རྟེན་ལ་མེ་ཏོག་ཕུལ་བ་དང་བསམ་པ་དག་པས་ཕྱག་དར་བགྱིས་པའི་ཕན་ཡོན།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་རིགས་ཆེ་ཞིང་མཐོ་བའི་ཆུང་མ་ཞིག་ལ་བུ་གཟུགས་བྱད་ལྟ་ན་སྡུག་པ་ཞིག་བཙས་ཏེ། བཙས་མ་ཐག་ཏུ་ནམ་མཁའ་ལས་ལྷ་རྫས་ཀྱི་མེ་ཏོག་ཆར་བཞིན་དུ་བབ་སྟེ། ཁང་པ་ཀུན་གང་བ་ལས། བུའི་མིང་ལྷའི་མེ་ཏོག་ཅེས་བཏགས་སོ། །དེ་ཆེར་སྐྱེས་པ་ན་དད་པའི་སེམས་སྐྱེས་ཏེ་སངས་རྒྱས་འཁོར་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་པ་ན། ཁང་བཟང་དུ་རིན་པོ་ཆེའི་ཁྲི་དང་ཁ་ཟས་རྣམ་པ་སྣ་ཚོགས་པ་ཇི་ལྟར་འདོད་པ་ཀུན་བསོད་ནམས་ཀྱི་འབྲས་བུས་འབད་མེད་དུ་བྱུང་ཞིང་། དེར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས། ཁྱིམ་གང་གི་མི་ཀུན་གྱིས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་བོ། །དེ་ནས་ལྷའི་མེ་ཏོག་གིས་ཕ་མ་ལ་གནང་བ་ཞུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་ཞིང་ནན་ཏན་གྱིས་བརྩོན་པས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་སོ། །དེའི་ཚེ་ཀུན་དགའ་བོས་ལས་ཀྱི་རྒྱུ་ཞུས་པས། སྔོན་སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན་པའི་ཚེ། མི་དབུལ་པོ་ཞིག་གིས་རབ་ཏུ་དད་པའི་སེམས་སྐྱེས་ཏེ། སྤང་དང་ནེའུ་གསེང་ལས་མེ་ཏོག་རྣམ་པ་སྣ་ཚོགས་པ་བཏུས་ཏེ། དགེ་འདུན་ལ་གཏོར་ནས་བསམ་པ་དག་པས་ཕྱག་དར་བྱས་སོ། །རྒྱུ་དེས་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་གང་དུ་སྐྱེས་ཀྱང་བྱད་གཟུགས་ལེགས་ཤིང་མཛེས་པ་དང་། ཅི་ལྟར་བསམ་པ་བཞིན་དུ་བཟའ་བཏུང་དང་ཁྲི་སྟན་སོགས་ཡིད་བཞིན་དུ་འབྱོར་ཞིང་མཐར་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ཡིན་ནོ། །དེ་བས་ན་ཀུན་དགའ་བོ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་སྦྱིན་པ་ཆུང་ངུ་ལ་བསོད་ནམས་མེད་སྙམ་ནས་མ་བརྙས་ཤིག ལྷའི་མེ་ཏོག་ལྟར་ཅི་ཡང་འབྱོར་ཞིང་འགྲུབ་པར་འགྱུར་རོ་གསུངས། འདི་ནི་རྟེན་ལ་མེ་ཏོག་ཕུལ་བ་དང་བསམ་པ་དག་པས་ཕྱག་དར་བགྱིས་པའི་ཕན་ཡོན་བསྟན་པའོ། །