི། འཁོན་ཆེན་པོར་འགྱུར་བ་དང་། བག་ཚ་བར་འགྱུར་བ་དང་། དུས་མ་ཡིན་པར་འགྲོ་བར་འགྱུར་བ་དང་། ཕྱི་མ་རེད་མཚན་མོ་མཆན་ཀྱི་དུས་སུ་འགྲོ་བར་འགྱུར་བ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པར་འགྱུར་བ་དང་། དགེ་བའི་བཤེས་གཉེན་གྱིས་སྤང་བར་འགྱུར་བ་དང་། ཚུལ་ཁྲིམས་འཆལ་བར་འགྱུར་བ་དང་། རྒྱལ་པོས་གནོད་པར་འགྱུར་བ་དང་། ཆོམ་རྐུམ་གྱིས་གནོད་པ་དང་ཆད་པས་གཅོད་པས་གནོད་པ་དང་། ལོངས་སྤྱོད་ཀྱིས་ཕོངས་པར་གྱུར་པའི་ལས་བསགས་པས་ཤི་འཕོས་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་མིར་སྐྱེས་ནའང་རྟག་ཏུ་དབུལ་པོར་འགྱུར་རོ། །དེས་འབད་པ་ཆེན་པོས་བསྒྲུབ་པའི་ལོངས་སྤྱོད་རྣམས་ལ་གནོད་པ་ལྔས་གནོད་པར་འགྱུར་ཏེ། ལྔ་གང་ཞེ་ན། རྒྱལ་པོ་དང་། མེ་དང་། ཆུ་དང་། བགོ་སྐལ་དུ་སྤྱོད་པ་མི་མཛའ་བ་དང་། སྦས་པ་དག་གིས་ཆུད་ཟ་པར་འགྱུར་ཏེ་མ་བྱིན་པར་ལེན་པའི་ཉེས་དམིགས་ནི་བཅུ་པོ་དེ་དག་ཡིན་པར་རིག་པར་བྱའོ། །འདོད་པས་ལོག་པར་ག ཡེམ་པའི་ཉེས་དམིགས་བཅུ་ནི། གཞན་གྱི་ཆུང་མ་ཁ་དྲངས་པས་དེ་དག་དང་འཁོན་དང་བཅས་པར་འགྱུར་བ་དང་། ཆུང་མ་དང་རྩོད་པར་འགྱུར་བ་དང་། དེའི་མི་དགེ་བའི་ཆོས་མངོན་པར་འཕེལ་བ་དང་། དེའི་དགེ་བའི་ཆོས་ཡོངས་སུ་འགྲིབ་པ་དང་། དེ་བདག་ཉིད་མ་ཞི་བར་འགྱུར་བ་དང་། དེའི་བུ་དང་ཆུང་མ་མ་བསྲུངས་པར་འགྱུར་བ་དང་། དེའི་ནོར་མ་སྦས་མ་བསྲུངས་པར་འགྱུར་བ་དང་། དེའི་ཁྱིམ་མ་སྦས་མ་བསྲུངས་པར་འགྱུར་བ་དང་། དེའི་སྲོག་མ་སྦས་མ་བསྲུངས་པར་འགྱུར་བ་དང་། དེའི་མཛའ་བཤེས་དང་ཉེ་དུ་དང་སྣག་གི་གཉེན་མཚམས་དང་། བློན་པོ་དག་ཡིད་འབེབས་པར་མི་འགྱུར་བ་དང་། འགྲན་ཟླ་དང་བཅས་པར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་ནས་ངན་སོང་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་མིར་སྐྱེས་ནས་བུད་མེད་དུ་གྱུར་ན་ཡང་འགྲན་ཟླ་དང་བཅས་པའི་ཁྱོ་རྙེད་པར་འགྱུར་རོ། །ཅི་སྟེ་སྐྱེས་པར་གྱུར་ན་དེའི་བུ་དང་ཆུང་མ་མ་རུངས་པར་འགྱུར་ཏེ། འདོད་པས་ལོག་པར་གཡེམ་བའི་ཉེས་དམིགས་བཅུ་ནི་དེ་དག་ཡིན་པར་རིག་པར་བྱའོ། །བརྫུན་དུ་སྨྲ་བའི་ཉེས་དམིགས་བཅུ་ནི། དེའི་ཁ་ནས་རྣག་མན མ་པར་འགྱུར་བ་དང་། དེའི་ལུས་བསྲུང་བའི་ལྷས་འཕང་དེ་ལ་ལྷ་རྣམས་མི་འཁོར་བའོ་མཆན་བ་དང་། མི་མ་ཡིན་པས་གླགས་རྙེད་པར་འགྱུར་བ་དང་། བདེན་པར་སྨྲས་ཀྱང་དེའི་ཚིག་ལ་མ་དད་པར་འགྱུར་བ་དང་། དགོས་པ་བྱུང་ཡང་མཁས་པ་རྣམས་ཡོངས་སུ་འདྲི་བར་མི་སེམས་པ་དང་། ཡང་དག་པ་མ་ཡིན་པའི་མི་སྙན་པ་རྒྱ་ཆེར་སྒྲོགས་པར་འགྱུར་བ་དང་། ཕྱིར་ལྡང་བསྙེན་བཀུར་གྱི་གནས་མ་ཡིན་པ་མཆན་བའི་འོས་མ་ཡིན་པར་འགྱུར་བ་དང་སྡུག་བསྔལ་ཞིང་ཡིད་མི་བདེ་བར་འགྱུར་བ་དང་། མི་སྙན་པ་བརྗོད་པ་མང་བར་འགྱུར་བའི་ལས་བྱས་ཤིང་བསགས་པས་ཤི་འཕོས་ནས་ངན་སོང་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་མིར་སྐྱེས་ཀྱང་དེ་གང་དུ་སྐྱེས་པ་དེར་མི་སྙན་པ་བརྗོད་པ་མང་པོར་འགྱུར་རོ། །བརྫུན་དུ་སྨྲ་བའི་ཉེས་དམིགས་བཅུ་ནི་དེ་དག་ཡིན་པར་རིག་པར་བྱའོ། །འབྲུའི་ཆང་དང་བཙོས་པའི་ཆང་དང་བག་མེད་པའི་གནས་ཀྱི་ཉེས་དམིགས་སུམ་ཅུ་རྩ་ལྔ་ནི། ཚེ་འདི་ལ་ནོར་ཟད་པ་དང་། ནད་རྣམས་རྒྱས་པར་བྱེད་པ་དང་། འཐབ་པ་དང་རྩོད་པ་སྐྱེད་པ་དང་། དོན་མེད་པ་ལ་བལྟ་བ་དང་། གྲགས་པ་མ་ཡིན་པ་ཀུན་ཏུ་འབྱུང་བར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། ལོངས་སྤྱོད་མ་ཐོབ་པ་མི་འཐོབ་པར་འགྱུར་བ་དང་ལོངས་སྤྱོད་ཐོབ་པ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་འགྱུར་བ་དང་། གསང་མི་ཐུབ་པར་འགྱུར་བ་དང་། དེ་ལས་ཀྱི་མཐའ་ལས་སུ་བྱ་བ་རྣམས་ཤོར་བ་མཆན། ཡོངས་སུ་འགྲིབ་པ་དང་། མཐུ་སྟོབས་ཆུང་ངུར་བྱེད་པ་དང་། མར་མི་འཛིན་པ་དང་། ཕར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་གཙོ་བོ་ལ་བསྙེན་བཀུར་མེད་པར་འགྱུར་བ་དང་། སངས་རྒྱས་ལ་མི་གུས་པ་དང་། ཆོས་ལ་མི་གུས་པ་དང་། དགེ་འདུན་ལ་མི་གུས་པ་དང་། བསླབ་པ་ཡང་དག་པར་བླངས་པ་ལ་མི་གུས་པར་འགྱུར་བ་དང་། ཚུལ་ཁྲིམས་འཆལ་བར་འགྱུར་བ་དང་། དབང་པོའི་སྒོ་མ་བསྡམས་པར་འགྱུར་བ་དང་། བག་མེད་པར་ཤིན་ཏུ་བུད་མེད་དོན་དུ་གཉེར་བ་དང་། ཉེ་དུ་དང་སྣག་གི་གཉེན་མཚམས་དང་མཛའ་བཤེས་དང་བློན་པོ་དག་གིས་སྤོང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་གི་ཡིད་དུ་མི་འོང་པར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་དང་མི་མཐུན་པར་འགྱུར་བ་དང་། ཆོས་མ་ཡིན་པར་སྤྱོད་པར་འགྱུར་བ་དང་། ཆོས་མ་ཡིན་པ་ཡོངས་སུ་འཛིན་པར་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་སྤོངས་བར་འགྱུར་བ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཡོངས་སུ་སྤོང་བར་འགྱུར་བ་དང་། མི་མཛའ་བ་དག་དང་གནས་ཀྱང་མཁས་པ་རྣམས་ཡོངས་སུ་འདྲི་བར་མི་སེམས་པ་དང་། བག་མེད་པ་ཉམ་བག་དུ་སྤྱོད་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་གསུང་རབ་ལ་ཀུན་ནས་མི་གནས་པ་དང་། མྱ་ངན་ལས་འདས་པ་ལས་ཐག་རིང་དུ་འགྱུར་བ་དང་། སྨྱོན་པར་འགྱུར་བའི་ལས་བསགས་པས་ལུས་ཞིག་སྟེ་ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྷུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་སྨྱོན་པར་འགྱུར་ཞིང་དྲན་པ་མི་གསལ་བར་འགྱུར་ཏེ། དགའ་བ་ཅན་འབྲུའི་ཆང་དང་བཙོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་ནི་སུམ་ཅུ་རྩ་ལྔ་པོ་དེ་དག་ཡིན་པར་རིག་པར་བྱའོ། །ཞེས་དང་། སྲོག་གཅོད་རྡེག་དང་འཆིང་བ་རྣམས་སྤངས་ཏེ། །སེམས་ཅན་དག་ལ་ཕན་ཞིང་སྙིང་བརྩེ་བ། །བདག་གི་ཚེ་སྐྱབས་དགའ་བ་ཇི་ལྟར་བར། །དེ་བཞིན་གཞན་རྣམས་ཀྱི་ནི་སྲོག་ཀྱང་བསྲུང་། །སྡུག་བསྔལ་མང་པོས་བསགས་པ་གཞན་གྱི་ནོར། །མ་བྱིན་དེ་ལ་ཡིད་ཀྱང་བསམ་མི་བྱ། །འཇིག་རྟེན་གྱིས་མཐོང་དགའ་དང་བྲལ་འགྱུར་ཞིང་། །གཞན་ཡང་དེ་བཞིན་ཕན་པར་གནས་པར་གྱིས། །གཞན་གྱི་བུད་མེད་རྒྱན་གྱིས་བརྒྱན་པ་དག ། མེ་ལྕེ་འབར་བ་བཞིན་དུ་ཡོངས་སྤོངས་ལ། །རང་གི་ཆུང་མ་རྙེད་པས་ཆོག་པར་བྱོས། །འདོད་རྒྱུ་དུག་དང་འདྲ་བ་མ་སྤྱོད་ཅིག ། རང་གི་དོན་དང་གཞན་གྱི་དོན་ཆེད་དུ། །སུས་ཀྱང་ཤེས་བཞིན་བརྫུན་དག་མ་སྨྲ་བར། །གཞན་ལ་མི་གནོད་གཞན་ལ་མི་གདུང་བར། །བརྟགས་ཏེ་འཇམ་པོའི་ཚིག་གིས་སྨྲ་བར་གྱིས། །ཆང་འཐུང་བ་ལ་མངོན་པར་དགའ་བའི་མི། །བདག་ལ་ཕན་དང་གཞན་ལ་བདེ་མི་ནུས། །རྨོངས་དང་མདོག་ངན་བྱེད་པ་ཆང་ཡིན་ཏེ། །ཇི་ལྟར་ཧ་ལའི་དུག་བཞིན་དེ་མི་བཏུང་། །སྲོག་ཆགས་མི་གསོད་གཞན་གྱི་ནོར་མི་འཕྲོག ། བརྫུན་དུ་མི་སྨྲ་ཆང་ཡང་མི་བཏུང་ཞིང་། །གཞན་གྱི་ཆུང་མ་ཡིད་ལའང་མི་འདོད་པ། །མཐོ་རིས་གང་འདོད་ཁྱིམ་དུ་འཇུག་པ་བཞིན། །གོས་དཀར་གྱོན་པ་ཁྱིམ་པ་རྣམས་ཀྱིས་ནི། །ཁྱིམ་གནས་རྣམས་ཀྱི་བསླབ་པ་འདི་ཡིན་ཏེ། །རྒྱལ་བས་དེ་གང་རབ་ཏུ་བྱུང་རྣམས་ཀྱི། །བསླབ་གཞིའི་ཆོས་ནི་རབ་ཏུ་བསྟན་པ་ཡིན། །ཞེས་བཀའ་སྩལ་ཏོ། །གཞན་ཡང་ཁང་བུ་བརྩེགས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་ལ་ལ་ཞིག་གིས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང་། གང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བསླབ་པའི་གཞི་རྣམས་ཀྱང་མནོས་ནས་ཡོངས་སུ་སྲུང་བར་བྱེད་ན། ཀུན་དགའ་བོ་དགེ་བའི་རྩ་བ་དེའི་བསོད་ནམས་ནི་དཔག་ཏུ་མེད་ཅིང་གྲངས་མེད་པར་སྨྲ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པའི་མཐར་ཐུག་པའི་བར་དུ་མཐའ་གཟུང་བར་མི་ནུས་པར་ང་སྨྲའོ། །ཞེས་དང་། ཀུན་དགའ་བོ་དེ་ལ་གང་གིས་ཉི་མ་གཅིག་གཅིག་སྲོག་གཅོད་པ་སྤོང་ཞིང་ཡང་དག་པར་བླངས་ཏེ་གནས་པར་བྱེད་ན་དེ་མཚོན་གྱི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ། །གང་ཞིག་ཨ་རུ་ར་གཅིག་ཙམ་ཡང་དགེ་འདུན་ལ་འབུལ་བར་བྱེད་ན་དེ་ནད་ཀྱི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ། །གང་ཞིག་ཟས་ནལ་ཟེ་{ རྩེ}གང་ཙམ་དགེ་འདུན་ལ་ཕུལ་ན་དེ་མུ་གེའི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་དགེ་བའི་རྩ་བ་གསུམ་པོ་འདི་དག་བསྐྱེད་པ་ནི་འཁོར་བ་ན་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ་ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ། །གསུམ་པོ་གང་ཞེ་ན། ཀུན་དགའ་བོ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ་ཟད་མི་ཤེས་པའི་མྱ་ང ན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ། །ཞེས་ཆོས་དང་དགེ་འདུན་ལ་སྦྱར་ཏེ་གསུངས་པས་མཚོན་སྐྱབས་སུ་འགྲོ་བ་དང་བསླབ་གཞི་བསྲུང་བའི་ཕན་ཡོན་གྱི་ཁྱད་པར་མདོ་སྡེ་རྣམས་ལས་རྒྱ་ཆེར་གསུངས་ཏེ་མདོར་ན་དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང་། དཀོན་བརྩེགས་ལས། མི་གང་གསུམ་ལ་སྐྱབས་འགྲོ་བ། །དེ་ཡིས་ཚོགས་ཀྱང་རབ་རྫོགས་ཤིང་། །སངས་རྒྱས་ཉིད་ཀྱང་འགྲུབ་པ་དང་། །ཆོས་དང་དགེ་འདུན་ཐོབ་པར་འགྱུར། །ཞེས་དང་། གཏམ་བྱར། སྐྱེས་བུ་གང་ཞིག་བྱང་ཆུབ་སེམས། །སྐད་ཅིག་ཙམ་ཞིག་སྒོམ་བྱེད་པས། །དེ་ཡི་བསོད་ནམས་ཕུང་པོ་ནི། །རྒྱལ་བ་ཡིས་ཀྱང་བགྲང་མི་སྤྱོད། །ཅེས་དང་། དཔས་བྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་དང་། འདུལ་བ་ལུང་ལས། ཚངས་སྤྱོད་ལེགས་པར་སྤྱོད་པ་དང་། །ལམ་ནི་ལེགས་པར་གོམས་པ་དག ། འཆི་བའི་ཚེ་ན་མྱ་ངན་མེད། །འབར་བའི་ཁྱིམ་ནས་ཐར་པ་བཞིན། །ཞེས་གསུངས་པས་མཚོན་དེ་དག་གི་དོན་ངེས་པར་བྱས་ནས་བག་ཡོད་ཀྱི་གཟོབ་པ་ལྷུར་ལེན་པ་རྣམས་ཀྱིས་ནི་གང་བླང་དོར་གྱི་དམིགས་རྣམ་ལེགས་པར་ཕྱེད་པའི་ཆེད་ལས་རྒྱུ་འབྲས་ཀྱི་རྣམ་དབྱེ་ཉིད་ཐོས་ནས་ཤེས་པ་གལ་ཆེ་སྟེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས། དགེ་བ་དང་ནི་སྡིག་པའི་ཆོས། །མ་ཐོས་པས་ནི་ཤེས་མི་འགྱུར། །ཐོས་ནས་ཆོས་རྣམས་རྣམ་པར་ཤེས། །ཐོས་པས་སྡིག་པ་བསྟེན་མི་བྱེད། །ཐོས་ནས་སྡིག་པ་སྤོང་བར་བྱེད། །ཐོས་ནས་མྱ་ངན་འདས་པ་ཐོབ། །ཐོས་ནས་ཤེས་རབ་འཕེལ་བར་འགྱུར། །ཤེས་རབ་ཀྱིས་ནི་དོན་རྣམས་དཔྱོད། །དོན་ཐོབ་ནས་ནི་བདེ་བ་ཐོབ། །དེ་ཐོབ་ནས་ནི་ཡིད་གཞུངས་ཏེ། །ཚེ་འདི་ཉིད་ལ་མྱ་ངན་འདའ། །ཞེས་གསུངས་ཤིང་། འཕགས་པ་རྒྱལ་བའི་བློ་གྲོས་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ལ་བཀའ་སྩལ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བསོད་ནམས་འདོད་པས་དེ་བཞིན་གཤེགས་པ་མཆོད་པར་བྱའོ། །ཤེས་རབ་འདོད་པས་ཐོས་པ་ལ་བརྩོན་པར་བྱའོ། །མཐོ་རིས་འདོད་པས་ཚུལ་ཁྲིམས་བསྲུང་བར་བྱའོ། །ལོངས་སྤྱོད་འདོད་པས་གཏོང་བ་སྤེལ་བར་བྱའོ། །གཟུགས་བཟང་བར་འདོད་པས་བཟོད་པ་བསྒོམ་པར་བྱའོ། །སྤོོབས་པ་འདོད་པས་བླ་མ་ལ་གུས་པར་བྱའོ། །གཟུངས་འདོད་པས་མངོན་པའི་ང་རྒྱལ་མེད་པར་བྱའོ། །ཡེ་ཤེས་འདོད་པས་ཚུལ་བཞིན་ཡིད་ལ་བྱེད་པ་ལ་གནས་པར་བྱའོ། །ཐར་པ་འདོད་པས་སྡིག་པ་སྤང་བར་བྱའོ། །སེམས་ཅན་ཐམས་ཅད་བདེ་བར་བྱ་བར་འདོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །སྐད་སྙན་པར་འདོད་པས་བདེན་པར་སྨྲ་བར་བྱའོ། །ཡོན་ཏན་འདོད་པས་རབ་ཏུ་དབེན་པ་ལ་དགའ་བར་བྱའོ། །ཆོས་འདོད་པས་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱའོ། །ཞི་གནས་འདོད་པས་འདུ་འཛི་མེད་པ་མང་དུ་བྱའོ། །ལྷག་མཐོང་འདོད་པས་ཆོས་སྟོང་པར་སོ་སོར་བརྟག་པ་མང་དུ་བྱའོ། །ཚངས་པའི་འཇིག་རྟེན་འདོད་པས་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་བསྒོམ་པར་བྱའོ། །ལྷ་དང་མི་ཡི་ཕུན་སུམ་ཚོགས་པ་འདོད་པས་དགེ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་པར་བྱའོ། །ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པས་སྟོང་པའི་ཆོས་ལ་མངོན་པར་དགའ་བར་བྱའོ། །ཡོན་ཏན་ཐམས་ཅད་ཐོབ་པར་འདོད་པས་དཀོན་མཆོག་ལ་མཆོད་པར་བྱའོ། །ཞེས་གསུངས། དེ་ཡང་ལས་རྒྱུ་འབྲས་ཀྱི་རྣམ་གཞག་རྒྱས་པ་ནི་མདོ་དྲན་པ་ཉེར་བཞག་སོགས་ལས་ཤིན་ཏུ་རྒྱས་པར་བཀའ་སྩལ་པས་དེར་བལྟ་བར་བྱ་བ་ལས་འདིར་འབྲིར་མ་ལོངས་ལ།

མདོ་ལས་རྣམ་འབྱེད་དང་ལས་ཀྱི་རྣམ་པར་འགྱུར་བ་ཞེས་བྱ་བའི་ཆོས་ཀྱི་གཞུང་གཉིས།

༈ འདིར་མདོ་ལས་རྣམ་འབྱེད་དང་ལས་ཀྱི་རྣམ་པར་འགྱུར་བ་ཞེས་བྱ་བའི་ཆོས་ཀྱི་གཞུང་གཉིས་སྤྱིའི་ཁོག་གཅིག་པས་དེ་གཉིས་ཅུང་བསྡུས་ཏེ་གོ་བདེར་བརྗོད་ན། སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། ཏོའུ་ཏེ་ཡའི་བུ་ཤུ་ཀོ་མ་ན་བས། སེམས་ཅན་རྣམས་ཀྱི་ཚེ་རིང་ཐུང་དང་། ནད་མང་ཉུང་། གཟུགས་བཟང་ངན། དབང་ཆེ་ཆུང་། རིགས་མཐོ་དམན། ནོར་ཕྱུག་དབུལ། ཤེས་རབ་ཆེ་ཆུང་། སྐྱིད་སྡུག་སོགས་སྣ་ཚོགས་མི་འདྲ་བ་རྣམས་ཀྱི་ལས་ཀྱི་རྒྱུ་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས། མ་ན་བ་ཁྱོད་ཉོན་ལ་དགེ་བར་ཡིད་ལ་ཟུངས་ཤིག་དང་། ངས་བཤད་དོ། །མ་ན་བ་སེམས་ཅན་རྣམས་ནི་ཚེ་རབས་ཀྱི་ལས་ལས་གྱུར་ཏེ། སྦྱིན་པའི་རྣམས་ཀྱང་ལས། སྐྱེ་བའི་རྣམས་ཀྱང་ལས། སོ་སོར་རྒྱུ་བ་ཡང་ལས་ཏེ་སེམས་ཅན་རྣམས་ནི་ལས་ཀྱི་རྣམ་པར་བསྒྱུར་རོ། །དེ་བས་ན་ངན་པ་དང་། བར་མ་དང་། བཟང་པོའི་ཕྱིར་སེམས་ཅན་རྣམ་པ་མང་པོ་ཡང་ལས་རྣམ་པ་མང་པོ་དང་། མྱ་ངན་རྣམ་པ་མང་པོ་དང་། ལྟ་བ་རྣམ་པ་མང་པོར་སྦྱར་བ་དེ་འདི་ལྟར་ནག་པོ་དང་། དཀར་པོའི་ལས་རྣམ་པར་སྨིན་པའི་འབྲས་བུ་བཤད་དོ། །འདི་ལྟ་སྟེ་ལས་ནག་པོ་རྣམས་ཀྱིས་ནི་སེམས་ཅན་དམྱལ་བ་ལ་སོགས་པའི་ངན་སོང་དུ་སྐྱེའོ། །ལས་དཀར་པོ་བགྱིས་པ་རྣམས་ཀྱིས་ནི་ལྷ་དང་མིར་སྐྱེའོ། །ཞེས་སོགས་བཀའ་སྩལ་ཏེ། དེ་ལ་ཇི་ལྟར་ལས་ཀྱིས་ཚེ་ཐུང་བར་འགྱུར་ཞེ་ན། ཆོས་བཅུས་ཚེ་ཐུང་བར་འགྱུར་ཏེ། བཅུ་གང་ཞེ་ན། སྲོག་གཅོད་པ། སྲོག་གཅོད་དུ་བཅུག་པ། སྲོག་གཅོད་པ་ལ་བསྟོད་པ། སྲོག་གཅོད་པ་ལ་དགའ་ཞིང་སྨོན་པ། མངལ་གནས་ཀྱི་སེམས་ཅན་མེད་པར་བྱེད་པ། བྱེད་དུ་བཅུག་པ། དགྲ་བོ་གསོད་པར་སེམས་པ། མི་མཛའ་བ་ཤི་ན་དགའ་བ། རྟེན་བཅས་ཤིང་སེམས་ཅན་གསོད་པའི་མཆོད་སྦྱིན་བྱེད་པ། འཐབ་མོ་ལ་ལྟ་ཞིང་དགའ་བ་དང་བཅུ་སྟེ། ཆོས་འདི་བཅུས་ཚེ་ཐུང་ཞིང་ནད་མང་བར་འགྱུར་རོ། །དེ་བཞིན་དུ་ཚེ་རིང་པོར་འགྱུར་བའི་ཆོས་བཅུ་ནི། སྲོག་གཅོད་པ་སྤངས་པ། གཞན་སྤོང་དུ་འཇུག་པ། སྤངས་པ་ལ་བསྟོད་པ། དེ་ལ་དགའ་ཞིང་སྨོན་པ། གསོད་སར་ཆུད་པའི་སེམས་ཅན་གཏོང་བ། གསོད་སར་ཆས་པའི་མི་རྣམས་གཏོང་བ། འཇིགས་ཤིང་སྐྲག་པའི་སེམས་ཅན་རྣམས་ལ་སྐྱབས་བྱ་བ། མགོན་མེད་པ་རྣམས་ལ་སྙིང་རྗེ་བ། ནད་པ་དང་རྒན་བྱིས་སོགས་བྱམས་པས་སྡུད་པ། དབུལ་ཕོངས་ལ་ཟས་གོས་སོགས་སྦྱིན་པར་བྱེད་པའོ། །འདིའི་སྟེང་དུ་ལས་རྣམ་འབྱེད་ལས། འཐབ་མོ་སོགས་ལས་བཟློག་ཅིང་མཆོད་རྟེན་དང་གཙུག་ལག་ཁང་ཞིག་རལ་བཅོས་པ་རྣམས་སུའང་གསུངས། གང་དག་ནད་མར་བར་འགྱུར་བའི་ཆོས་བཅུ་ནི། དབྱུག་པ་དང་འཐབ་མོ་ལ་སོགས་པས་གཞན་ལ་བཙོག་པ་དང་། འཚོག་ཏུ་བཅུག་པ་དང་། འཚོགས་པ་ལ་བསྟོད་པ་དང་། འཚོགས་པ་ལ་དགའ་ཞིང་སྨོན་པ་དང་། ཕ་མའི་སེམས་དང་ལུས་མི་བདེ་བར་བྱེད་པ། རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པའི་སེམས་མི་བདེ་བར་བྱས་པ། མི་མཛའ་བ་ན་ན་དགའ་བ། དེའི་ནད་མ་སོས་ན་དགའ་བ། ནད་པ་ལ་སྨན་ཕྱིན་ཅི་ལོག་བྱིན་པ། ཟས་མ་ཞུ་བར་ཟར་བཅུག་པ་རྣམས་སོ། །ལས་བཟང་པོ་བྱས་པ་ནད་ཉུང་བར་འགྱུར་བའི་ཆོས་བཅུ་ནི། དབྱུག་པ་སོགས་ཀྱིས་གཞན་མི་འཚོག་པ། འཚོག་ཏུ་མི་གཞུག་པ། འཚོགས་པ་ལ་མི་བསྟོད་པ། དེ་ལས་དགའ་ཞིང་མི་སྨོན་པ། ཕ་མ་སོགས་ལ་རིམ་གྲོ་བྱེད་པ། རབ་ཏུ་བྱུང་བ་རྣམས་ལ་རིམ་གྲོ་བྱེད་པ། མི་མཛའ་བ་རྣམས་ན་ན་མི་དགའ་བ། དེའི་ནད་སོས་ན་དགའ་བ། ནད་པ་ལ་སྨན་ལེགས་པར་སྦྱིན་པ། ཁ་ཟས་ཞུ་ནས་སྟོབ་པ་རྣམས་སོ། །གཟུགས་མི་སྡུག་པར་འགྱུར་བའི་ཆོས་བཅུ་ནི། ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། ཉེས་པ་འཆབ་པ་དང་། གཞན་ལ་འཚིག་པ་དང་། ཕ་མ་ལ་ངན་དུ་བརྗོད་པ་དང་། ཁྱིམ་པ་དང་རབ་ཏུ་བྱུང་བ་ལ་ང ན་དུ་བརྗོད་པ། མཆོད་རྟེན་དང་གཙུག་ལག་ཁང་དང་མཆོད་རྟེན་གྱི་ས་གཞི་མི་སྡུག་པར་བྱས་པ། མཆོད་རྟེན་དང་སྐུ་གཟུགས་ཀྱི་མར་མེ་བསད་པ། སེམས་ཅན་མི་སྡུག་པ་རྣམས་ལ་ཕྱས་འདོགས་པ། གཙང་སྦྲ་ཆུང་བ་རྣམས་སོ། །མཛེས་ཤིང་ཡིད་དུ་འོང་བར་འགྱུར་བའི་ཆོས་བཅུ་ནི། ཁྲོ་དང་འཁོན་འཛིན་སོགས་མི་བྱེད་པ། གོས་སྦྱིན་པ། མཆོད་རྟེན་དང་གཙུག་ལག་ཁང་ལ་རྡོ་ཐལ་གྱིས་བྱུག་པ། སྣོད་སྤྱད་ཡིད་འོང་སྦྱིན་པ། སྤོས་བྱུག་དང་རྒྱན་སྦྱིན་པ། ཕ་མའི་ལེགས་པར་བརྗོད་པ། འཕགས་པ་རྣམས་ལ་བསྔགས་པ། མཆོད་རྟེན་གྱི་གཞི་དང་གཙུག་ལག་ཁང་སོགས་ཕྱག་དར་བྱེད་པ། སེམས་ཅན་མི་སྡུག་པ་སོགས་ལ་མི་འཕྱ་བ། གཙང་སྦྲ་ཆེ་བ་རྣམས་སོ། །མཐུའམ་དབང་ཆུང་བར་འགྱུར་བའི་ཆོས་བཅུ་ནི། གཞན་གྱི་ཡོན་ཏན་སོགས་ལ་ཕྲག་དོག་དང་། གཞན་གྱི་མ་ཐོབ་པ་ལ་དགའ་བ། ཐོབ་ནས་མི་དགའ་བ། གཞན་སྐྱིད་པ་དང་གྲགས་པ་དང་བསྟོད་པ་མེད་པ་སོགས་ལ་དགའ་བ། གཞན་སྐྱིད་པ་སོགས་ལ་མི་དགའ་བ། ཕ་མ་དང་བླ་མ་སྲི་ཞུ་མི་བྱེད་པ། རབ་ཏུ་བྱུང་བ་སོགས་མི་བཀུར་བ། དབང་ཆུང་ངུ་ལ་མི་དགེ་བའི་རྩ་བ་སྐྱེད་པ། དབང་ཆེན་པོ་ལ་དགེ་བའི་རྩ་བ་གཅོད་པ། གང་ཟག་ངན་བྱེད་རྣམས་ལ་བསྟོད་པའོ། །མཐུའམ་དབང་ཆེ་བར་འགྱུར་བའི་ཆོས་བཅུ་ནི། གཞན་གྱི་ཐོབ་པ་ལ་ཕྲག་དོག་མི་བྱེད་པ། སེར་སྣ་མེད་པ། ཐོབ་ན་དགའ་བ། མ་ཐོབ་ན་མི་དགའ་བ། གཞན་སྐྱིད་པ་དང་བསྟོད་གྲགས་ལ་དགའ་བ། དེ་མེད་ན་མི་དགའ་བ། བྱང་ཆུབ་ཀྱི་སེམས་བསྐྱེད་པ། མཆོད་རྟེན་དང་གཙུག་ལག་ཁང་བྱེད་པ། དབང་ཆུང་ངུ་ལ་ཆོས་ངན་པ་དང་མི་དགེ་བའི་རྩ་བ་གཅོད་པ། དབང་ཆེ་བ་རྣམས་ལ་དགེ་རྩ་བསྐྱེད་པ་རྣམས་སོ། །མ་རབས་སུ་སྐྱེ་བར་འགྱུར་བའི་ལས་བཅུ་ནི། ང་རྒྱལ་དང་གྱང་ཁེངས་ཆེ་བ། ཕ་མ་ལ་ཕ་མར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ། རིགས་ཀྱིས་བཙུན་པ་ལ་མི་བཀུར་བ། མཁན་སློབ་སོགས་ལ་བཀུར་སྟི་མི་བྱེད་ཅིང་མགྲོན་དུ་མི་གཉེར་བ། ཕ་མ་ལ་སྲི་ཞུ་མི་བྱེད་པ། མཁན་སློབ་སོགས་ཁྱད་དུ་གསོད་པ། སྐྱེ་བོ་ཡ་རབས་རྣམས་སྤོང་བ། དམན་པ་མ་རབས་རྣམས་བཀུར་བ་རྣམས་སོ། །ཡ་རབས་སུ་སྐྱེ་བར་འགྱུར་བའི་ཆོས་བཅུ་ནི། ཕ་མ་དྲན་པ། ཐར་པར་ཞུགས་པ་ཤེས་པ། བྲམ་ཟེར་ཤེས་པ། རིགས་ཀྱིས་བཙུན་པ་ལ་བཀུར་བ། མཁན་པོ་དང་བླ་མ་སོགས་མཐོང་ན་སྟན་ལས་ལངས་ཏེ་བསྟི་སྟང་བྱེད་པ། ཕ་མ་ལ་སྲི་ཞུ་བྱེད་པ། མཁན་སློབ་སོགས་ལ་སྲི་ཞུ་བྱ་བ། ཀུན་ལ་སྙོམས་པ། མཆོད་རྟེན་གྱི་སྲོག་ཤིང་འཛུགས་པ། མེ་ཏོག་དང་ཕྲེང་རྒྱན་སོགས་ཕུལ་བའོ། །གང་དག་དབུལ་པོར་གྱུར་པའི་ཆོས་བཅུ་ནི། མ་བྱིན་པར་ལེན་པ། ལེན་དུ་འཇུག་པ། ལེན་པར་བསྟོད་པ། དེ་ལ་སྨོན་པ། ཕ་མའི་འཚོ་བ་འཕྲོག་པ། མཁན་སློབ་སོགས་དང་གཙུག་ལག་ཁང་གི་མཆོད་རྒྱུན་གཅོད་པ། གཞན་ཐོབ་ན་མི་དགའ་བ། མ་ཐོབ་ན་དགའ་བ། གཞན་གྱིས་རྙེད་སོགས་ལ་གེགས་བྱེད་པ། ལོ་ཉེས་སོགས་མུ་གེ་བྱུང་ན་དགའ་བ་རྣམས་སོ། །ཕྱུག་པོར་འགྱུར་བའི་ཆོས་བཅུ་ནི། མ་བྱིན་པར་ལེན་པ་སྤོང་བ། གཞན་སྤོང་དུ་འཇུག་པ། གཞན་གྱིས་སྤོང་བ་ལ་དགའ་བ། ཕ་མ་ལ་འཚོ་བ་སྦྱིན་པ། མཁན་སློབ་སོགས་ལ་གནས་མལ་དང་མཁོ་བའི་ཡོ་བྱད་རྣམས་སྦྱར་བ། གཞན་གྱིས་ཐོབ་པ་ལ་དགའ་བ། གཞན་གྱིས་ཐོབ་པ་ལ་ནན་ཏན་དུ་སྒྲུབ་པ། གཞན་གྱིས་མ་ཐོབ་པ་ལ་མི་དགའ་བ། ཕྱོགས་ཐམས་ཅད་དུ་ལོ་ལེགས་པར་སྨོན་པ། སྦྱིན་པ་གཏོང་བའི་གང་ཟག་རྣམས་ལ་རབ་ཏུ་དགའ་བའོ། །ངན་པའམ་ཤེས་རབ་ཆུང་བར་འགྱུར་བའི་ཆོས་བཅུ་ནི། གང་ཡང་འདྲི་མི་ཤེས་པ། ཆོས་མ་ཡིན་པ་ཀུན་འཕེལ་བར་བྱེད་པ། ཡང་དག་པའི་ཆོས་སྤོང་བ། ཆོས་འཆད་པ་ལ་བསྟི་སྟང་མི་བྱེད་པ། མ་བརྟགས་པར་སྨྲ་བ་ལ་དགེ་བར་བསྟོད་པ། ངན་པའི་གང་ཟག་རྣམས་ལ་འཁོར་ཞིང་བསྙེན་པ། མཁས་པ་རྣམས་སྤོང་བ། ལོག་པར་ལྟ་བ་འཛིན་ཅིང་བསྟོད་པ། ཡང་དག་པའི་ལྟ་བ་སྤོང་བ། ཤེས་རབ་དང་ལྡན་པའི་གང་ཟག་དག་སྤོང་བ་རྣམས་སོ། །ཤེས་རབ་ཆེན་པོར་འགྱུར་བའི་ཆོས་བཅུ་ནི། དགེ་སྦྱོང་སོགས་མཁས་པ་གཞན་ལ་འདྲི་ཤེས་པ། མི་མཁས་པའམ་ཤེས་རབ་འཆལ་བ་ཡོངས་སུ་སྤོང་བ། དམ་པའི་ཆོས་སྟོན་ཅིང་གསལ་བར་བྱེད་པ། ཆོས་མ་ཡིན་པ་ལ་རྣམ་པར་སྨོད་པ། ཆོས་སྨྲ་བ་རྣམས་ལ་མི་འཇིགས་པ་ཉེ་བར་སྒྲུབ་པ། རིགས་པ་ལ་ལེགས་སོ་ཟེར་བ། མི་རིགས་པ་ཡོངས་སུ་སྤོང་བ། ཡང་དག་པར་ལྟ་བའི་ལེགས་པ་བརྗོད་པ། ལོག་པར་ལྟ་བའི་ཉེས་པ་ལ་དམོད་པ། གླེགས་བམ་དང་སྣག་སྨྱུག་སྦྱིན་ཞིང་ཆང་མི་འཐུང་བ་རྣམས་སོ། །གང་དག་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་པའི་ལས་བཅུ་ནི། ཤིན་ཏུ་ཞེ་སྡང་བའི་སེམས་ཀྱིས་ལུས་དང་། ངག་དང་། ཡིད་ཀྱིས་ཉེས་པ་ཆེར་བྱས་པ་གསུམ་དང་། ཆད་པར་ལྟ་བ། རྟག་པར་ལྟ་བ། མེད་པར་ལྟ་བ། སེར་སྣ་ཆེ་བ། དྲིན་དུ་མི་གཟོ་བ། མཚམས་མེད་པའི་ལས་བྱེད་པ། འཕགས་པ་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་སྐུར་བ་འདེབས་པ་རྣམས་སོ། །དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་བའི་ལས་བཅུ་ནི། ལུས་དང་། ངག་དང་། ཡིད་ཀྱིས་ཉེས་པ་འབྲིང་དུ་བྱས་པ་གསུམ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་བྱུང་བའི་ལས་སྣ་ཚོགས་པ་སྟེ་གསུམ་བཅས་དྲུག་དང་། ཕ་མ་དང་རབ་ཏུ་བྱུང་བ་རྣམས་ལ་ཚུལ་དང་མི་མཐུན་པའི་སྦྱིན་པ་བྱེད་པ་དང་། དུད་འགྲོར་སྐྱེས་པའི་སེམས་ཅན་ལ་ཕྱས་བྱེད་པ་དང་དེ་ལྟར་སྨོན་པ་སྟེ་དཔེར་ན་བ་ལང་ངམ་བྱའི་བརྟུལ་ཞུགས་ཅན་སོགས་དེར་སྐྱེ་བར་སྨོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་དགོས་པའི་དབང་གིས་དེར་སྐྱེ་བ་འཛིན་པ་དང་། བྲམ་ཟེ་ཆར་འབེབས་ཀྱིས་འོད་སྲུང་ཆེན་པོ་ལ་སྤྲེའུ་དང་འདྲ་བར་མི་སྙན་པ་བརྗོད་པས་སྐྱེ་བ་ལྔ་བརྒྱར་སྤྲེའུའི་ལུས་ལེན་པར་གསུངས་པ་ལྟ་བུ་རྣམས་སོ། །རིང་དུ་འཁྱམས་པའམ་གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ལས་བཅུ་ནི། ལུས་དང་། ངག་དང་། ཡིད་ཀྱིས་ངན་པར་སྤྱོད་པ་ཆུང་ངུ་གསུམ་དང་། ངན་པ་ལ་དད་པ། ཤིན་ཏུ་དད་པ། ལོག་པས་འཚོ་བ། སེར་སྣ་ལ་དད་ཅིང་མི་གཏོང་བ། སྦྱིན་པ་ལ་གེགས་བྱེད་པ། འདོད་པ་ལ་ཆགས་བཞིན་དུ་ཤི་བ། བྲུ་བ་ཚ་ཞིང་སྐོམ་བཞིན་དུ་ཤི་བ་རྣམས་སོ། །ཨ་སུ་ར་སྟེ་ལྷ་མིན་དུ་སྐྱེ་བར་འགྱུར་བའི་ལས་བཅུ་ནི། ཐམས་ཅད་ལའང་ལུས་དང་། ངག་དང་། ཡིད་ཀྱིས་ཅུང་ཟད་ངན་པར་སྤྱོད་པ་གསུམ་དང་། ངར་སེམས་པ་སྟེ་ང་འོ་སྙམ་པའི་ང་རྒྱལ་དང་། མི་མཚུངས་པའི་ང་རྒྱལ་དང་། ཟླ་ལས་ལྷག་པའི་ང་རྒྱལ་དང་། གོང་མ་ལས་ལྷག་པའི་ང་རྒྱལ་དང་། གོང་མ་ལས་ཀྱང་གོང་མའི་ང་རྒྱལ་དང་། བདག་ལ་མི་སྲིད་པའི་ང་རྒྱལ་དང་། དགེ་བའི་རྩ་བ་བསྐྱེད་པ་ལ་ལོག་པར་སྨོན་པ་སྟེ་དེར་བསྔོས་པ་རྣམས་སོ། །མིར་སྐྱེ་བའི་ཆོས་བཅུ་ནི། སྲོག་གཅོད་པ་སྤོང་བ་སོགས་སྒོ་གསུམ་གྱིས་དགེ་བ་བཅུའི་ལམ་མ་ཉམས་ཤིང་མ་གོད་པ ས་མིའི་འཇིག་རྟེན་དུ་སྐྱེའོ། །འདོད་ཁམས་ཀྱི་ལྷར་སྐྱེ་བའི་ལས་བཅུ་ནི། དགེ་བ་བཅུའི་ལས་ལམ་ཡོངས་སུ་རྫོགས་ཤིང་ལེགས་པར་སྦྱངས་པར་བྱས་པའོ། །གཟུགས་ཁམས་ཀྱི་ལྷར་སྐྱེ་བར་འགྱུར་བའི་ལས་བཅུ་ནི། དགེ་བཅུའི་ལས་ཀྱི་ལམ་རྣམས་ལེགས་པར་སྦྱངས་ཤིང་ཤིན་ཏུ་མཉམ་པར་བཞག་པ་དང་། ཁྱད་པར་དུ་ཤིན་ཏུ་འཕགས་པ་དང་ཡོངས་སུ་རྫོགས་པར་བྱས་པའོ། །གཟུགས་མེད་པའི་ཁམས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་བཅུ་ནི། དགེ་བ་བཅུའི་ཆོས་དང་། མི་གཡོ་བར་འཛིན་པ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་གོམས་པར་བྱས་པ་ལས་སོ། །གཞན་ཡང་བྱས་ལ་མ་བསགས་པའི་ལས་ཡོད་དེ་ལས་བྱས་ནས་ངོ་ཚ་བར་འཛིན་པ་དང་འགྱོད་པ་དང་སྨོད་པ་དང་འཆགས་པ་དང་མཐོལ་བ་དང་། སྤོང་བ་དང་། ཕྱིན་ཆད་མི་བྱེད་པར་སྡོམ་པ་སྟེ། ལས་དེ་ལྟ་བུ་ནི་བྱས་ལ་མ་བསགས་པའོ། །དེ་བཞིན་དུ་བསགས་ལ་མ་བྱས་པའི་ལས་ཡོད་དེ། ལས་གང་སེམས་ཀྱི་ཡོངས་སུ་རྫོགས་པར་བྱས་ཤིང་ཚིག་ཏུའང་ལས་འདི་བྱའོ། །ཞེས་སྨྲས་ནས་ལས་དངོས་དེ་མ་བྱས་པའོ། །བྱས་ཀྱང་བྱས་ལ་བསགས་ཀྱང་བསགས་པའི་ལས་ཡོད་དེ་ལས་གང་བྱས་ནས་མི་འཛེམ་པ་དང་། མི་ལྡོག་པ་དང་། མི་འགྱོད་པ་དང་། མི་སྨོད་པ་དང་། མི་འཆགས་པ་དང་། མི་མཐོལ་བ་དང་མི་འདོར་བ་དང་། མི་སྤོང་བ་དང་། ཕྱིན་ཆད་ཀྱང་སྡོམ་པར་མི་བྱེད་པའོ། །བྱས་ཀྱང་མ་བྱས་ལ་བསགས་ཀྱང་མ་བསགས་པའི་ལས་ཡོད་དེ་ལས་གང་ཆེད་དུ་མ་བསགས་པར་བྱས་པ། རྨི་ལམ་ན་བྱས་པའམ། བྱེད་དུ་བཅུག་པ་ལྟ་བུའོ། །ལས་གང་གིས་སེམས་ཅན་དམྱལ་བར་སྐྱེས་ནས་དེའི་ཚེ་ཚད་ཡོངས་སུ་རྫོགས་པར་བྱས་ནས་འཕོ་བར་འགྱུར་བ་ཡོད་དེ། །ལས་བསགས་ནས་དེ་ལ་ངོ་ཚ་བ་སོགས་སུ་མི་འཛིན་ཅིང་མི་བཤགས་ལ་ཕྱིན་ཆད་སྡོམ་པར་མི་བྱེད་དེ་ལ་ཕྱིར་ཞིང་དགའ་བར་བྱེད་པ་སྟེ་དཔེར་ན་ལྷས་བྱིན་བཞིན་ནོ། །ལས་གང་གི་དམྱལ་བར་སྐྱེས་ནས་དེའི་ཚེ་ཡི་ཕྱེད་ཙམ་ན་འཕོ་བར་འགྱུར་བ་ཡོད་དེ། ལས་བྱས་ནས་འཛེམ་པ་དང་འགྱོད་པ་སོགས་ཀྱིས་བཤགས་སྡོམ་ཅུང་ཟད་བགྱིས་པའོ། །ལས་གང་གིས་དམྱལ་བར་སྐྱེས་མ་ཐག་ཏུ་ཚེ་འཕོ་བར་འགྱུར་བ་ཡོད་དེ། ལས་བསགས་ནས་ངོ་ཚ་དང་འགྱོད་པ་ཆེན་པོས་དྲག་ཏུ་བཤགས་ཤིང་སྡོམ་པར་བྱེད་ལ་གཉེན་པོའི་ཆོས་བསྟེན་པ་སྟེ། རྒྱལ་པོ་མ་སྐྱེས་དགྲ་བཞིན་ནོ། །དེ་ལྟར་ཡང་། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ནི། །བ དག་ལ་སྨོད་དང་རབ་ཏུ་བཤགས་པ་དང་། །སྡོམ་པར་བྱེད་པས་དེ་དག་སྲབ་འགྱུར་གྱིས། ཤིན་ཏུ་རྩ་ནས་ཕྱིན་ཅེས་མི་སྨྲའོ། །གཞན་ཡང་དེ་ལ་ངེས་པར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད་དེ། དེ་ནི་ལས་བྱས་ནས། ཆེ་གེ་མོ་ཞིག་ཏུ་སྐྱེ་བར་ཤོག་ཅིག ཅེས་བསྔོས་པས་དེར་སྐྱེ་བར་འགྱུར་བའོ། །དེ་ལ་མ་ངེས་པར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད་དེ་དེ་ནི་ལས་བྱས་ནས་དེ་ལྟར་ཡོངས་སུ་མི་བསྔོ་བ་སྟེ། དེ་ལྟར་མ་ངེས་པའོ། །ཡུལ་གཞན་དུ་རྣམ་པར་སྨིན་པར་འགྱུར་བའི་ལས་ཡོད་དེ་ཚེ་འདི་ཉིད་དམ་ཚེ་གཞན་ལ་ཡུལ་གཞན་དུ་བདེ་བའམ་མི་བདེ་བ་རྣམ་པར་སྨིན་པ་སྟེ། དཔེར་ན་དེད་དཔོན་གྱི་བུ་བྱམས་པ་མཆོད་སྦྱིན་ལྟ་བུ་སྟེ། འདིའི་ལོ་རྒྱུས་ནི་གོང་དུ་མཛའ་བོའི་བུ་མོའི་ལོ་རྒྱུས་དང་མཐུན་ཏེ་མའི་ངག་བཅག་ནས་མའི་མགོ་ལ་བགོམས་ཏེ་རྒྱ་མཚོར་སོང་བ་ལས་གྲུ་ཞིག་ནས་རྐྱལ་གྱིས་ཕྱིན་པ་ལས་སྔོན་མ་ཡི་ཚིག་ཉན་ཏེ་ལས་བཞིན་ཕྱིར་ལོག་པ་དང་ཁྲིམས་བརྒྱད་མནོས་པས་གསེར་དང་དངུལ་དང་། བཻཌཱུཪྱ་དང་། ཤེལ་གྱི་ར་བ་ཅན་གྱིས་གྲོང་ཁྱེར་བཞི་བོར། ལྷ་མོ་བཞི་དང་། བརྒྱད་དང་། བཅུ་དྲུག་དང་། སུམ་ཅུ་རྩ་གཉིས་རྣམས་ཀྱིས་མཆོད་པའི་ཉི་ཚེ་བའི་མཐོ་རིས་བདེ་བ་མྱོང་བའི་མཐར་མའི་ངག་གཅོག་ཅིང་མགོ་ལ་བགོམས་པའི་ལས་ཀྱིས་རལ་གྲིའི་འཁོར་ལོ་མགོ་ལ་འཁོར་བ་སོགས་ཉི་ཚེ་བའི་དམྱལ་བའི་སྡུག་བསྔལ་མྱོང་བས་སྙིང་རྗེ་ཆེན་པོ་སྐྱེས་ཏེ། འཇིག་རྟེན་བགྲང་དུ་མེད་པ་ཐམས་ཅད་ཀྱིས། །སྲིད་རྩེ་མན་ཆད་མནར་མེད་ཡན་ཆད་ན། །ལྷ་དང་ལྷ་མིན་ལྟོ་འཕྱེ་ཆེན་པོའི་ཚོགས། །བདེ་བར་གྱུར་ཅིག་སྡུག་བསྔལ་བདག་གིས་བླང་། །ཞེས་དང་། སེམས་ཅན་དམྱལ་བ་མནར་མེད་མཐའ་ནས་སྲིད་རྩེ་མན་ཆད་ནས། །སེམས་ཅན་ཚེ་འཕོའི་རྣམ་པ་འཆིང་བས་ཇི་སྙེད་བཅིང་བ་དག ། ཐམས་ཅད་མ་ལུས་ཆོས་དང་ལྡན་ཞིང་བདེ་བར་འཚོ་གྱུར་ཏེ། །རྒས་མེད་ཚེ་འཕོ་མེད་པའི་མྱ་ངན་འདས་པ་ཐོབ་གྱུར་ཅིག ། ཅེས་སྨོན་ལམ་མཛད་པའི་མོད་ལ་ཐར་བར་གསུངས་སོ། །མདོར་ན་དཀོན་མཆོག་གསུམ་དང་མཁན་སློབ་དང་ཕ་མ་དག་ལ་བརྟེན་ནས་བསགས་པའི་ལས་རྣམས་ནི་མཐོང་བའི་ཆོས་ཚེ་འདི་དང་མ་མཐོང་བ་ཚེ་ཕྱི་མའི་དུས་སུ་འབྲས་བུ་རྒྱ་ཆེན་པོ་དག་འབྱུང་སྟེ། དཔེར་ན་གྲོང་ཁྱེར་གཙུག་ཕུད་ཅེས་བྱ་བའི་རང་སངས་རྒྱས་ལྟ་བུ་སྟེ། དེ་ལ་ལོ་ཉེས་པ་ཞིག་གི་ཚེ་མི་དབུལ་པོ་ཞིག་གིས་བསོད་སྙོམས་ཤིག་ཕུལ་བས། དེ་དེ་ཉིད་ཀྱི་ཚེ་རྒྱལ་པོ་དབང་བསྐུར་ནས། དུས་གཞན་ཞིག་ཏུ་རང་སངས་རྒྱས་སུ་གྱུར་པ་ལྟ་བུ་སོགས་མང་ངོ་། །དེ་ཡང་མཁན་པོ་ནི་སློབ་མ་ལ་བུའི་འདུ་ཤེས་འཇོག་ཅིང་། སློབ་མ་ནི་མཁན་པོ་ལ་ཕ་ཡི་འདུ་ཤེས་འཇོག་པས་ན་ཕ་མ་དང་མཁན་སློབ་དག་མཚུངས་ཤིང་མཉམ་པར་ཁྱིམ་པ་དག་ལ་ནི་ཕ་མ་དང་རབ་ཏུ་བྱུང་བ་རྣམས་ལ་ནི་མཁན་པོ་དང་སློབ་དཔོན་མཆོད་པའི་གནས་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ངའི་ཚིག་ལ་ཡིད་ཆེས་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་མཆོག་ཏུ་བསྐྱེད་པར་བྱའོ། །ཆོས་དང་། དགེ་འདུན་དང་། ཕ་མ་དང་མཁན་པོ་དང་སློབ་དཔོན་ལ་དད་པ་མཆོག་ཏུ་བསྐྱེད་པར་བྱའོ། །དེས་ནི་ཁྱོད་ལ་ཡུན་རིང་པོར་ཕན་པ་དང་བདེ་བའི་རྒྱུར་འགྱུར་རོ། །ཞེས་གསུངས་སོ། །ལས་གང་དང་ལྡན་ན་སྔར་བདེ་ལ་ཕྱིས་སྡུག་བསྔལ་བར་འགྱུར་བའང་ཡོད་དེ། འགའ་ཞིག་སྦྱིན་པ་བསླངས་ན་རབ་ཏུ་དགའ་སྟེ་ཁས་ལེན་ཅིང་རབ་ཏུ་དགའ་བས་བྱིན་ལ། དེའི་འོག་ཏུ་འགྱོད་པར་གྱུར་པ་སྟེ། དེ་ནི་མིར་སྐྱེས་པའི་ཚེ་ཕྱུག་ཅིང་ནོར་མང་བའི་ཁྱིམ་དུ་སྐྱེ་ལ། ཕྱིས་ལོངས་སྤྱོད་དག་ཟད་ནས་དབུལ་པོར་འགྱུར་རོ། །ལས་གང་གིས་སྔར་སྡུག་བསྔལ་ལ་ཕྱིས་བདེ་བར་འགྱུར་བ་ཡང་ཡོད་དེ་ཁ་ཅིག་སྦྱིན་པ་བྱེད་དུ་བཅུག་ན་ཁ་སྲབ་ལ་ཁས་ལེན་ཅིང་སྦྱིན་པར་བྱས་ནས། དེའི་འོག་ཏུ་སེམས་དགའ་བ་བསྐྱེད་པ་སྟེ། དེ་ནི་དབུལ་པོའི་རིགས་སུ་སྐྱེས་ཏེ་ཕྱིས་ལོངས་སྤྱོད་དག་འཕེལ་བར་འགྱུར་རོ། །གང་དག་སྔར་ཡང་བདེ་ལ་ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་ཡོད་དེ། ཐོག་མ་ནས་སྤྲོ་བཞིན་དུ་སྦྱིིན་ཞིང་། ཕྱིས་ཀྱང་འགྱོད་པ་མེད་པ་སྟེ། དེ་ཕྱུག་པོར་སྐྱེ་ཞིང་ལོངས་སྤྱོད་ལས་ཉམས་པར་མི་འགྱུར་རོ། །གང་དག་སྔར་ཡང་སྡུག་བསྔལ་ལ་ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའི་ལས་ཡོད་དེ། དགེ་བའི་བཤེས་གཉེན་དང་མ་ཕྲད་པས་སུས་ཀྱང་སྦྱིན་པ་ལ་མ་བསྐུལ་ཞིང་རང་ཡང་སྦྱིན་པར་མ་བྱས་པ་སྟེ། དེ་ནི་དབུལ་པོའི་ཁྱིམ་དུ་སྐྱེ་ཞིང་ལོངས་སྤྱོད་རྣམས་འཕེལ་བར་མི་འགྱུར་རོ། །གང་དག་ཕྱུག་ཅིང་སེར་སྣ་ཅན་དུ་འགྱུར་བའི་ལས་ཀྱང་ཡོད་དེ། །གང་དག་ཚུལ་ཁྲིམས་དང་ལྡན་པ་སོགས་ཞིང་དག་པར་སྦྱིན་པ་ཅུང་ཟད་ཙམ་བྱིན་ཏེ་ཡོ་བྱད་བསྲི་ཞིང་གཏོང་བའི་སེམས་གོམས་པར་མ་བྱས་པའོ། །གང་དག་དབུལ་ཞིང་གཏོང་ཕོད་ཆེ་བར་འགྱུར་བའི་ལས་ཡོད་དེ། ཁ་ཅིག་དུད་འགྲོ་དང་མི་ལོག་པའི་ངང་ཚུལ་ཅན་སོགས་གནས་མིན་ལ་མང་དུ་བྱིན་ཅིང་གོམས་པར་བྱས་པའོ། །གང་དག་ཕྱུག་ཅིང་གཏོང་ཕོད་ཆེ་བར་འགྱུར་བའི་ལས་ཡོད་དེ། ཡོན་གནས་ཁྱད་པར་ཅན་ལ་མང་དུ་སྦྱིན་ཞིང་གོམས་པར་བྱས་པ་ལས་སོ། །གང་དག་དབུལ་ཞིང་སེར་སྣ་ཅན་དུ་གྱུར་པའི་ལས་ཡོད་དེ་དེས་ནི་སྦྱིན་པ་མ་བྱིན་ཅིང་གཏོང་བ་ལ་སྤྲོ་བ་མེད་པ་དག་གོ །གང་ཟག་ལ་ལ་ཚེ་ཟད་ལ་ལས་མ་ཟད་པའང་ཡོད་དེ། གང་དག་དམྱལ་བ་ནས་ཚེ་འཕོས་ཏེ་ཡང་དམྱལ་བར་སྐྱེ་བ་ལྟ་བུའོ། །གང་དག་ལས་ཟད་ལ་ཚེ་མ་ཟད་པའང་ཡོད་དེ་སྔོན་སྐྱིད་ལ་ཕྱིས་སྡུག་བསྔལ་བའམ་ཚེ་སྟོད་སྡུག་ལ་ཚེ་སྨད་སྐྱིད་པ་ལྟ་བུའོ། །གང་དག་ཚེ་དང་ལས་གཉིས་ཀ་ཟད་པ་ཡོད་དེ། ངན་སོང་ལས་ཚེ་འཕོས་ནས་བདེ་འགྲོར་སྐྱེས་པ་ལྟ་བུའོ། །གང་དག་ཚེ་ཡང་མ་ཟད་ལས་ཀྱང་མ་ཟད་ལ་མྱ་ངན་སྤངས་པ་ཡོད་དེ། རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་དག་གོ །གང་དག་ལུས་བདེ་ལ་སེམས་མི་བདེ་བའང་ཡོད་དེ་ནད་དང་བྲལ་བའི་སོ་སྐྱེ་ལྟ་བུའོ། སེམས་བདེ་ལ་ལུས་མི་བདེ་བའམ་ཡོད་དེ་དགྲ་བཅོམ་པ་ནད་པ་ལྟ་བུའོ། །གཉིས་ཀ་བདེ་བའང་ཡོད་དེ་དགྲ་བཅོམ་པ་བསོད་ནམས་བསགས་པ་རྒྱལ་པོ་ཆོས་གྲགས་ཀྱི་བུ་ལྟ་བུ་སྟེ། འདིས་སངས་རྒྱས་ལོག་པར་དད་སེལ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་གསོས་སྨན་ཕུལ་བས། ཚེ་འདིར་རབ་ཏུ་བྱུང་ནས་ལོ་བརྒྱད་ཅུ་ལོན་ཡང་ཅུང་ཟད་ཙམ་ཡང་ན་མ་མྱོང་བར་གསུངས་པ་ལྟ་བུའོ། །གཉིས་ཀ་མི་བདེ་བ་སོ་སྐྱེ་བསོད་ནམས་མ་བསགས་པའི་དབུལ་ཕོངས་ནད་པ་ལྟ་བུའོ། །གང་དག་ངན་སོང་དུ་སྐྱེས་པ་དག་ལའང་གཟུགས་བཟང་ཞིང་མཛེས་ལ་ལུས་སྣུམ་ཞིང་མདོག་འཚེར་ལ་མིག་ཏུ་སྡུག་ཅིང་བལྟ་ན་དགའ་བར་འགྱུར་བའི་ལས་ཡོད་དེ། གང་ཟག་ཆགས་པ་གཡོས་ཏེ་ཚུལ་ཁྲིམས་ཉམས་པས་ངན་སོང་དུ་ལྷུང་བ་སྟེ། དཔེར་ན་རྨ་བྱ་དང་ནེ་ཚོ་ངུར་པ་ལ་སོགས་པ་ལྟ་བུའོ། །མདོག་མི་བཟང་ཞིང་ལུས་རྩུབ་པ་བལྟ་ན་མི་སྡུག་པརའགྱུར་བའི་ལས་ཡོད་དེ། དེ་ནི་ཁྲོ་བ་སྐྱེས་ཤིང་ཁྲིམས་མི་ཐུབ་པ་ལས་བྱུང་སྟེ་གཅན་གཟན་དང་སྦྲུལ་དང་ཤ་ཟ་ལ་སོགས་པ་ལྟ་བུའོ། །གང་དག་ལྕེའི་དབང་པོ་རྩུབ་པ་དང་དྲི་མི་ཞིམ་པ་དང་དབང་པོ་མ་ཚང་བ་སོགས་སུ་འགྱུར་བའི་ལས་ཡོད་དེ། དེ་ནི་གཏི་མུག་གི་སྒོ་ནས་ཚུལ་ཁྲིམས་འཆལ་བ་སྟེ། ཤིག་དང་སྦྲང་བུ་དང་ལུས་ཀྱི་སྲིན་བུ་ལ་སོགས་པའོ། །ཇི་ལྟར་མི་དགེ་བ་བཅུའི་ལས་བྱས་པའི་རྒྱུས་ཕྱི་རོལ་གྱི་ཡུལ་རྣམས་ངན་དུ་འོང་བར་འགྱུར་ཞེ་ན། སྲོག་གཅོད་པས་ནི་སའི་མདངས་དང་གཟི་བྱིན་ནུས་པར་འགྱུར་ལ། རྣམ་སྨིན་གྱིས་ཚེ་ཐུང་བར་འགྱུར་རོ། །མ་བྱིན་པར་ལེན་པས་ནི་ས་ལ་སད་སེར་དང་བྱི་བ་དང་འབུ་སྲིན་སོགས་ཀྱིས་ལོ་ཏོག་ཟ་བར་འགྱུར་ལ། རྣམ་སྨིན་གྱིས་ནི་སྤྲང་པོར་འགྱུར་རོ། །ལོག་གཡེམ་གྱིས་ནི་ས་ལ་རྩྭ་དང་ནགས་ཚལ་དྲི་ང་བ་དག་ཏུ་སྐྱེ་བར་འགྱུར་ལ། རྣམ་སྨིན་གྱིས་ནི་ཆུང་མ་དགྲ་ཟླ་དང་བཅས་པར་འགྱུར་རོ། །རྫུན་གྱིས་ནི་ཁ་དང་ལྐོག་མ་ན་བ་དང་ཁ་ནས་དྲི་མི་ཞིམ་པ་སོགས་འབྱུང་ལ། རྣམ་སྨིན་ནི་གཞན་གྱིས་བསླུ་བར་འགྱུར་རོ། །ཕྲ་མས་ནི། ས་ལ་གསེག་མ་དང་གྱོ་མོ་ལ་སོགས་པ་རེག་ན་མི་བདེ་བ་འབྱུང་ལ། རྣམ་སྨིན་ནི་འཁོར་བྱེ་བར་འགྱུར་རོ། །ཚིག་རྩུབ་ཀྱིས་ནི། ས་ལ་རྡུལ་ཉལ་ཉིལ་གྱི་རླུང་ལྡང་ཞིང་ཆར་ཆེན་པོ་སོགས་འབེབས་ལ། རྣམ་སྨིན་ནི་ཡིད་དུ་མི་འོང་བའི་སྒྲ་ཐོས་ཤིང་མཐོང་བར་འགྱུར་རོ། །ཚིག་ཀྱལ་པས་ནི་ས་མཐོ་དམན་དང་སྨན་ལྗོངས་དང་ངམ་གྲོོག་གཡང་ལ་སོགས་འབྱུང་ཞིང་རྣམ་སྨིན་ནི་ཚིག་མི་བཙུན་པར་འགྱུར་རོ། །བརྣབ་སེམས་ཀྱིས་ནི་འབྲས་དང་ནས་སོགས་འབྲས་བུ་ཉུང་ཞིང་གྲ་མ་དང་སྦུན་མ་སོགས་པའི་སྐྱོན་མང་བར་འགྱུར་ལ། རྣམ་སྨིན་ལོངས་སྤྱོད་གཞན་གྱིས་ཁྱེར་བར་འགྱུར་རོ། །གནོད་སེམས་ཀྱིས་ནི་ལོ་ཏོག་དང་འབྲས་བུ་ས་བོན་རྣམས་ཚ་བ་དང་ཁ་བ་འབྱུང་ཞིང་། རྣམ་སྨིན་མཐོང་ན་མི་སྡུག་པར་འགྱུར་རོ། །ལོག་ལྟས་ནི་འབྲས་བུ་མེད་པ་དང་ཆུང་བ་དང་། དུག་དང་རྐུ་བ་སོགས་འབྱུང་ཞིང་། རྣམ་སྨིན་ནི་འཇིག་རྟེན་རྒྱང་འཕེན་པའི་ལྟ་བ་སོགས་ལ་དགའ་ཞིང་དད་པར་འགྱུར་རོ། །མི་དགེ་བའི་ལས་ལམ་བཅུ་པོ་འདི་ཇི་ལྟར་གོམས་པ་དེ་ལྟར་རབ་ཏུ་འཕེལ་བར་འགྱུར་ཏེ། དེའི་ཕྱིར་རྣམ་པར་འཇིགས་པའི་ཚེ་ཏིལ་ཡོད་ཀྱང་ཏིལ་མར་མི་འབྱུང་། བུར་ཤིང་ཡོད་ཀྱང་བུ་རམ་མི་འབྱུང་། བུ་ར མ་ཡོད་ཀྱང་ཧྭགས་དང་ཁ་ར་མི་འབྱུང་། བ་ཡོད་ཀྱང་འོ་མ་མི་འབྱུང་། འོ་མ་ཡོད་ཀྱང་མར་མི་འབྱུང་། དེ་ལྟར་མི་དགེ་བ་བཅུའི་ལས་ཀྱི་རྣམ་པར་སྨིན་པས། ཕྱི་རོལ་གྱི་དངོས་པོ་རྣམས་རྒུད་པར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླང་བའི་རྒྱུས་ཕྱི་རོལ་གྱི་དངོས་པོ་རྣམས་ཕུན་སུམ་ཚོགས་པར་འགྱུར་ཏེ། སྲོག་གཅོད་སྤངས་པས་རྣམ་སྨིན་གྱིས་སའི་མཐུ་དང་གཟི་བྱིན་མེད་པར་མི་འགྱུར་རོ། །རྐུ་བ་སྤངས་པས་ནི་སེར་བ་དང་། བྱི་བ་དང་། སྲིན་དང་། མུ་གེ་སོགས་མི་འབྱུང་ངོ་། །འདོད་ལོག་སྤངས་པས་ནི་བཙའ་སད་དང་རྡུལ་དང་རླུང་ཆར་དྲག་པོ་འབབ་པར་མི་འགྱུར་རོ། །རྫུན་སྤངས་པས་དྲི་མི་ཞིམ་པ་འབྱུང་བར་མི་འགྱུར་རོ། །ཕྲ་མ་སྤངས་པས་ངམ་གྲོག་དང་གཡང་ས་དང་འདམ་རྫབ་དང་ངན་སྐྱུག་དང་ལྗན་ལྗིན་སོགས་འབྱུང་བར་མི་འགྱུར་རོ། །ངག་རྩུབ་སྤངས་པས་རྡོ་གསེག་དང་གྱོ་མོ་སོགས་ཀྱིས་རེག་པར་མི་འགྱུར་རོ། །ངག་འཁྱལ་སྤངས་པས་རྩྭ་ཚང་ཚིང་དང་ནགས་ཐིབ་པོ་དང་ཚེར་མ་ཚང་ཚིང་རྣམས་འབྱུང་བར་མི་འགྱུར་རོ། །བརྣབ་སེམས་སྤངས་པས་ལོ་ཐོག་སོགས་འབྲས་བུ་དང་བཅས་པ་འབྱུང་བར་འགྱུར་རོ། །གནོད་སེམས་སྤངས་པས་ལོ་ལེགས་པ་དང་འབྲས་བུ་དང་ས་བོན་མི་ཁ་བ་དང་མི་ཚ་བ་རྣམས་འབྱུང་བར་འགྱུར་ཏེ། ལོག་ལྟ་སྤངས་པས་འབྲས་བུ་མེད་པ་དང་། ཆུང་བ་མ་ཡིན་པའི་ས་བོན་རྣམས་འབྱུང་བར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཡང་དག་པར་བླང་བའི་རྒྱུས་ཕྱི་རོལ་གྱི་དངོས་པོ་བཅུ་ཕུན་སུམ་ཚོགས་པར་འགྱུར་རོ། །འདིར་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་སྨྲ་བ་རྣམས་ཀྱིས་ཉེས་དམིགས་བཅུ་བཅུ་དང་། ཆང་གི་ཉེས་དམིགས་སུམ་ཅུ་རྩ་དྲུག་ཏུ་གསུངས་ཏེ། དེ་རྣམས་ནི་གོང་དུ་དགའ་བ་ཅན་གྱི་མདོར་བཤད་པ་དང་ཤས་ཆེར་མཐུན་པས་མ་བྲིས་ལ་ཅུང་འདྲ་མིན་གྱི་ཁྱད་པར་ནི་མདོ་དེར་བལྟ་བར་བྱའོ། །གཞན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན་རྒྱ་ཆེན་པོའི་ཁྱིམ་དུ་སྐྱེ་བ་འཐོབ་པ་དང་། རྒྱ་ཆེ་བའི་གཟུགས་དང་། རྒྱ་ཆེ་བའི་གཡོག་འཁོར་དང་། རྒྱ་ཆེ་བའི་མཆོད་པ་དང་། བཀུར་སྟི་དང་། ནོར་རྒྱ་ཆེ་བ་དང་། ཐོས་པ་རྒྱ་ཆེ་བ་དང་། དད་པ་རྒྱ་ཆེ་བ་དང་། དྲི་བ་རྒྱ་ཆེ་བ་དང་། ཤེས་རབ་རྒྱ་ཆེ་བ་དང་། རྟོགས་པ་རྒྱ་ཆེན་པོ་འཐོབ་པ་སྟེ། བཅུ་པོ་འདི་ནི་དེ་བཞིགས་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ནོ། །དེ་བཞིན་དུ། མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་བཅུ་ནི། གཟུགས་བཟང་ཞིང་མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་། མཛེས་ཤིང་མིག་ཏུ་སྡུག་པ་དང་། སྐད་སྙན་ཅིང་ཚིག་བཟུང་བར་འོས་པ་དང་། བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང་། ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་། གཟི་བརྗིད་ཆེ་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་འཕགས་པའི་ཚོགས་དང་འགྲོགས་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བ་དང་མཐོ་རིས་སུ་སྐྱེ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་རྣམས་སོ། །མཆོད་རྟེན་ལ་ཕྱག་དར་བགྱིས་པའི་ཕན་ཡོན་བཅུ་ནི། གཟུགས་བཟང་བ་དང་། ལྟ་ན་སྡུག་པ་དང་། མཛེས་པ་དང་། སྐད་སྙན་པ་དང་། ཉོན་མོངས་པ་རྣམས་སྲབ་པར་འགྱུར་བ་དང་། ལམ་དུ་འགྲོ་ན་རྡོ་གསེག་དང་ཚེར་མ་སོགས་མེད་པར་འགྱུར་བ་དང་། རིགས་བཙུན་པར་སྐྱེ་བ་དང་། ལོངས་སྤྱོད་ཆེ་བ་དང་། མཐོ་རིས་སུ་སྐྱེ་བ་དང་། མྱུར་དུ་མྱ་ངན་ལས་འདའ་བར་འགྱུར་བ་རྣམས་སོ། །མཆོད་རྟེན་ལ་གདུགས་ཕུལ་བའི་ཕན་ཡོན་བཅུ་ནི། འཇིག་རྟེན་ན་གདུགས་ལྟར་འགྱུར་བ་དང་། ལུས་ལ་ཚ་བས་གདུང་བ་མེད་པ་དང་། སེམས་ལ་མི་གདུང་བ་དང་། འཇིག་རྟེན་གྱིས་སྨོན་པའི་གནས་སུ་འགྱུར་བ་དང་། བདག་པོར་འགྱུར་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་པ་དང་། དབང་ཆེ་བར་གྲགས་པ་དང་། ལོངས་སྤྱོད་ཆེ་བ་དང་། མཐོ་རིས་སུ་སྐྱེ་བ་དང་། མྱུར་དུ་མྱ་ངན་ལས་འདའ་བའོ། །མཆོད་རྟེན་ལ་དྲིལ་བུ་ཕུལ་པའི་ཕན་ཡོན་བཅུ་ནི། གཟུགས་བཟང་བ་དང་། སྐད་སྙན་པ་དང་། ཡིད་དུ་འོང་བའི་ཚིག་སྨྲ་བ་དང་། ཀ་ལ་པིང་ཀའི་དབྱངས་ལྟ་བུ་དང་། ཚིག་བཟུང་བ་དང་། རབ་ཏུ་དགའ་བ་དང་། ཀུན་ཏུ་དགའ་བ་ཆེན་པོའི་སྒྲ་ཐོས་པ་དང་། ལོངས་སྤྱོད་ཆེ་བ་དང་། མཐོ་རིས་སུ་སྐྱེ་བ་དང་། མྱུར་དུ་མྱ་ངན་ལས་འདའ་བའོ། །མཆོད་རྟེན་ལ་བ་དན་ཕུལ་བའི་ཕན་ཡོན་བཅུ་ནི། འཇིག་རྟེན་ན་རྒྱལ་མཚན་ལྟ་བུར་འགྱུར་བ་དང་། མཛའ་བཤེས་དང་བློན་པོ་གཉེན་སོགས་ཀྱིས་བཀུར་བ། ཕྱོགས་ཐམས་ཅད་དུ་སྙན་པར་གྲགས་པ། གཟུགས་བཟང་ཞིང་ལྟ་ན་སྡུག་པ། ཚེ་རིང་བ། དབང་ཆེ་བ། རིགས་བཙུན་པ། ལོངས་སྤྱོད་ཆེ་བ། མཐོ་རིས་སུ་སྐྱེ་བ། མྱ་ངན་ལས་འདའ་བ་རྣམས་སོ། །མཆོད་རྟེན་ལ་ན་བཟའ་ཕུལ་བའི་ཕན་ཡོན་བཅུ་གཉིས་ནི། མཛེས་ཤིང་ལྟ་ན་སྡུག་པ། པགས་པ་འཇམ་པ། སྣུམ་པ། སྲབ་པ། ལུས་ལ་རྡུལ་དང་དྲི་མ་མི་ཆགས་པ་གོས་བཟང་པོར་འགྱུར་བ། གདིང་བ་སོགས་རྙེད་པ། ངོ་ཚ་དང་ཁྲེལ་ཡོད་པར་འགྱུར་བ། མཐོང་ན་དགའ་བར་འགྱུར་བ། ལོངས་སྤྱོད་ཆེ་བ། མཐོ་རིས་སུ་སྐྱེ་བ། མྱ་ངན་ལས་འདའ་བ་རྣམས་སོ། །མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་བཅུ་ནི། འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ། སྣའི་དབང་པོ་མི་ཉམས་པ། ལུས་ལ་དྲི་ང་བ་མེད་པ། དྲི་ཞིམ་པོ་འབྱུང་བ། ཕྱོགས་ཀུན་ཏུ་ཚུལ་ཁྲིམས་ཀྱི་ངད་ལྡང་བ། འཇིག་རྟེན་པ་རྣམས་འཁོར་ཞིང་འདུ་བ། ཡིད་དུ་འོང་བའི་ཆོས་རྣམས་འཐོབ་པ། ལོངས་སྤྱོད་ཆེ་བ། མཐོ་རིས་སུ་སྐྱེ་བ། མྱ་ངན་ལས་འདའ་བ་རྣམས་སོ། །མཆོད་རྟེན་ལ་ཕྲེང་བ་ཕུལ་བའི་ཕན་ཡོན་བཅུ་ནི། འཇིག་རྟེན་ན་ཕྲེང་བ་ལྟ་བུར་འགྱུར་བ། ལུས་ཀྱི་དྲི་ང་བ་མེད་པ། ཚུལ་ཁྲིམས་ཀྱི་ངད་ལྡང་བ། རྟག་ཏུ་དྲི་ཞིམ་པ་རྒྱན་གྱིས་བརྒྱན་པ། གཡོག་འཁོར་མི་ཕྱེད་པ། སྐྱེ་བོ་ཀུན་གྱི་ཡིད་དུ་འོང་བ། ལོངས་སྤྱོད་ཆེ་བ། མཐོ་རིས་སུ་སྐྱེ་བ། མྱ་ངན་ལས་འདའ་བ་རྣམས་སོ། །མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་བཅུ་ནི། འཇིག་རྟེན་མར་མེ་ལྟ་བུར་འགྱུར་བ། ཤའི་མིག་རྣམ་པར་དག་པ། ལྷའི་མིག་འཐོབ་པ། དགེ་མི་དགེའི་ཆོས་རྣམས་ཤེས་པ། མ་རིག་པ་དང་གཏི་མུག་གི་མུན་པ་སེལ་བ། ཤེས་རབ་ཀྱི་སྣང་བ་ཐོབ་པ། འཁོར་བ་ན་འཁོར་བའི་ཚེ་ནམ་ཡང་མུན་པ་ན་གནས་པར་མི་འགྱུར་བ། ལོངས་སྤྱོད་ཆེ་བ། མཐོ་རིས་སུ་སྐྱེ་བ། མྱ་ངན་ལས་འདའ་བ་རྣམས་སོ། །མཆོད་རྟེན་ལ་བྱུག་སྤོས་ཕུལ་བའི་ཕན་ཡོན་བཅུ་ནི། འཇིག་རྟེན་ན་བྱུག་སྤོ ས་ལྟ་བུར་འགྱུར་བ། སྣའི་དབང་པོ་རྣམ་པར་དག་པ། ལུས་ལ་དྲི་མི་ཞིམ་པ་མེད་པ། རྟག་ཏུ་དྲི་ཞིམ་པར་འགྱུར་བ། གཟུགས་བཟང་བ། འཁོར་མང་བ། ཆོས་ཐོས་པ། ལོངས་སྤྱོད་ཆེ་བ། མཐོ་རིས་སུ་སྐྱེ་བ། མྱ་ངན་ལས་འདས་པ་རྣམས་སོ། །མཆོད་རྟེན་ལ་སིལ་རོལ་རྔ་སོགས་ཕུལ་བའི་ཕན་ཡོན་བཅུ་ནི། གཟུགས་བཟང་ཞིང་ལྟ་ན་སྡུག་པར་འགྱུར་བ། སྐད་སྙན་པ། ཡིད་དུ་འོང་བའི་སྨྲ་བ་དང་ལྡན་པ། གྲགས་པ་དང་ལྡན་པ། གཟུང་བའི་ཚིག་ཏུ་འགྱུར་བ། རྟག་ཏུ་དགའ་བར་འགྱུར་བ། ཐམས་ཅད་དགའ་བའི་སྒྲ་ཆེན་པོ་འཐོབ་པ། ལོངས་སྤྱོད་ཆེ་བ། མཐོ་རིས་སུ་སྐྱེ་བ། མྱ་ངན་ལས་འདའ་བ་རྣམས་སོ། །དེ་བཞིན་གཤེགས་པའི་མཆོད་རྟེན་བྱེད་པའི་ཕན་ཡོན་བཅོ་བརྒྱད་ནི། རྒྱ་ཆེན་པོའི་རིགས་སུ་སྐྱེ་བ། གཟུགས་བཟང་བ། མཛེས་ཤིང་མིག་ཏུ་སྡུག་པ། དབང་ཆེ་བ་གྲགས་པ། གཡོག་འཁོར་རྒྱ་ཆེ་བ། གཡོག་འཁོར་མི་ཕྱེད་པ། ལོངས་སྤྱོད་ཆེ་བ། སྐྱེ་བོ་རྣམས་འཁོར་ཞིང་འདུ་བ། ཀུན་གྱི་རྟེན་དུ་འགྱུར་བ། ཕྱོགས་བཅུར་སྙན་པར་གྲགས་པ། ལྷ་དང་མིས་མཆོད་པ། ཕྱུག་ཅིང་ནོར་མང་པོ་དང་ལྡན་པ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་པ། ཚེ་རིང་བ་ལུས་རྡོ་རྗེ་ལྟར་མཁྲེགས་པ། ལུས་མཚན་དང་དཔེ་བྱད་དང་ལྡན་པ། མཐོ་རིས་སུ་སྐྱེ་བ། མྱ་ངན་ལས་འདའ་བ་རྣམས་སོ། །ཁྲི་སྟན་བྱིན་པའི་ཕན་ཡོན་བཅུ་ནི། འཇིག་རྟེན་ན་བླ་མའི་གནས་སུ་འགྱུར་བ། བསྔགས་པར་འགྱུར་བ། སྐྱེ་བོ་མང་པོ་ལ་གྲགས་པ། བདེ་བ་དང་ཡིད་བདེ་མང་བ། བཞོན་པ་དང་ཁྲི་སྟན་རིམ་གྲོ་བྱེད་པ་རྣམས་དང་ལྡན་པ། འཁོར་རྣམས་འདུ་བ། ལོངས་སྤྱོད་ཆེ་བ། དབང་ཆེ་བ། མཐོ་རིས་སུ་སྐྱེ་བ། མྱ་ངན་ལས་འདའ་བ་རྣམས་སོ། །ལྷམ་བྱིན་པའི་ཕན་ཡོན་བཅུ་ནི། དེ་བཞོན་པ་རྣམས་ཀྱིས་མི་བྲེལ་བ། རྐང་པ་ལེགས་པར་གནས་པ། ལམ་དུ་འགྲོ་ན་སྟོབས་དང་ལྡན་པ། དེའི་ལུས་མི་ངལ་བ། འགྲོ་ན་ཚེར་མ་སོགས་ཀྱིས་རྐང་པ་མི་སྣད་པ། རྫུ་འཕྲུལ་ཐོབ་པ། གཡོག་འཁོར་དང་ལྡན་པ། ལོངས་སྤྱོད་ཆེ་བ། མཐོ་རིས་སུ་སྐྱེ་བ། མྱ་ངན་ལས་འདའ་བ་རྣམས་སོ། སྣོད་སྤྱད་བྱིན་པའི་ཕན་ཡོན་བཅུ་ནི། འཇིག་རྟེན་གྱི་ཡོན་ཏན་གྱི་སྣོད་དུ་འགྱུར་བ། མདོག་སྣུམ་པ། སེམས་ཀྱི་རྒྱུད་མཉེན་པ། སྐོམ་པར་མི་འགྱུར་པ། སྐོམ་ན་ཡང་ཆུ་འབྱུང་བ། ཡི་དྭགས་སུ་མི་འགྱུར་བ། ལྷ་དང་མི་རྣམས་དགའ་བ། ལོངས་སྤྱོད་ཆེ་བ། མཐོ་རིས་སུ་སྐྱེ་བ། མྱ་ངན་ལས་འདའ་བ་རྣམས་སོ། །ཁ་ཟས་བྱིན་པའི་ཕན་ཡོན་བཅུ་ནི། ཚེ་རིང་བ། མདངས་བཟང་བ། སྟོབས་དང་ལྡན་པ། དྲན་པ་དང་ལྡན་ཞིང་སྤོབས་པ་དང་ལྡན་པ། བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ། འཁོར་འདུན་པ། ལྷ་དང་མི་རྣམས་དགའ་བ། ལོངས་སྤྱོད་ཆེ་བ། མཐོ་རིས་སུ་སྐྱེ་བ། མྱ་ངན་ལས་འདའ་བ་རྣམས་སོ། །བཞོན་པ་བྱིན་པའི་ཕན་ཡོན་བཅུ་ནི། རྐང་པ་ཤིན་ཏུ་གཞོན་ཤ་ཆགས་པ། རྐང་པ་ཤིན་ཏུ་གནས་པ། རྐང་པས་འགྲོ་ན་མི་ངལ་བ། བདེ་བར་འགྱུར་བ། མི་མཛའ་བ་མེད་པ། རྫུ་འཕྲུལ་གྱི་རྐང་པ་རྒྱ་ཆེན་པོ་འཐོབ་པ། བཞོན་པ་རྣམས་ཀྱིས་མི་བྲེལ་བ། རིམ་གྲོ་བྱེད་པ་དང་ལྡན་པ། མཐོ་རིས་སུ་སྐྱེ་བ། མྱ་ངན་ལས་འདའ་བ་རྣམས་སོ། །གནས་བྱིན་པའི་ཕན་ཡོན་ནི་རབ་ཏུ་མང་སྟེ། དེ་ལ་འཇིགས་པ་མི་འབྱུང་ངོ་། །གདིང་བ་དང་གོས་འཇམ་པོ་རྙེད་པ། ལྷ་དང་མིའི་འདོད་པའི་ཡོན་ཏན་ལྔ་རྙེད་པ། གང་དག་རྒྱལ་རིགས་སམ། བྲམ་ཟེའམ། ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བར་འདོད་པའམ། དེ་བཞིན་དུ། གྲོང་གི་གཙོ་བོ་དང་། གྲོང་ཁྱེར་གྱི་གཙོ་བོ་དང་། གྲོང་རྡལ་གྱི་གཙོ་བོ་དང་། རི་བྲགས་ཀྱི་རྒྱལ་པོ་དང་། རྒྱལ་ཕྲན་དང་། རྒྱལ་པོ་བཙན་པ་དང་། གླིང་གཅིག་དང་། གཉིས་དང་། གསུམ་དང་། བཞིར་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། རྒྱལ་ཆེན་རིགས་བཞི་ནས། གཞན་འཕྲུལ་གྱི་བར་གྱི་འདོད་ལྷ་རིགས་དྲུག་དང་། ཚངས་རིས་སོགས་གཟུགས་ཁམས་བཅུ་བདུན་དང་། ནམ་མཁའ་མཐའ་ཡས་ནས་སྲིད་རྩེའི་བར་གྱི་གཟུགས་མེད་པ་བཞི་དང་། རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། བླ་ན་མེད་པའི་བྱང་ཆུབ་ཀྱི་བར་གང་འདོད་པ་དེར་སྨོན་ལམ་བཏབ་པས། དེ་ལྟར་འགྲུབ་པར་འགྱུར་བའོ། །བཏུང་བ་བྱིན་པའི་ཕན་ཡོན་བཅུ་ནི། དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་འགྱུར་བ། དཔྲལ་བ་དག་ཅིང་འཛུམ་པའི་བཞིན་དུ་འགྱུར་བ། ཡོན་ཏན་དང་ལྡན་པར་འགྱུར་བ། སེམས་ཀྱི་རྒྱུད་མཉེན་པར་འགྱུར་བ། སྐོམ་པར་མི་འགྱུར་བ། སྐོམ་ན་ཡང་ཆུ་འབྱུང་བ། ཡི་དྭགས་སུ་མི་སྐྱེ་བ། ལོངས་སྤྱོད་ཆེ་བ། མཐོ་རིས་སུ་སྐྱེ་བ། མྱ་ངན་ལས་འདའ་བ་རྣམས་སོ། །རབ་ཏུ་བྱུང་བའི་ཕན་ཡོན་བཅུ་ནི། དེ་བུ་དང་ཆུང་མ་དང་ནོར་ལ་སྲེད་པར་མི་འགྱུར་བ། དགོན་པར་གནས་པ་ལ་དགའ་བ། སངས་རྒྱས་ལ་གུས་པ། བདུད་ཀྱི་སྤྱོད་ཡུལ་རྣམ་པར་སྤོང་བ། བདེ་འགྲོ་ཐོབ་བྱེད་ཀྱི་ཆོས་འཚོལ་བ། ངན་འགྲོ་ཐོབ་བྱེད་ཀྱི་ཆོས་རྣམས་སྤོང་བ། ལྷ་དང་མིར་སྨོན་པ་མེད་པ། རྟག་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ། མཐོ་རིས་སུ་སྐྱེ་བ། མྱ་ངན་ལས་འདའ་བ་རྣམས་སོ། །དགོན་པ་ལ་གནས་པའི་ཕན་ཡོན་བཅུ་ནི། འདུ་འཛི་སྤོང་བ། དབེན་པ་ལ་བསྟེན་པ། དེའི་སེམས་བསམ་གཏན་ལ་དམིགས་པ། སངས་རྒྱས་རྣམས་ལ་སྨོན་པ། དགའ་བ་དང་བདེ་བ་སྐྱེད་པ། ཡིད་བདེ་དང་ལུས་བདེ་སྐྱེད་པ། དེ་ལ་བར་དུ་གཅོད་པར་མི་འགྱུར་བ། ཐོས་པའི་ཆོས་རྣམས་ཀྱི་དོན་ཤེས་པར་འགྱུར་བ། ཞི་གནས་ཐོབ་པ། ལྷག་མཐོང་ཐོབ་པ་རྣམས་སོ། །བསོད་སྙོམས་ལེན་པའི་ཕན་ཡོན་བཅུ་ནི། དེ་འགྲོ་བ་ལ་གོམས་པ། སྤྱོད་ཡུལ་ལ་གོམས་པ། ང་རྒྱལ་བཅག་པ། བདག་རྙེད་པ་ལ་སྦྱོར་བ། གཞན་བསོད་ནམས་ལ་འགོད་པ། སྟོན་པའི་བསྟན་པ་ཡོངས་སུ་སྟོན་པ། ཕྱི་མའི་སྐྱེ་བོ་ལ་སྣང་བར་བྱས་པ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཉམ་ང་བ་མེད་པར་བྱས་པར་འགྱུར་བ། དམའ་བའི་སེམས་ཉེ་བར་བཞག་པ། བསོད་སྙོམས་ཀྱིས་ཡོངས་སུ་དུལ་བའི་དགེ་སྦྱོང་གི་ཕྱོགས་ལས་མུན་པ་མེད་པར་སྣང་བའོ། །འཇིགས་པ་མེད་པའི་ཕན་ཡོན་བཅུ་ནི། འཇིགས་པ་མེད་པར་གྲོང་དུ་འཇུག་པ། འཇིགས་པ་མེད་པར་གྲོང་ནས་འབྱུང་བ། འཇིགས་པ་མེད་པར་ཁྱིམ་རྣམས་སུ་འགྲོ་བ། འཇིགས་པ་མེད་པར་འཁོར་ལ་ཆོས་སྟོན་པ། འཇིགས་པ་མེད་པར་དགེ་འདུན་གྱི་ནང་དུ་འཇུག་པ། འཇིགས་པ་མེད་པར་སློབ་དཔོན་དང་མཁན་པོའི་དྲུང་དུ་འགྲོ་བ། འཇིགས་པ་མེད་པར་བྱམས་པའི་སེམས་ཀྱིས་སློབ་མའི་གན་དུ་འགྲོ་བ། འཇིགས་པ་མེད་པར་མཁོ་བའི་ཡོ་བྱད་རྣམས་ལ་ཡོངས་སུ་སྤྱོད་པ། འཇིགས་པ་མེད་པར་ཁ་ཏོན་འདོན་པ། འཇིགས་པ་མེད་པར་ཚེ་འཕོ་བའི་དུས་བྱེད་པའོ། །བྲམ་ཟེའི་ཁྱེའུ་དེ་ལྟར་ན་སེམས་ཅན་རྣམས་ནི་བདག་གི་ལས་ལས་གྱུར་པ། ལས་ཀྱི་རྒྱུ་ལས་སྐྱེས་པ། ལས་ཀྱི་སྐལ་བ་ལ་སྤྱོད་པ། ལས་ལ་བརྟེན་པ་ཡིན་ཏེ། སེམས་ཅན་རྣམས་ནི་ལས་ཀྱི་རབ་དང་། འབྲིང་དང་། ཐ་མར་རྣམ་པར་ཕྱེ་བའོ། །ཞེས་ངས་གང་སྨྲས་པ་དེ་ནི་འདི་ལ་དགོངས་ཏེ་སྨྲས་སོ། །ཞེས་བཀའ་སྩལ་ཏོ། །གཞན་ཡང་དགེ་མི་དགེའི་ལས་ཀྱི་རྣམ་སྨིན་བསྟན་པའི་མདོ་ལས། ཀུན་དགའ་བོས་བཅོམ་ལྡན་འདས་ལས་རྒྱུ་འབྲས་སྣ་ཚོགས་པའི་དོན་རྣམས་གསོལ་བའི་ལན་དུ་བཀའ་སྩལ་པ། དགའ་བོ་ཁྱོད་ཀྱིས་ཇི་ལྟར་རྣམ་པར་སྨིན་པ་མི་འདྲི་བར་འདྲི་བ་དེ་བཞིན་དུ་དེ་དག་ཀུན་ཀྱང་ཚེ་རབས་སྔ་མ་ལ་སྤྱོད་པ་མི་མཐུན་པ། དེའི་ཕྱིར་ན་ཁྱད་པར་སྣ་ཚོགས་སུ་གྱུར་ཏོ། །དེ་ལ་ད་ལྟར་བྱད་བཞིན་བཟང་པོ་ནི་བཟོད་པ་ལས་འོངས་སོ། །མི་སྡུག་པ་ནི་ཞེ་སྡང་དང་ཁོང་ཁྲོ་ལས་འོངས་སོ། །དབུལ་ཕོངས་པ་ནི་སེར་སྣ་ལས་འོངས་སོ། །བཙན་ཞིང་ཆེ་བ་ནི། སངས་རྒྱས་ལ་གུས་པར་ཕྱག་འཚལ་བ་ལས་འོངས་སོ། །མི་མ་རབས་ཐམས་ཅད་ནི་རྒྱགས་ཤིང་དྲེགས་པ་ལས་འོངས་སོ། །ལུས་རིང་ཞིང་བཟང་བ་ནི་བཀུར་སྟི་བྱས་པ་ལས་འོངས་སོ། །ལུས་ཐུང་བ་ནི་ཆོས་ལ་ལེ་ལོ་བྱས་པ་ལས་འོངས་སོ། །བླུན་པ་ནི་ལུག་ལས་འོངས་སོ། །ལུས་སྐེམ་ཞིང་གནག་པ་ནི་དེ་བཞིན་གཤེགས་པའི་སྐུ་བསྒྲིབས་པ་ལས་འོངས་སོ། །མཆུ་དམའ་བ་ནི་མཆོད་རྟེན་ནམ་ཆོས་སྟོན་པའི་ཟས་ལ་མྱངས་བ་ལས་འོངས་སོ། །མིག་ཚག་པ་ནི་མེ་བསླངས་པ་མི་སྟེར་བ་ལས་འོངས་སོ། །མིག་མི་གསལ་བ་ནི་ཁྲའི་མིག་བྲུས་པ་ལས་འོངས་སོ། །ལྐུགས་པ་ནི་དམ་པའི་ཆོས་ལ་སྐུར་བ་འདེབས་པ་ལས་འོངས་སོ། །འོན་པ་ནི་ཆོས་ཐོས་པར་མི་དགའ་བ་ལས་འོངས་སོ། །སོ་སྔོ་བའམ་རྣོ་བ་ནི་རྐང་དང་རུས་པ་ལ་སྲེད་པ་ལས་འོངས་སོ། །སྣ་བསྙེར་པ་ནི་སྤོས་མི་ཞིམ་པ་བསྲེགས་ཏེ་སངས་རྒྱས་ལ་མཆོད་པ་ལས་འོངས་སོ། །མཆུ་ཤོ་རེ་བ་ནི་ཉ་ཡི་མཆུ་ཕུག་པ་ལས་འོངས་སོ། །སྐྲ་སེར་བ་ནི་ཕག་གི་སྤུ་བཏོགས་པ་ལས་འོངས་སོ། །རྣ་བ་རལ་པ་ནི་རྣ་བ་ཕུག་པ་ལས་འོངས་སོ། །ཐང་སྦྲུལ་འདྲ་བ་ནི་གོས་མི་གཙང་བ་གྱོན་ཏེ་སངས་རྒྱས་ལ་སོགས་པ་སྟེ་སྐུ་གཟུགས་ཀྱི་སྤྱན་སྔར་འོངས་པ་ལས་འོངས་སོ། །ངམ་གནག་པ་ནི་སངས་རྒྱས་ཀྱི་སྐུ་གཟུགས་ཁྱིམ་མམ་ཁྱམས་སུ་བཞག་པ་ལས་འོངས་སོ། །ཞ་བ་དང་གྱོལ་པོ་ནི་མཁན་པོ་དང་བླ་མ་མཐོང་སྟེ་མི་ལྡང་བ་ལས་འོངས་སོ། །སྒུར་བ་ནི་གོས་མི་གཙང་བ་གྱོན་ཞིང་། སངས་རྒྱས་ཀྱི་སྐུ་ལ་རྒྱབ་ཀྱིས་ཕྱོགས་པ་ལས་འོངས་སོ། །དཔྲལ་བ་མི་སྡུག་པའམ་འབུར་བ་ནི་སངས་རྒྱས་མཐོང་ནས་ཕྱག་གུས་པར་མི་འཚལ་ཞིང་ལག་པ་དཔྲལ་བར་གཏུགས་པ་ལས་འོངས་སོ། །འཇིང་པའམ་མཉའ་བཟུང་བ་ནི་བཙུན་པ་དང་བླ་མ་མཐོང་ནས་མགོ་སྨད་ཅིང་བྱོལ་བ་ལས་འོངས་སོ། །མཆིན་པའམ་སྙིང་ན་བ་ནི་སེམས་ཅན་གྱི་ལུས་ཀྱི་ཡན་ལག་གཏུབ་ཅིང་གཙགས་པ་ལས་འོངས་སོ། །མཛེ་ཅན་ནི་ཉེས་པ་མེད་པར་གཞན་གྱི་ནོར་མི་འོས་པར་བླངས་པ་ལས་འོངས་སོ། །ལུད་པ་མང་བ་ནི་དགུན་མི་གཞན་ལ་ཟས་གྲང་མོ་བྱིན་པ་ལས་འོངས་སོ། །བུ་ཚ་མེད་པ་ནི་བྱ་ཕྲུག་མང་པོ་བསད་པ་ལས་འོངས་སོ། །བུ་ཚ་མང་བ་ནི་སེམས་ཅན་མང་པོ་གསོས་པ་ལས་འོངས་སོ། །ཚེ་རིང་བ་ནི་སྙིང་རྗེ་ཆེ་བ་ལས་སོ། །ཚེ་ཐུང་བ་ནི་སྲོག་གཅོད་པ་ལས་འོངས་སོ། །ཕྱུག་པ་ནི་སྦྱིན་པ་བྱས་པ་ལས་འོངས་སོ། །རྟ་དང་ཤིང་རྟ་བདོག་པ་ནི་དཀོན་མཆོག་གསུམ་ལ་ཡོན་ཕུལ་བ་ལས་འོངས་སོ། །དབང་པོ་རྣོ་བ་ནི་སློབ་པ་ལ་བརྩོན་ཞིང་མདོ་སྡེ་འདྲི་བ་དང་ཁ་ཏོན་དུ་བྱས་པ་ལས་འོངས་སོ། །རྨུན་པོ་སྟེ་དབང་པོ་མི་གསལ་བ་ནི་བྱོལ་སོང་ལས་འོངས་སོ། །བྲན་པོ་དང་བྲན་མོ་བྱེད་པ་ནི་བུ་ལོན་མ་གཞལ་བ་ལས་འོངས་སོ། །སྤྲོ་ཐུང་བའམ་མི་བརྟན་ཞིང་ཡང་བ་ནི་སྤྲེའུ་ལས་འོངས་སོ། །ཡང་མཛེ་ཅན་ནི་དཀོན་མཆོག་གསུམ་གྱི་རྟེན་བཤིག་པ་ལས་འོངས་སོ། །ཡན་ལག་མ་ཚང་བ་ནི་སེམས་ཅན་གྱི་རྐང་ལག་བཅད་པ་ལས་འོངས་སོ། །ལུས་ལ་རྨ་དང་ཤུ་བ་འབྱུང་ཞིང་སྨན་གྱིས་བཅོས་དཀའ་བ་ནི་སེམས་ཅན་ལ་བརྡེགས་བཙོགས་བྱས་པ་ལས་འོངས་སོ། །གདུག་པའམ་མི་བསྲུན་པ་ནི་སྦྲུལ་དང་སྡིག་པ་ལས་འོངས་སོ། །དབང་པོ་དྲུག་ཚང་བ་ནི་ཚུལ་ཁྲིམས་བསྲུང་བ་ལས་སོ། །དབང་པོ་དྲུག་མ་ཚང་བ་ནི་ཚུལ་ཁྲིམས་འཆལ་བ་ལས་འོངས་སོ། །གཙང་སྦྲ་ཆུང་བ་ནི་འཕགས་པ་ལ་མ་མཆོད་པ་ལས་འོངས་སོ། །གླུ་གར་དང་རོལ་མོ་ལ་དགའ་བ་ནི་རོལ་མོ་མཁན་ལས་འོངས་སོ། །འདོད་ཆགས་ཆེ་བ་ནི་བྱ་ལས་འོངས་སོ། །ལྦ་བ་ཅན་གཅིག་ཏུ་བསྣོགས་པ་ལས་འོངས་སོ། །ཁའི་དྲི་མི་ཞིམ་པ་ནི་ཚིག་རྩུབ་པོ་སྨྲས་པ་ལས་འོངས་སོ། །ཕོ་མཚན་དང་མི་ལྡན་པ་ནི་ཁྱི་ཕག་དང་རྟའི་འབྲས་བུ་བཏོན་པ་ལས་འོངས་སོ། །ལྕེ་ཐུང་བ་ནི་བཙུན་པ་དང་བླ་མ་ལ་ཁ་བྱས་པ་དང་ལྐོག་ཏུ་འཕྱས་པ་ལས་འོངས་སོ། །གཞན་གྱི་ཆུང་མ་ལ་གཡེམ་པ་བྱས་པ་ནི་ངང་མོ་དང་ངུར་པར་སྐྱེའོ། །ཉེ་དུ་ལ་གཡེམ་པ་དང་གཉེན་ལ་གཡོ་བྱས་པ་ནི་བྱེའུ་མཆིལ་པར་སྐྱེས་སོ། །མདོ་སྡེ་དང་གཙུག་ལག་ཁང་གི་ཡི་གེ་སྤྱོད་ཅིང་གཞན་ལ་མི་སྟོན་པ་ནི་ཚེ་ཡི་དུས་བྱས་ནས་ཤིང་གི་སྲིན་བུར་སྐྱེའོ། །མདའ་གཞུ་ཐོགས་པ་དང་རྟ་ཞོན་ནས་གཞན་གཞོམ་ལ་དགའ་བ་ནི་ཚེ་འཕོས་ནས་ཀླ་ཀློར་སྐྱེའོ། །རྔོན་བྱེད་པ་དང་སྲོག་ཆགས་གསོད་པ་ལ་དགའ་བ་ནི་ཚེ་ཕྱི་མར་འཕར་བ་དང་སྤྱང་ཀིར་སྐྱེའོ། །སྐྲ་ཐུང་བ་དང་གོས་རྒྱན་བཏགས་པ་ལ་དགའ་བ་ནི་ཚེ་ཕྱི་མ་སྲིན་བུ་མ ཆུ་རིང་དུ་སྐྱེའོ། །ཉལ་ཞིང་ཟ་ལ་དགའ་བ་དེ་ཕག་ཏུ་སྐྱེའོ། །དར་ཚོན་གྱི་གོས་ལ་དགའ་བ་ནི་བྱེའུ་ཁྲེའུར་སྐྱེའོ། །མི་སྙན་པ་ཟློས་ཤིང་ཀུ་རེ་ལ་དགའ་བ་ནི་བྱ་ནེ་ཙོ་རུ་སྐྱེའོ། །ཕྲ་མ་བྱེད་པ་ལ་དགའ་བ་ནི་ལྟོ་འཕྱེ་མ གོ་དྲུག་པར་སྐྱེའོ། །མི་འོས་པ་ཀུ་རེ་བྱེད་པ་ལ་དགའ་བ་ནི་སྲིན་བུ་རྨོངས་པར་སྐྱེའོ། །གཏམ་ངན་སྐྱེལ་བ་ལ་དགའ་བ་ནི་སྲིན་བྱར་སྐྱེའོ། །མི་ལ་གནོད་པ་དང་ངན་དུ་དགའ་ཞིང་དམོད་མོའི་གཏམ་ལ་སྲེད་པ་ནི་ཝར་སྐྱེའོ། །གཞན་སྐྲག་ཅིང་དངངས་པ་ལ་དགའ་བ་ནི་ཤ་བའམ། སྲིན་བུ་ངོ་ལོག་ཏུ་སྐྱེའོ། །ཚེ་སྔ་མ་ལ་ཤིང་གི་ལྷ མ་གྱོོན་ཞིང་ལྷ་ཁང་དུ་འགྲོ་བ་ནི་ཚེ་ཕྱི་མ་ལ་རྟར་སྐྱེའོ། །དེ་བཞིན་དུ་ཕྱེན་བག་མེད་པར་བཏང་བ་ནི་སྦུར་བར་སྐྱེའོ། །དགེ་འདུན་གྱི་རང་འཐག་དང་གཏུན་ལ་སྤྱད་པ་ནི་སྲིན་བུ་མགོ་རྡེབས་སུ་སྐྱེའོ། །སེམས་ཅན་གྱི་ཟས་ལ་གེགས་བྱས་པས་ནི་བྱ་ཤིང་རྟ་མོར་སྐྱེའོ། །དགེ་འདུན་གྱི་ཆུ་བརྐུས་པས་ནི་ཉ་དང་རུས་སྦལ་ལ་སོགས་པ་ཆུའི་ནང་ན་གནས་པའི་སེམས་ཅན་དུ་སྐྱེའོ། །དགེ་འདུན་གྱི་ས་གཞི་དག་ལ་མི་གཙང་བ་འདོར་བས་ནི་བཤང་གཅིའི་ནང་གི་སྲིན་བུར་སྐྱེའོ། །དགེ་འདུན་གྱི་ཤིང་ཏོག་བརྐུས་པས་ནི་འཇིམ་རྫབ་ཟ་བའི་སྲིན་བུར་སྐྱེའོ། །དགེ་འདུན་གྱི་དཀོར་བརྐུས་པས་ནི་རང་འཐག་སྐོར་བའི་བོང་བུ་དང་གླང་དུ་སྐྱེའོ། །དགེ་འདུན་གྱི་ནོར་ནན་གྱིས་སློང་ཞིང་སྔ་སྐྱིན་བྱས་པས་ནི་ཕུག་རོན་དུ་སྐྱེའོ། །དགེ་འདུན་ལ་འཕྱ་སྨོད་བྱས་པས་གླང་གི་གཉའ་བའི་སྲིན་བུར་སྐྱེའོ། །དགེ་འདུན་གྱི་ལྡུམ་སྐྱུར་ཟོས་པས་ལྡུམ་རྩའི་སྲིན་བུར་སྐྱེའོ། །དགེ་འདུན་གྱི་ཁྲི་སྟན་ལ་འདུག་པས་ནི་སྲིན་བུ་མགོ་དམར་རམ་མཇུག་རིང་དུ་སྐྱེ་བར་འགྱུར་རོ། །དགེ་འདུན་གྱི་ནོར་སྣ་ཚོགས་ལ་སྤྱད་པས་སྲིན་བུ་འཕྱེ་བོའམ་ཕྱེ་མ་ལེབ་ཏུ་སྐྱེ་བར་འགྱུར་རོ། །མགོ་ལ་རུས་པའི་ཐུར་མ་བཏུར་བའམ་རུས་པ་ཐོགས་ནས་ལྷ་ཁང་དུ་འགྲོ་ན་བྱ་མཆུ་རིང་དུ་སྐྱེའོ། །དཀར་རྩི་དང་དམར་རྩིས་བྱུགས་ཏེ་ལྷ་ཁང་དུ་འགྲོ་ན་བྱ་སྐྱུང་ཀ་མཆུ་དམར་དུ་སྐྱེའོ། །དར་ཚོན་གྱི་གོས་གྱོན་ཏེ་ལྷ་ཁང་དུ་འགྲོ་ན་བྱ་ཁ་དོག་སེར་པོར་སྐྱེའོ། །ཁྱོ་ཤུག་ཞག་ལོན་ཏེ་ལྷ་ཁང་དུ་ཉལ་ན་སྲིན་བུ་མགོ་སྔོན་དུ་སྐྱེའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་བརྫིས་ན་རྔ་མོར་སྐྱེའོ། ལྷམ་དང་འབོབ་གྱོན་ཅིང་གཙུག་ལག་ཁང་དུ་འགྲོ་ན་སྦལ་པར་སྐྱེའོ། །ཆོས་ཉན་པའི་ཚེ་ལོང་གཏམ་ཟེར་ན་བྱེའུ་ལྷན་དཀར་རམ་བྱ་ལྕེ་བརྒྱ་བར་སྐྱེ་བར་འགྱུར་རོ། །དགེ་སློང་ཁྲིམས་དག་པ་ཉམས་པར་བྱེད་པ་དང་། དགེ་སློང་མ་གཙང་མ་སུན་ཕྱུང་ན་སེམས་ཅན་དམྱལ་བ་པའི་གནས་ལྕགས་ཀྱི་བྲག་ཕུག་ཏུ་ལྷུང་ཞིང་རལ་གྲིའི་འཁོར་ལོ་ཁྲི་ཕྲག་བརྒྱ་སྟོང་དུ་མའི་ཆར་པ་ལུས་ཀྱི་སྟེང་དུ་འབེབས་ཤིང་དེའི་ལུས་གཏུབ་པར་འགྱུར་རོ། །དེ་ནས་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་དེ་ལྟར་དེ་ལྟར་དགེ་འདུན་གྱི་ནོར་ལ་སྤྱད་པ་སྡིག་ལྕི་བར་གསུངས་ཏེ། གལ་ཏེ་དེ་ལྟར་དགེ་བའི་ལས་ཕྱོགས་པ་དང་། སྦྱིན་བདག་ལ་སོགས་པ་ཇི་ལྟར་གཙུག་ལག་ཁང་གི་ནང་དུ་བསྟི་སྟང་བགྱིད་པ་དང་། ཕྱག་འཚལ་བར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་ཁང་དུ་འགྲོ་བ་ལ་སེམས་རྣམ་པ་གཉིས་ཡོད་དེ། དགེ་བའི་སེམས་དང་མི་དགེ་བའི་སེམས་སོ། །དེ་ལ་ཇི་ལྟར་ན་དགེ་བའི་སེམས་ཞེས་བྱ་ཞེ་ན། ལྷ་ཁང་དུ་ཕྱིན་པའི་ཚེ་སངས་རྒྱས་མཐོང་ན་ཕྱག་འཚལ་ཞིང་། དགེ་འདུན་ལ་བཀུར་སྟི་བྱེད་ཅིང་། མདོ་སྡེ་འདྲིའམ། འདོན་ནམ། ཁྲིམས་ནོད་དམ། སྡིག་པ་བཤགས་པའམ། དཀོན་མཆོག་གསུམ་གྱི་སྤྱིི་ནོར་ལ་སོགས་པ་གཏོང་ངམ། སྲོག་ལ་ཡང་མི་ཆགས་པར་དམ་པའི་ཆོས་འཛིན་པ་ནི་གོམ་པ་གཅིག་བོར་བས་ཀྱང་ལྷར་སྐྱེ་བར་འགྱུར་རོ། །མ་འོངས་པའི་དུས་ན་ཁྱིམ་བདག་ཏུ་ཞུགས་ཏེ། དེ་དང་འདྲ་བའི་ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །དེ་ནི་དགེ་བའི་མཆོག་དང་ལྡན་པ་ཡིན་ནོ། །དེ་ལ་གང་མི་དགེ་བ་ནི་ལྷ་ཁང་དུ་འཇུག་པའི་ཚེ་དགེ་འདུན་ལ་སློང་མོ་དང་བསྐྱི་བསྙག་བྱེད་པ་དང་། དགེ་འདུན་ལ་སྐྱོོན་ཚོལ་ཞིང་ཀླན་ཀ་ཚོལ་བ་དང་། དགེ་འདུན་གྱིི་ཞལ་ཟས་ཟོས་ཀྱང་ཚིམས་པ་མེད་ཅིང་། བཟའ་ཤིང་དང་ཤིང་ཏོག་དང་ལྡུམ་སྐྱུར་ལ་སོགས་པ་ཁྱིམ་དུ་ཁྱེར་བ་དེ་ལྟ་བུ་ནི་ཤི་འཕོས་མ་ཐག་ཏུ་ལྕགས་ཀྱི་ཐུ་ལུམ་ཟ་བའི་སེམས་ཅན་དམྱལ་བར་ལྷུང་ཞིང་ཟངས་ཀྱི་ནང་དུ་བཙོ་བ་དང་། འབར་བའི་མེས་བསྲེགས་པ་དང་། ཤིན་ཏུ་དམྱལ་བའི་འཁོར་ལོ་དང་། རལ་གྲིའི་རི་དང་། རལ་གྲིའི་ཤིང་ལ་སོགས་པའི་དམྱལ་བར་ཤིན་ཏུ་སྡུག་བསྔལ་ལེན་པར་འགྱུར་རོ། །དེ་ནི་མི་དགེ་བའི་མཆོག་ཅེས་བྱའོ། །དགའ་བོ་ཁྱོད་མ་འོངས་པའི་ཚེ་ངའི་ཉེ་གནས་རྣམས་ལ་དཀོན་མཆོག་གསུམ་གྱི་དཀོར་ལ་མ་སྤྱོད་པར་འདུག་ཅིག་ཅེས་གྲོས་ཐོབ་ཅིག དེ་ལྟར་མ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་བྱས་ན་སངས་རྒྱས་བྱམས་པ་འཇིག་རྟེན་དུ་འབྱུང་བའི་ཚེ་གདོན་མི་ཟ་བ་གྲོལ་ལོ། །གཞན་ཡང་བཀའ་སྩལ་པ། ཚེ་འདི་ལ་གཞན་གྱི་ནོར་འཕྲོག་པ་དང་། ལུས་ལས་གོས་བཤུས་ཏེ་འཕྲོག་ན་ཤི་འཕོས་ནས་གྲང་བའི་སེམས་ཅན་དམྱལ་བར་ལྷུང་བ་དང་། དར་གྱི་སྲིན་བུར་སྐྱེས་ཏེ་བཙོ་ཞིང་བཞུ་བར་འགྱུར་རོ། །ཚེ་འདི་སངས་རྒྱས་ཀྱི་སྐུ་གཟུགས་དང་མདོ་སྡེའི་སྤྱན་སྔར་མར་མེ་སྦར་བ་ལ་མི་དགའ་ཞིང་སྣང་བ་མེད་པར་བྱེད་པ་ནི། ཚེ་འཕོས་ནས་ཁོར་ཡུག་གི་བར་མུན་ནག་གིས་ཁྱབ་པའི་སེམས་ཅན་དམྱལ་བར་སྐྱེའོ། །ཚེ་འདི་ལ་ཤན་པ་བྱེད་ཅིང་སེམས་ཅན་མང་པོའི་སྲོག་གཅོད་པ་ནི་རལ་གྲི་དང་། རལ་གྲིའི་ནགས་ཚལ་ཅན་གྱི་སེམས་ཅན་དམྱལ་བར་ལྷུང་ངོ་། །ཚེ་འདི་ལ་ཁྲ་དང་ཁྱི་ལ་སོགས་པ་གཏོང་ཞིང་རྔོན་པ་བྱེད་པ་ལ་དགའ་བ་ནི་ལྕགས་ཀྱི་སོག་ལེས་འདྲལ་བའི་དམྱལ་བར་ལྷུང་ངོ་། །ཚེ་འདི་ལ་ལོག་པར་གཡེམ་པ་དགའ་བ་རྣམས་ནི་ཟངས་ཀྱི་ཀ་བ་རབ་ཏུ་འབར་བ་ལ་འཇུ་བ་དང་། ལྕགས་ཀྱི་ཁྲི་རབ་ཏུ་ཚ་བ་ལ་ཉལ་བའི་སེམས་ཅན་དམྱལ་བར་ལྷུང་ངོ་། ཚེ་འདི་ལ་ཆུང་མ་མང་དུ་བླངས་པ་ནི་ལྕགས་ཀྱི་རང་ཐག་ཏུ་འཐག་པའི་སེམས་ཅན་དམྱལ་བར་ལྷུང་ངོ་། །དེ་བཞིན་དུ་བུད་མེད་སྐྱེས་པ་མང་པོ་དང་ཉལ་བ་ནི་སྦྲུལ་གདུག་པ་དང་ལྡན་པའི་དམྱལ་བར་ལྷུང་ངོ་། །སྒོ་ང་སོགས་སྲེག་ཅིང་བཙོ་བར་བྱེད་པ་ནི་མེ་མར་རབ་ཏུ་ཚ་བ་དང་ལྡན་པའི་དམྱལ་བར་ལྷུང་ངོ་། །ཕག་དང་བྱ་སོགས་ཀྱི་བཏོགས་དང་པགས་པ་བཤུ་བ་ནི་ཟངས་དག་ཏུ་འཚེད་ཅིང་ཤིན་ཏུ་བསྐོལ་བའི་དམྱལ་བར་ལྟུང་ངོ་། །ཕག་དང་ཁྱི་སོགས་ཀྱིས་རླིག་པ་འབྱིན་པ་ནི་རྡོ་ཟུག་རྔུའམ་རྡོ་ཟུར་དང་ལྡན་པའི་དམྱལ་བར་ལྟུང་ངོ་། །ཆང་མང་དུ་འཐུངས་པས་མྱོས་པར་བྱས་པ་ནི་ཟངས་ཞུན་ཁོལ་མ་འཐུང་བའི་དམྱལ་བར་ལྟུང་ངོ་། །སེམས་ཅན་གྱི་ལུས་ཀྱི་ཡན་ལག་བཅད་ཅིང་གཏུབས་པས་ནི་ལྕགས་ཀྱི་འཁོར་ལོ་དང་ལྡན་པའི་དམྱལ་བར་ལྟུང་ངོ་། །དགེ་འདུན་གྱི་ཤིང་ཏོག་སོགས་བརྐུས་པས་ནི་ལྕགས་ཀྱི་ཐུ་ལུམ་ཟ་བའི་དམྱལ་བར་ལྟུང་ངོ་། །ཁྱི་ཕག་སོགས་བསད་ནས་ཤ་དང་རྒྱུ་མ་ཟོས་པས་ནི་སྐྱག་འཇིམ་གྱིས་གང་བའི་དམྱལ་བར་ལྟུང་ངོ་། །ཉ་བཤོར་བས་ནི་རལ་གྲིའི་ནགས་ཚལ་གྱི་དམྱལ་བར་ལྟུང་བར་འགྱུར་རོ། །མ་ཡར་མོ་བྱས་ཏེ། སྔ་མའི་བུ་ལ་ནོར་བ་བྱེད་པ་ནི་མེའི་ཤིང་དུམ་མམ་མེ་འབར་བའི་ཤིང་རྟ་དང་ལྡན་པའི་དམྱལ་བར་ལྟུང་ངོ། །དབྱེན་བྱེད་པ་ནི་ལྕགས་ཀྱི་ཐོང་གཤོལ་གྱིས་རྨོ་བའི་དམྱལ་བར་ལྟུང་ངོ་། །ཚིག་ངན་གྱིས་མི་གཞན་ལ་སྤྱོས་པས་ནི་ལྕེ་མེད་པའམ་ལྕེ་རབ་ཏུ་འབྱིན་པའི་དམྱལ་བར་ལྟུང་ངོ་། །བརྫུན་ཟེར་བ་ནི་ལྕེ་ལྕགས་ཀྱི་གཟེར་བུས་འདེབས་པའི་དམྱལ་བར་ལྟུང་ངོ་། །སྲོག་བཅད་ནས་ལྷ་སྲིན་འབྱུང་པོའི་རིགས་ལ་མཆོད་སྦྱིན་བྱེད་པ་ནི་ལྕགས་ཀྱི་གཏུན་གྱིས་བརྡུང་བའི་དམྱལ་བར་ལྟུང་ངོ་། །བོན་དང་མོ་བྱེད་ཅིང་འདྲེ་བོས་སོ་ཞེས་བརྫུན་ཟེར་ཞིང་ནོར་ལེན་པ་ནི་ཤལ་མ་རིའི་དམྱལ་བར་ལྟུང་ངོ་། །བོན་བྱེད་ཅིང་མིག་བཙུམས་ནས་གཞན་དག་ལ་མཐོ་རིས་སུ་སྐྱེ་བར་འགྱུར་རོ་ཁྱོད་ཀྱི་བླ་མ་མཆོད་འོས་སོ་ཞེས་བརྫུན་ཟེར་ཞིང་བསླུ་བ་ནི་རྐེད་པ་གཏུབས་པའི་དམྱལ་བར་ལྷུང་ངོ་། །བོ ན་བྱེད་ཅིང་སྲོག་གཅོད་དུ་བཅུག་སྟེ། ལྷ་སྲིན་སོགས་ལ་མཆོད་དུ་བཅུག་པ་ནི་སྟྭ་རེས་གཏུབས་པའི་དམྱལ་བར་ལྟུང་སྟེ། དམྱལ་སྲུང་རྣམས་ཀྱིས་ལུས་གཏུབས་ཤིང་ལྕགས་ཀྱི་བྱ་མཆུ་ཅན་གྱིས་མིག་གཉིས་ཀྱི་འབྲས་བུ་བཙོགས་པར་གྱུར་ཏོ། །བོན་བྱས་ནས་མི་ཤི་བའི་རོ་སྦེད་པ་དང་། ཁང་ཁྱིམ་རྣམས་ཀྱི་བཟང་ངན་དང་རིགས་ལྔའི་ཁམས་བདེ་མི་བདེ་བལྟ་བ་སོགས་ཀྱིས་སྐྱེས་བུ་གླེན་པ་རྣམས་བསླུས་ནས་ནོར་མང་པོ་ལེན་པ་ནི་ལྕགས་ཀྱི་དྲྭ་བར་བཅུག་པའི་དམྱལ་བར་སྐྱེ་སྟེ། བྱ་མ་རུངས་པ་གྲངས་མེད་པ་འདུས་ནས་ལུས་ཀྱི་ཤ་རྣམས་ཟོས་ནས་རུས་པ་དང་རུས་པ་རྣམས་ཀྱང་འཐོག་པར་བྱེད་པས་སྡུག་བསྔལ་མུ་མེད་པ་མྱོང་བར་འགྱུར་རོ། །སྨན་བྱེད་ཅིང་ནད་པ་གསོ་མི་ནུས་པར་བརྫུན་གྱིས་ནོར་ལེ ན་པས་ནི་ལྕགས་ཀྱི་ཐུར་མས་བཙུགས་པའི་དམྱལ་བར་ལྟུང་སྟེ། ལུས་ལ་ཀུན་ཏུ་མེ་འབར་རོ། །ཚེ་འདི་ལ་ལྷ་ཁང་དང་མཆོད་རྟེན་བཤིག་ཅིང་དགེ་འདུན་དང་། ཕ་མ་དང་མཁན་པོ་ལ་བག་མེད་པར་སྲི་ཞུ་ཆུང་བ་ནི་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་དུ་མཐར་གྱིས་འགྲོའོ། །དེ་ནས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱ་སུམ་ཅུ་རྩ་དྲུག་གི་ནང་དུ་འགྲོ་སྟེ། ལ་ལ་ནི་བསྐལ་པ་གཅིག ལ་ལ་ནི་བསྐལ་པ་གཉིས། ལ་ལ་ནི་བསྐལ་པ་ལྔའམ་ལྔ་བརྒྱའི་བར་དུ་འགྲོ་བ་ནས་གཟོད་ཐར་ནས་དགེ་བའི་བཤེས་གཉེན་དང་ཕྲད་ན་ནི་བྱང་ཆུབ་ཏུ་སེམས་སྐྱེ་བར་འགྱུར་ལ། གལ་ཏེ་མ་ཕྲད་ན་སླར་ཡང་སེམས་ཅན་དམྱལ་བར་ལྟུང་ངོ་། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིར་གྱུར་ཀྱང་ལུས་བོངས་ཆེ་ཞིང་སྤྲོ་ཐུང་བ་འགྲོ་བ་ལ་དགའ་བ་ནི་སྔོན་རྔ་མོ་ལས་འོངས་སོ། །འགྲོ་བ་སྲེད་པ་ཟན་ཟ་བ་ལ་རྔ མ་སྟེ་ཉམ་ང་བ་དག་ལ་འབྱོལ་བ་ནི་རྟ་ལས་འོངས་སོ། །ཚ་བ་དང་གྲང་བས་མི་འཇིགས་ཤིང་གཟུགས་ཆེ་བ་ནི་གླང་ལས་འོངས་སོ། །སྒྲ་སྐད་ཆེ་ཞིང་འཛེམ་བག་མེད་ལ་གང་འདོད་པ་དམ་དུ་འཛིན་ཅིང་བཟང་ངན་བྱེ་བྲག་མི་ཕྱེད་པ་ནི་བོང་བུ་ལས་འོངས་སོ། །རྟག་ཏུ་ཤ་ལ་སྲེད་ཅིང་རྔམ་སྟེ་འཇིགས་པ་མེད་པ་ནི་སེང་གེ་ལས་འོངས་སོ། །ལུས་རིང་ཞིང་མིག་ཟླུམ་ལ་རིའམ་དགོན་པར་ཤིན་ཏུ་འགྲོ་ལ་ཆུང་མ་ལ་སྡང་བ་ནི་སྟག་ལས་འོངས་སོ། །སྤུ་རིང་ཞིང་མིག་ཟླུམ་སྟེ་གནས་གཅིག་ཏུ་མི་དགའ་བ་དེ་ནི་བྱ་ལས་འོངས་སོ། །འགྱུར་ལྡོག་ཆེ་ཞིང་སྲིན་བུ་གསོད་པ་ལ་དགའ་བ་ནི་ཝ་ལས་འོངས་སོ། །དཔའ་བཤོར་ཆེ་ཞིང་ཁྲེལ་འཛེམ་ཆུང་ཞིང་ཆུང་མ་དང་བུ་ལ་སྲེད་པ་ནི་སྤྱང་ཀི་ལས་འོངས་སོ། །གཡོན་ཅན་གྱི་ངོས་འཛིན་ལ་གཉིད་ཆུང་ལ་ཁྲོ་བ་ནི་ཁྱི་ལས་འོངས་སོ། །གཡེམ་ལ་དགའ་ཞིང་གཏམ་སྨྲ་བར་འདོད་ལ་མི་ཀུན་གྱིས་བྱམས་ནི་ནེ་ཙོ་ལས་འོངས་སོ། །མང་པོར་འདུས་ཤིང་སྨྲ་བ་ལ་དགའ་ཞིང་མྱ་ངན་མང་བ་ནི་བྱ་ཁུ་བྱུག་ལས་འོངས་སོ། །བོང་ཆུང་ཞིང་གཡེམ་ལ་དད་ཆེ་སྟེ་སྙིང་མི་བརྟན་པ་ནི་བྱེའུ་མཆིལ་པ་ལས་འོངས་སོ། །མིག་དམར་ཚག་ལ་སྤྲོ་ཐུང་ལ་ཁ་ནས་སྦུབ་འོང་ལ་ཉལ་ཚེ་ལུས་དཀྲི་བར་བྱེད་པ་ནི་སྦྲུལ་དང་རྩང་པ་ལས་འོངས་སོ། །སྨྲ་ན་ཁྲོ་ཞིང་ཕ་རོལ་གྱི་ཚིག་མི་གོ་ལ་ཁྲོ་ལ་མི་ལ་གདུག་པའི་ཚིག་འབྱུང་བ་ནི་སྡིག་པ་ལས་འོངས་སོ། །གཅིག་པུར་འདུག་ཅིང་ཟ་བ་ལ་བརྐམ་སྟེ་ནུབ་མོ་གཉིད་ཆུང་བ་ནི་བྱི་ལ་ལས་འོངས་སོ། །ཁྱིམ་ཕུག་པ་དང་རྐུ་བ་ལ་དགའ་སྟེ་གཉེན་ངོ་མི་ཤེས་པ་ནི་བྱི་བ་ལས་འོངས་སོ། །ཡང་གང་ལ་ལ་ཞིག་གཙུག་ལག་ཁང་དང་མཆོད་རྟེན་འཇིག་ཅིང་། གང་གིས་དཀོན་མཆོག་གསུམ་གྱི་རྫས་བླངས་ཤིང་སྤྱད་ན་ཚེ་ཕྱི་མ་ལ་བསྟིར་མེད་པའི་སེམས་ཅན་དམྱལ་བར་སྐྱེས་ཏེ། ཅི་སྟེ་དེ་ལས་ཐར་ན་ཡང་ཕུག་རོན་དང་མཆིལ་པ་དང་། ངུར་བ་དང་། ནེ་ཙོ་དང་། བྱེའུ་སྐེ་སྔོ་དང་། ཉ་དང་། རུས་སྦལ་དང་། སྤྲེའུ་དང་། ཕག་དང་། ཤ་བར་སྐྱེའོ། །གལ་ཏེ་མིར་སྐྱེས་ན་ཡང་། མ་ནིང་དང་། བུད་མེད་དང་། མཚན་གཉིས་པ་དང་། དབང་པོ་མེད་པ་དང་། སྨད་འཚོང་མ་དག་ཏུ་འགྱུར་རོ། །མི་ཞེ་སྡང་ཆེ་བ་དག་ནི་ཤི་འཕོས་ནས་སྦྲུལ་གདུག་པ་དང་། སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། བྱི་ལ་དང་། ཁྲ་ལ་སོགས་པ་ཐམས་ཅད་དུ་སྐྱེའོ། །ཅི་སྟེ་མི་ལུས་ཐོབ་ན་ཡང་བྱ་དང་ཕག་གསོད་པ་ལ་དགའ་ཞིང་རྔོན་པ་དང་། བརྩོན་རྫིར་འགྱུར་རོ། །གཏི་མུག་ཆེ་ཞིང་དགེ་མི་དགེའི་བྱེ་བྲག་མི་ཕྱེད་པ་ནི་ཚེ་ཕྱི་མ་ལ་བལ་གླང་དང་། ཕག་དང་། བ་ལང་དང་། ལུག་དང་། མ་ཧེ་དང་། ཤིག་དང་། ལྗི་བ་དང་། སྦྲང་མ་དང་། སྦྲང་བུ་མཆུ་རིང་དང་། གྲོག་མ་ལ་སོགས་པར་སྐྱེ་བར་འགྱུར་རོ། །ཅི་སྟེ་མི་ལུས་ཐོབ་ན་ཡང་། འོན་པ་དང་། དམུས་ལོང་དང་། ལྐུགས་པ་དང་། ལྦ་བ་ཅན་དང་། སྒུར་པོ་ལ་སོགས་པར་སྐྱེ་བར་འགྱུར་རོ། །ཡན་ལག་མ་ཚང་བ་དང་། དབང་པོ་མ་ཚང་བ་དང་། དབང་པོ་མ་ཚང་བའི་ལུས་སུ་འགྱུར་ཏེ་ཆོས་ལ་ནན་ཏན་བྱེད་མི་ནུས་སོ། །ཁེངས་ཤིང་ང་རྒྱལ་ཆེ་བ་དེ་ནི་ཚེ་ཕྱི་མ་ལ་མི་གཙང་བའི་ནང་གི་སྲིན་བུ་དང་། རྔ་མོ་དང་། བོང་བུ་དང་། ཁྱི་དང་། རྟ་ལ་སོགས་པར་སྐྱེའོ། །ཅི་སྟེ་མི་ལུས་ཐོབ་ནའང་བྲན་དང་དབུལ་ཕོངས་སློང་མོ་བྱེད་པ་ཐམས་ཅད་ཀྱིས་བརྙས་ཤིང་དམད་པར་འོང་ངོ་། །གང་དག་དབང་ཡོད་ཀྱིིས་བྲན་ལ་བརྡུང་ཞིང་གཞན་གྱི་ནོར་ལེན་པ་ནི་ཚེ་ཕྱི་མར་ཤལ་མ་ལིའི་སེམས་ཅན་དམྱལ་བར་ལྟུང་སྟེ། སེམས་ཅན་ཁྲི་ཕྲག་བརྒྱད་སྟོང་གི་སོས་ཤ་གཅོད་ཅིང་ཟ་བར་འགྱུར་རོ། །ཚེ་འདི་ལ་ཕ་རོལ་པོ་འགྲེང་དུ་མི་དགའ་བ་ནི་ཚེ་ཕྱི་མ་བ་ལང་གི་ལུས་སུ་སྐྱེས་ཏེ་རྐང་ལག་རིངས་ཤིང་ཉལ་མི་ཤེས་པས་གཉིད་ལོག་ཏུ་མེད་པར་འགྱུར་རོ། །ཚེ་འདི་ལ་བསྙེན་གནས་སོགས་མཆོད་སྟོན་ཟོས་པའི་ནུབ་མོ་ཟས་ཟོས་ན་ཚེ་ཕྱི་མར་ཡི་དྭགས་འདྲེ་ལྟོགས་སུ་གྱུར་ཏེ། ལོ་ཁྲི་བརྒྱ་སྟོང་གི་བར་དུ་བཟའ་བ་དང་བཏུང་བ་རྙེད་པར་མི་འགྱུར་རོ། །ཡན་མན་དུ་འགྲོ་བའི་ཚེ་ལྷུ་ཚིགས་ཀུན་ཏུ་མེ་འབར་རོ། །ཚེ་འདི་ལ་སྒྲེན་མོར་འདུག་པ་དགའ་བ་ནི་གྲང་བས་སྦྲེབས་{སྒྲེབས}པའི་སྲིན་བུ་དག་ཏུ་སྐྱེ་བར་འགྱུར་རོ། །ཚེ་འདི་ལ་མཆོད་སྟོན་གྱི་ཟས་ཟོས་པའི་ལྷག་མ་ཁྱིམ་དུ་ཁྱེར་བ་ནི་ཚེ་ཕྱི་མ་ལ་ལྕགས་ཀྱི་ས་གཞི་རབ་ཏུ་ཚ་བའི་དམྱལ་བར་ལྟུང་ངོ་། །ཅི་སྟེ་མིར་སྐྱེས་ན་ཡང་ལྐོག་ནད་ཅན་དང་། ཚེ་ཐུང་བར་འགྱུར་རོ། །ཚེ་འདི་ལ་སངས་རྒྱས་ལ་ཕྱག་འཚལ་བའི་ཚེ་ད པྲལ་བ་ས་ལ་མ་གཏུགས་ན་མ གོ་ཐུར་དུ་དཔྱང་བའི་དམྱལ་བར་ལྟུང་ངོ་། །ཅི་སྟེ་མིར་སྐྱེས་ན་ཡང་མི་ཐམས་ཅད་ཀྱིས་བརྙས་ཤིང་བསླུ་བར་སྐྱེའོ། །ཚེ་འདི་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་ཕྱག་འཚལ་བའི་ཚེ་ཐལ་མོ་མི་སྦྱོོར་བ་ནི་ཚེ་ཕྱི་མ་ལ་མཐའ་འཁོབ་ཏུ་སྐྱེ་སྟེ། ལས་མང་དུ་བྱས་ཀྱང་འབྲས་བུ་འགྲུབ་པ་ནི་ཉུང་ངོ་། །ཚེ་འདི་ལ་ཞལ་ཏོན་ནམ་དྲིལ་ཆེན་གྱི་སྒྲ་ཐོས་ཀྱང་ཉལ་ནས་མི་ལང་བ་ནི་ཚེ་ཕྱི་མ་ལྟོ་འཕྱེའི་རིས་ཏེ་སྦྲུལ་ཆེན་པོ་དག་ཏུ་ལྟུང་བར་འགྱུར་ཏེ་ལུས་རིངས་ཤིང་ཆེ་བས་སྲོག་ཆགས་སྲིན་བུ་ཕྲ་མོ་རྣམས་ཀྱིས་ཟ་བར་འོང་ངོ་། །ཚེ་འདི་ལ་ལག་པ་རྒྱབ་ཏུ་བསྣོལ་ཏེ་སངས་རྒྱས་ལ་ཕྱག་འཚལ་བ་ནི་ཚེ་ཕྱི་མ་ཕྱིན་ཀ་ལོག་ཏུ་བཅིང་བའི་སེམས་ཅན་དམྱལ་བར་ལྟུང་ངོ་། །གལ་ཏེ་མིར་སྐྱེས་ཀྱང་ཉེས་པ་མེད་པར་གྱོད་ལ་ཐོགས་པར་འོང་ངོ་། །ཚེ་འདི་ལ་ཐལ་མོ་སྦྱར་ཏེ་ཡན་ལག་སྨད་ལྔ་ས་ལ་གཏུགས་ཏེ། རྩེ་གཅིག་པའི་སེམས་ཀྱིས་སངས་རྒྱས་ལ་ཕྱག་འཚལ་བ་ནི་གང་ནས་གང་དུ་སྐྱེས་པར་རྟག་པར་ཆོ་རིགས་བཙུན་ཞིང་བཙན་ལ་སྐྱིད་པར་འོངས་སོ། །ཚེ་འདི་ལ་ལྟོ་ལ་འཁོར་ཞིང་སྤྲོ་ཐུང་བ་ནི་སྔོན་སྨྱོན་པའམ་བྱོལ་སོང་ལས་འོངས་སོ། །ཚེ་འདི་ལ་མིག་ཡོན་པོར་འདུག་པ་ནི་སྔོན་ལོག་པའི་སེམས་ཀྱིས་གཞན་གྱི་ཆུང་མ་ལ་བལྟས་པ་ལས་འོངས་སོ། །ཚེ་འདིར་ཆུང་མའི་ནོན་བྱས་ཏེ་ཕ་མ་ལ་སྤྱོས་པ་ནི་ཚེ་ཕྱི་མར་ལྕེ་ཐོང་གཤོལ་གྱིས་གཏུབས་པའི་སེམས་ཅན་དམྱལ་བར་ལྟུང་ངོ་། །ཚེ་འདི་ཆང་ལ་སྲེད་པ་དང་། ཆང་བསྣན་ཏེ་གཞན་ལ་བྱིན་པ་དེ་ནི་ཤི་འཕོས་ནས་ཆུ་ནང་དུ་སྲིན་བུར་སྐྱེ་ཞིང་། བརྒྱ་ལ་མིའི་ནང་དུ་སྐྱེས་པར་གྱུར་ན་ཡང་ལུས་སྐྲང་ཞིང་དབུགས་ཐུང་བས་འཆི་བའི་དུས་བྱེད་པར་འགྱུར་རོ། །ཀུན་དགའ་བོ་ངས་ཇི་ལྟར་བཤད་པའི་སྡུག་བསྔལ་མང་པོ་རྣམ་པ་སྣ་ཚོགས་ཀུན་ནི་མི་དགེ་བ་བཅུ་རྣམས་ལས་གྱུར་ཏེ་རབ་ནི་སེམས་ཅན་དམྱལ་བར་ལྟུང་ངོ་། །འབྲིང་ནི་བྱོལ་སོང་གི་རྒྱུར་འགྱུར་རོ། །ཐ་མ་ནི་ཡི་དྭགས་ཀྱི་རྒྱུར་འགྱུར་རོ། །སྲོག་གཅོད་པས་སེམས་ཅན་ངན་སོང་གསུམ་དུ་ལྟུང་ངོ་། །ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། ཚེ་ཐུང་བ་དང་ནད་མང་བ་ཡིན་ནོ། །མ་བྱིན་པར་ལེན་པས་ནི་སེམས་ཅན་ངན་སོང་གསུམ་དུ་ལྟུང་ངོ་། །ཅི་སྟེ་མིར་སྐྱེས་ན་ཡང་དབུལ་ཕོངས་པ་དང་། ནོར་ཐུན་མོང་དུ་འགྱུར་ཞིང་རང་དབང་མེད་པ་ཡིན་ནོ། །མི་ཚངས་པ་སྤྱོད་པས་ཀྱང སེམས་ཅན་ངན་སོང་གསུམ་དུ་ལྟུང་ངོ་། །ཅི་སྟེ་མིར་སྐྱེས་ན་ཡང་བདག་གི་ཆུང་མ་ལ་གཞན་གྱིས་བྱི་བྱེད་པ་དང་། ཆུང་མ་ཆེན་ཆུན་གཉིས་རྩོད་པ་དང་། བདག་གིས་བསམ་པ་བཞིན་མི་འགྲུབ་བོོ། །བརྫུན་སྨྲ་བ་ཡང་སེམས་ཅན་ངན་སོང་གསུམ་དུ་ལྟུང་བར་འགྱུར་རོ། །ཅི་སྟེ་མིར་སྐྱེས་ན་ཡང་གཞན་གྱིས་སྐུར་བ་འདེབས་པ་དང་། རྟག་པར་གཞན་གྱིས་བསླུ་བར་འགྱུར་རོ། །ཕྲ་མ་བྱེད་པ་ཡང་སེམས་ཅན་ངན་སོང་གསུམ་དུ་ལྟུང་བར་བྱེད་དོ། །ཅི་སྟེ་མིར་སྐྱེས་ན་ཡང་གཉེན་ཞིག་པ་དང་། གཉེན་ངན་པ་དང་། ཕྲག་དོག་ཅན་དུ་འགྱུར་རོ། །ཚིག་རྩུབ་པོ་སྨྲ་ན་ཡང་སེམས་ཅན་ངན་སོང་གསུམ་དུ་ལྟུང་ངོ་། །ཅི་སྟེ་མིར་སྐྱེས་ན་ཡང་རྟག་ཏུ་སྒྲ་མི་སྙན་པ་མང་པོ་ཐོས་པ་དང་། སྨྲས་སོ་ཅོག་སྐྱོན་ཅན་རྩོད་པར་འགྱུར་རོ། །ཚིག་ཀྱལ་པ་བྱེད་པ་ཡང་ངན་སོང་གསུམ་དུ་ལྟུང་བར་འགྱུར་རོ། །ཅི་སྟེ་མིར་སྐྱེས་ཀྱང་བདེན་པའི་ཚིག་སྨྲ་ན་ཡང་གཞན་ཡིད་མི་ཆེས་པར་འགྱུར་བ་དང་སྨྲས་པ་ཐམས་ཅད་མི་གསལ་ཏེ་གཞན་གྱིས་གོ་བར་མི་འགྱུར་རོ། །བརྣབ་སེམས་ཀྱིས་སེམས་ཅན་ངན་སོང་གསུམ་དུ་ལྟུང་བར་བྱེད་དོ། །ཅི་སྟེ་མིར་སྐྱེས་ན་ཡང་ནོར་ལ་ཆགས་ཤིང་ཆོག་མི་ཤེས་པའི་རང་བཞིན་དང་། མང་དུ་ཚོལ་ཡང་བསམ་པ་བཞིན་མི་འགྲུབ་བོ། །གནོད་སེམས་ཀྱིས་སེམས་ཅན་ངན་སོང་གསུམ་དུ་ལྟུང་བར་བྱེད་དོ། །ཅི་སྟེ་མིར་སྐྱེས་ན་ཡང་གཞན་གྱིས་རྟག་ཏུ་གླགས་ཚོལ་བ་དང་རྟག་པར་གཞན་གྱིས་གནོད་ཅིང་འཚེ་བ་བྱེད་པར་འགྱུར་རོ། །ལོག་པར་ལྟ་བས་ནི་སེམས་ཅན་ངན་སོང་གསུམ་དུ་ལྟུང་བར་བྱེད་དོ། །ཅི་སྟེ་མིར་སྐྱེས་ན་ཡང་། རྟག་པར་ལོག་པར་ལྟ་བའི་ཁྱིམ་དུ་སྐྱེ་བ་དང་། སེམས་ཅན་གཡོ་སྒྱུ་ཅན་དུ་སྐྱེ་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟ་བུའི་མི་དགེ་བ་བཅུ་ནི་སྡུག་བསྔལ་མང་པོས་གདུང་བའི་རྒྱུ་ཡིན་ནོ། །དེ་ནས་འཁོར་རྣམས་ཀྱིས་སྨྲེ་སྔགས་ཕྱུང་སྟེ་གསོལ་པ། བདག་ཅག་རྣམས་ཀྱིས་དགེ་བ་ཇི་ལྟ་བུ་ཞིག་གིས་སྡུག་བསྔལ་དེ་དག་ལས་ཇི་ལྟར་ཐར་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་རྣམས་སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་ལས་ལ་མཐུན་པར་གཟུད་པར་གྱིས་ཤིག ཇི་ལྟར་ན་བསོད་ནམས་བྱེད་ཅེ་ན། གང་ལ་ལ་ཞིག་གིས་སེམས་ཅན་གྱི་དོན་ཆེན་པོ་བྱེད་པ་གཙོ་བོར་བྱས་པ་ལ་མཆོད་རྟེན་དང་གཙུག་ལག་ཁང་བརྩིགས་ན་མ་འོངས་པའི་དུས་ན་གདོན་མི་ཟ་བར་རྒྱལ་པོ་འགྱུར་ཏེ། འགྲོ་བ་མང་པོའི་དོན་བྱེད་ཅིང་འགྲོ་བ་ཀུན་ལ་མི་མཐུན་པ་མེད་དེ་ངག་མི་ཉན་པ་མེད་པར་འགྱུར་རོ། །ཚེ་འདི་ལ་ཆོས་བཞིན་སྤྱོད་པ་དང་ཆོས་ལ་དད་པ་ནི། མིའི་མཆོག་ཏུ་འགྱུར་ཏེ་མ་འོངས་པའི་དུས་ན་གདོན་མི་ཟ་བར་བློན་པོ་ཆེན་པོའམ། ཁམས་ཀྱི་རྒྱལ་ཕྲན་དུ་འགྱུར་ལ་གོས་དང་རྟ་དང་ལྡན་ཞིང་ཅི་དང་ཅི་འདོད་པ་འབྱོར་བར་འགྱུར་རོ། །ཚེ་འདི་ལ་མི་མང་པོ་བསོད་ནམས་བྱེད་པར་བསྐུལ་ཞིང་བསོད་ནམས་བྱེད་པ་ནི་ཕྱུག་ཅིང་བཙན་པའི་ཁྱིམ་བདག་ཏུ་འགྱུར་ཏེ། ཀུན་གྱིས་བཀུར་བ་དང་ཕྱོགས་གང་དུ་འགྲོ་ཡང་བགེགས་མེད་ཅིང་དོན་ཐམས་ཅད་འགྲུབ་བོ། །ཚེ་འདི་ལ་མར་མེ་འབུལ་ཞིང་མཆོད་པར་དགའ་བ་ནི་མ་འོངས་པ་ན་ཉི་མ་དང་ཟླ་བའི་ལྷར་སྐྱེས་ཏེ་འོད་ཀྱི་བདག་ལ་གསལ་བར་འགྱུར་རོ། །ཚེ་འདི་ལ་སྙིང་རྗེའི་སེམས་ཀྱིས་སྦྱིན་པ་བྱིན་ན་མ་འོངས་པའི་དུས་ན་ཕྱུག་ཅིང་ཟས་དང་གོས་ཀྱང་ཡིད་བཞིན་དུ་འགྲུབ་བོ། །ཚེ་འདི་ལ་སྐྱེ་བོ་མང་པོ་ལ་བཟའ་བཏུང་སྦྱིན་པ་ལ་དགའ་བ་དེ་ནི་སྐྱེ་བ་ཐམས་ཅད་དུ་ལྷའི་ཟས་དང་སྐོམ་རང་བྱུང་དུ་འབྱུང་ཞིང་། གཟུགས་དང་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་ལ་དབང་པོ་རྣོ་ཞིང་སྤོབས་པ་ཆེ་སྟེ་ཚེ་རིང་བར་འགྱུར་རོ། །གང་གིས་བྱོལ་སོང་ལ་ཟས་སྦྱིན་ན་ནི་རྣམ་སྨིན་གྱི་འབྲས་བུ་ལན་བརྒྱ་འགྱུར་ཐོབ་བོ། །ལོག་སྲེད་དམ་འདོད་ཆེན་པ་དག་ལ་སྦྱིན་པ་བྱིན་པས་ནི་ལན་སྟོང་འགྱུར་འཐོབ་བོ། །དགེ་སློང་ངམ་དགེ་སློང་མ་ཚུལ་ཁྲིམས་དང་ལྡན་པ་ལ་སྦྱིན་པ་བྱིན་པས་ནི་ལན་ཁྲིར་འགྱུར་རོ། །ཆོས་སྨྲ་བའི་དགེ་སློང་ཐེག་པ་ཆེན་པོ་སྤེལ་ཞིང་དེ་བཞིན་གཤེགས་པའི་གཏེར་བཤད་པས་སྐྱེ་བོ་མང་པོ་ཀུན་གྱི་མིག་ཕྱེད་ནུས་པ་ལ་བྱིན་ན་ལན་གྲངས་མེད་ཚད་མེད་པ་རྙེད་ཐོབ་བོ། །གལ་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བྱིན་ན་རྣམ་པར་སྨིན་པའི་འབྲས་བུ་མཐར་ཐུག་པ་མེད་པ་སྙེད་ལ་ལོངས་སྤྱོད་པར་འགྱུར་རོ། །གཞན་ཡང་སྦྱིན་གནས་གསུམ་ལ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པའི་འབྲས་བུ་ཟད་མི་ཤེས་སོ། །གསུམ་གང་ཞེ་ན། སངས་རྒྱས་དང་། ཕ་མ་དང་། ནད་པའོ། །དེ་དག་ལ་ཟས་གཅིག་སྦྱིན་པ་བྱས་པས་ཀྱང་དེ་ལྟ་བུའི་འབྲས་བུ་མི་ཟད་པ་འཐོབ་པར་འགྱུར་རོ། །རྟག་ཏུ་སྦྱིན་པ་བྱིན་པ་ལྟ་ཅི་སྨོས། ཚེ་འདི་ལ་དགེ་འདུན་མང་པོ་ལ་ཁྲུས་བྱས་ན་སྐྱེ་བ་ཐམས་ཅད་དུ་བྱད་བཞིན་བཟང་ཞིང་། ཡིད་བཞིན་གྱི་གོས་དང་ལྡན་ལ་མང་པོ་ཀུན་གྱིས་བཀུར་བར་གྱུར་རོ། །ཚེ་འདི་ལ་མདོ་སྡེ་ཀློག་པ་དང་། འདོན་པ་ལ་བསྔགས་པས་ནི་སྐྱེ་བ་ཐམས་ཅད་དུ་སྒྲ་དབྱངས་སྙན་ཅིང་ཀུན་གྱིས་ཐོས་པར་དགའ་བར་འགྱུར་རོ། །ཚེ་འདི་ལ་ཚུལ་ཁྲིམས་སྲུང་བས་ནི་སྐྱེ་བ་ཐམས་ཅད་དུ་བྱད་བཞིན་བཟང་བ་དང་མིའི་ནང་ནས་མཆོག་ཏུ་འགྱུར་རོ། །ཚེ་འདི་ལ་ཆུ་དཀོན་པའི་སར་ཁྲོན་པ་མང་པོ་བརྐོས་ལ་སྐོམ་སྦྱར་བ་དང་། སྐྱེ་ཤིང་བཙུགས་ནས་གྲིབ་མས་སྐྱེ་བོ་ཀུན་སྒྲིབ་པར་འདོད་པ་དང་། ལམ་སྲང་བདེ་བར་བཅོས་ཏེ་མི་རྣམས་སྒྲོལ་བ་ནི་སྐྱེ་བ་ཐམས་ཅད་དུ་མིའི་རྒྱལ་པོ་བྱེད་ཅིང་ཟས་སྐོམ་རོ་བརྒྱ་དང་ལྡན་པ་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །ཚེ་འདི་ལ་མདོ་སྡེ་བྲིས་ཏེ་གཞན་དག་ལ་བྱིན་ཏེ་ཀློག་ཏུ་བཅུག་པ་ནི་སྐྱེ་བ་ཐམས་ཅད་དུ་ཚིག་ལ་ཐོགས་པ་མེད་ཅིང་གང་སློབ་པ་ཐམས་ཅད་ལན་གཅིག་ཐོས་པས་མི་བརྗེད་པར་ཟིན་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་རྟག་ཏུ་དེ་ལ་དགོངས་པར་འགྱུར་རོ། །མིའི་ནང་ནས་མཆོག་དང་ཕུལ་དུ་འགྱུར་རོ། །གཙོ་བོར་འགྱུར་རོ། །ཚེ་འདི་ལ་ཟམ་པ་དང་གྲུ་ལ་སོགས་པ་བྱེད་དེ། སྐྱེ་བོ་མང་པོ་སྒྲོལ་བར་བྱེད་པ་ལ་དགའ་བ་ནི་སྐྱེ་བ་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང་སྐྱེ་བོ་ཕལ་པ་མང་པོས་བཀུར་ཏེ་བསྔགས་སོ། །འགྲོ་ཞིང་འོང་བ་ལ་བསུ་བསྐྱེལ་བྱེད་པར་འགྱུར་རོ། །དགའ་བོ་ཇི་ལྟར་ངས་མདོ་སྡེ་ཐམས་ཅད་ལས་རྒྱུ་དང་འབྲས་བུར་བཤད་དོ། །སེམས་ཅན་རྣམས་འདོན་ནམ་ཀློག་གམ་རྗེས་སུ་སྤྱོད་ན། མི་ཁོམ་པ་དང་། སྡུག་བསྔལ་ལས་གྲོལ་བར་འགྱུར་རོ། །གང་ལ་ལ་ཞིག་གིས་མདོ་སྡེ་འདི་ལ་སྐུར་བ་འདེབས་པ་ནི་ཚེ་འདི་ཉིད་ལ་ཡང་ལྕེ་རྩ་བ་ནས་ཆད་པར་འགྱུར་རོ། །དགའ་བོ་འདི་ནི་དགེ་བ་དང་མི་དགེ་བའི་རྒྱུ་དང་འབྲས་བུ་ཞེས་ཀྱང་བྱ། བྱང་ཆུབ་སེམས་དཔའི་ལམ་དང་སྤྱོད་པ་ཞེས་ཀྱང་བྱ་སྟེ། དེ་ལྟར་ཟུངས་ཤིག དེའི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདི་བཤད་པ་ན་འཁོར་མང་པོའི་ནང་དུ་ལྷ་མི་བརྒྱད་ཁྲི་སྙེད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བུད་མེད་བརྒྱད་སྟོང་སྙེད་ནི་མོའི་ལུས་ལས་ཕོར་གྱུར་ཏོ། །མི་དགེ་བ་ལ་སྤྱོད་པའི་སེམས་ཅན་ཐམས་ཅད་ཀྱང་རྟག་ཏུ་དགེ་བ་ལ་སྤྱོད་པར་གྱུར་ཏོ། །ཞེས་གསུངས་ཏེ་མདོ་འདི་དང་འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་པའི་མདོ་གཉིས་དོན་གཅིག་ཏུ་འབབས་པས་དེ་དང་ཡང་བསྡུར་ནས་ཅུང་ཟད་གོ་བདེ་བར་བྱས་ཏེ་བྲིས་པ་ཡིན་ནོ། །གཞན་ཡང་ལྷའི་མདོ་ཉུང་ངུ་ལས། སྲོག་གཅོད་པ་ལས་ཕྱིར་ལྡོག་ཅིང་། །ཁྲིམས་གཟུང་ཡང་དག་སྡོམ་ལ་དགའ། །གང་དག་འབྱུང་པོ་མི་འཚེ་བ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །གང་དག་མ་བྱིན་ལེན་སྤང་ཞིང་། །སྦྱིན་པ་གཏོང་ལ་རྟག་དགའ་སྟེ། །རྐུ་བ་སྤོང་ཞིང་མི་རྐུ་བ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །གཞན་གྱི་ཆུང་མའི་ཐད་མི་འགྲོ། །ལོག་པར་གཡེམ་པ་རྣམ་པར་སྤོང་། །བདག་གི་ཆུང་མས་ཆོག་སེམས་པ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །གཞན་གྱི་དོན་དང་རྐུ་བྱེད་དང་། །བདག་གི་ཕྱིར་ཡང་འཇིགས་པའི་ཕྱིར། །བརྫུན་གྱི་ཚིག་ནི་མི་སྨྲ་བ། །སྐྱེ་བོ་དེ་དག་མཐོ༴། གྲོགས་པོ་རྟག་པར་འབྱེད་བྱེད་པ། །ཕྲ་མའི་ཚིག་རྣམས་རབ་སྤོང་ཞིང་། །གང་དག་འདུམ་པར་རབ་དགའ་བ། །སྐྱེ་བོ་དེ་དག༴། རྒྱགས་ལ་བརྟེན་ཅིང་ཞེ་གཅོད་པ། །ཚིག་རྩུབ་དག་ནི་རྣམ་སྤོང་ཞིང་། །འཇམ་པོའི་ཚིག་ཏུ་གང་སྨྲ་བ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། དོན་མེད་གནས་དང་ལྡན་པ་ཡི། །ཀྱལ་པའི་ཚིག་རྣམས་རབ་སྤོང་ཞིང་། །གང་དག་དུས་སུ་ཆོས་སྨྲ་བ། །སྐྱེ་བོ་དེ་དག༴། གྲོང་ངམ་འོན་ཏེ་དགོན་པ་ན། །གཞན་གྱིས་བདག་གིར་བྱས་པ་ལ། །དེ་ལ་ཆགས་སེམས་གང་མེད་པ། །སྐྱེ་བོ་དེ་དག༴། བྱམས་པའི་སེམས་ཀྱིས་མི་འཚེ་ཞིང་། །གནོད་པར་སེམས་པ་མེད་པ་ཡིས། །སྐྱེ་བོ་ཀུན་ལ་མི་གནོད་པ། །སྐྱེ་བོ་དེ་དག༴། ལས་དང་ལས་ཀྱི་རྣམ་སྨིན་དང་། །གཉིས་ཀ་ལ་ཡང་གང་དད་ཅིང་། །ཡང་དག་ལྟ་བ་ཡང་དག་འཛིན། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །དགེ་བའི་ཆོས་རྣམས་འདི་དག་ནི། །དཀར་པོའི་ཆོས་ཀྱི་ལམ་བཅུ་སྟེ། །གང་དག་ཡོངས་སུ་འཛིན་གྱུར་པ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །ཞེས་དགེ་བཅུའི་ལས་ལམ་བསྟན་པས་མཚོན་མདོ་སྡེ་རྣམས་ལས་མཐའ་ཡས་པར་གསུངས་ཤིང་། དེ་ལྟར་ཟག་བཅས་ཀྱི་ལས་མངོན་པར་འདུ་བྱས་པས་འགྲོ་བ་ལྔའི་གནས་རིས་རྣམས་སུ་སྐྱེ་བར་འགྱུར་བ་ལ། དེ་དག་གི་ཚེའི་ཚད་སོགས་ཇི་ལྟ་བུ་སྙམ་ན། ཚེ་མཐའི་མདོ་ལས། བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློོང་དག་ཁྱེད་སེམས་ཅན་གྱི་ཚེའི་མཐའ་ཐོས་པར་འདོད་དམ། འདོད་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་རིང་ན་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །དུད་འགྲོ་རྣམས་ཀྱི་ཚེའི་ཚད་ནི་རིང་ན་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །ཞེས་སོགས་མནར་མེད་ནས་སྲིད་རྩེའི་བར་གྱི་ཚེ་ཡི་ཚད་རྒྱས་པར་གསུངས་ཏེ། དེ་ཡང་བྱང་སྒྲ་མི་སྙན་གྱི་མི་རྣམས་མ་གཏོགས་ཐམས་ཅད་བར་མ་དོར་འཆི་འཕོ་བའང་ཡོད་པས་གཅིག་ཏུ་མ་ངེས་ཀྱང་རིང་མཐའི་དབང་དུ་མཛད་པ་སྟེ། དེ་ལ་དུད་འགྲོ་ལས་ཀླུ་སོགས་ཁ་ཅིག་ནི་བསྐལ་པའི་བར་དུ འང་གནས་པ་ཡོད་པས་གཅིག་ཏུ་ངེས་པ་མེད་དེ། ཡི་དྭགས་རྣམས་ནི་མི་རྣམས་ཀྱི་ཉིན་ཞག་སུམ་ཅུ་ལ་ཡི་དྭགས་ཀྱི་ཉིན་ཞག་གཅིག་གོ །དེ་སུ མ་ཅུ་ལ་ཟླ་བ་གཅིག ཟླ་བ་བཅུ་གཉིས་ལ་ལོར་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་སྟེ། དེ་མིའི་ལྟར་བརྩིས་ན་ལོ་ཁྲི་ལྔ་སྟོང་ཡོད་དེ། དེའི་སྡུག་བསྔལ་གྱི་ཁྱད་པར་དང་ལས་ཀྱི་རྒྱུ་ཡང་འདི་ལྟར་བཀའ་སྩལ་ཏེ། ཇི་ལྟར་རབ་ཏུ་ཆེ་བའི་ལུས་འགྲེང་ཞིང་། །མཆུ་དང་མིག་སྐམ་ཤིན་ཏུ་སྡུག་བསྔལ་བ། །རང་གི་སྐྲས་ཡོགས་ཁ་གདངས་ག ནམ་དུ་བལྟ། །སྣ་ནི་ཁབ་ལྟར་རབ་ཏུ་ཕྲ་བ་དང་། །རུས་གོང་འདྲ་ལུས་གཅེར་བུ་རང་སྐྲས་གཡོགས། །གཟུགས་མི་སྡུག་པ་འགྲེང་ཞིང་ཐོད་པ་ཐོགས། །བཀྲེས་དང་སྐོམ་དང་ང ལ་བས་རབ་གཟིར་གང་། །ཆོ་ངེས་འདེབས་ཤིང་ཀུན་ཏུ་རྒྱུག་པ་དག ། ཉམ་ཐག་སྐད་འབྱིན་སྡུག་བསྔལ་ཚོར་བ་མྱོང་། །ཕན་ཚུན་ཕྲག་དོག་སེར་སྣ་འདི་བརྟེན་ཅིང་། །འདིར་ནི་སྡིག་པའི་ལས་དག་བྱས་པ་ཡིས། །ཡིི་དྭགས་འཇིག་རྟེན་དག་ཏུ་དེ་དག་སྐྱེས། །ཞེས་སོ། །མི་རྣམས་ལས་ཤར་ལུས་འཕགས་ཀྱི་མི་རྣམས་ཀྱི་ཚེ་ཚད་ནི་ལོ་ཉིས་བརྒྱ་ལྔ་བཅུའོ། །ནུབ་བ་ལང་སྤྱོད་པ་རྣམས་ཀྱི་ནི་ལོ་ལྔ་བརྒྱ་སྟེ། འདི་གཉིས་ལ་བར་མ་དོར་འཆི་བ་ནི་ཡོད་དོ། །བྱང་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་སྟེ། འདི་ལ་ནི་བར་མ་དོར་འཆི་བ་མེད་དེ། འདི་རྣམས་ལ་བདག་གི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་ལ་ཚེ་ངེས་པ་ཡོད་ཅིང་ཤི་འཕོས་ནས་ཀྱང་མཐོ་རིས་ཀྱི་ལྷར་སྐྱེ་བར་འགྱུར་ཏེ། །དེ་ལྟར་ཡང་། དབུལ་བས་སྡུག་བསྔལ་སེམས་ཅན་དག ། གཞན་གྱི་ནོར་ལ་སྨོན་པར་བྱེད། །དེ་དག་དམ་པ་མ་བསྟེན་པས། །གཞན་གྱི་མངག་གཞུག་ངན་ཅིང་དམན། །ལོངས་སྤྱོད་དག་དང་ལྡན་པ་ཡི། །ཕྱུག་ཅིང་ནོར་མང་སེམས་ཅན་ནི། །ནོར་དང་འབྲུ་དང་སྐྱེ་བོར་ལྡན། །དེ་དག་དམ་པ་བསྟེན་པ་ཡིན། །བསོད་ནམས་ཕྱུག་པས་ཉེར་འཚོ་བའི། །དགེ་བའི་ལས་ནི་འདིར་བྱས་པས། །འབྱོར་པ་ཆེན་པོ་ཕུན་སུམ་ཚོགས། །ལྷ་བཞིན་དུ་ནི་དགའ་བར་བྱེད། །ལྐོག་གྱུར་གང་ཡིན་མི་སྣང་སྟེ། །མངོན་སུམ་འདི་ལ་བལྟ་བར་བྱོས། །གང་ཟག་ཁ་གཅིག་འཇིག་རྟེན་ན། །བདེ་ལྡན་སྔོན་བྱིན་འབྲས་བུ་ཡིན། །བྱང་ཕྱོགས་གླིང་གི་མི་རྣམས་ནི། །བདག་གི་མེད་ཅིང་ཡོངས་འཛིན་མེད། །དཔག་བསམ་ལས་བྱུང་གོས་བརྟེན་པ། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །དེ་དག་གྲང་དང་ཚ་བ་མེད། །དེ་དག་ལ་ནི་ནད་མེད་ཅིང་། །གཟུགས་དང་ཁ་དོག་ཕུན་སུམ་ཚོགས། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །བྱང་ཕྱོགས་གླིང་ན་མ་ཉམས་ཤིང་། །མ་གྲུག་དག་ཅིང་གཙང་བ་དང་། །ཤིན་ཏུ་དཀར་བའི་ས་ལུ་སྐྱེ། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །ནོར་བུ་འོད་ཆེན་འབར་བ་ཡིས། །དེ་རྣམས་རྟག་ཏུ་མཛེས་པ་དང་། །དེ་དག་ཟས་ནི་འཇུ་བྱེད་གང་། །དེ་ནི་སྔོན་གྱི་འབྲས་བུ་ཡིན། །དེ་དག་ལ་ནི་ཚོད་མ་དང་། །སྲན་ཚད་ཀྱང་ནི་ཅུང་ཟད་མེད། །ཁ་དོག་དྲི་དང་རོར་ལྡན་པའི། །ས་ལུ་དག་ནི་རྟག་ཏུ་ཟ། །ཟས་ནི་ལན་ཅིག་བྱིན་པ་ཡིས། །སྟན་ལས་མ་ལངས་བར་དུ་ནི། །ཟད་མི་ཤེས་པ་སྟེར་ལ་ཡོད། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། ཀུ་བའི་འབྲས་བུ་འདྲ་བ་དང་། །བཅད་ཀྱང་ཡལ་ག་ལས་སྐྱེས་ཏེ། །བརྔས་ནས་བཙོ་མི་དགོས་པར་ཟ། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །དེ་དག་འབབས་ཆུ་བསིལ་བ་དང་། །འཐུངས་ཀྱང་ལྟོ་ལ་མི་གནོད་པའི། །ཡན་ལག་བརྒྱད་ལྡན་ཆུ་ལ་ཡོད། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །རོལ་མོའི་ལྗོན་ཤིང་གང་དག་གིས། །དེ་དག་རྟག་ཏུ་རྩེ་ཞིང་དགའ། །ཡིད་ནི་རྟག་ཏུ་བདེ་དང་ལྡན། དེ་ནི་སྔོན་བྱིན་འབྲས་བུ་ཡིན། །དེ་དག་རོ ལ་མོའི་ལྗོན་ཤིང་བཟང་། །གོས་ཀྱི་ལྗོན་ཤིང་མང་པོ་དང་། །སྤོས་ཀྱི་ལྗོན་ཤིང་ཕུན་སུམ་ཚོགས། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །སྤོས་དང་མེ་ཏོག་རོལ་མོ་དང་། །དེ་བཞིན་དུ་ནི་གོས་རྣམས་ཀྱང་། །གང་དག་ཇི་ལྟར་འདོད་པ་བཞིན། །དེ་དག་དེ་བཞིན་འབྱུང་བར་འགྱུར། །ནེའུ་གསེང་དག་ནི་སྔོན་པོ་ལ། །ཤིང་བལ་ལྟ་བུར་རབ་འཇམ་པ། །གང་དུ་དེ་དག་རྟག་རྩེ་བ། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །དེ་དག་ལ་ནི་ཁྲོ་མེད་ཅིང་། །སེར་སྣ་དང་ནི་ཕྲག་དོག་མེད། །ཕན་ཚུན་དག་ཏུ་རྩེ་བྱེད་པ། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །མཚན་མོ་ཐུན་ཚོད་དང་པོ་ལ། །སྐད་ཅིག་ཙམ་ཞིག་ཆར་འབེབས་ཤིང་། །རྡུལ་རྣམས་མེད་པར་བྱེད་པ་སྟེ། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །དེ་དག་ཡོངས་སུ་འཛིན་མེད་པས། །མ་དང་བུར་ཡང་མི་ཤེས་ཤིང་། །སྡུག་བསྔལ་མེད་པས་མྱ་ངན་མེད། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །མ་དག་གིས་ཀྱང་རང་གི་བུ། །ལམ་སྟོར་དག་ཏུ་བོར་ཏེ་འགྲོ། །མཐེ་བོ་ལས་ནི་འོ་མ་འཛག ། དེ་ནི་སྔོན་བྱིན་འབྲས་བུ་ཡིན། །དེ་དག་གང་ཡང་ངུ་བ་མེད། །ཤི་ན་ཡང་ནི་བོར་ཏེ་འགྲོ། །བྱ་དག་གིས་ནི་གླིང་འཕྱག་པ། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །ཁོར་ཡུག་ཏུ་ནི་འོ བས་ཀྱིས་བསྐོར། །གླུ་གར་ཡིད་དུ་འོང་བ་ཡིས། །གང་དུ་རྩེ་ཞིང་དགའ་བར་བྱེད། །དེ་དག་སྔོན་གྱིས་འབྲས་བུ་ཡིན། །མི་ཡི་ཚེ་ནི་ལོ་སྟོང་པོ། །ཟད་པ་དག་ཏུ་བྱས་ནས་ནི། །བར་མ་དོར་ནི་འཆི་མེད་པ། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །དཔལ་ནི་རྒྱས་པར་སྤྱད་ནས་སུ། །མི་ཡི་ལུས་ནི་བོར་ནས་ཀྱང་། །ལྷ་ཡི་ནང་དུ་སྐྱེ་བར་འགྱུར། །དེ་ནི་སྔོན་བྱིན་འབྲས་བུ་ཡིན། །བྱེ་བྲག་ཏུ་ལྷོ་འཛམ་བུའི་གླིང་གི་མི་རྣམས་ནི་ཡར་འཕེལ་བ་དང་། མར་འགྲིབ་པའི་དབང་གིས་ཚེ་ལོ་དཔག་ཏུ་མེད་པ་ནས་བཅུ་པའི་བར་དུ་ཡང་འགྱུར་ཏེ། ད་ལྟར་ནི་ཚེ་ལོ་བརྒྱ་པ་སྟེ། རིང་དུ་འཚོ་བ་གང་ཡང་ཡིན་པ་དེ་ནི་ལོ་བརྒྱའམ་བརྒྱ་ལས་ཅུང་ཟད་ལྷག་པར་ཐུབ་སྟེ། དེའི་རིང་ལ་གནས་སྐབས་བཅུ་ཉམས་སུ་མྱོང་བར་འགྱུར་ཏེ། དང་པོ་ནི་ཞེན་ཅིང་གན་རྐྱལ་དུ་ཉལ་བ་སྟེ་བྱིས་པའི་སྐབས་སོ། །གཉིས་པ་ནི་རྩེ་བའི་རང་བཞིན་ཅན་ཏེ་གཞོན་ནུའོ། །གསུམ་པ་ནི་འདོད་པ་ལ་སྤྱོད་པ་སྟེ་ལང་ཚོ་ལ་བབ་པའོ། །བཞི་པ་ནི་སྤྲོ་བ་དང་ལྡན་ཞིང་ཉམས་སྟོབས་དང་ལྡན་པའོ། །ལྔ་པ་ནི་སྟོབས་དང་ལྡན་ཞིང་ཤེས་རབ་དང་ལྡན་པའོ། །དྲུག་པ་ནི་དཔྱོད་པའི་རང་བཞིན་ཅན་ཏེ་དྲན་པ་དང་ལྡན་པའོ། །བདུན་པ་ནི་ཆོས་ལུགས་ཁོང་དུ་ཆུད་པའོ། །བརྒྱད་པ་ནི་རྒྱལ་པོས་བཀུར་ཞིང་རྒན་རབས་སུ་བཀུར་བའོ། །དགུ་པ་ནི་རྒས་ཤིང་འཁོགས་པ་སྟེ་རྒན་པོའོ། །བཅུ་པ་ནི་ཚེའི་མཐར་ཐུག་པ་སྟེ་འཆིར་ཉེ་བའི་གནས་སྐབས་སོ། །དེ་ལྟར་ལོ་བརྒྱ་འཚོ་བའི་དབང་དུ་བྱས་ན། ལོ་རེ་ལ་དགུན་དང་། དཔྱིིད་དང་། དབྱར་གྱི་དུས་གསུམ་སྟེ་དུས་ཚིགས་སུམ་བརྒྱ། དུས་ཚིགས་རེ་ལ་ཟླ་བ་བཞི་བཞི་སྟེ། ཟླ་བ་རིལ་པོ་སྟོང་ཉིས་བརྒྱའམ་ཟླ་བ་ཕྱེད་པ་ཉིས་སྟོང་བཞི་བརྒྱ། དེ་ལ་ཉིན་ཞག་སུམ་ཁྲི་དྲུག་སྟོང་འབྱུང་ཞིང་། དེ་ལ་བར་ཆད་དུ་གྱུར་པ་མ་གཏོགས་པར་སྔ་དགོང་ཟན་ཟ་བའི་དུས་གཉིས་རེ་སྟེར་ཟ་མ་བདུན་ཁྲི་ཉིས་སྟོང་དུ་འགྱུར་བ་ཡིན་ནོ། །གཞན་ཡང་། དེ་ལྟར་མིའི་ལོ་ལྔ་བཅུ་ནི་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ །དེ་ལྟར་བརྩིས་པའི་རང་ལོ་ལྔ་བརྒྱ་ནི་ལྷ་དེའི་ཚེ་ཡི་ཚད་དེ། དེ་ལ་མི་ལོ་ས་ཡ་ཕྲག་དགུའོ། །དེ་ཐམས་ཅད་སེམས་ཅན་དམྱལ་བ་ཡང་སོས་ཀྱི་ཉིན་ཞག་གཅིག་སྟེ། དེ་ལྟར་བརྩིས་པའི་རང་ལོ་ལྔ་བརྒྱ་ནི་དམྱལ་བ་ཡང་སོས་ཀྱི་ཚེའི་ཚད་དེ། དེ་མི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་འབུམ་དྲུག་ཁྲི་ཉིས་སྟོང་དུ་གནས་པར་འགྱུར་ཏེ། དེ་ལྟར་ཡང་། ལུས་ཀྱིས་ཉེས་པར་སྤྱད་བྱས་ཤིང་། །ངག་གིས་ཉེས་པར་སྤྱད་པ་དང་། །ཡིད་ཀྱིས་ཉེས་པར་སྤྱད་བྱས་ཤིང་། །གང་ཞིག་ཉེས་པ་གཞན་ལྡན་པའི། །ལས་དེ་དག་གིས་ཡང་སོས་ཀྱི། །དམྱལ་བ་དག་ཏུ་སྐྱེ་འགྱུར་ཏེ། །ལོ་ནི་བྱེ་བ་ཕྲག་སྟོང་དུ། །བཏགས་ཤིང་བཅོམ་ཡང་ཡང་འཚོའོ། །ཕན་ཚུན་ཁོན་དག་ཆགས་པ་ཡི། །མི་རྣམས་གསོད་པའི་མི་དག་ནི། །ལས་དེ་དག་གིས་ཡང་སོས་ཀྱི། །དམྱལ་བ་དག་ཏུ་སྐྱེ་བར་འགྱུར། །དེ་བཞིན་དུ་མིའི་ལོ་བརྒྱ་ལ་སུམ་ཅུ་རྩ་གསུམ་པའི་ལྷའི་ཞག་གཅིག་སྟེ། དེ་ལྟར་བརྩིས་པའི་རང་ལོ་སྟོང་ནི་སུམ་ཅུ་རྩ་གསུམ་པའི་ཚེའི་ཚད་དེ། དེ་ལ་མི་ལོ་བྱེ་བ་ཕྲག་གསུམ་དང་ས་ཡ་དྲུག་ཡོད་དེ། དེ་ཐམས་ཅད་དམྱལ་བ་ཐིག་ནག་གི་ཞག་གཅིག དེ་ལྟར་བརྩིས་པའི་རང་ལོ་སྟོང་ནི་དམྱལ་བ་ཐིག་ནག་གི་ཚེ་ཚད་དེ། དེ་ལ་མི་ལོ་བྱེ་བ་ཕྲག་ཉིས་འབུམ་དགུ་ཁྲི་དྲུག་སྟོང་རྩ་བཅུ་གཉིས་ཡོད་དོ། །ཕ་མ་དག་དང་སངས་རྒྱས་དང་། །ཉན་ཐོས་རྣམས་ལ་འཁུ་བྱེད་པ། །དེ་དག་ཐིག་ནག་སྐྱེ་འགྱུར་ཏེ། །སྡུག་བསྔལ་ཚེ་རབས་མྱོང་བར་འགྱུར། །གང་ཞིག་མི་བརྩོན་འཇོག་པ་དང་། །མི་རྣམས་མཛའ་བའི་དབྱེན་བྱེད་པ། །ཐིག་ནག་དུ་ནི་སྐྱེ་བར་འགྱུར། །བརྫུན་སྨྲ་བ་ཡང་དེ་བཞིན་ཏེ། །ལས་དེ་ཡིས་ནི་ཐིག་ནག་གི། །དམྱལ་བ་རྣམས་སུ་དེ་དག་སྐྱེ། །མི་རྣམས་གྱིིས་ལོ་ཉིས་བརྒྱ་གང་ཡིན་པ་དེ་ནི་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། དེ་ལྟར་བརྩིས་པའི་རང་ལོ་ཉིས་སྟོང་ནི་འཐབ་བྲལ་གྱི་ལྷའི་ཚེ་ཚད་དེ། དེ་ལ་མི་ལོ་བྱེ་བ་ཕྲག་བཅུ་བཞི་དང་ཁྲི་བཞི་སྟོང་ཡོད་དོ། །དེ་ཐམས་ཅད་དམྱལ་བ་བསྡུས་འཇོམས་ཀྱི་ཉིན་ཞག་གཅིག་སྟེ། དེའི་ཚེ་ཚད་ནི་རང་ལོ་ཉིས་སྟོང་གི་བར་གནས་ཏེ། དེ་ལ་མིའི་ལོ་བྱེ་བ་ཕྲག་སུམ་འབུམ་དྲུག་ཁྲི་བརྒྱད་སྟོང་རྩ་གཅིག་ཡོད་དོ། །མི་དགེའི་ལས་རྣམ་གསུམ་བྱས་ཤིང་། །ལས་དགེ་རྣམ་གསུམ་མ་བྱས་ཏེ། །ལས་དེ་དག་གིས་བསྡུས་འཇོམས་ཀྱི། །དམྱལ་བ་དག་ཏུ་སྐྱེ་བར་འགྱུར། །བ་ལང་ར་ལུག་མ་ཧེ་དང་། །རི་དྭགས་བྱ་གག་ཕག་རྣམས་དང་། །དེ་བཞིན་སྲོག་ཆགས་གཞན་གསོད་པ། བསྡུས་གཞོམ་དག་ཏུ་སྐྱེ་བར་འགྱུར། །མི་རྣམས་ཀྱི་ལོ་བཞི་བརྒྱ་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། དེ་ལྟར་བརྩིས་པའི་རང་ལོ་བཞི་སྟོང་ནི་དགའ་ལྡན་གྱི་ལྷའི་ཚེ་ཚད་ཡིན་ལ། དེ་ལ་མ་ིལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་ས་ཡ་ཕྲག་དྲུག་ཡོད་དེ། དེ་ཐམས་ཅད་དམྱལ་བ་ངུ་འབོད་ཀྱི་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་བཞི་སྟོང་ནི་དེའི་ཚེ་ཚད་ཡིན་ཏེ། དེ་ལ་མིའི་ལོ་བྱེ་བ་ཕྲག་ས་ཡ་གཉིས་དང་བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི་བཞི་སྟོང་དང་། བྱེ་བ་ཕྲག་བརྒྱད་ཡོད་དོ། །འཇིགས་སུ་རུང་ལ་དྲག་ཤུལ་ཅན། །ལག་པ་གཉིས་ནི་ཁྲག་གིས་བསྐུས། །སྡིག་པའི་ལས་ནི་སྤྱོད་པ་ཡིས། །རྟག་ཏུ་ངུ་འབོད་འགྲོ་བར་འགྱུར། །གཞལ་ལུགས་གཡོ་དང་སྒྱུ་བྱེད་མི། །སྐྱེ་བོ་དག་ནི་ཡིད་ཕྱུང་བས། །འཇིགས་སུ་རུང་བའི་སྨྲ་འབྱིན་ཅིང་། །ཡུན་རིང་དུ་ནི་འབོད་སྲེག་འགྱུར། །མིའི་ལོ་བརྒྱད་བརྒྱ་ནི་འཕྲུལ་དགའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། དེ་ལྟར་བརྩིས་པའི་རང་ལོ་བརྒྱད་སྟོང་ནི་འཕྲུལ་དགའི་ལྷའི་ཚེ་ཚད་དེ། དེ་ལ་མི་ལོ་བྱེ་བ་ཕྲག་ཉིས་བརྒྱ་སུམ་ཅུ་དང་། ལོ་ས་ཡ་ཕྲག་བཞི་ཡོད་དོ། །དེ་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོའི་ཞག་གཅིག་ཏུ་བྱས་པའི་རང་ལོ་སྟོང་ཕྲག་བརྒྱད་ནི་དེའི་ཚེ་ཚད་ཡིན་ཏེ། དེ་ལ་མིའི་བྱེ་བ་ཕྲག་ས་ཡ་གསུམ་དང་། བྱེ་བ་ཕྲག་ལྔ་འབུམ་ཁྲི་ཉིས་སྟོང་དྲུག་ཅུ་རྩ་དྲུག་ཡོད་དོ། །བལྟ་བའི་ཐིབས་པོས་ཁེབ་གྱུར་ཅིང་། །སྲེད་པའི་གཡོགས་པས་གཡོགས་པ་དག ། སྡིག་པའི་ཆོས་ནི་སྤྱོད་པ་ཡིས། །ངུ་འབོད་དག་ཏུ་སྐྱེ་བར་འགྱུར། །ཡིད་གཅུགས་ཉམས་པའི་མི་དག་ནི། །བ་སྤུ་སློང་ཞིང་འབར་བ་ཡིས། །བསྐོར་བའི་ཁྱིམ་གྱི་ནང་ཆུད་ནས། །ངུ་འབོད་ཆེན་པོར་སྲེག་པར་འགྱུར། །གཏམས་པ་བསྣོགས་པའི་མི་དག་ནི། །རལ་གྲི་ཡིས་ནི་ལུས་གཏུབ་ཅིང་། །བྱ་རྒོད་བྱ་རོག་འུག་པ་ཁྱིས། །འགུལ་བཞིན་དུ་ནི་ཟ་བར་འགྱུར། །མིའི་ལོ་སྟོང་དྲུག་བརྒྱ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། དེ་ལྟར་བརྩིས་པའི་རང་ལོ་ཁྲི་དྲུག་སྟོང་ནི་གཞན་འཕྲུལ་དབང་བྱེད་པའི་ཚེའི་ཚད་དེ་མིིའི་ལོ་ལྟར་བརྩིས་ན་ལོ་ས་ཡ་དྲུག་དང་། བྱེ་བ་ཕྲག་དགུ་བརྒྱ་ཉི་ཤུ་རྩ་གཅིག་ཡོད་དོ། །དེ་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་ཉིན་ཞག་གཅིག་སྟེ། དེ་ལྟར་གྱིས་རང་ལོ་ཁྲི་དྲུག་སྟོང་ནི་དེའི་ཚེ་ཚད་ཡིན་ལ། དེ་ལ་མི་ལོ་བྱེ་བ་ས་ཡ་ཕྲག་བརྒྱད་དང་། བཞི་འབུམ་དང་། ལོ་བྱེ་བ་ཕྲག་ཁྲི་དྲུག་སྟོང་ལྔ་བརྒྱ་སུམ་ཅུ་ཡོད་དོ། །དགེ་སློང་བྲམ་ཟེ་དགེ་བ་དང་། །དེ་བཞིན་དུ་ནི་ཕ་མ་ལས། །གང་ཞིག་རྟག་ཏུ་གདུང་བྱེད་¡iཔ། །དེ་ནི་ཚ་བར་སྐྱེ་བར་འགྱུར། །འདིར་ནི་གང་ཞིག་གདུང་བ་ཡིས། །སྐྱེ་བོ་མང་པོ་གདུང་བྱེད་པ། །ལས་དེ་དག་གིས་ཚ་བ་ཡི། །དམྱལ་བ་རྣམས་སུ་སྐྱེ་བར་འགྱུར། །སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་ཚེའི་ཚད་ནི་བསྐལ་པ་ཕྱེད་གཅིག་སྟེ། འབྲས་བུ་ཡིད་འོང་མཐོ་རིས་སུ། །སྐྱེ་འགྱུར་དགེ་བ་སྤངས་ནས་ནི། །འདིར་ནི་མི་སྡུག་ལས་བྱས་པས། །རབ་ཏུ་ཚ་བར་སྐྱེ་བར་འགྱུར། །དགེ་སྦྱོང་བྲམ་ཟེ་དགེ་བ་དང་། །ཕ་དང་མ་ཡང་དེ་བཞིན་ཏེ། །གང་ཡང་བླ་མ་གཞན་གསོད་པ། །རབ་ཏུ་ཚ་བར་དེ་འཚེད་དོ། །དམྱལ་བ་ཆེན་པོ་མནར་མེད་པའི་ཚེའི་ཚད་ནི་བསྐལ་པ་གཅིག་སྟེ། མི་གཏི་མུག་ཅན་ལྷས་བྱིན་གྱིས་དགེ་འདུན་མཐུན་པ་ཕྱེ་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། དགེ་སློང་མ་དགྲ་བཅོམ་པ་བསད་པས་རང་གི་ལུས་དེ་ཉིད་ཀྱིས་དམྱལ་བ་ཆེན་པོ་མནར་མེད་པ་དེར་སྐྱེས་སོ། །འཕགས་པ་རྣམས་ཀྱིས་བསྟན་པ་ཡི། །ཆོས་ཀྱིས་འོས་པར་འཚོ་རྣམས་ལ། །སྡིག་པའི་ལྟ་བ་ལ་བརྟེན་ནས། །བློ་ངན་གང་ཞིག་སྨོད་བྱེད་པ། །ཚེར་ཅན་འོད་མའི་འབྲས་བུ་ལྟར། །དེ་ནི་འབྲས་བུ་རླག་པར་བྱེད། །དགེ་བར་འགྱུར་བ་བརྗོད་བྱ་སྟེ། །སྡིག་པ་ཅན་དག་མི་བརྗོད་དོ། །དགེ་བ་སྨྲས་ན་ལེགས་པར་འགྱུར། །སྡིག་པ་སྨྲས་ན་སྲེག་འགྱུར་པས། །གལ་ཏེ་སྨྲ་ན་དགེ་བ་སྨྲའི། །སྡིག་པ་སྨྲ་ན་བརླག་པར་འགྱུར། །བྱིས་པ་རྣམས་ནི་སྡིག་སྨྲ་སྟེ། །འཕགས་པ་རྣམས་ནི་མ་ཡིན་ནོ། །འདིར་ནི་ངན་འགྲོར་འགྲོ་བ་ཡི། །ལས་ནི་ཤས་ཆེར་བྱས་པས་ན། །ལས་དེ་དག་གིས་མནར་མེད་པའི། །དམྱལ་བ་དག་ཏུ་སྐྱེ་བར་འགྱུར། །ཚ་དམྱལ་ཕྱི་མ་འདི་གཉིས་མདོའི་གོ་རིམ་ལྟར་ན་འོག་ཏུ་ཡོད་ཀྱང་འཛིན་བདེ་བའི་ཕྱིར་འདིར་བླངས་པ་ཡིན་ནོ། །གྲང་དམྱལ་རྣམས་ནི་འདི་ལྟ་སྟེ། འདི་ལ་ཡུལ་ཀོ་ས་ལའི་ཁལ་བཅུ་ཚད་ཉི་ཤུ་ཤོང་བའི་ཁལ་བཅུ་ཚད་ཉི་ཤུ་ཏིལ་གྱིས་ཕྱུར་བུར་གང་བར་གྱུར་བ་དེ་ལས་མི་ལ་ལ་ཞིག་གིས་ལོ་བརྒྱ་འདས་ཤིང་ཏིལ་འབྲུ་གཅིག་བོར་ཏེ། ཏིལ་ཁལ་བཅུ་ཚད་ཉི་ཤུ་ཤོང་བའི་ཁལ་བཅུ་ཚད་ཉི་ཤུ་པོ་དེ་ཐབས་འདིས་མྱུར་དུ་ཡོངས་སུ་ཟད་ཅིང་གཏུགས་པར་གྱུར་ཀྱང་། ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་དེ་ལྟ་མ་ཡིན་པར་ང་སྨྲའོ། །ཆུ་བུར་ཅན་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཆུ་བུར་རྡོལ་གྱི་གཅིག་ཡིན་ནོ། །དེ་ཉི་ཤུ་ནི་སོ་ཐམ་ཐམ་པའི་འོ། །དེ་ཉི་ཤུ་ནི་ཀྱི་ཧུད་ཟེར་བའི་འོ། །དེ་ཉི་ཤུ་ནི་ཨ་ཆུ་ཟེར་བའི་འོ། །དེ་ཉི་ཤུ་ནི་ཨུད་པལ་ལྟར་གས་པའི་གཅིག་གོ །དེ་ཉི་ཤུ་ནི་པདྨ་ལྟར་གས་པའི་གཅིག་གོ ། དེ་ཉི་ཤུ་ནི་པདྨ་ལྟར་གས་པ་ཆེན་པོའི་གཅིག་ཡིན་ནོ། །ལྷ་བྱིན་གྱི་ཕྱོགས་དགེ་སློང་ཀོ་ཀ་ལི་ཀས་མཆོག་ཟུང་ལ་ཞེ་སྡང་བའི་སེམས་བསྐྱེད་པས་རང་གི་ལུས་དེ་ཉིད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་པད་མ་ལྟར་གས་པ་ཆེན་པོར་སྐྱེས་སོ། །དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྡོང་དུམ་ཚིག་པ་ལ་ཡང་ཞེ་སྡང་གི་སེམས་བསྐྱེད་པར་མི་བྱ་ན་རྣམ་པར་ཤེས་པ་དང་ལྡན་པའི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས་དེ་ལྟར་དགེ་སློང་ཁྱེད་ཀྱིས་བསླབ་པར་བྱའོ། །མི་ཞིག་སྐྱེས་པར་གྱུར་པ་ན། །གང་ཞིག་བདག་ནི་གཅོད་བྱེད་པའི། །ཁ་ནས་སྟ་རེའི་ཚིག་འབྱུང་བ། །ཉེས་པར་སྨྲ་བས་སྨྲ་བ་ནི། །གང་དག་སྨད་བྱ་བསྟོད་བྱེད་ཅིང་། །སྐྱེ་བོ་བསྟོད་བྱ་སྨོད་བྱེད་པའི། །སྡིག་གང་བདེ་བ་མི་མྱོང་བའི། །སྡིག་དེ་དེ་ཡི་ཁ་ནས་སོགས། །གང་འདིར་རྒྱན་པོས་བདག་ནོར་ཡལ། །འདི་ནི་སྡིག་པ་ཆུང་ངུ་སྟེ། །གང་ཞིག་བདེ་གཤེགས་སྡང་སེམས་བསྐྱེད། །འདིར་ནི་སྡིག་པ་དེ་ཆེའོ། །ངག་དང་ཡིད་ཀྱིས་ཀྱང་ནི་སྡིག་བྱས་ཤིང་། །གང་ཞིག་འཕགས་ལ་སྨོད་པ་དམྱལ་འགྲོ་སྟེ། །སྟོང་ཕྲག་བརྒྱར་ནི་ཆུ་བུར་རྡོལ་ནས་སུ། །ཆུ་བུར་ཅན་དུ་སུམ་ཅུ་རྩ་དྲུག་གོ །སྡིག་པའི་སེམས་ཀྱིས་བདེན་པར་མི་སྨྲ་བ། །བདག་ཉིད་བརླག་ཅིང་དམྱལ་བར་འཕེན་པར་བྱེད། །དེ་ཡིད་དྲི་མས་མ་རྙོག་པར་བྱེད་དེ། །ཁ་ན་མ་ཐོ་མེད་པ་དེ་བཟོད་དོ། །ལྷ་རྣམས་ཀྱི་ཚེ་ཚད་ལས་འདོད་ལྷ་རིས་དྲུག་གི་ཚེ་ཡི་ཚད་ནི་བཤད་མ་ཐག་པ་ལྟར་ལ། གཟུགས་ཁམས་ཚངས་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཕྱེད་དོ། །ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་ཀྱི་ནི་བསྐལ་པའི་བཞི་ཆ་གསུམ་ཐུབ་བོ། །ཚངས་ཆེན་གྱི་ལྷ་རྣམས་ཀྱི་ནི་བསྐལ་པ་གཅིག་ཐུབ་བོ། །འོད་ཆུང་གི་ལྷ་རྣམས་ཀྱིས་ནི་བསྐལ་པ་གཉིས་སོ། །ཚད་མེད་འོད་ཀྱིས་ལྷ་རྣམས་ཀྱིས་ནི་བསྐལ་པ་བཞིའོ། །འོད་གསལ་གྱི་ལྷ་རྣམས་ཀྱིས་ནི་བསྐལ་པ་བརྒྱད་དོ། །དགེ་ཆུང་གི་ལྷ་རྣམས་ཀྱིས་ནི་བསྐལ་པ་བཅུ་དྲུག་གོ །ཚད་མེད་དགེའི་ལྷ་རྣམས་ཀྱིས་ནི་བསྐལ་པ་སུམ་ཅུ་རྩ་གཉིས་སོ། །དགེ་རྒྱས་ཀྱི་ལྷ་རྣམས་ཀྱིས་ནི་བསྐལ་པ་དྲུག་ཅུ་རྩ་བཞིའོ། །སྤྲིན་མེད་ཀྱི་ལྷ་རྣམས་ཀྱིས་བསྐལ་པ་བརྒྱ་ཉི་ཤུ་རྩ་ལྔའོ། །བསོད་ནམས་སྐྱེས་པའི་ལྷ་རྣམས་ནི་བསྐལ་པ་ཉིས་བརྒྱ་དང་ལྔ་བཅུའོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཀྱིས་ནི་བསྐལ་པ་ལྔ་བརྒྱའོ། །འདུ་ཤེས་མེད་པའི་སེམས་ཅན་དང་མི་ཆེ་བའི་ལྷ་རྣམས་ཀྱིས་ནི་བསྐལ་པ་བརྒྱད་སྟོང་ངོ་། །མི་གདུང་བའི་ལྷ་རྣམས་ཀྱིས་ནི་བསྐལ་པ་ཉིས་སྟོང་ངོ་། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཀྱིས་ནི་བསྐལ་པ་བཞི་སྟོང་ངོ་། །གྱ་ནོམ་སྣང་བའི་ལྷ་རྣམས་ཀྱིས་ནི་བསྐལ་པ་སྟོང་ངོ་། །འོག་མིན་གྱི་ལྷ་རྣམས་ཀྱིས་ནི་བསྐལ་པ་ཁྲི་དྲུག་སྟོང་ཐུབ་བོ། །གཟུགས་མེད་པ་བཞིའི་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱིས་ནི་བསྐལ་པ་ཉི་ཁྲིའོ། །རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད་པ་རྣམས་ཀྱིས་ནི་བསྐལ་པ་བཞི་ཁྲིའོ། །ཅི་ཡང་མེད་པའི་སྐྱེ་མཆེད་པ་རྣམས་ཀྱིས་ནི་བསྐལ་པ་དྲུག་ཁྲིའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱིས་ནི་བསྐལ་ཆེན་བརྒྱད་ཁྲི་ཐུབ་སྟེ་གོང་དུ་སྨོས་པ་བཞིན་སྒྲ་མི་སྙན་པའི་མི་རྣམས་མ་གཏོགས་གནས་རིས་ལྔ་པོ་ཐམས་ཅད་དུ་བར་མ་དོར་འཆི་འཕོ་བ་ནི་ཡོད་དོ། །དེ་དག་ནི་འགྲོ་བ་ལྔའི་སེམས་ཅན་རྣམས་འོང་བ་དང་། འགྲོ་བ་དང་། གནས་པ་དང་། འཆི་བ་དང་། སྐྱེ་བར་སྣང་ངོ་། །སྲིད་པའི་འབྱུང་བས་ཆོག་ཤེས་པར་གྱིས་ཤིག ད་ནི་སྲིད་པ་མངོན་པར་སྒྲུབ་པ་ཆུང་ངུ་ལ་ཡང་ཐ་ན་དེའི་སྐད་ཅིག་ཙམ་ཡང་བསྔགས་པ་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན་སྲིད་པ་མངོན་པར་སྒྲུབ་པ་ནི་སྡུག་བསྔལ་ཡིན་པའི་ཕྱིར་ཏེ། དཔེར་ན་མི་གཙང་བ་ནི་ཉུང་ངུ འང་མི་ཞིམ་ན་མང་པོ་ལྟ་ཅི་སྨོས། སོ་སོའི་སྐྱེ་བོ་བྱིས་པ་ཐོས་པ་དང་མི་ལྡན་པ་དེ་དག་ནི་འགྲོ་བ་ལྔ་པོའི་འཁོར་བར་ཡང་དང་ཡང་དུ་ཀུན་ཏུ་རྒྱུག་རབ་ཏུ་རྒྱུག་གོ །དགེ་སློང་དག་དེ་བས་ན་དེའི་ཕྱིར་འདི་ལྟར་བསླབ་པར་བྱ་སྟེ། སྲིད་པ་རྒྱུན་ཆད་པར་བྱ་བ་གང་ཡིན་པ་ལ་བརྩོན་པར་བྱ་ཞིང་སྲིད་པ་མངོན་པར་བསྒྲུབ་པར་མི་བྱའོ། །ཞེས་བཀའ་སྩལ་ཏོ། །དེ་ལྟ་བུའི་འགྲོ་བའི་གནས་རིས་སོ་སོར་ཇི་ལྟར་ཚེ་འཕོ་ཞིང་སྐྱེ་བའི་ཚུལ་ཡང་། ཚེ་འཕོ་བ་ཇི་ལྟར་འགྱུར་བ་ཞུས་པའི་མདོ་ལས། སྟོན་པ་སེར་སྐྱའི་གྲོང་དུ་གཤེགས་པའི་ཚེ་ཤཱཀྱ་དགའ་སྐྱེས་ཞེས་བྱ་བ་དར་ལ་བབ་པ། གཉེན་བཤེས་རྣམས་ཀྱིས་གཅེས་ཤིང་མི་མང་པོས་བཀུར་བ་ཞིག་ཡོད་པ་དེ་ཚེ་འཕོས་ནས་སྐྱེ་བོ་རྣམས་མྱ་ངན་གྱིས་ནོན་པར་གྱུར་པ་ན། བཅོམ་ལྡན་འདས་ལ་ཡབ་རྒྱལ་པོ་ཟས་གཙང་མས་སེམས་ཅན་རྣམས་ཚེ་འཕོས་པ་ཇི་ལྟར་འགྱུར་བའི་དོན་རྣམས་རྒྱ་ཆེར་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་འགྲོ་བ་རྣམས་ཤི་འཕོས་ནས་ལས་དགེ་བ་དང་མི་དགེ་བའི་དབང་གིས་མཐོ་རིས་དང་ངན་སོང་ལ་སོགས་པའི་རིས་ཐ་དད་པར་སྐྱེ་བར་འགྱུར་གྱིས་གང་དག་ལྷ་རྣམས་ལྷར་སྐྱེ་བ་དང་མི་རྣམས་མིར་སྐྱེ་བ་ལྟ་བུ་མ་ཡིན་པ་དང་། ས་བོན་ལས་མྱུ་གུ་སོགས་ཀྱི་འབྲས་བུ་འབྱུང་བ་བཞིན་དུ། སེམས་ཅན་རྣམས་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བར་འགྱུར་བས་ཕྱི་མ་ནི་ངེས་པར་ཡོད་ཀྱིས་འཇིག་རྟེན་རྒྱང་འཕེན་པ་རྣམས་ཀྱི་འདོད་པ་ལྟར་མ་ཡིན་པ་དང་། གང་དག་འཆི་བའི་ཚེ་གཟུགས་ཀྱི་ཕུང་པོ་ནི་འདིར་ཞིག་ལ། སེམས་ནི་སུས་ཀྱང་མཐོང་བྱར་མ་ཡིན་པས་ཤི་བའི་འོག་ཏུ་ཕ་མེས་སོགས་དང་ལྷན་དུ་འགྲོགས་པར་མི་འགྱུར་པ་དང་། ཚེ་འདི་ལའང་སྔོན་ལས་ཀྱི་དབང་གིས་འབྱོར་རྒུད་ཀྱི་གནས་སྐབས་དུ་མ་མཐོང་བ་བཞིན་ཕྱི་མ་ལའང་སྦྱིན་སོགས་ཀྱིས་ཆེ་དྲེགས་དང་རྐུ་འཕྲོག་སོགས་ཀྱིས་དབུལ་ཕོངས་དུ་འགྱུར་བ་ཡིན་གྱིས་ཚེ་འདིའི་ཕྱུག་དྲེགས་སོགས་ཇི་ལྟ་བར་ཕྱི་མ་ལ་ཡང་དེ་བཞིན་དུ་སྐྱེ་བར་འགྱུར་བ་མ་ཡིན་པ་དང་། གང་དག་ཚེ་འཕོས་པ་དེའི་ཆ་ལུགས་ལྟར་སྣང་བ་སོགས་ནི་བར་སྣང་གི་ཁམས་ལ་དྲི་ཟའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་མཆིས་པ་ལས་དྲི་ཟ་འཆི་ཀ་མའི་སེམས་ལ་ཉེ་བར་འཇུག་པ་ཞེས་བྱ་བའི་རིགས་རྣམས་དྲི་ཟའི་ཟས་བཙལ་བའི་ཕྱི་ལུས་དང་གོས་རྒྱན་ཆ་ལུགས་སོགས་དེ་ལྟ་བུར་སྤྲུལ་པ་སོགས་ཀྱང་ཡོད། དེ་ལས་གཞན་པའི་གནོད་སྤྱིན་དང་། ཤ་ཟ་དང་འབྱུང་པོ་ལ་སོགས་པས་ཤུལ་གྱི་ཉེ་དུ་སོགས་བསླུ་བའི་ཕྱིར་དེ་ལྟར་སྤྲུལ་ནས་སྟོན་པ་ཡང་ཡོད། རྨི་ལམ་སོགས་སུ་ནི་སྔར་ཡུན་རིང་པོར་ལྷན་ཅིག་ཏུ་གནས་པའི་བག་ཆགས་བརྟས་པས། དེ་ལྟར་རྨི་བའང་ཡོད་ཀྱིས། གཤིན་པོ་དངོས་ནི་ལས་ཀྱི་དབང་གིས་གང་དུ་འགྲོ་བ་དེར་སྐྱེ་བར་འགྱུར་བ་ལས་དེ་ལྟར་འོང་མི་སྲིད་པ་དང་། ཤུལ་མི་རྣམས་ཀྱིས་བཟའ་བཏུང་གོས་རྒྱན་སོགས་ཚེ་འདས་ཀྱི་ཕྱིར་བཏང་བ་ནི་སྡིག་དང་མ་འདྲེས་པའི་བསོད་ནམས་ཀྱི་ལས་དེས་དེ་ལ་ཕན་འདོགས་པར་བྱེད་པ་སྟེ་དེ་སྐྱེ་བ་བླངས་མ་ཟིན་ན་མཐོ་རིས་དང་ཐར་པར་ཡང་སྐྱེ་བར་ལེན་པར་བྱེད་ལ། གལ་ཏེ་སྐྱེ་བ་བླངས་ཟིན་པ་རྣམས་ལའང་དེར་ནོར་རྙེད་པ་དང་བདེ་བ་དང་ཀུན་གྱིས་བཀུར་བར་འགྱུར་བ་སོགས་ཀྱི་ཕན་པ་ཡོད་ཀྱི། དེ་ཉིད་སྐྱེ་བ་མི་ལེན་པར་གཤིན་གྱི་འཇིགས་རྟེན་དུ་ཡོད་ནས་བཟའ་བཏུང་སོགས་ལ་ལོངས་སྤྱོད་པ་མིན་པ་དང་། ཁ་ཅིག་གཟུགས་སྟོན་པ་དང་དེ་དང་དེས་ཕན་ཐོགས་མ་ཐོགས་སོགས་དན་རྟགས་ཀྱི་གཏམ་སྨྲ་བ་ནི་འཆི་འཕོ་བ་ཐམས་ཅད་ཀྱི་སེམས་ལ་ཁྱབ་པར་བྱེད་པའི་རིགས་དྲི་ཟ་བི་ཙ་ན་དང་། གནོད་སྦྱིན་སྨྲ་འདོད་ཀྱི་རིགས་དང་། འབྱུང་པོ་པར་ཧི་ནི་ཏ་ཀུན་རྟོགས་འདོད་ཅེས་བྱ་བ་དག་གིས་བསྒྲུབས་ནས་མི་མ་ཡིན་པ་དེ་དག་གིས་ཤི་བ་དེས། སྔོན་ཇི་ལྟར་གཏམ་བྱས་པ་དང་ཆ་ལུགས་ཀྱི་དན་རྟགས་དག་འཇིགས་རྟེན་པ་དག་བསླུ་བའི་ཕྱིར་སྟོན་ཅིང་སྨྲ་བ་དག་ཡིན་པར་བཀའ་སྩལ་པ་ན། ལྷས་བྱིན་སོགས་ཁ་ཅིག་ཐེ་ཚོམ་དུ་གྱུར་ནས། བཅོམ་ལྡན་འདས་ཉིད་ཐམས་ཅད་མཁྱེན་པ་ཡིན་མིན་རྟོག་པའི་ཕྱིར་ལྷས་བྱིན་གྱིས། འཛམ་བུ་གླིང་གི་ཤིང་གི་རིགས། ཙནྡན་དང་། བཱ་ཀ་ཤ་དང་། སེང་ལྡེང་ལ་སོགས་པ་བརྒྱ་སྟོང་མང་པོ་དག་བཅད་ནས་བསྲེགས་པའི་ཐལ་བ་རྣམས་སོ་སོར་མི་ནོར་བའི་མཚན་མ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་སྤྱན་སྔར་ཁྱེར་བ་ན། བཅོམ་ལྡན་འདས་ཀྱིས་དེ་དག་རིམ་པར་འདི་ནི་ཙནྡན་གྱི་ཐལ་བའོ། །ཞེས་སོགས་སོ་སོར་མ་འདྲེས་པར་གསུངས་པས། ལྷས་བྱིན་བཅོམ་ལྡན་འདས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བར་ཡིད་ཆེས་པར་གྱུར་ཏེ། ཚེ་འཕོས་པ་ཅི་ལྟར་འགྱུར་བར་གསུངས་པ་ངེས་སོ་སྙམ་ནས། བཅོམ་ལྡན་འདས་ནི་ཀུན་མཁྱེན་ལགས། །ཤིང་མང་ཐལ་བའི་བྱེ་བྲག་རྣམས། །མ་གཟིགས་མ་གསན་ངེས་པར་མཁྱེན། །ཚེ་འཕོས་ཅི་འགྱུར་གསུངས་པ་ངེས། །ཞེས་བསྟོ ད་དོ། །དེ་བཞིན་དུ་ཤཱཀྱ་མིང་ཆེན་གྱི ས་སེར་སྐྱའི་གྲོང་ཁྱེར་ཆེན་པོར་སོང་སྟེ། ཁྱིམ་ཇི་སྙེད་པ་ལས་འབྲས་ཀྱི་ཕུར་མ་རེ་རེ་བླངས་ཏེ་སོ་སོར་མི་ནོར་བའི་མིང་བྱང་བཅུག་ནས་ཐུམ་པོར་བཅིངས་པ་གླང་པོ་ཆེའི་རྒྱབ་ཁལ་ལོང་བ་ཁྱེར་ཏེ་སྤྱན་སྔར་ཕྱིན་པའང་སོ་སོར་མ་ནོར་བར་མཁྱེན་ནས་གསུངས་པས་ཡིད་ཆེས་ཏེ་དེས་ཀྱང་། སངས་རྒྱས་སྤྱན་གྱིས་ཐམས་ཅད་གཟིགས། །འཇིག་རྟེན་པ་ལྟར་བརྫུན་མི་མངའ། །ཤཱཀྱའི་གྲོང་ཁྱེར་ཇི་སྙེད་པའི། །འབྲས་ཀྱི་ཕུར་མ་མ་ནོར་མཁྱེན། །སེམས་ཅན་ཚེ་འཕོས་ཕ་རོལ་ན། །ཇི་ལྟར་སྣང་བ་འཇིག་རྟེན་རྫུན། །བཅོམ་ལྡན་འདས་ཀྱིས་གསུངས་པ་བདེན། །ཀུན་གཟིགས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པར་བྱས་སོ། །དེ་ནས་ཡབ་རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་མི་དགེ་བ་དག་བགྱིས་པས་དེའི་རྣམ་པར་སྨིན་པ་མི་བཟད་པ་མྱོང་བརའགྱུར་བ་འདི་དག་གིས་ཇི་ལྟར་བགྱིས་ན་བདེ་བར་འགྱུར། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་མི་དགེ་བ་བྱས་པ་དག་གིས་སྒྱུ་མེད་པའི་སེམས་དང་བས་རྣམ་པར་སྨིན་པ་ལ་ཡིད་ཆེས་པར་བྱས་ཏེ། སེམས་ཐག་པ་ནས་བཤགས་ན་འབྱང་བར་འགྱུར་རོ། །འཆི་བའི་ཚེ་མི་དགེ་བ་སྔར་བྱས་པ་དག་ལ་འགྱོད་པ་བསྐྱེད་དེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ན་སྡིག་པ་འབྱང་བར་འགྱུར་རོ། །མཐོ་རིས་སུ་ཡང་སྐྱེ་བར་འགྱུར་རོ། །ཚེ་ཕྱི་མ་མེད་པའི་འདུ་ཤེས་བསྐྱེད་པར་མི་བྱའོ། །སྐྱེ་བ་ལེན་པ་ནི་དབང་ཕྱུག་དང་། འདོད་རྒྱལ་དང་། གྱི་ན་ལ་སོགས་པ་དག་གིས་བྱེད་པར་མི་བལྟའོ། །འཇིག་རྟེན་པའི་བདེ་བ་དང་། འཁོར་བ་ཐམས་ཅད་པ་ཆགས་པར་མི་བྱའོ། །ཀྱེ་རྒྱལ་པོ་ཆེན་པོ་འདི་ནས་ཕ་རོལ་ཏུ་འཕོ་སྟེ། སྐྱེ་བ་ལེན་པ་ན་རྟག་པ་འཕོ་བ་ཡང་མ་ཡིན་ནོ། །ཆད་པ་འགགས་ཏེ་མེད་པ་ཡང་མ་ཡིན་ནོ། །རྒྱུ་མེད་ཡང་མ་ཡིན་ནོ། །རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ནོ། །བྱེད་པ་པོས་བྱས་པ་ཡང་མ་ཡིན་ནོ། །ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ཚོགས་པ་ལས་སྐྱེ་བར་བལྟའོ། །གསོལ་པ་དེ་རྟོགས་པར་དཀའ་ན་མཐུན་པའི་དཔེ་མཆིས་སམ། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ལ་མཐུན་པའི་དཔེ་བརྒྱད་ཡོད་དེ། བླ་མས་ཁ་ཏོན་བརྗོད་པ་སློབ་མས་ཤེས་པའི་དཔེ་དང་། མར་མེ་ལས་མར་མེ་འབྱུང་བའི་དཔེ་དང་། མེ་ལོང་ལས་གཟུགས་བརྙན་འབྱུང་བའི་དཔེ་དང་། རྒྱ་ལས་རྒྱའི་འབུར་དང་རི་མོ་འབྱུང་བའི་དཔེ་དང་། མེ་ཤེལ་ལས་མེ་འབྱུང་བའི་དཔེ་དང་། ས་བོན་ལས་མྱུ་གུ་འབྱུང་བའི་དཔེ་དང་། སྐྱུར་ཞེས་བརྗོོད་པས་འགྲམ་ཆུ་ལྡང་བའི་དཔེ་དང་། བྲག་ཅའི་སྒྲ་རྣམས་ཀྱི་དཔེས་རྟོགས་པར་བྱ་སྟེ། དཔེ་བརྒྱད་པོ་འདི་དག་གིས་སྔ་མ་སྔ་མས་ནི་ཕྱི་མ་ཕྱི་མ་རྣམས་འབྱུང་བའང་ཡོད་པ་ནི་རྟག་པ་འཕོ་བ་མ་ཡིན་པའི་དཔེའོ། །ཕྱི་མ་ཕྱི་མ་ནི་སྔ་མ་སྔ་མ་རྣམས་ལས་འབྱུང་བས་རྒྱུ་མེད་པ་ལས་འབྱུང་བ་མ་ཡིན་པའི་དཔེ་དང་། ཆད་པ་འགག་པ་མ་ཡིན་པའི་དཔེའོ། །གཞན་ཡང་དཔེ་འདི་དག་ནི་རྐྱེན་གསུམ་གསུམ་ཚོགས་པ་ལས་འབྱུང་སྟེ། བླ་མ་དང་སློབ་མ་དང་དེ་གཉིས་དབང་པོ་རྣམས་ཚང་བས་ཁ་ཏོན་འབྱུང་ཞིང་སྨྲར་ཤེས་པའོ། །མར་དང་སྡོང་བུ་དང་སྣོད་ཚོགས་པ་ལས་མར་མེ་འབྱུང་ངོ་། །ནམ་མཁའ་དྭངས་པ་དང་གདོང་དང་མེ་ལོང་ཚོགས་པ་ལས་གཟུགས་བརྙན་འབྱུང་ངོ་། །རྒྱ་དང་འཇིམ་པའི་གོང་བུ་དང་སྐྱེས་བུའི་ལག་པའི་རྩོལ་བ་རྣམས་ཚོགས་པ་ལས་འབུར་དང་རི་མོ་འབྱུང་ངོ་། །ཤེལ་དང་ཉི་མའི་འོད་དང་རྩྭ་ཤིང་ཚོགས་པ་ལས་མེ་འབྱུང་ངོ་། །ས་བོན་དང་ས་གཞི་དང་རླན་པ་རྣམས་ཚོགས་པ་ལས་མྱུ་གུ་འབྱུང་ངོ་། །ཚྭ་དང་ཚྭ་ཆུ་འཐུང་མྱོང་བ་དང་སྐྱུར་ཞེས་བརྗོད་པ་ཚོགས་པ་ལས་འགྲམ་ཆུ་ལྡང་ངོ་། །མིས་བརྗོད་པའི་སྒྲ་དང་སྒྲ་དྲག་པོ་གཞན་མེད་པ་དང་རི་བྲག་རྣམས་ཚོགས་པ་ལས་བྲག་ཆ་འབྱུང་སྟེ། དེ་དག་ནི་སེམས་ཅན་སྐྱེ་བ་ནི་བྱེད་པ་པོས་མ་བྱས་ཏེ། ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་གྱིས་བསྐྱེད་པའི་དཔེའོ། །གཞན་ཡང་བླ་མ་ནི་ཚེ་འདིའི་དཔེའོ། །སློབ་མ་ཚེ་ཕ་རོལ་གྱི་དཔེའོ། །ཁ་ཏོན་ནི་རྣམ་པར་ཤེས་པ་ཉིང་མཚམས་སྦྱོར་བའི་དཔེའོ། །མར་མེ་སྔ་མ་ནི་ཚེ་འདིའི་དཔེའོ། །ཕྱི་མ་ནི་ཕ་རོལ་གྱི་དཔེའོ། །མར་མེ་སྔ་མ་ལས་ཕྱི་མ་བྱུང་བ་ཡང་སྔ་མ་ཡོད་པ་ནི་རྟག་པ་འཕོ་བ་མ་ཡིན་པའི་དཔེའོ། །ཕྱི་མ་དེ་སྔ་མ་ལས་བྱུང་བ་རྒྱུ་མེད་པ་ལས་མ་བྱུང་བའི་དཔེའོ། །མེ་ལོང་ནི་ཚེ་འདི་ཡོད་པའི་སྒོོ་ནས་ཕྱི་མ་ཡང་ཡོད་ལ། དངོས་པོའང་མི་འཕོ་ཞིང་ཕ་རོལ་ཡང་ཡོད་ངེས་པའི་དཔེའོ། །རྒྱ་ནི་འདིར་ལས་ཅི་སྤྱད་པ་དང་མཐུན་པར་ཕ་རོལ་དུ་ཡང་སྐྱེ་བ་ལེན་པའི་དཔེའོ། །མེ་ཤེལ་ནི་འགྲོ་བའི་རིས་མི་འདྲ་བ་ནས་མི་འདྲ་བར་སྐྱེ་བའི་དཔེའོ། །ས་བོན་ནི་འགགས་ནས་མེད་པར་མི་འགྱུར་བའི་དཔེའོ། །སྐྱུར་ནི་མྱོང་བའི་ལས་ཀྱིས་སྐྱེ་བ་ལེན་པའི་དཔེའོ། །སྒྲ་ནི་རྒྱུ་རྐྱེན་ཚོགས་ནས་གནོད་པའི་རྐྱེན་གཞན་མེད་ན་སྐྱེ་བ་ལེན་ཏེ། གཅིག་པ་དང་ཐ་དད་མ་ཡིན་པའི་དཔེའོ། །ཀྱེ་རྒྱལ་པོ་ཆེན་པོ་དཔེ་བརྒྱད་པོ་འདི་ཚང་བར་མ་སྨོས་ཏེ་འགའ་ཞིག་བསྟན་ན། དབང་ཕྱུག་དང་འདོད་རྒྱལ་དང་། གྱི་ན་དང་རྒྱུ་མེད་པར་སྨྲ་བ་དག་གིས་དགེ་སྦྱོང་ག་ཏ་མའི་དཔེ་འདི་དག་ཁ་ཏོན་གྱི་དཔེས་ནི་འདིའི་ཕུང་པོ་དང་རྣམ་པར་ཤེས་པ་གཉིས་མ་བྲལ་བར་ཕ་རོལ་དུ་རྣམ་པར་ཤེས་པ་འཕོ་བར་འགྱུར་ཞེས་སྨྲ་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །མར་མེའི་དཔེས་ནི་འདི་དང་ཕ་རོལ་གཉིས་ཀར་ཕུང་པོ་དུས་གཅིག་ཏུ་ཡོད་དོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །མེ་ལོང་གི་དཔེས་ནི་འདྲ་བའི་དཔེ་ཡིན་པས་གྲུམ་པོ་ལས་གྲུམ་པོར་སྐྱེ། དཀར་པོ་ལས་དཀར་པོར་སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །རྒྱ་ཡི་དཔེས་ལྷ་འཕོས་པ་ལྷར་སྐྱེ་མི་འཕོས་པ་མིར་སྐྱེ་བ་ལ་སོགས་པ་ངེས་པའོ། །ཟེར་བ་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །མེ་ཤེལ་གྱི་དཔེས་ནི་མི་འདྲ་བའི་དཔེ་ཡིན་པས་དགེ་བས་ངན་སོང་དང་མི་དགེ་བས་མཐོ་རིས་འགྲུབ་བོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །ས་བོན་གྱི་དཔེས་ནི་ཤེས་པ་གཅིག་ལས་མང་པོར་འཕེལ་ལོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །སྐྱུར་གྱི་དཔེས་ནི་མྱོང་བའི་དཔེ་ཡིན་པས་ལྷའི་ལོ་རྒྱུས་ཡོད་པ་དག་དགེ་བའི་བསོད་ནམས་མ་བྱས་ཀྱང་ལྷར་སྐྱེའོ། ངན་སོང་གི་ལོ་རྒྱུས་ཡོད་པ་དག་མི་དགེ་བ་མ་བྱས་ཀྱང་ངན་སོང་དུ་སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །སྒྲའི་དཔེས་ནི་བྱེད་པ་པོའི་དཔེ་ཡིན་པས་རྒྱུ་རྐྱེན་ལས་མ་བྱུང་ངོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ། །དེའི་ཕྱིར་ན་དཔེ་བརྒྱད་བསྟན་ཏོ། །ཀྱེ་རྒྱལ་པོ་ཆེན་པོ་ཚེ་འདི་ཞིག་སྟེ་ཕ་རོལ་ཏུ་སྐྱེ་བ་མེད་དེ། ཆད་པ་དང་འགག་པ་ཡང་མ་ཡིན་ནོ། །ཚེ་འདི་དངོས་པོ་རྟག་པ་མ་ཉམས་པར་ཕ་རོལ་དུ་འཕོ་བ་མ་ཡིན་ནོ། །ཚེ་འདི་ལ་མ་བརྟེན་པར་ཕ་རོལ་དུ་སྐྱེ་བ་ལེན་པ་ཡང་མ་ཡིན་ནོ། །བདག་གིས་སྐྱེ་བ་འདི་བླང་ངོ་ཞེས་བསམ་པས་ཀྱང་སྐྱེ་བ་མི་ལེན་ཏོ། །བདག་གིས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལ་བརྟེན་ཏེ་མཐོ་རིས་སུ་སྐྱེ་བར་བྱའོ་སྙམ་པས་ཀྱང་མ་ཡིན་ནོ། །བདག་མཐོ་རིས་དང་ངན་སོང་གར་འདོད་པར་སྐྱེ་བར་བྱའོ་སྙམ་པ ས་ཀྱང་མ་ཡིན་ནོ། །ཅི་ཡང་མ་བྱས་ཏེ་རྒྱུ་རྐྱེན་ལ་བརྟེན་མི་དགོས་པར་སྐྱེའོ་སྙམ་པས་ཀྱང་མ་ཡིན་ནོ། །ཕུང་པོ་འདི་ཞིག་སྟེ་ཤི་ནས་ཅི་ཡང་མེད་དོ་ཞེས་སྨྲ་བ་ཡང་མ་ཡིན་ནོ། །འདིར་ཚེ་འཕོས་྄ནས་ཕ་རོལ་ན་གཤིན་གྱི་ཁམས་སུ་མུ་ཆགས་སུ་མཆིས་པས་འདི་ན་ཅི་སྤྱོད་པ་བྱེད་དེ། སྐྱེ་བ་མི་ལེན་ཞེས་ཟེར་བ་ཡང་མ་ཡིན་ནོ། །ཚེ་འདིའི་རྣམ་པར་ཤེས་པ་མ་འགགས་པར་རྣམ་པར་ཤེས་པས་སྐྱེ་བ་ལེན་ཞེས་ཟེར་བའང་མ་ཡིན་ནོ། །འདི་དང་ཕ་རོལ་གཉིས་ཀར་ཕུང་པོ་དུས་གཅིག་ཡོད་ཅེས་ཟེར་བ་ཡང་མ་ཡིན་ནོ། །གྲུམ་པོ་ལས་གྲུམ་པོར་སྐྱེ་དཀར་པོ་ལས་དཀར་པོར་སྐྱེ་ཞེས་བྱ་བ་ལ་སོགས་པའང་མ་ཡིན་ནོ། །ལྷ་ཚེ་འཕོས་པའང་ལྷར་སྐྱེའོ། །མི་ཚེ་འཕོས་པ་མིར་སྐྱེའོ་ཞེས་ཟེར་བ་ཡང་མ་ཡིན་ནོ། །དགེ་བས་ངན་སོང་དང་མི་དགེ་བ་ལས་མཐོ་རིས་སུ་འགྲུབ་ཅེས་ཟེར་བའང་མ་ཡིན་ནོ། །ཤེས་པ་གཅིག་ལས་མང་པོར་འཕེལ་བ་ཡང་མ་ཡིན་ནོ། །དགེ་བ་མ་བྱས་ཀྱང་ལྷར་སྐྱེས་པ་དང་མི་དགེ་བ་མ་བྱས་ཀྱང་ངན་སོང་དུ་སྐྱེ་བ་ཡང་མ་ཡིན་ནོ། །སྐྱེ་བ་ནི་བྱེད་པ་པོས་བྱས་པ་ཡང་མ་ཡིན་ནོ། །དེ་དག་ཅིའི་ཕྱིར་མ་ཡིན་ཞ ེ་ན། ཁ་ཏོན་གྱི་དཔེ་ལ་གང་དག་གིས་རྣམ་པར་ཤེས་པ་འདི་མི་འགག་པར་ཕ་རོལ་དུ་སྐྱེ་བ་ཡིན་ནོ་ཞེས་ཟེར་བའི་སྐྱོན་བསལ་བའི་ཕྱིར་ས་བོན་གྱི་དཔེ་བསྟན་ཏེ། ས་བོན་དེ་མ་རུལ་བར་མྱུ་གུ་སྐྱེ་ན་ནི་བདག་ཏུ་སྨྲ་བ་དག་བདེན་ན་ས་བོན་དེ་རུལ་ནས་སྔ་མ་ལས་གྱུར་ཏེ་མི་འདྲ་བར་གྱུར་པ་ལས་མྱུ་གུ་སྐྱེའོ། །མར་མེའི་དཔེ་ལ་གང་གིས་མར་མེ་གཅིག་ལས་གཅིག་སྤར་ན་གཉི་ག་ཡོད་པས་འདི་དང་ཕ་རོལ་གཉིས་ཀར་ཕུང་པོ་དུས་གཅིག་ཡོད་དོ་ཞེས་ཟེར་བའི་སྐྱོན་བསལ་བའི་ཕྱིར་སྒྲའི་དཔེ་བསྟན་ཏེ་བྲག་ཅ་ནི་མིས་མ་བརྗོད་པར་སྒྲ་མི་གྲག་སྟེ། དུས་གཅིག་ཏུ་མི་འབྱུང་བས་ཕུང་པོ་ཡང་དུས་གཅིག་ཏུ་མི་འབྱུང་ངོ་། །མེ་ལོང་དཔེ་ལ་འདྲ་བའི་ཕྱིར་གྲུམ་པོ་ལས་གྲུམ་པོར་སྐྱེ་བ་དག་དགག་པའི་ཕྱིར་མེ་ཤེལ་གྱི་དཔེ་བསྟན་ཏེ་མེ་ཤེལ་ལས་དེ་དང་མི་འདྲ་བའི་མེ་འབྱུང་བའི་ཕྱིར་རོ། །རྒྱའི་དཔེ་ནི་ལྷ་ཚེ་འཕོས་པ་ལྷར་སྐྱེ་མི་ཚེ་འཕོས་པ་མིར་སྐྱེ འོ་ཞེས་ཟེར་བ་བསལ་བའི་ཕྱིར་ཁ་ཏོན་གྱི་དཔེ་བསྟན་ཏེ། འདིའི་དཔེ་ནི་བླ་མ་ཡིན་ལ་ཕ་རོལ་གྱི་དཔེ་ནི་སློབ་མ་ཡིན་ཏེ་ཐ་དད་པས་བླ་མ་ཡང་སློབ་མ་མ་ཡིན་སློབ་མ་ཡང་བླ་མ་ཡིན་པའི་ཕྱིར་རོ། །མེ་ཤེལ་གྱི་དཔེ་ལ་མི་འདྲ་བའི་དཔེ་ཡིན་ཏེ། དགེ་བས་ངན་སོང་མི་དགེ་བས་མཐོ་རིས་སོ་ཞེས་ཟེར་བ་བས ལ་བའི་ཕྱིར་མར་མེའི་དཔེ་བསྟན་ཏོ། །མར་མེ་ལས་མར་མེ་མི་འདྲ་བ་མི་འབྱུང་གི། མར་མེ་ལས་མར་མེ་འབྱུང་བ་བཞིན་དགེ་བས་མཐོ་རིས་མི་དགེ་བས་ངན་སོང་ནི་རིགས་པའོ། །ས་བོན་གྱིས་དཔེ་ལ་ཤེས་པ་འཕེལ་ཞེས་ཟེར་བ་དགག་པའི་ཕྱིར་རྒྱའི་དཔེ་བསྟན་ཏེ། རྒྱའི་རི་མོ་ཅི་འདྲ་བ་དེ་ལས་འཇིམ་པའི་གོང་བུ་ལ་ཡང་རི་མོ་གཞན་མི་འབྱུང་བའི་ཕྱིར་རོ། །སྐྱུར་གྱི་དཔེ་ལས་གང་དག་གིས་ལྷའི་ལོ་རྒྱུས་མྱོང་བ་དག་དགེ་བ་མ་བྱས་ཀྱང་སྐྱེ་བ་ཐམས་ཅད་དུ་ལྷར་སྐྱེ། ངན་སོང་གི་ལོ་རྒྱུས་མྱོང་བ་དག་མི་དགེ་བ་མ་བྱས་ཀྱང་སྐྱེ་བ་ཐམས་ཅད་དུ་ངན་སོང་དུ་སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་མེ་ལོང་གི་དཔེ་བསྟན་ཏེ་མེ་ལོང་ལ་བཞིན་ཅི་འདྲ་བ་སྣང་བ་བཞིན་དུ་དགེ་དང་མི་དགེ་བའི་འབྲས་བུ་འདྲ་བ་བསྣོལ་ནས་མི་འདྲ་བར་སྦྱོར་བ་འགལ་བའི་ཕྱིར་རོ། །སྒྲའི་དཔེ་ལ་ནི་བྱེད་པ་པོས་བྱས་པ་ཡིན་ཏེ། མིས་སྐད་མ་བསྒྲགས་པར་བྲག་ཆ་མི་འབྱུང་བ་བཞིན་དུ་བྱེད་པ་པོས་མ་བྱས་པར་སེམས་ཅན་རྣམས་མི་སྐྱེའོ། །ཞེས་ཟེར་བ་དེ་བསལ་བའི་ཕྱིར་སྐྱུར་གྱི་དཔེ་བསྟན་ཏེ་སྔར་འཐུངས་པ་དང་ཟ་མྱོང་བས་ཕྱིས་བརྗོད་པས་འགྲམ་ཆུ་ལྡང་བ་བཞིན་དུ་ལས་དང་ཉོན་མོངས་པ་སྔར་སྤྱོད་པའི་དབང་གིས་ཕྱིས་སྐྱེ་བ་ལེན་ནོ། །ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་སྐྱེ་བ་དང་འཇིག་པ་དང་། འདི་དང་ཕ་རོལ་དུ་འཕོ་བ་དང་། ཇི་ལྟར་འགྱུར་བ་དག་ནི་དེ་ལྟར་མཁྱེན་པར་མཛོད་ཅིག ཅེས་བཀའ་སྩལ་པས་འཁོར་རྣམས་ཡི་རངས་ཏེ་མངོན་པར་བསྟོད་དོ། །དེ་ལྟར་མི་རྟག་ཅིང་འཆི་འཕོ་བའི་ཚེ་ཇི་ལྟ་བུའི་འདུ་ཤེས་བསྐྱེད་པར་བྱ་སྙམ་ན། འཕགས་པ་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ་ལས། བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ན་གྱད་ཀྱི་ཉེ་འཁོར་ཤིང་སཱ་ལ་ཟུང་གི་ཚལ་དུ་བཞུགས་ཏེ། ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ནམ་འཆི་བའི་དུས་ཀྱི་ཚེ་དགེ་སློང་གིས་འདུ་ཤེས་བཅུ་གཅིག་མངོན་དུ་བྱའོ། །བཅུ་གཅིག་གང་ཞེ་ན། འདི་ལ་མ་ཆགས་པའི་འདུ་ཤེས་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་འདུ་ཤེས་དང་། འཁོན་དུ་འཛིན་པ་ཐམས་ཅད་ཡོངས་སུ་དོར་བའི་འདུ་ཤེས་དང་། འཆལ་བའི་ཚུལ་ཁྲིམས་ཐམས་ཅད་བཤགས་པའི་འདུ་ཤེས་དང་། ཚུལ་ཁྲིམས་ཐམས་ཅད་ཡང་དག་པར་བླང་བའི་འདུ་ཤེས་དང་། ཉེས་པ་ཆེན་པོ་བྱས་པ་དག་ལ་ཡང་ཡང་བའི་འདུ་ཤེས་དང་། དགེ་བའི་རྩ་བ་ཆུང་ངུ་དག་ལ་ཆེ་བའི་འདུ་ཤེས་དང་། འཇིག་རྟེན་ཕ་རོལ་དག་ལ་འཇིགས་པ་མེད་པའི་འདུ་ཤེས་དང་། འདུས་བྱས་ཐམས་ཅད་མི་རྟག་པའི་འདུ་ཤེས་དང་། ཆོས་ཐམས་ཅད་ལ་བདག་མེད་པའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་ནི་ཞི་བའོ་སྙམ་པའི་འདུ་ཤེས་མངོན་དུ་བྱའོ། །ཞེས་བཅོམ་ལྡན་འདས་ཀྱིས་ཞལ་ཆེམས་སུ་བཀའ་སྩལ་པ་དང་། གཞན་ཡང་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། གཏོང་བ་དང་། ཚུལ་ཁྲིམས་དང་། ལྷ་རྗེས་སུ་དྲན་པ་སྟེ་རྗེས་དྲན་དྲུག་པོ་དང་། འཕགས་པ་འདའ་དཀའ་ཡེ་ཤེས་ལས། ཆོས་རྣམས་རང་བཞིན་རྣམ་དག་པས། །དངོས་པོ་མེད་པའི་འདུ་ཤེས་བསྒོམ། །བྱང་ཆུབ་སེམས་དང་རབ་ལྡན་པས། །སྙིང་རྗེ་ཆེན་པོའི་འདུ་ཤེས་བསྒོམ། །རང་བཞིན་མི་དམིགས་འོད་གསལ་བས། །དངོས་པོ་ཅི་ལའང་མ་ཆགས་བསྒོམ། །སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག ། ཅེས་གསུངས་པའི་བསྒོམ་རིམ་བདག་གི་བླ་མས་མཛད་པའི་ཐུབ་ཆོག་རྒྱབ་ཆོས་ལས་བྱུང་བ་ལྟར་དང་། བདེ་བ་ཅན་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཡང་དང་ཡང་དུ་བསམ་པ་དང་། དེར་སྐྱེ་བའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་དང་། ཐེག་པ་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དགེ་བའི་རྩ་བ་རྣམས་དེ་ལྟ་བུའི་ཞིང་ཁམས་རྣམ་པ་དག་པར་སྐྱེ་བ་འཛིན་པའི་རྒྱུར་བསྔོ་བ་སོགས་མདོ་སྡེ་སྣ་ཚོགས་པ་ནས་གསུངས་པ་ལྟར་ཤེས་པར་བྱའོ། །མདོར་ན། དཀོན་མཆོག་བརྩེགས་པ་ལས། ཅི་འདྲ་བ་ཡི་ལས་བྱས་པ། །རྣམ་པ་སྨིན་པའང་དེ་འདྲར་འགྱུར། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །དེ་ནི་ཅུང་ཟད་འགྱུར་བ་མེད། །ཅེས་དང་། དྲན་པ་ཉེར་བཞག་ལས། དགེ་བ་ཡིས་ནི་བདེ་བ་ཐོབ། །མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལྟར་དགེ་དང་མི་དགེ་བའི། །ལས་ཀྱི་འབྲས་བུ་གསལ་བར་སྟོན། །ཞེས་དང་། དེས་པས་ཞུས་པའི་མདོ་ལས། ས་བོན་ཚ་བ་རྣམས་ལས་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ཀྱིས་ནི། །འབྲས་བུ་མངར་བ་སྐྱེད་པར་འགྱུར། །དཔེ་ཟླར་བྱས་པ་འདི་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང་། །དཀར་པོའི་འབྲས་བུ་མངར་བ་དག ། མཁས་པའི་མིས་ནི་ཤེས་པར་འགྱུར། །རྟག་ཏུ་ལུས་དང་ངག་ཡིད་ཀྱིས། །སྡིག་པ་རྣམ་གསུམ་མི་བྱ་ཞིང་། །གཞན་དག་བྱེད་ཀྱང་མཁས་པ་ཡིས། །རྗེས་སུ་དགའ་བར་མི་བྱའོ། །ལུས་དང་ངག་དང་ཡིད་ཀྱིས་ནི། །དཀར་པོ་རྣམ་གསུམ་རྟག་ཏུ་བྱ། །གང་དང་དགེ་བ་སྤྱོད་བྱེད་པ། །གཞན་དག་ལ་ཡང་ཡི་རང་བྱ། །ཞེས་དང་། ཆེད་དུ་བརྗོད་པའི་ཚོམ་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཇི་སྲིད་སྡིག་པ་མ་སྨིན་པར། །དེ་སྲིད་བྱིས་པ་མངར་བར་སེམས། །གང་ཚེ་སྡིག་པ་སྨིན་གྱུར་པ། །དེ་ཚེ་དེ་ནི་ཚ་བར་སེམས། །ཇི་སྲིད་སྡིག་པ་མ་སྨིན་པ། །དེ་སྲིད་སྡིག་པ་རུང་བར་ལྟ། །གང་ཚེ་སྡིག་པ་སྨིན་གྱུར་པ། །དེ་ཚེ་སྡིག་པ་མཐོང་བར་འགྱུར། །ཇི་སྲིད་བཟང་པོར་མ་སྨིན་པ། །དེ་སྲིད་བཟང་པོ་སྡིག་པར་མཐོང་། གང་ཚེ་བཟང་པོ་སྨིན་གྱུར་པ། །དེ་ཚེ་བཟང་པོ་མཐོང་བར་འགྱུར། །སྡིག་པ་སྡུག་བསྔལ་སོགས་པས་ན། །དེ་ལ་དགའ་བར་མི་བྱའོ། །བརྒྱ་ལ་སྡིག་པ་བྱས་ན་ཡང་། །ཡང་དང་ཡང་དུ་དེ་མི་བྱ། །བསོད་ནམས་བདེ་བ་སོགས་པས་ན། །དེ་ཉིད་ལ་ནི་དགའ་བར་བྱ། །གལ་ཏེ་བསོད་ནམས་བྱས་ན་ཡང་། །དེ་ནི་ཡང་དང་ཡང་དུ་བྱ། །སྡིག་པ་ལ་ནི་མངོན་དགའ་བ། །བསོད་ནམས་དལ་བུས་བྱེད་འགྱུར་བས། །སྡིག་པ་ལས་ནི་སེམས་བཟློག་ཅིང་། །བསོད་ནམས་མངོན་པར་སྨྱུར་ཏེ་བྱ། །སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་བ་འདྲེན། །དོན་ཆེན་དག་ཀྱང་བྱས་གྱུར་ཏེ། །འབྲུ་རྣམས་ཕུན་སུམ་ཚོགས་པ་བཞིན། །སྡིག་པ་ཆུང་བྱས་བདག་ཉིད་ཀྱི། །ཕྱི་བཞིན་མི་འོང་མ་སེམས་ཤིག ། ཆུ་ཡི་ཐིགས་པ་ལྷུང་བ་ཡིས། །བུམ་ཆེན་གང་བ་ཇི་བཞིན་དུ། །ཅུང་ཟད་ཅུང་ཟད་བསགས་པ་ཡིས། །སྡིག་པས་བྱིས་པ་གང་བར་འགྱུར། །དགེ་བ་ཆུང་བྱས་བདག་ཉིད་ཀྱི། །ཕྱི་བཞིན་མི་འོང་མ་སེམས་ཤིག ། ཆུ་ཡིས་ཐིགས་པ་ལྷུང་བ་ཡིས། །བུམ་ཆེན་གང་པ་ཇི་བཞིན་དུ། །ཅུང་ཟད་ཅུང་ཟད་བསགས་པ་ཡི། །དགེ་བས་བརྟན་པ་གང་བར་འགྱུར། །ཞེས་དང་། སྐྱེས་རབས་ལས། བདག་གི་ཕྱིར་དང་གཞན་གྱི་ཕྱིར་དག་ཏུ། །བདེ་བ་འདོད་ན་སྡིག་པ་མི་བྱ་སྟེ། །བྱིས་པ་བདེ་འདོད་གང་ཞིག་སྡིག་བྱེད་ན། །དེ་ཡི་འབྲས་བུ་སོ་སོར་མྱོང་བར་འགྱུར། །མ་མཐོང་བར་ནི་སྡིག་པ་བགྱིས་པ་དག ། དུག་ཟོས་བཞིན་དུ་བདེ་བར་ག་ལ་འགྱུར། །ལྷ་དང་རྣལ་འབྱོར་ཅན་གྱི་མི་དག་གི། །རྣམ་དག་མིག་གི ས་མི་མཐོང་མི་སྲིད་དོ། །ཞེས་གསུངས་ཤིང་། ཁྱད་པར་སྔོན་གྱི་དུས་སུ་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་བསླབ་གཞི་བསྲུངས་པ་སོགས་ད་ལྟར་ཤཱཀྱའི་བསྟན་པ་ལ་འབྲས་བུ་ཐོབ་པའི་ཚུལ་སྔར་གྱི་རྟོགས་བརྗོད་རྣམས་ལས་གསུངས་པ་བཞིན། ད་ལྟར་ཤཱཀྱ་ཐུབ་པའི་བསྟན་པ་ལ་སྦྱིན་སོགས་བསོད་ནམས་བསགས་པ་དང་། དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་བསླབ་གཞི་བསྲུངས་པ་རྣམས་མ་འོངས་པ་ན་རྒྱལ་བ་བྱམས་པ་བྱོན་པའི་ཚེ་འཁོར་གྱི་འདུས་པར་གྱུར་ཏེ། རང་སྐལ་དང་འཚམ་པའི་རྣམ་གྲོལ་གྱི་འབྲས་བུ་མངོན་དུ་བྱེད་ནུས་པ་ཡིན་ཏེ། བྱམས་པ་ལུང་བསྟན་པའི་མདོ་ལས། གདུགས་དང་རྒྱལ་མཚན་བ་དན་དང་། །དྲི་དང་ཕྲེང་བ་བྱུག་པ་ཡིས། །ཤཱཀྱ་ཐུབ་པ་མཆོད་བྱས་པས། །ང་ཡི་བསྟན་ལ་ལྷགས་པ་ཡིན། །གུར་གུམ་ཆུ་ཡིས་གཏོར་བ་དང་། །ཙནྡན་གྱིས་ནི་བྱུག་པ་ཡིས། །ཤཱཀྱ་ཐུབ་ལ་མཆོད་པ་ནི། །ཕུལ་བ་ང་ཡི་བསྟན་ལ་ལྷགས། །རྟག་ཏུ་སངས་རྒྱས་ཆོས་དང་ནི། །དགེ་འདུན་ལ་ཡང་སྐྱབས་སོང་ཞིང་། །དགེ་བའི་ལས་ཀྱང་བྱས་པ་ཡིན། །ང་ཡི་བསྟན་ལ་ལྷགས་པ་ཡིན། །ཤཱཀྱ་སེང་གེའི་བསྟན་པ་ལ། །བསླབ་གཞི་ཡང་དག་བླངས་ནས་སུ། །ཇི་ལྟར་གསུངས་བཞིན་བསྒྲུབས་པ་ནི། །ང་ཡི་བསྟན་ལ་ལྷགས་པ་ཡིན། །དགེ་འདུན་ལ་ཡང་ཆོས་གོས་དང་། །ཞལ་ཟས་དང་ནི་བཏུང་བ་དང་། །བསྙུན་གསོས་སྣ་ཚོགས་བྱིན་པ་རྣམས། །ཕུལ་བ་ང་ཡི་བསྟན་ལ་ལྷགས། །ཟླ་ཕྱེད་ཀྱི་ནི་བཅུ་བཞི་དང་། །བཅོ་ལྔ་དེ་བཞིན་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེེད་ལ། །ཡན་ལག་བརྒྱད་ལ་ལེགས་གནས་པའི། །བསྙེན་གནས་གསོ་སྦྱོང་བྱས་པས་ནི། །ང་ཡི་བསྟན་ལ་ལྷགས་པ་ཡིན། །ཞེས་གསུངས། དེ་ཡང་ཐབས་ལ་མཁས་པས་དགེ་བའི་རྩ་བ་གང་དང་ཅི་བྱེད་པ་ཐམས་ཅད་ཐེག་པ་ཆེན་པོའི་ལམ་དུ་བསྒྱུར་བ་གལ་ཆེ་སྟེ། འཕགས་པ་བརྒྱད་སྟོང་པ་ལས། བཙུན་པ་ཤཱ་རིའི་བུ་དགེ་བའི་རྩ་བ་གང་རུང་གིས་ལྷ་དང་མིའི་ནང་དུ་ཕྱིན་ནས་བླ་ན་མེད་པའི་སངས་རྒྱས་སུ་འགྱུར་བ་ཡོད་དོ། །གང་ཞེ་ན། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་གཅིག་དང་ལྡན་པའི་དགེ་བ་བཅུ་དང་། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། ཕ་རོལ་དུ་ཕྱིན་པ་དྲུག་སྟེ། བར་མ་དོར་ཟད་ཅིང་མེད་པར་མི་འགྱུར་རོ། །ཞེས་དང་། བྱམས་པས་ཞུས་པའི་མདོ་ལས། དཔེར་ན་རྒྱ་མཚོ་ཆེན་པོར་ཆུ་གང་ཇི་སྙེད་གཅིག་འབབ་པ་དེ་དག་བསྐལ་པའི་བར་དུ་ཟད་པར་མི་འགྱུར་རོ། །བྱམས་པ་དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཟིན་པའི་དགེ་བ་ཡང་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་ཟད་པར་མི་འགྱུར་རོ། །བྱམས་པ་གང་ཡང་འདི་ལྟ་སྟེ། དཔེར་ན་འབྱུང་ཁུངས་བཟང་པོར་གང་ཅི་ཡང་རུང་བའི་ས་བོན་ཐམས་ཅད་རྒྱས་ཤིང་འཕེལ་བ་དེ་བཞིན་དུ་བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་བའང་རྒྱ་ཆེར་འཕེལ་བར་འགྱུར་རོ། །ཞེས་དང་། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི། གང་གི་ཚེ་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཟན་ཁམ་གཅིག་ཙམ་ཡང་སྦྱིན་པར་བྱེད་ན། དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་སྦྱིན་པར་བྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བར་ཡོངས་སུ་བསྔོ་བའི་ཕྱིར་རོ། །དེ་རྒྱུ་གཉིས་ཀྱིས་ན་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བྱེད་དེ། དེ་གཉིས་གང་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་། ཡོངས་སུ་བསྔོ་བ་ལ་མཁས་པ་ཉིད་ཀྱིས་ཏེ། རིགས་ཀྱི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི། གཞན་གྱིས་དགེ་བའི་རྩ་བ་འདུ་བྱས་པ་ལ་རྗེས་སུ་ཡི་རང་བར་བྱེད་ཅིང་། རྗེས་སུ་ཡི་རང་ནས་ཀྱང་སེམས་ཅན་ལ་ཡོངས་སུ་བསྔོ་ཞིང་བཏང་སྟེ་ཡོངས་སུ་བསྔོ་བར་བྱེད་དོ། །དེ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པའི་དགེ་བའི་རྩ་བ་དེས་བྱང་ཆུབ་ཀྱི་སེམས་དང་བྲལ་བའི་སྦྱིན་པ་པོ་དང་། སྦྱིན་བདག་གང་དག་ཡིན་པ་དེ་དག་ཀྱང་ཟིལ་གྱིས་གནོན་པར་བྱེད་ལ་ལེན་པ་པོ་གང་དག་ཡིན་པ་དེ་དག་ཀྱང་ཟིལ་གྱིས་གནོན་པར་བྱེད་དེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི། ཕྱོགས་བཅུ་དག་ན་མེ་ཏོག་གི་ཤིང་ལྗོན་པ་དང་། སྤོས་ཀྱི་ཤིང་ལྗོན་པ་དང་། མེ་ཏོག་དང་། མེ་ཏོག་གི་ཕྲེང་བ་དང་། སྤོས་དང་། ཕྱེ་མ་དང་། བྱུག་པ་བདག་གིར་མ་བྱས་ཤིང་། ཡོངས་སུ་མ་བཟུང་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་བསམ་པས་ཡོངས་སུ་བཟུང་ཞིང་ཡོངས་སུ་བསྡུས་ནས་སངས་རྒྱས་ཐམས་ཅད་ལ་འབུལ་བར་བྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ལ་གཏོང་བར་བྱེད་དེ་ཡོངས་སུ་བཏང་ནས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བར་བྱེད་དོ། །ཕྱོགས་བཅུ་དག་ན་མེ་ཏོག་གི་ཤིང་ལྗོན་པ་དང་། མེ་ཏོག་དང་། མེ་ཏོག་གི་ཕྲེང་བ་དང་། སྤོོས་དང་། ཕྱེ་མ་དང་། བྱུག་པ་བདག་གི་དང་བཅས་ཤིང་ཡོངས་སུ་བཟུང་བ་དང་བཅས་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་དྲི་རླུང་གི་བཏབ་པའི་ངང་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དང་ཐབས་ལ་མཁས་པས་སངས་རྒྱས་ཐམས་ཅད་ལ་འབུལ་བར་བྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། །དེ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པའི་དགེ་བའི་རྩ་བ་དེས། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དཔག་ཏུ་མེད་པ་ཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཡིན་ནོ། །ཞེས་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ནི་འདི་ལྟར་བྱ་བ་མང་བ། བྱེད་པ་མང་བ་སྟེ་ཐམས་ཅད་ཀྱིས་ཐམས་ཅད་དུ་སྦྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཀྱི་དེ་བས་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འདུན་པ་དང་། དད་པ་དང་། དོན་དུ་གཉེར་བའི་སྨོན་པ་གསུམ་འགྲོ་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། སད་ཀྱང་རུང་། ཟ་ཡང་རུང་། བཏུང་ཡང་རུང་། རྟག་པར་རྒྱུན་དུ་དྲན་པས་ཡིད་ལ་བཟུང་སྟེ་སྒོམས་ཤིག གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག རྗེས་སུ་ཡི་རང་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཕུལ་ཅིག ཕུལ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག དེ་ནས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་བར་ཉིན་གཅིག་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ཤིག རྒྱལ་པོ་ཆེན་པོའི་དེ་ལྟ་ན་རྒྱལ་སྲིད་ཀྱང་བྱེད་ལ། རྒྱལ་པོའི་བྱ་བའང་ཉམས་པར་མི་འགྱུར་ལ་བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དང་། བློ་གྲོས་མི་ཟད་པའི་མདོ་ལས། གང་ཇི་ལྟར་དགེ་བའི་སེམས་སྐྱེས་ཤིང་བྱུང་བ་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོ་བར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་སྒྲུབ་པ་མི་ཟད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ཕྱིར་ཏེ། བྱང་ཆུབ་ཏུ་བསྔོས་པའི་དགེ་བའི་རྩ་བ་ནི་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུག་པར་འགྱུར་བ་གང་ཡང་མེད་དོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྷུང་བ་ནི་བསྐལ་པའི་མེས་མ་བསྲེགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ། གཏུག་པར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཏུ་བསྔོས་པའི་དགེ་བའི་རྩ་བ་ཡང་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུག་པར་འགྱུར་བ་གང་ཡང་མེད་དོ། །ཞེས་སོགས་རྒྱ་ཆེར་གསུངས་ཏེ། རྒྱས་པར་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལས་ཤེས་པར་བྱ་ལ། ཅུང་ཟད་ཙམ་ནི་རྟེན་གསུམ་བཞེངས་ཤིང་མཆོད་པའི་ཕན་ཡོན་ལས་འཕྲོས་ཏེ་གཞན་དུ་བཤད་ཟིན་པས་འདིར་མི་སྤྲོ་ལ་དེ་ཡང་མྱུར་དུ་འབད་པས་བརྩོན་དགོས་པའི་རྒྱུ་མཚན་ཡང་། ཆེད་དུ་བརྗོད་པའི་ཚོམ་ལས། ཀྱེ་མ་འདུ་བྱེད་རྣམས་མི་རྟག ། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པས་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །དེ་ལྟར་རབ་ཏུ་འབར་བ་ལ། །ཅི་ཞིག་དགར་ཡོད་མཐུར་ཅི་ཡོད། །མུན་པའི་ནང་ཞུགས་གནས་པ་དང་། །ཅི་ཕྱིར་སྒྲོན་མ་ཚོལ་མི་བྱེད། །རུས་པ་ཐི་བའི་མདོག་འདྲ་བ། །བོར་པ་གང་ཡིན་འདི་དག་ནི། །ཕྱོགས་དང་ཕྱོགས་སུ་རྣམ་འཐོར་བ། །དེ་མཐོང་འདི་ལ་ཅི་ཞིག་དགའ། །གང་གི་ནུབ་མོ་ཁོ་ན་ནས། །མངལ་དུ་དང་པོར་འཇུག་པའི་མི། །དེ་ནི་སྡོད་མེད་འགྲོ་གྱུར་ཏེ། །སོང་བ་ལས་ཀྱང་ལྡོག་པ་མེད། །སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་དང་། །སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །སྐྱེས་པ་བུད་མེད་མང་པོ་དང་། །དར་ལ་བབ་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེང་དྲོད་ཅི་ཞིག་ཡོད། །ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙམ་ན། དེ་བཞིན་ཁ་ཅིག་ཡོངས་རྒྱུག་ནས། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །འབྲས་བུ་སྨིན་པ་ལྷུང་བ་བཞིན། །དཔེར་ན་འབྲས་བུ་སྨིན་པ་རྣམས། །ལྷུང་བས་རྟག་ཏུ་འཇིག་པ་ལྟར། །དེ་བཞིན་སྐྱེས་པར་གྱུར་པའི་མི། །རྟག་ཏུ་འཆི་བས་འཇིག་པར་འགྱུར། །དཔེར་ན་རྫ་མའི་མཁན་པོ་ཡིས། །འཇིམ་པ་ལས་ནི་སྣོད་བྱས་པ། །ཐམས་ཅད་མི་རྟག་འཇིག་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །དཔེར་ན་ཐགས་ནི་བསྐྱང་པ་ལ། །སྦུན་ནི་གང་དང་གང་བཅུག་པའི། །སྦུན་གྱིས་རྟིང་ལ་གཏུགས་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །དཔེར་ན་ངེས་པར་གསོད་པ་དག ། གོམ་པ་གང་དང་གང་བོར་བ། །གསོད་པའི་དྲུང་དུ་བསྙེན་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །ཆུ་ཀླུང་དྲག་ཏུ་འབབ་པའི་རྒྱུན། །ལྡོག་པ་མེད་པ་ཇི་ལྟ་བར། །དེ་བཞིན་མི་ཡི་ཚེ་འགྲོ་བ། །སླར་ནི་ལྡོག་པར་འགྱུར་བ་མེད། །དཀའ་བ་ཉིད་དང་ཐུང་བ་དང་། །དེ་ཡང་སྡུག་བསྔལ་ལྡན་པ་དང་། །མྱུར་བ་ཁོ་ནར་འཇིག་འགྱུར་ཏེ། །ཆུ་ལ་དབྱུག་གུས་བྲིས་པ་བཞིན། །དཔེར་ན་ཕྱུགས་རྫི་དབྱུག་ཐོགས་ཀྱིས། །ཕྱུགས་རྣམས་གནས་སུ་ཕྱིན་བྱེད་ལྟར། །དེ་བཞིན་ནད་དང་རྒ་བ་ཡིས། །མི་རྣམས་འཆི་བདག་དྲུང་དུ་སྐྱེལ། །ཆུ་བྲན་གྱི་ནི་ཆུ་ལྟ་བུར། །ཉིན་དང་མཚན་མོ་འདས་པ་ཡིས། །མི་རྣམས་ཚེ་ཡང་ཟད་གྱུར་ཞིང་། །སྲོག་ཀྱང་ཉེ་བར་འཇིག་པར་འགྱུར། །མེལ་ཚེ་བྱེད་ལ་མཚན་མོ་རིང་། །ལམ་གྱིས་དུབ་ལ་རྒྱང་གྲགས་རིང་། །དམ་ཆོས་རྣམ་པར་མི་ཤེས་པའི། །བྱིས་པ་རྣམས་ལ་འཁོར་བ་རིང་། །བདག་ལ་བུ་ཡོད་དེ་བཞིན་དུ། །ནོར་ཡོད་ཅེས་པས་བྱིས་པ་བརླག ། ཕྱི་རོལ་ནང་ལ་བདག་མེད་ན། །སུ་ཡི་བུ་ཡིན་ཅི་ཞིག་ནོར། །སྐྱེས་པ་བུད་མེད་རྣམས་ཀྱི་རིགས། །བརྒྱ་དང་སྟོང་ཕྲག་མང་པོ་དང་། །ལོངས་སྤྱོད་ལེགས་པར་བསྒྲུབས་པ་ཡང་། །འཆི་བདག་དབང་དུ་འགྲོ་བར་འགྱུར། །བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །བསླང་བའི་མཐའ་ནི་འགྱེལ་བར་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །གསོན་མཐའ་འཆི་བ་ཡིན་པས་ན། །སེམས་ཅན་ཐམས་ཅད་འཆི་འགྱུར་ཞིང་། །དགེ་སྡིག་འབྲས་བུ་ཉེར་འགྲོ་བའི། །ཇི་བཞིན་ལས་ཀྱི་རྗེས་སུ་འབྲང་། །སྡིག་པའི་ལས་ཀྱིས་དམྱལ་བ་དང་། །བསོད་ནམས་བྱས་པ་བདེ་འགྲོ་སྟེ། །གཞན་དག་གིས་ནི་ལམ་བསྒོམས་པས། །ཟག་མེད་མྱ་ངན་འདས་པར་འགྱུར། །གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །གང་དུ་གནས་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མིན། །བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང་། །དེ་ཀུན་འཇིག་པས་མཁས་པས་རྟོགས་ཀྱིས་ཏེ། །ཆོས་ལ་གནས་གྱིས་ཚངས་པར་སྤྱད་པ་སྤྱོད། །རྒ་བ་མཐོང་ཞིང་ནད་ཀྱིས་སྡུག་བསྔལ་དང་། །སེམས་དང་བྲལ་བའི་ཤི་བ་མཐོང་ནས་ནི། །བརྟན་པས་བཙོན་ར་འདྲ་བའི་ཁྱིམ་སྤངས་ཀྱི། །འཇིག་རྟེན་ཕལ་པས་འདོད་པ་སྤངས་རེ་སྐན། །རྒྱལ་པོའི་ཤིང་རྟ་ཤིན་ཏུ་བཀྲ་བའང་འཇིག ། དེ་བཞིན་ལུས་ཀྱང་ཉེ་བར་རྒ་བར་འགྱུར། །དམ་པ་རྣམས་ཀྱི་ཆོས་འདི་དམ་པ་སྟེ། །མི་མཆོག་གཞན་རྟོགས་བྱེད་ཅིང་རྒ་མི་འགྱུར། །རྒ་ན་ཁྱོད་ནི་བླུན་ཞིང་ངན། །ཁྱོད་ནི་མི་རིགས་བྱེད་པ་སྟེ། །ཡིད་དུ་འོང་བའི་གཟུགས་འདི་ཡང་། །ཁྱོད་ཀྱིས་མངོན་པ་བཅོམ་པར་འགྱུར། །གང་ཞིག་ལོ་ནི་བརྒྱར་འཚོ་བ། །དེ་ཡང་འཆི་བདག་ཉིད་ཀྱིས་ཁྲིད། །འདི་དག་རྒ་བར་འགྱུར་པའམ། །ཡང་ན་ན་བའམ་འཆི་བས་འཇོམས། །རྟག་ཏུ་ལྡོག་པ་མེད་པར་འགྲོ་འགྱུར་ཞིང་། །ཉིན་དང་མཚན་དུ་རབ་ཏུ་འཇིག་པ་དང་། །སྐྱེ་དང་འཆི་བའི་སྡུག་བསྔལ་དང་ལྡན་པ། །ཆུ་ཚན་ནང་དུ་གདུང་བའི་ཉ་དང་འདྲ། །ཚེ་འདི་ཉིན་དང་མཚན་མོ་དང་། །འགྲོ་བ་དང་ནི་འདུག་པ་ན། །ཆུ་ཀླུང་ཆེན་པོའི་རྒྱུན་བཞིན་དུ། །ཕྱིར་མི་ལྡོག་པར་འགྲོ་བར་འགྱུར། །ཆུ་ཆུང་ནང་གི་ཉ་ལྟ་བུ། །གང་ཞིག་ཉིན་མཚན་འདའ་བ་ཡིས། །ཚེ་འདི་ཤིན་ཏུ་ཐུང་འགྱུར་ན། །དེ་ལ་དགའ་བར་བྱར་ཅི་ཡོད། །གསོན་མཐའ་འཆི་བ་ཡིན་པའི་ཕྱིར། །ལུས་འདི་ཡོངས་སུ་རྒ་བ་དང་། །ནད་ཀྱི་ཚང་འདི་མྱུར་འཇིག་ཅིང་། །རྣག་གི་ཚོགས་ཀྱང་འཇིག་པར་འགྱུར། །ཀྱེ་མ་ལུས་འདི་མི་ཐོགས་པར། །སྟོང་ཞིང་རྣམ་ཤེས་དང་བྲལ་ནས། །དུར་ཁྲོད་བོར་བའི་མགལ་དུམ་ལྟར། །ས་ཡི་སྟེང་དུ་འགྱེལ་བར་འགྱུར། །རྒྱུན་དུ་ནད་ཀྱིས་མངོན་གདུང་ཞིང་། །རྟག་ཏུ་མི་གཙང་འཛག་པ་དང་། །རྒ་དང་འཆི་བས་ཆེར་འགྲིབ་པའི། །ལུས་འདི་དོར་བས་ཅིར་མི་རུང་། །མྱུར་དུ་འཇིག་ཅིང་ན་བ་དང་། །རྣག་དང་ལྡན་པའི་ལུས་འདི་ཡིས། །གྲུབ་དང་བདེ་བ་བླ་མེད་པ། །ཞིང་མཆོག་དོན་དུ་གཉེར་བར་གྱིས། །དགུན་ཀ་དང་ནི་དཔྱིད་ཀ་དང་། །དབྱར་ཀ་འདི་དག་བྱའོ་ཞེས། །བྱིས་པ་རྣམ་པར་སེམས་བྱེད་པ། །བར་ཆད་མཐོང་བར་མ་གྱུར་ཏོ། །བུ་དང་ནོར་ཕྱུག་འབྱོར་པ་ལ། །མི་ཡི་ཡིད་ནི་རྣམ་ཆགས་པ། །འཆི་བདག་གིས་ནི་བླངས་ནས་འགྲོ། །ཉལ་འགྲོ་ཆུ་བོས་བདས་པ་བཞིན། །འཆི་བའི་དུས་ལ་བབ་པ་ན། །བུ་རྣམས་སྐྱབས་སུ་མི་འགྱུར་ཞིང་། །ཕ་མ་མ་ཡིན་གཉེན་འདུན་མིན། །ཁྱོད་ལ་སྐྱབས་སུ་འགྱུར་བ་མེད། །འདི་ནི་བྱ་བ་བྱས་ཟིན་དོན་འདི་བྱ། །དེ་དག་བྱས་ནས་བདག་གིས་འདི་བྱ་ཞེས། །དེ་ལྟར་མི་ནི་ཡོངས་སུ་ཤོམ་པ་ནི། །རྒ་དང་ནད་བཅས་འཆི་བས་མངོན་དུ་བཅོམ། །དེ་ལྟས་རྟག་ཏུ་ཏིང་འཛིན་ལ་དགའ་མཉམ་པར་ཞོག ། བརྩོན་པ་བསྐྱེད་ལ་སྐྱེ་དང་རྒ་བའི་མཐའ་མ་ལྟོས། །བདུད་རྣམས་སྡེ་དང་བཅས་པ་མངོན་པར་ཟིལ་ནོན་ལ། །དགེ་སློང་དག་གོ་སྐྱེ་ཤིའི་ཕ་རོལ་འགྲོ་བར་གྱིས། །ཞེས་གསུངས་པའི་དོན་རྣམས་ཡང་དང་ཡང་དུ་དྲན་པར་བྱ་སྟེ། མི་རྟག་པའི་མདོ་ལས། ནད་མེད་མི་རྟག་ལང་ཚོ་རྟག་མ་ཡིན། །འབྱོར་པ་མི་རྟག་སྲོག་ཀྱང་རྟག་མ་ཡིན། །སྐྱེ་བོ་མི་རྟག་ཉིད་ཀྱིས་ཉེན་གྱུར་ན། །འདོད་པའི་ཡོན་ཏན་དགའ་བ་ཇི་ལྟར་སྐྱེ། །ཞེས་དང་། དྲན་པ་ཉེར་བཞག་ལས། འཆི་བདག་འཇིགས་པ་དྲན་པ་ནི། །སྐྱོན་ལ་ཇི་ལྟར་ཡིད་རྒྱུག་འགྱུར། །སྐྱོན་མེད་ལས་ཀྱང་དྲི་མ་རྣམས། །ཐམས་ཅད་རྟག་ཏུ་ཞི་བར་འགྱུར། །ཞེས་གསུངས་པས་འདོད་ཡོན་ལ་ཆགས་པ་སོགས་བག་མེད་པའི་ཉེས་པ་སེལ་ཞིང་། བླང་དོར་གྱི་གནས་ལ་ཚུལ་བཞིན་ཏུ་ངང་གིས་འཇུག་ཅིང་སྤྲོ་བར་འགྱུར་རོ། །མདོར་ན་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང་། མྱ་ངན་ལས་འདས་པ་འབའ་ཞིག་ཞི་བ་དང་། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་ཤེས་པ་སྟེ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ལས་ནམ་ཡང་མི་འདའ་ཞིང་། ཚོམ་ལས། ངག་རྣམས་བསྲུང་ཞིང་ཡིད་ནི་ལེགས་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་སྤྱད་མི་བྱ། །ལས་ལམ་གསུམ་པོ་འདི་དག་རྣམ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་པ་ལྟར་སྒོ་གསུམ་གྱི་ཉེས་པར་སྤྱོད་པ་དང་བག་མེད་པའི་སྐྱོན་རྣམས་བསྡམས་ནས་རྟག་ཏུ་དགེ་བའི་ལས་ལམ་རྣམས་ལ་བརྩོན་པ་དང་། སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་སྐྱོབ་པ་མེད། །དགེ་འདུན་འདྲ་བའི་ཞིང་ས་མེད། །དེ་ཕྱིར་གསུམ་ལ་དབུལ་བར་བྱ། །ཞེས་དང་། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ་ཅེས་གསུངས་པ་ལྟར་སྤྱིར་མཆོག་གསུམ་གྱི་ཡོན་ཏན་གྱི་ཁྱད་པར་རྣམས་ཤེས་པར་བྱ་བ་དང་། སྒྱུ་མ་མཁན་བཟང་པོས་ཞུས་པ་ལས། བཟང་པོ་རྒྱལ་བ་གཅིག་ལ་མཆོད་བྱེད་ན། །ཕྱོགས་བཅུའི་སངས་རྒྱས་ལ་ནི་མཆོད་འགྱུར་ཏེ། །འདི་ལྟར་དེ་དག་ང་ཡི་ཆོས་དབྱིངས་དང་། །ཐ་དད་བྱ་བ་ནམ་ཡང་ཡོད་མ་ཡིན། །དེ་དག་ཐམས་ཅད་ཡོན་བཞེས་སྦྱོང་བར་མཛད། །ཀུན་ལ་ཕུལ་བའང་འབྲས་བུ་ཆེན་པོར་འགྱུར། །དེ་ཀུན་ཆོས་ཉིད་དག་ལ་མཉམ་པ་བརྙེས། །སངས་རྒྱས་རྣམས་ལ་ཐ་དད་བྱ་བའང་མེད། །ཅེས་གསུངས་པ་ལྟར་སྐྱབས་གནས་ཐམས་ཅད་ངོ་བོ་གཅིག་པས་གང་ལ་ཕུལ་ཡང་དོན་གཅིག་པར་ཤེས་པ་དང་། བྱེ་བྲག་ཏུ་འཇམ་དཔལ་རྩ་རྒྱུད་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། །འགྲོ་བ་དགེ་ལ་སྦྱོར་བའི་དོན་མཛད་དོ། །ཞེས་དང་། སྙན་གྱི་གོང་རྒྱན་ལས། ང་ནི་སྙིགས་མའི་དུས་ཀྱི་ཚེ། །བཟོ་དང་ཡི་གེའི་གཟུགས་སུ་འདུག ། ང་ཡིན་སྙམ་དུ་དད་པར་བྱོས། །ཞེས་དང་། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་སྣང་། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་ང་ལ་གུས་པ་གྱིས། །ཞེས་དང་། གཎྜིའི་མདོ་ལས། ཡུམ་ཆེན་མོ་ནི་གཎྜིའི་གཟུགས་ཀྱིས་བཞུགས་སོ། །ཞེས་དང་། མྱ་ངན་འདས་ཆེན་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ཉིད་སྙིགས་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་སོགས་གསུངས་པ་ལྟར་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང་བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་སངས་རྒྱས་དངོས་ཀྱི་སྤྲུལ་པར་ཐག་ཆོད་པ་དང་། ད་ལྟར་ང་ལ་མཆོད་པ་དང་། །མ་འོངས་སྐུ་གཟུགས་མཆོད་པ་གཉིས། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །འདི་གཉིས་ཐ་དད་ཅུང་ཟད་མེད། །ཅེས་གསུངས་པས་སངས་རྒྱས་དངོས་སུ་བཞུགས་པ་དང་སྐུ་གཟུགས་སོགས་ལ་མཆོད་པ་གཉིས་བསོད་ནམས་མཉམ་པ་དང་། ཏིང་འཛིན་རྒྱལ་པོ་ལས། འཆག་དང་འདུག་དང་འགྲེང་དང་ཉལ་བ་དང་། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ཡི་མདུན་དུ་རྟག་ཏུ་སྟོན་པ་བཞུགས། །དེ་ནི་རྒྱ་ཆེན་མྱ་ངན་འདའ་བར་འགྱུར། །ཞེས་དང་། འཇམ་དཔལ་གྱི་ཞིང་བཀོད་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་གསུངས་པས། རང་གི་སེམས་དག་ན་རྟེན་སོགས་དངོས་སུ་མི་བཞུགས་ཀྱང་བྱིན་རླབས་འཇུག་པ་ལ་ཁྱད་མེད་པ་དང་། སྨོན་ལམ་རྣམ་པར་དག་པའི་མདོ་ལས། ངས་སྔོན་སེམས་ཅན་ཞིང་དང་ནི། །ཐུབ་པའི་ཞིང་ལ་བརྟེན་ནས་ནི། །སངས་རྒྱས་ཆོས་རྣམས་མཐའ་ཡས་པ། །ལོ་ཏོག་ཕུན་སུམ་ཚོགས་པར་འཐོབ། །ཅེས་གསུངས་པ་ལྟར་རང་གི་བསོད་ནམས་ཀྱི་ཚོགས་སོག་པ་ལ་སངས་རྒྱས་དང་སེམས་ཅན་ཞིང་མཉམ་པར་ཤེས་པ་དང་། ཏིང་འཛིན་རྒྱལ་པོ་ལས། བྱེ་བ་ཁྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཅི་ཡོད་པ། །སྐྱེས་མཆོག་རྣམས་ལ་ཉིན་རེ་རྟག་མཆོད་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་དང་། བ་ཚྭའི་ཆུ་ཀླུང་གི་མདོ་ལས། གང་ཞིག་སེམས་ཅན་རྣམས་ལ་སྙིང་རྗེ་ལྡན་པས་རབ་འཇུག་ན། །དེས་ནི་ང་ལ་མཆོད་ཅིང་བསྟན་པ་གཅེས་པར་རབ་ཏུ་བཟུང་། །ཞེས་གསུངས་པས། སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེས་ཕན་འདོགས་པར་ཞུགས་ན་དཀོན་མཆོག་མཆོད་པའི་མཆོག་ཏུ་འགྱུར་བ་དང་། ཡང་དེ་ཉིད་ལས། འཚེ་བའི་བདག་ཉིད་ཅན་དང་གཞན་ལ་གནོད་པ་འབྱུང་བ་ཡི། །མཆོད་པ་ལེགས་པར་སྦྱར་བ་ཡིན་ཡང་མཆོད་པར་འགྱུར་བ་མིན། །ང་དང་སེམས་ཅན་དག་ནི་བདེ་དང་སྡུག་བསྔལ་མཚུངས་འདོད་པས། །གང་ཞིག་སེམས་ཅན་གནོད་བྱེད་དེ་ནི་ང་ལ་ཇི་ལྟར་མོས། །ཞེས་གསུངས་པས་སེམས་ཅན་ལ་གནོད་པ་བྱས་པའི་མཆོད་སྦྱིན་སོགས་ནི་རྒྱལ་བ་མཉེས་པའི་ཐབས་མ་ཡིན་པ་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་ཡས་ཏེ། །འདི་དག་མཐའ་ནི་རྒྱལ་བས་མི་གསུང་ངོ་། །ཞེས་པས་དམ་པའི་ཆོས་འཛིན་པ་དང་སེམས་ཅན་གྱི་སྲོག་བསྐྱབ་པ་སོགས་ཀྱི་ཕན་ཡོན་ཚད་མེད་པར་རྟོགས་པ་དང་། ཟུང་གི་མདོ་ལས། གང་དག་ང་ཡི་བསྟན་པ་ལ། །སྦྱིན་པ་སྐྲ་ཙམ་སྦྱིན་པ་ནི། །བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རུ། །ལོངས་སྤྱོད་ཆེ་ཞིང་ནོར་ཡང་མང་། །ཞེས་སོགས་ཀྱིས་སྦྱིན་པ་དང་། ཏིང་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །དད་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགགས་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །དེ་ནི་དེ་ལས་བསོད་ནམས་ཁྱད་པར་འཕགས། །ཞེས་སོགས་ཀྱིས་ཚུལ་ཁྲིམས་དང་། རྟོགས་པ་རྒྱས་པའི་མདོ་ལས། ཐང་ཅིག་བསམ་གཏན་ཐུན་ཞུགས་ན། །ཁམས་གསུམ་གང་བའི་མི་རྣམས་ལ། །སྲོག་སྦྱིན་པས་ནི་འདི་དོན་ཆེ། །ཞེས་བསྒོམ་པ་ལས་བྱུང་བ་སྟེ་བསོད་ནམས་བྱ་བའི་དངོས་པོ་གསུམ་གྱི་ཕན་ཡོན་གྱི་ཁྱད་པར་དང་། གཎྜིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔའམ་གཎྜི་བརྡུང་བའི་སྒྲ། །ཐོས་པས་བྱང་ཆུབ་ཐོབ་འགྱུར་ན། །ཉན་ཕྱིར་ལྷགས་པར་སྨོས་ཅི་དགོས། །ཞེས་སོགས་དམ་ཆོས་ཐོས་པའི་ཕན་ཡོན་དང་། བྱམས་པ་སེང་གེ་སྒྲའི་མདོ་ལས། གང་གིས་གང་གཱའི་བྱེ་སྙེད་སངས་རྒྱས་ཞིང་། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །རབ་དགའི་སེམས་ཀྱིས་རྒྱལ་ལ་ཕུལ་བ་དང་། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེ་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་བསྒྲུབས་དེ་ལ། །ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན། །གཉིས་དང་གསུམ་ལ་བསམ་དུ་ག་ལ་ཡོད། །ཅེས་སོགས་དམ་ཆོས་བཤད་པའི་ཕན་ཡོན་དང་། དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། ཤཱ་རིའི་བུ། གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གིས་སེ་གོལ་གཏོག་པ་ཙམ་གཅིག་ཏུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་ན་བསོད་ནམས་མང་དུ་འཕེལ་ལོ། །ཤཱ་རིའི་བུ་དེ་ལྟ་བས་ན་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམས་པར་བྱའོ། །ཞེས་སོགས་ཚུལ་བཞིན་དུ་བསྒོམ་སྒྲུབ་བགྱིས་པའི་ཕན་ཡོན་དང་། དེ་བཞིན་གཤེགས་པའི་གསང་བ་བསྟན་པ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་། །མཐར་མི་ཕྱིན་པས་འགྱུར་བ་ལགས། །ཞེས་སོགས་བསྟན་པ་དམ་པའི་ཆོས་འཛིན་ཞིང་བསྲུངས་པའི་ཕན་ཡོན་དང་། དད་པའི་སྟོབས་བསྐྱེད་པ་ལས། རྒྱལ་བ་ཡི་ནི་རྟེན་གསུམ་ལ། །དད་པས་ཐལ་མོ་སྦྱར་ན་ཡང་། །ངན་འགྲོ་ལོག་པར་མི་ལྟུང་ཞིང་། །ལྷ་དང་མི་ཡི་དཔལ་ཐོབ་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར། །ཞེས་དང་། མདོ་སྡེ་སྐལ་བ་བཟང་པོ་ལས། ནམ་མཁའ་དག་ནི་ཚད་དག་བཟུང་བ་དང་། །རྒྱ་མཚོ་ཆེན་པོ་མཐར་གྱིས་བགྲང་ནུས་ཀྱིས། །སངས་རྒྱས་དག་ལ་དད་པའི་ཤས་ཙམ་གྱིས། །བསོད་ནམས་ཚད་བཟུང་བར་ནི་ནུས་པར་དཀའ། །ཇི་སྲིད་མྱ་ངན་འདས་བདེ་མ་རེག་བར། །དེ་སྲིད་མི་ཁོམ་སྡུག་བསྔལ་མྱོང་མི་འགྱུར། །དེ་བས་རྒྱལ་བ་བསོད་ནམས་ཞིང་ཐོབ་ནས། །བག་ཡོད་མིས་ནི་བཀུར་སྟིས་མཆོད་པར་གྱིས། །ཞེས་སོགས་དཀོན་མཆོག་རྟེན་ལ་སྲི་ཞུ་བགྱིས་པའི་ཕན་ཡོན་གྱི་ཁྱད་པར་དང་། སྙིང་རྗེ་པདྨ་དཀར་པོ་ལས། ཕྱི་མའི་དུས་དམ་པའི་ཆོས་ཟད་པར་འགྱུར་བ་ན་གང་དག་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་བུའི་ལག་པ་ནས་བཟུང་སྟེ་ཆང་སྐྱོགས་གང་གི་ཕྱིར་ཆང་མའི་ཁྱིམ་ནས་ཆང་མའི་ཁྱིམ་དུ་འཁྱམས་ལ་ངའི་ཆོས་ཀྱི་རྗེས་སུ་སློབ་པ་དེ་དག་ཀྱང་བསྐལ་པ་བཟང་པོ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་སོགས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྔོན་གྱི་ཐུགས་བསྐྱེད་ཀྱི་ཚུལ་ལ་རྒྱུ་མཚན་ཤེས་ནས་དད་པ་བསྐྱེད་པ་དང་། དྲན་པ་ཉེར་བཞག་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་འབྲས་བུ་བསླུ་མི་སྲིད། །ཅེས་དང་། ཏིང་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མ་བཅས་པ་གནས་ལྷུང་ཞིང་། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པར་གཞན་གྱུར་ཀྱང་། །ཁྱོད་ཀྱིས་མི་བདེན་པ་ཡིས་ཚིག་མི་གསུང་། །ཞེས་སོགས་གསུངས་པ་ལྟར་ལས་འབྲས་བསླུ་མེད་ཀྱི་ཚུལ་ལ་ཡིད་ཆེས་ཀྱི་ངེས་པས་འཇུག་ལྡོག་གི་ལག་ལེན་ལ་བརྩོན་པ་དང་། ཤེར་ཕྱིན་སྡུད་པ་ལས། སྲིད་པ་གསུམ་ན་སེམས་ཅན་ཇི་སྙེད་མ་ལུས་པ། །ཡོངས་སུ་བརྟག་པ་བཟུང་སྟེ་དེ་དག་ཐམས་ཅད་ཀྱིས། །འཇིག་རྟེན་མཁྱེན་པ་སངས་རྒྱས་དགྲ་བཅོམ་རང་རྒྱལ་ལ། །བསྐལ་པ་མཐའ་ཡས་སྦྱིན་བྱེད་ཉན་ཐོས་ལེགས་ཚོལ་ན། །བྱང་ཆུབ་སེམས་དཔའ་མཁས་པ་ཐབས་མཁས་གང་ཞིག་གིས། །དེ་དག་བསོད་ནམས་བྱས་པའི་དངོས་ལ་ཡི་རང་ནས། །སེམས་ཅན་དོན་དུ་བྱང་ཆུབ་མཆོག་རབ་ཡོངས་བསྔོ་ན། །ཡོངས་སུ་བསྔོ་བས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཟད་བར་དུ་དེ་མི་འཛད། །ཅེས་གསུངས་པ་སོགས་ཀྱིས་མཚོན་མོས་བསྔོ་ཡི་རང་སོགས་ཐབས་མཁས་ཀྱི་སྒོ་རྣམས་ཉམས་འོག་ཏུ་ཆུད་པར་བྱས་ཏེ་དལ་འབྱོར་ལ་སྙིང་པོ་ལེན་པར་བྱ་བ་ནི་ཅིས་ཀྱང་གལ་ཆེ་སྟེ། ཡུམ་བར་མ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དག་བདག་ཀྱང་དགེ་བ་ལ་སྤྱོད་ཅིང་། གཞན་ཡང་དེ་ལ་བསྐུལ་བ་ནི་དལ་འབྱོར་སྙིང་པོར་བྱེད་པ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་བསྔགས་སོ། །བསྟོད་དོ་བཀུར་རོ་ཞེས་དང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སངས་རྒྱས་འཇིག་རྟེན་སྐྱོང་བ་དྲང་སྲོང་ཆེ། །བསྐལ་པ་བྱེ་བར་བརྒྱལ་ལ་འབྱུང་བར་འགྱུར། །ད་ལྟར་དལ་བ་དམ་པ་རྙེད་པ་ལ། །གལ་ཏེ་ཐར་འདོད་བག་མེད་སྤོང་བར་གྱིས། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་རྗེས་སུ་འདོམས་པར་མཛད་པ་ཡིན་ནོ། །སླར་སྨྲས་པ། གང་གིས་བསྐལ་པ་བྱེ་སྟོང་བསམ་མི་ཁྱབ་པ་རུ། །ཟླ་བ་རྒྱས་པ་ལྟ་བུའི་དབུ་ཡང་ཡོངས་བཏང་ཞིང་། །དཔག་མེད་འགྲོ་ལ་ཕན་པ་རྒྱ་ཆེན་མཛད་པ་ཡིས། །རྩོད་པའི་དུས་འདིར་ཡང་དག་སངས་རྒྱས་ཤཱཀྱའི་སྲས། །མཁྱེན་བཟང་ཁྱེད་ཀྱི་ཐུགས་སུ་ལེགས་པར་ཆུད་གྱུར་པའི། །ཐོག་མཐའ་བར་དགེ་ངག་ཚིག་དྲི་མེད་ཆོས་མཆོག་དབྱངས། །ས་གསུམ་ཉེས་པའི་དྲི་མ་འཁྲུད་བྱེད་མཐོ་རིས་ཀླུང་། །ཆེན་པོ་རྣམས་ཀྱི་རལ་པའི་རྩེ་ན་གནས་པ་ཡིན། །སྟོབས་བཅུའི་སྟོབས་ནི་བདུད་དང་མུ་སྟེགས་ཚོགས་ཀྱིས་མིན། །མི་འཇིགས་བཞི་ཡིས་སེང་གེའི་སྒྲ་ནི་ཡོངས་ལ་བསྒྲགས། །མ་འདྲེས་ཡོན་ཏན་མཁའ་བཞིན་མཚུངས་པ་མེད་པ་ཡི། །ཕན་དགོངས་ཁྱོད་ཀྱི་གསུངས་ནི་ཚད་མར་གྱུར་པ་ལགས། །སྐྱོབ་པ་མཚུངས་མེད་དེ་ཡིས་གྲངས་མེད་བསྐལ་པ་རུ། །ཤིན་ཏུ་བརྣག་དཀའི་བརྩོན་པ་བརྒྱ་ཕྲག་ཁུར་བཞེས་ཤིང་། །དཔག་མེད་བསོད་ནམས་ཟོང་གིས་ཉེ་བར་ཁུག་གྱུར་པའི། །ཆོས་མཆོག་བདུད་རྩིའི་སྙིང་པོ་འགྲོ་ལ་བརྩེ་བས་སྩལ། །འདི་ནི་བླང་དོར་སྣང་བ་སྦྱིན་ལ་ཉིན་མོར་བྱེད། །ངན་འགྲོ་སྲིད་པའི་འཁྲི་ཤིང་གཅོད་ལ་རྡོ་རྗེའི་མཚོན། །ཉེས་པའི་མེ་ཚོགས་གཞིལ་ལ་བསིལ་བའི་ཆར་རྒྱུན་ཏེ། །མཐོ་རིས་ཐར་པར་བགྲོད་པའི་སྒོ་འཕར་བཟང་པོའང་ཡིན། །འཇིག་རྟེན་རྨོངས་པས་བསླད་རྣམས་མེད་པར་སྨྲ་བ་དང་། །ཁ་ཅིག་རྒྱུ་མིན་པའང་རྒྱུ་རུ་འདོད་པ་ཡི། །ངོ་ཚ་མེད་རྣམས་མུན་པའི་ཀློང་དུ་ཅ་ཅོ་སྒྲོགས། །བཅོམ་ལྡན་ཉག་གཅིག་རྟེན་འབྱུང་ཟབ་མོ་ཐུགས་སུ་ཆུད། །ཆོས་རྣམས་ཐམས་ཅད་རྒྱུ་མེད་འགའ་ཡང་ཡོད་མིན་ཞིང་། །དེ་ཡང་རྟག་མིན་ཆད་མིན་གཉིས་དང་གཉིས་མེད་མིན། །རྟེན་ཅིང་འབྲེལ་འབྱུང་ཚུལ་འདི་གང་གིས་ལེགས་རྟོགས་པ། །དེ་དག་སྲིད་ཞིའི་ཕུན་ཚོགས་ཀུན་གྱི་བླ་ན་འགྲོ། །གང་དག་ལས་དང་ལས་ཀྱི་འབྲས་བུ་མི་བསླུ་བར། །ལེགས་པར་ཤེས་པའི་ཡང་དག་ལྟ་བའི་མིག་ལྡན་པ། །དེ་ནི་སྨད་པར་བྱ་བའི་ལམ་ལ་འཇུག་མིན་པས། །རྣམ་སྨིན་ངན་འགྲོའི་སྲིད་པར་ཇི་ལྟར་འཆིང་བར་འགྱུར། །འདི་ན་སྟོན་དུས་འབྲུ་བཟང་སྡུད་དམ་མི་སྡུད་ཅེས། །ཐེ་ཚོམ་དང་བཅས་ཞིང་པ་རྣམས་ནི་ལས་བྱེད་ན། །རྣམ་སྨིན་བདེ་ལ་ཞིམ་པ་གཅིག་ཏུ་སྤྱོད་ངེས་པའི། །དེ་རྒྱུ་བསོད་ནམས་གསོག་ལ་ཅི་ཡི་ཕྱིར་མི་བརྩོན། །གང་དང་འབྲེལ་ན་གཏན་གྱི་བདེ་བ་སྦྱིན་བཟོད་པའི། །ཡིད་བཞིན་ནོར་བུ་བྱེ་བ་འབུམ་གྱིས་མི་མཚོན་པ། །རིན་ཆེན་རྣམ་གསུམ་སྲིད་ཞིའི་མཆོད་སྡོང་མཚུངས་མེད་ནི། །ལྷར་བཅས་སྐྱེ་དགུའི་བསོད་ནམས་ཞིང་དུ་ལྷམ་མེར་སྣང་། །གང་ལ་ཅུང་ཟད་ཙམ་ཡང་དད་པའི་སེམས་གཡོ་དང་། །ཐལ་མོ་ཡ་གཅིག་སྦྱར་དང་མེ་ཏོག་གཅིག་ཙམ་གཏོར། །དེ་དག་སྲིད་པའི་བདེ་མང་བརྒྱ་ཕྲག་མྱོང་གྱུར་ཅིང་། །མཐར་ཐུག་རྣམ་གྲོལ་འགྱུར་ཞེས་བདེན་པར་སྨྲ་བས་གསུངས། །དེས་ན་སྦྱིན་དང་ཚུལ་ཁྲིམས་ཡང་དག་བསྒོམ་པ་ཡི། །བསོད་ནམས་བྱ་བའི་དངོས་ལ་ཇི་བཞིན་བརྩོན་པ་ཡི། །རྣམ་སྨིན་འབྲས་བུ་མཁའ་འདྲ་ཚད་བཟུང་མི་ནུས་ཏེ། །ཐབས་ལ་མཁས་པས་བྱང་ཆུབ་བར་དུ་འཛད་མི་འགྱུར། །གང་ཡང་སངས་རྒྱས་ཞིང་དང་སེམས་ཅན་ཞིང་ཞེས་སུ། །བསོད་ནམས་བྱ་བའི་ཡུལ་དུ་མཉམ་པར་ལེགས་གསུངས་ཤིང་། །དེ་ལ་བརྟེན་ནས་ལྷ་མའི་མཆོད་འོས་མཆོག་གྱུར་པ། །མང་ཞིག་སྲིད་ཞིའི་ཕ་རོལ་གཤེགས་ལ་སུ་མི་རངས། །མགོན་པོ་མཆོག་དེ་གང་ལས་གཤེགས་པའི་ལམ་དེར་ནི། །སློབ་མའི་ཚོགས་བཅས་སྐྱེ་བོ་མཐའ་དག་ཁྲིད་པར་མཛད། །གདུལ་བྱའི་དབང་གིས་ཐབས་ཚུལ་དཔག་ཏུ་མེད་མོད་ཀྱི། །ཀུན་གྱི་རྩ་བ་ལས་འབྲས་ཚུལ་འདི་ཐུབ་གསུང་མཛོད། །ཟབ་དང་རྒྱ་ཆེའི་ཆོས་མཆོག་ནོར་བུའི་སྒྲོམ་སྙེད་ནི། །བློ་ཆེན་བློ་ཡིས་ལེགས་པར་འབྱེད་ཀྱིས་ཕལ་གྱིས་མིན། །དེ་སླད་ཀུན་ལ་འཚམ་ཞིང་ཀུན་ཏུ་ཕན་སྦྱིན་པ། །ངོ་མཚར་གཏམ་གྱི་སྦྱོར་བ་འདི་ནི་སྤྱི་ནོར་ཡིན། །ཐོག་མར་ཐོས་པས་སེམས་ལ་དང་བ་སྐྱེ་འགྱུར་ཞིང་། །བར་དུ་བསམ་པས་དོན་གཉེར་འདུན་པའང་བསྐྱེད་པར་བྱེད། །ཐ་མར་ཡིད་ཆེས་མི་ལྡོག་དད་པ་མཆོག་སྦྱིན་པས། །མཁས་པ་དེ་ལ་བདུད་རྣམས་ཀྱིས་ཀྱང་ཚུགས་མི་འགྱུར། །འདི་ནི་ཡང་དག་ལྟ་བར་འདྲེན་པའི་ཤིང་རྟ་བཟང་། །ངན་འགྲོ་ལོག་པར་ལྟུང་ལས་སྲུང་བྱེད་སྒོ་གཏན་མཆོག ། ཡང་དག་ཐར་པར་བགྲོད་པའི་ཐེམ་སྐས་བཟང་པོ་སྟེ། །སྟོན་པས་ལེགས་གསུངས་སྙིང་པོ་བསྡུས་པའི་མཛོད་ཀྱང་ཡིན། །བདག་ནི་འཆིང་བ་བརྒྱ་ཡིས་ཀུན་ནས་དཀྲིས་མོད་ཀྱི། །བརྗོད་པའི་ངག་འདི་ཐུབ་གསུང་གཞུང་ལས་ལེགས་པར་བཏུས། །དེ་སླད་ཚེར་མའི་ཤིང་ལས་སྦྲང་རྩི་ལེན་པ་བཞིན། །བློ་དང་ལྡན་པ་རྣམས་ཀྱི་ནམ་ཡང་འདོར་བྱ་མིན། །སྔོན་རབས་སྐུ་ཚེ་དུ་མར་ལེགས་པར་སྤྱོད་པ་ལ། །ཡང་ཡང་གོམས་པར་བྱས་ཤིང་སྨོན་པའི་འབྲས་བུ་ནི། །ད་རེས་དལ་འབྱོར་བཟང་པོའི་ཡོན་གྱིས་བརྒྱན་དུས་འདིར། །ཀ་ཡེ་གྲོགས་དག་བག་མེད་པར་ནི་མ་བྱེད་ཅིག ། ལང་ཚོའི་དཔལ་ནི་མི་བརྟན་ཡུད་ཙམ་ཞིག་གིས་རྙིང་། །རྒ་དང་ན་དང་འཆི་བའི་རྒུད་པ་མྱུར་དུ་འོང་། །འཚོ་བའི་གྲུ་ནི་འཆི་བདག་ཁ་རུ་ཆུད་ཟིན་གྱིས། །རྨོངས་དང་ལེ་ལོས་བསླུས་རྣམས་ཀྱེ་མ་ཤིན་ཏུ་འཁྲུལ། །སྐྱེས་ཙམ་ཉིད་ནས་འཆི་བའི་གྲོང་དུ་ཉེར་འགྲོ་བ། །གང་དག་གསོད་སར་ཁྲིད་པའི་ཕྱུགས་ཀྱི་བགྲོད་པ་བཞིན། །འཆི་བདག་བརྩེ་བ་མེད་ཅིང་གཞུངས་ལུགས་མེད་པ་འདིས། །མི་རྣམས་ཁྱིམ་ནས་ཉིན་བཞིན་ཁྱེར་འདི་མ་མཐོང་ནོངས། །ཇི་ལྟར་ཉི་མ་རི་བོའི་ཕག་ཏུ་ཡིབ་པ་བཞིན། །ཅིས་ཀྱང་མི་སྟོངས་སྲིད་པ་གཞན་དུ་ཕྱོགས་པའི་ཚེ། །གཟུགས་ཀྱིས་མ་ཡིན་ལང་ཚོས་མ་ཡིན་སྟོབས་ཀྱིས་མིན། །འབྱོར་པས་མ་ཡིན་དཔུང་གིས་མ་ཡིན་ཀུན་གྱིས་ཅི། །ཐམས་ཅད་བོར་ནས་གཅིག་པུར་ལམ་དུ་ཞུགས་པའི་ཚེ། །གྲོ་ཟན་གཅིག་ཙམ་རང་དགར་ཁྱེར་བའི་མཐུ་མེད་ཅིང་། །བྲན་གྱི་ཐ་མ་ཙམ་ཡང་ཕྱི་བཞིན་འབྲང་མེད་ན། །ཀྱེ་ཧུད་ཚེ་འདིའི་འབྱོར་པས་བདག་ལ་ཅི་ཞིག་བྱ། །ནམ་ཡང་ཕན་ངེས་གྲོགས་ཀྱི་མཆོག་ནི་བསོད་ནམས་ཏེ། །སྐྱེ་བར་འཕོས་ཀྱང་མི་འབྲལ་དེ་ནི་ཕྱི་བཞིན་འབྲང་། །འཇིགས་དང་རྒུད་པས་མནར་ཚེ་ལྷག་པར་ཡིད་རྟོན་བྱེད། །རྒྱལ་པོ་ལ་སོགས་དཔུང་གིས་ཀྱང་ནི་འཕྲོག་ཏུ་མེད། །འདི་ནི་ཉེས་པའི་དགྲ་ཡིས་མི་བརྫི་མཁར་གྱི་མཆོག ། ཡང་དག་ཐར་པའི་གྲོང་དུ་སྐྱེལ་བྱེད་རྟ་མཆོག་སྟེ། །སྡུག་བསྔལ་བཀྲེན་པ་སེལ་བྱེད་ཟས་སྐོམ་སྨན་གྱི་མཆོག ། ནམ་ཡང་འཛད་པར་མི་འགྱུར་ཡིད་བཞིན་གཏེར་ཡང་ཡིན། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་ཐམས་ཅད་འགྲུབ། །བསོད་ནམས་ལྡན་པའི་མི་ཡི་ངག་ལ་ཀུན་ཀྱང་ཉན། །བསོད་ནམས་ལྡན་པའི་མི་ཡི་ལུས་ནི་བདེ་ཞིང་འཚོ། །བསོད་ནམས་ལྡན་པའི་མི་ཡི་གྲགས་པ་རྣམ་འཕེལ་བྱེད། །དེ་ཡི་འབྱོར་པ་དག་ནི་ནམ་ཡང་ཟད་མི་ཤེས། །དེ་ཡི་དཔལ་ནི་ནམ་ཡང་རྒུད་པར་ཡང་མི་འགྱུར། །དེ་ཡི་ཚེ་ནི་རྟག་ཏུ་རིང་པོ་ཉིད་འགྱུར་ཞིང་། །དེ་ཡི་མཐུ་ནི་སུས་ཀྱང་ཟློག་པར་ནུས་མ་ཡིན། །ཉི་མ་བཞིན་དུ་དེ་བློ་རབ་ཏུ་གསལ་འགྱུར་ཞིང་། །རྒྱ་མཚོ་ཆེ་བཞིན་ལེགས་པའི་ཡོན་ཏན་ངང་གིས་འདུ། །རྒྱལ་པོའི་མཛོད་བཞིན་དེ་བློ་ཡོན་གྱིས་འབྱོར་འགྱུར་ཞིང་། །ཚངས་པ་བཞིན་དུ་དེ་བློ་ཉེས་ལས་གོས་མི་འགྱུར། །འདིས་ནི་ལྷ་དང་མི་ཡི་བདེ་བའི་མཐར་ཐུག་བྱེད། །འདིས་ནི་ཉན་ཐོས་རང་རྒྱལ་ཞི་བའི་མཆོག་ཀྱང་སྦྱིན། །འདིས་ནི་རྒྱལ་སྲས་སྤྱོད་གཞུང་རྒྱ་མཚོ་རྫོགས་པར་བྱེད། འདིས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་འབྲས་བུའང་འབྱིན། །མདོར་ན་འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་དཔལ། །ཇི་སྙེད་མཆིས་པ་དེ་ཀུན་བསོད་ནམས་འབྲས་བུ་སྟེ། །འདི་ཡི་ཡོན་ཏན་བསྔགས་པ་མཐའ་དག་སུས་བརྗོད་ནུས། །དེ་སླད་བསམ་མི་ཁྱབ་པའི་ཚུལ་ལ་སྤྲོ་བར་མཛོད། །དེ་ལྟར་ལེགས་པར་འདོམས་པ་དབྱར་གྱི་རྔ་སྒྲ་ཡིས། །སྐལ་བཟང་རྨ་བྱའི་བུ་མོ་དགའ་བས་གར་བགྱིད་ཅིང་། །ཕུན་ཚོགས་སྡེ་བཞིའི་སྐྱེད་ཚལ་མངོན་པར་འབྱོར་པ་ཡིས། །ས་འདིར་རྫོགས་ལྡན་དང་པོའི་དགའ་སྟོན་སྦྱིན་གྱུར་ཅིག ། ཉེས་བརྒྱའི་ཚད་གདུང་མ་ལུས་ཡོངས་སུ་བཅིལ་མཛད་པའི། །རིན་ཆེན་རྣམ་གསུམ་ཞེས་སུ་གྲགས་པའི་གདུགས་དཀར་པོ། །སྐྱེ་དགུ་ཀུན་གྱི་དད་གསུམ་དཔུང་པས་ཉེར་བསྙེན་རྒྱུས། །འཇིགས་དང་མྱ་ངན་རྒུད་པའི་སྒྲ་ཀུན་གྲགས་མ་གྱུར། །མཐོ་རིས་ཡོན་ཏན་བདུན་གྱི་འཁྲི་ཤིང་སར་པའི་རྩེར། །དྲི་མེད་འཕགས་པའི་ནོར་གྱི་མེ་ཏོག་རྣམ་བཀྲ་ཞིང་། །རང་གཞན་ཕན་བདེའི་དྲི་བསུང་ཤིན་ཏུ་རྨད་བྱུང་བའི། །སྐལ་བཟང་སྐྱེ་བོའི་ཚོགས་ཀྱིས་ཕྱོགས་ཀུན་ཁྱབ་གྱུར་ཅིག ། གང་དག་འཚེ་ལ་གོམས་པས་གཞན་ལ་གནོད་སྦྱོར་བའི། །ལག་པ་དམར་པོར་གྱུར་པའི་སྡེ་དང་དཔུང་གི་ཚོགས། །མ་ལུས་མཆོག་གསུམ་བདེན་པའི་སྟོབས་ཀྱིས་རབ་བཅོམ་ནས། །བྱམས་དང་སྙིང་རྗེ་ཡང་དག་ལྟ་བ་འཛིན་གྱུར་ཅིག ། བསྐལ་པ་དུ་མར་རྙེད་དཀའ་ཐུབ་བསྟན་ནོར་བུའི་མཛོད། །གང་གིས་འཛིན་པ་ངུར་སྨྲིག་འཆང་བ་ཐར་པའི་སྡེ། །རྒྱགས་དང་བག་མེད་དྲེགས་པས་ནམ་ཡང་མྱོས་མིན་པར། །བག་ཡོད་བདུད་རྩིས་འཚོ་བའི་དཀའ་ཐུབ་མཐར་ཕྱིན་ཤོག ། གང་དག་ཀློག་པར་འདོད་རྣམས་མཁས་པའི་བཤེས་དང་འཕྲད། །སྒྲུབ་པར་འདོད་རྣམས་ཉམས་མྱོང་རྟོགས་པའི་རྩི་ཡིས་ཕྱུག ། ཀུན་ཀྱང་གནས་གྲོགས་འཚོ་བ་བཟང་ལྡན་ལྟ་སྤྱོད་མཐུན། །ཆོས་བརྒྱད་འཆིང་བྲལ་བསླབ་གསུམ་ཡོན་གྱིས་འབྱོར་གྱུར་ཅིག ། རང་དོན་གསན་བསམ་སྒོམ་པའི་ཡོན་ཏན་རབ་རྫོགས་ཤིང་། །གཞན་དོན་འཆད་རྩོད་རྩོམ་པའི་བྱ་བར་རྟག་བརྩོན་པའི། །བཤེས་གཉེན་མཆོག་རྣམས་སྐུ་ཚེ་དཔག་མེད་ཉིད་གྱུར་ཏེ། །གཉིས་དོན་འཁོར་ལོ་གསུམ་གྱི་ཕྲིན་ལས་སླར་འཕེལ་ཤོག ། བདག་དང་བདག་ལ་བཟང་ངན་ལས་ཀྱིས་འབྲེལ་གྱུར་པའི། །གྲོང་ཁྱེར་དྲུག་ན་རྒྱུ་བའི་ཡིད་ཅན་ཇི་སྙེད་པ། །ཀུན་ཀྱང་སྡིག་ཟད་ཉོན་མོངས་མེད་པའི་གནས་ཐོབ་ནས། །མཁའ་ཁྱབ་སྲས་བཅས་རྒྱལ་བའི་ཕྲིན་ལས་སྒྲུབ་བྱེད་ཤོག ། ལེགས་པར་བཤད་པའི་ཆོས་མཆོག་ཟབ་མོའི་གཏམ་འདི་ཡང་། །བློ་དང་ལྡན་པ་རྣམས་ཀྱི་མགྲིན་པར་ལེགས་གནས་ཏེ། །གང་དག་ཐར་པར་འདོད་པའི་རྣ་བའི་བདུད་རྩི་རུ། །ཡང་ཡང་སིམ་པའི་སྐལ་བཟང་དུས་ལས་ཡོལ་མེད་ཤོག ། བཀྲ་ཤིས་གང་ཞིག་ཐུབ་གསུང་མདོ་སྡེའི་ཚུལ་རྣམས་ལས། །ལེགས་པར་གསུངས་པའི་དགེ་མཚན་ཇི་སྙེད་མཆིས་པ་དེས། །ས་གསུམ་འཇིག་རྟེན་ཀུན་ཏུ་ཕན་བདེ་བྱེད་པ་ཡི། །བཀྲ་ཤིས་སྣང་བས་ཕྱོགས་དུས་ཀུན་ན་ཁྱབ་གྱུར་ཅིག ། ཅེས་དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་སྐྱེད་པའི་གཏམ་གྱི་སྦྱོར་བ་ཡང་དག་ཐར་ལམ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་འདི་ནི་རང་ཉིད་ཀྱི་དད་པའི་གསོས་དང་། སྐལ་བ་མཉམ་པའི་སྐྱེ་བོ་གཞན་དག་ལའང་ཅུང་ཟད་ཕན་པར་གྱུར་ན་ཅི་མ་རུང་སྙམ་དུ་ཀུན་སློང་ཡང་དག་པར་བཅོས་ཏེ། ཤཱཀྱའི་དགེ་སློང་རྨོངས་པ་འགྱུར་མེད་པདྨ་རྣམ་རྒྱལ་ལམ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་ཐེག་པ་ཆེ་ཆུང་གི་མདོ་སྣ་ཚོགས་ནས་བཏུས་ཏེ་རང་ལོ་ཞེ་དགུ་པ་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོ་ཆོ་འཕྲུལ་ཟླ་བའི་ཡར་ཚེས་དགེ་བར། རང་གནས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་དབེན་སྤྱིལ་བཀྲ་ཤིས་འཆི་མེད་འོད་སྣང་དུ་གྲུབ་པར་སྦྱར་བ་སྟེ། འདིས་ཀྱང་འགྲོ་ཀུན་ཡང་དག་པའི་ལམ་ལ་ཞུགས་ནས་རྣམ་གྲོལ་གྱི་འབྲས་བུ་དཀའ་བ་མེད་པར་སྤྱོད་པའི་རྒྱུར་གྱུར་ཅིག དགེའོ། །དགེའོ། །དགེའོ། །།