བཅོམ་ལྡན་འདས་ཉིད་བསྐལ་པ་གྲངས་མེད་པའི་ཕ་རོལ་ན། འཛམ་བུ་གླིང་འདིར་རྒྱལ་པོ་ཆེན་པོ་ཀ་ན་ཤི་ནི་པ་ཏི་ཞེས་བྱ་བ་འཁྲུངས་ཚུལ།

༈ ཡང་བཅོམ་ལྡན་འདས་ཉིད་བསྐལ་པ་གྲངས་མེད་པའི་ཕ་རོལ་ན། འཛམ་བུ་གླིང་འདིར་རྒྱལ་པོ་ཆེན་པོ་ཀ་ན་ཤི་ནི་པ་ཏི་ཞེས་བྱ་བ་སྔ་མ་དང་ཚུལ་མཐུན་པ་ཞིག་ཏུ་སྐྱེ་བ་བཞེས་ཏེ། དེའི་ཚེ་རྒྱལ་པོ་དེས་འདི་སྙམ་དུ་སེམས་ཏེ། བདག་ཀྱང་འགྲོ་བ་མང་པོ་ཀུན་གྱི་གཙོ་བོར་གྱུར་ལ། སྐྱེ་བོ་མང་པོ་འདི་དག་ཀྱང་བདག་ལ་མོས་ཤིང་དགའ་བས། བདག་གིས་དམ་པའི་ཆོས་ཀྱི་ནོར་བུ་རིན་པོ་ཆེས་ཐམས་ཅད་ལ་ཕན་གདགས་སོ་སྙམ་དུ་བསམ་ནས། བློན་པོ་མཆོག་ལ་བཀའ་བསྒོས་ཏེ། སུ་ལ་དམ་པའི་ཆོས་མཆིས་པ་བདག་ལ་སྟོན་པར་གྱུར་ན། ཅི་དང་ཅི་འདོད་པ་ཡིད་བཞིན་དུ་སྦྱིན་ནོ་ཞེས་བསྒོ་བ་དང་། དེའི་ཚེ་ན་བྲམ་ཟེ་ལེའུ་དུ་ཅི་ཞེས་བྱ་བ་འོངས་ནས་སྔ་མ་བཞིན། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ལུས་ལ་མར་མེ་སྟོང་བཙུགས་ནས་མཆོད་པ་བྱེད་ནུས་ན་ཆོས་བསྟན་པར་བྱའོ། །ཞེས་སྨྲས་པས། རྒྱལ་པོ་དེ་ལྷག་པར་དགའ་མགུ་རངས་ནས། དེའི་ཚེ་ཕོ་ཉ་བ་གཅིག་བན་གླང་རྒྱང་གྲགས་བརྒྱ་སྟོང་དུ་ཕྱིན་པ་གཅིག་བསྐྱོན་ཏེ། འཛམ་བུའི་གླིང་ཐམས་ཅད་དུ་ད་སྟེ་ཞག་བདུན་ན་རྒྱལ་པོས་ཆོས་ཀྱི་ཕྱིར་ལུས་ཀྱི་ཤ་ཕུག་སྟེ། མར་མེ་སྟོང་འཛུགས་སོ་ཞེས་རྒྱལ་ཕྲན་དང་མི་ཐམས་ཅད་ལ་བསྒོའོ། །དེ་དག་གིས་ཐོས་པ་དང་སོ་སོ་ནས་མྱ་ངན་གྱིས་གདུངས་ཏེ། ཐམས་ཅད་དེར་ལྷགས་ནས་ཕྱག་བྱས་ཏེ། བདག་ཅག་ཐམས་ཅད་ཁྱེད་ལ་བརྟེན་པ་ནི། ལོང་བ་དམིགས་བུ་དང་། བུ་ཆུང་མ་ལ་བརྟེན་པ་དང་འདྲ་ན། རྒྱལ་པོ་མི་བཞུགས་པའི་སླད་རོལ་དུ་གང་ལ་སྐྱབས་སུ་མཆི། སྐུ་ལ་མར་མེ་སྟོང་བཙུགས་ན་གདོན་མི་ཟ་བར་སྲོག་དང་བྲལ་བར་འགྱུར་ན། ཅིའི་སླད་དུ་བྲམ་ཟེ་གཅིག་ཙམ་གྱི་ཆེད་དུ་འཇིག་རྟེན་འདིའི་སེམས་ཅན་ཡོངས་སུ་གཏོང་བར་དགོངས་ཞེས་བཙུན་མོ་དང་སྲས་དང་། རྒྱལ་ཚབ་དང་སྲས་དང་བློན་པོ་སྟོང་ཕྲག་བཅུ་སོགས། ཐམས་ཅད་ཀྱིས་ཐལ་མོ་སྦྱར་ནས་གསོལ་བ་བཏབ་ཀྱང་། རྒྱལ་པོ་ཡི་དམ་ལ་བརྟན་པས་མ་བཟློགས་ཏེ། ནམ་ང་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཁྱོད་རྣམས་གདོན་མི་ཟ་བར་བསྒྲལ་ཏོ་ཞེས་སྨྲས་ཏེ། རྒྱལ་པོའི་ལུས་ཕུག་ནས་མར་མེའི་སྙིང་པོ་སྣུམ་གྱིས་བསྐུས་པ་དང་འཁོར་རྣམས་བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར་ཏོ། །དེ་ནས་རྒྱལ་པོས་བྲམ་ཟེ་ལ་སྟོན་པ་ཆེན་པོ་ཐུགས་བརྩེ་བར་དགོངས་ཏེ། སྔར་བདག་ལ་ཆོས་བསྟན་ནས། དེའི་འོག་ཏུ་མར་མེ་ཚུགས་ཤིང་། གལ་ཏེ་ཚེའི་དུས་བྱས་ན་ཆོས་ཐོས་པར་མི་འགྱུར་རོ་ཞེས་སྨྲས་པ་དང་། བྲམ་ཟེས། རྟག་པ་ཐམས་ཅད་ཟད་པར་འགྱུར། །མཐོ་བ་དེ་ཡང་མཐར་ལྷུང་ངོ་། །འདུས་པ་ཡོད་ན་འབྲལ་བ་འོང་། །སྐྱེ་བ་ཡོད་ན་འཆི་བར་འགྱུར། །ཞེས་ཚིགས་སུ་བཅད་པ་འདི་སྨྲས་མ་ཐག་ཏུ། རྒྱལ་པོ་དེ་མགུ་ཞིང་རངས་ཏེ། འགྱོད་པའི་སེམས་མེད་བཞིན་དུ། བདག་ཆོས་འཚོལ་བ་འདི་ཡང་སངས་རྒྱས་སུ་སྒྲུབ་པའི་ཕྱིར་ཏེ། ཕྱིས་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཡེ་ཤེས་ཀྱི་འོད་ཀྱིས་སེམས་ཅན་གཏི་མུག་གིས་མདོངས་པ་རྣམས་ཤིན་ཏུ་སྣང་བར་གྱུར་ཅིག་ཅེས་ཡི་དམ་བཅས་མ་ཐག་ཏུ་ས་ཡང་རབ་ཏུ་གཡོས་སོ། །ལྟས་དེས་བསྐུལ་བས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་འོངས་ནས། རྒྱལ་པོ་ལ་མཆོད་པ་བྱས་ཤིང་། དེའི་ཚེ་བརྒྱ་བྱིན་ལྷ་ཡི་དབང་པོའང་འོངས་ནས། རྣམ་པ་སྣ་ཚོགས་ཀྱིས་བསྟོད་ཅིང་བསྔགས་ཏེ། འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཤིན་ཏུ་སྡུག་བསྔལ་གྱིས་གདུང་བ་འདི་ལ་སེམས་འགྱོད་པར་མ་གྱུར་ཏམ། རྒྱལ་པོས་སྨྲས་པ། འགྱོད་པ་མེད་དོ། །བརྒྱ་བྱིན་གྱིས། རྒྱལ་པོ་ཆེན་པོ་འདི་ལྟར་ལུས་འདར་ཤིང་ཉམས་མི་བདེ་བཞིན་དུ་འགྱོད་པ་མེད་ཅེས་སྨྲས་པ་འདི་ཅིས་ཡིད་ཆེས་པར་འགྱུར། རྒྱལ་པོས་སྨྲས་པ། གལ་ཏེ་བདག་ཐོག་མ་ནས་ཐ་མའི་བར་དུ་འགྱོད་པའི་སེམས་མེད་པ་ཡིན་ན་ལུས་ཀྱི་རྨ་འདི་སྔ་མ་བཞིན་དུ་སོས་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་ལུས་སྔ་མ་ཁོ་ན་བཞིན་དུ་རྨ་མེད་པར་གྱུར་ཏོ། །