དབུལ་ཕོངས་བཟའ་མི་གཉིས་ཀྱིས་རས་ཡུག་གཅིག་ཕུལ་པའི་བསོད་ནམས།༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་ཅིག་གི་ཆུང་མ་ལ་བུ་མོ་ཞིག་བཙས་ཏེ། བུ་མོ་དེ་ནི་གཞན་ལས་ཁྱད་པར་དུ་འཕགས་པའི་གཟུགས་བྱད་དང་ལྡན་ཞིང་། ཐོག་མར་བཙས་པ་ན་རས་དཀར་པོ་འཇམ་པོས་དཀྲིས་ཏེ་བྱུང་ངོ་། །དེ་མཚན་མཁན་ལ་བསྟན་ནས་མིང་དཀར་མོར་བཏགས། དེ་ཇི་ཙམ་དུ་སྐྱེས་པ་བཞིན་རས་ཀྱང་ལུས་ཀྱི་ཚད་དུ་སྐྱེས་སོ། །དེ་ཉིད་ཆེར་ཕྱིན་པ་ན། ཕ་མས་བག་མར་བཏང་བའི་རྒྱན་བརྡུང་བར་བརྩམས་པ་ན། བུ་མོས་བདག་ནི་རབ་ཏུ་བྱུང་བར་དད་ཀྱི་བག་མར་མི་སྤྲོའོ། །དེར་ཕ་མས་ཆོས་གོས་དྲུབ་པར་བརྩམས་པ་ན་བུ་མོས། བདག་ལ་ཆོས་གོས་གྱོན་པ་ཡོད་ཀྱི་དྲུབ་མི་དགོས་སོ། །དེར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་རབ་ཏུ་བྱུང་བར་གསོལ་བ་དང་། སྟོན་པས་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་པས། སྐྲ་དང་ཁ་སྤུ་རང་བྱི་སྟེ་ལུས་ལ་གྱོན་པའི་རས་དཀར་པོ་དེ་ཡང་ཆོས་གོས་སྨད་ལྔར་གྱུར་ནས། སྐྱེ་དགུའི་བདག་མོ་ལ་བཏད་དེེ། དགེ་སློང་མ་དེས་ཀྱང་བརྩོན་འགྲུས་བརྩམས་པས་རིང་པོར་མ་ལོན་པར་དགྲ་བཅོམ་མར་གྱུར་ཏོ། །དེའི་ཚེ་ཀུན་དགའ་བོས་དེའི་ལས་ཀྱི་རྒྱུ་ཞུས་པས། བཀའ་སྩལ་པ། སྔོན་འདས་པའི་དུས་སངས་རྒྱས་བསོད་སྐྱབས་འཇིག་རྟེན་དུ་བྱོན་པའི་ཚེ། དགེ་སློང་གཅིག་གིས་འགྲོ་བ་མང་པོའི་དོན་དུ་ཡུལ་མི་ཐམས་ཅད་ལ་ཆོས་ཉན་པ་དང་སྦྱིན་པ་བྱེད་པར་བསྐུལ་ལོ། །དེའི་ཚེ་དབུལ་ཕོངས་བཟའ་མི་གཉིས་ལ་དངོས་པོ་རས་ཡུག་གཅིག་ལས་ཅིའང་མེད་པས། ཁྱོ་སློང་དུ་འགྲོ་བ་ན་རས་དེ་དེས་གྱོན་ནས་ཆུང་མ་དེ་གཅེར་བུ་རྩྭའི་ནང་དུ་ཉལ། བུད་མེད་དེ་སློང་དུ་འགྲོ་བ་ན་རས་དེ་དེས་གྱོན་ནས་ཁྱོ་དེ་རྩྭའི་གསེབ་ཏུ་ཉལ་བ་ལས་ནམ་ཞིག་དགེ་སློང་དེ་དེ་གཉིས་ཀྱི་སྒོར་འོངས་ནས་སྦྱིན་པའི་གཏམ་མཛད་པས། དབུལ་མོ་དེ་དད་ནས་རང་གི་ཁྱོ་ལ་རས་ཡུག་དེ་འབུལ་ལོ་སྨྲས་པས། ཁྱོས་བདག་གཉིས་ལ་རས་འདི་ལས་མེད་ན་འཚོ་བ་ཆད་པའི་ཚེ་གཉིས་ཀ་སྡོད་དམ་ཇི་ལྟར་བྱ། ཆུང་མས། སྐྱེས་ཕན་ཆད་འཆི་བ་ལས་མ་འདས་པས་རས་འདི་ཕུལ་ཡང་འཆི་ལ་མ་ཕུལ་ཡང་འཆི། དེ་བས་བསོད་ནམས་ཀྱི་ཞིང་དུ་ཕུལ་བ་ལེགས་སྨྲས་པས། ཁྱོད་ཀྱང་དགའ་བཞིན་དུ་སྦྱིན་པར་སྨྲས་སོ། །བུད་མེད་དེས་དགེ་སློང་ལ། ལུས་ཀྱི་རས་འདི་ལས་དངོས་པོ་གཞན་མ་མཆིས་པས། བུད་མེད་ཀྱི་ལུས་བཙོག་པ་གཟིགས་པར་མི་འོས་པས་ནང་ནས་འབུལ་ལོ། །ཞེས་སྨྲས་ཏེ། གློ་སྐར་ནས་ཕུལ་ལོ། །དེར་དགེ་སློང་དེས་རས་དེ་ཐོགས་ནས་སངས་རྒྱས་ཀྱི་སྤྱན་སྔར་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་བུད་མེད་ཀྱིས་ཕུལ་བའི་རས་དེ་ག་རེ་གསུངས་ནས་ཕྱག་ཏུ་བཞེས་པ་ན། འཁོར་རྣམས་ཀྱིས་རས་དྲི་མ་ཅན་ཕྱག་ཏུ་བཞེས་སོ་སྙམ་པ་མཁྱེན་ནས། ངས་བལྟས་ན་འཁོར་འདིའི་ནང་ན་སྦྱིན་པ་རྣམ་པར་དག་པ་ནི་འདི་ལས་མ་མཐོང་ངོ་གསུངས་པས། འཁོར་རྣམས་ངོ་མཚར་དུ་གྱུར་ནས། རྒྱལ་པོའི་བཙུན་མོ་དེ་རྗེས་སུ་ཡི་རང་བས་གོས་རྒྱན་རྣམས་དབུལ་མོར་བསྐྱལ་ཞིང་། རྒྱལ་པོས་ཀྱང་ཁྱིམ་ཐབ་ལ་གོས་རྒྱན་རྣམས་བསྐུར་ནས། ཁྱོ་ཤུག་གཉིས་པོ་འཁོར་གྱི་ནང་དུ་འོང་བ་དང་། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་སྐྱེ་བོ་ཕལ་ཆེར་རྣམ་པར་གྲོལ་བར་གྱུར་ཏོ། །དེའི་དུས་ཀྱི་དབུལ་མོ་དེ་ནི་དགེ་སློང་མ་དཀར་མོ་འདི་ཡིན་ཏེ། དེའི་ཚེ་བསམ་པ་དག་པས་རས་བྱིན་པའི་འབྲས་བུ་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་གང་ནས་གང་དུ་སྐྱེས་ཀྱང་རྟག་ཏུ་རས་དང་བཅས་ཏེ་སྐྱེས་ཤིང་ལོངས་སྤྱོད་དང་ལྡན་པར་གྱུར་ལ། དེའི་ཚེ་ཆོས་ཐོས་ཤིང་སྨོན་ལམ་བཏབ་པས་ད་ལྟར་ང་དང་འཕྲད་དེ་དགྲ་བཅོམ་མར་གྱུར་ཏོ། །དེ་བས་ན་ཁྱོད་ཀྱང་ཆོས་ཉན་པ་དང་། སྦྱིན་པ་བྱེད་པ་ལ་བརྩོན་པར་གྱིས་ཤིག་གསུངས། |