འདོད་པ་ལ་ཆོག་མི་ཤེས་པའི་ཉེས་པ་དང་ངན་སེམས་ཀྱིས་འབྲས་བུ་དང་སྦྱིན་པའི་བསོད་ནམས་ཀྱི་མཐུ་རྣམས་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། དགེ་སློང་རྣམས་རྙེད་བཀུར་ལ་ཆགས་ཤིང་བྱ་བ་མང་ཞིང་ཆོག་མི་ཤེས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྙེད་པ་ལ་ཆགས་པའི་སྐྱོན་འདི་གསུངས་ཏེ། གང་རྙེད་པ་ལ་ཆགས་པ་ནི་ལུས་ཞིག་ནས། ཚེ་འཕོས་མ་ཐག་པར་ངན་སོང་གསུམ་དུ་ལྷུང་སྟེ་སྡུག་བསྔལ་ཚད་མེད་པར་མྱོང་བར་འགྱུར་རོ། །དེ་བས་ན་ངས་མངོན་དུ་དྲན་པ་སྔོན་འདས་པའི་དུས་ན་འདོད་པའི་དབང་གིས་ལྷུང་ཞིང་སྡུག་བསྔལ་བར་གྱུར་ཏེ། བསྐལ་པ་གྲངས་མེད་དཔག་ཏུ་མེད་པའི་ཕ་རོལ་ན། འཛམ་བུ་གླིང་འདིར་རྒྱལ་པོ་གུ་ས་པ་དེ་ཞེས་བྱ་བ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་པ་ཞིག་ཡོད་དེ། དུས་ནམ་ཞིག་རྒྱལ་པོ་དེའི་སྤྱི་བོ་ན་ཆུ་བུར་ཆེན་པོ་ཞིག་བྱུང་བ་ཇེ་ཆེར་སོང་ནས། མཐར་ཀུ་བ་ཙམ་དུ་གྱུར་པ་དང་དེ་བཀས་པ་ན། ཁྱེའུ་ལྟ་ན་སྡུག་པ་སྐྲ་མཐོན་མཐིང་ལུས་གསེར་མདོག་ཏུ་ཡོད་པ་ཞིག་བྱུང་ནས། མཚན་མཁན་རྣམས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་བསྟན་ནས་མིང་སྤྱི་བོ་སྐྱེས་སུ་བཏགས། དེ་ཉིད་ཆེར་སྐྱེས་ཏེ་ནམ་ཡབ་རྒྱལ་པོ་གཤེགས་པ་ན། རྒྱལ་ཕྲན་རྣམས་ཀྱིས་རྒྱལ་པོ་བྱེད་པར་གསོལ་པ་ན། སྤྱི་བོ་སྐྱེས་ཀྱིས། གལ་ཏེ་ང་རྒྱལ་པོར་འགྱུར་བའི་བསོད་ནམས་དང་དབང་ཐང་ཞིག་ཡོད་ན། རྒྱལ་ཆེན་བཞི་དང་བརྒྱ་བྱིན་སོགས་འོངས་ནས་དབང་བསྐུར་བར་གྱུར་ཅིག ། ཅེས་སྨྲས་མ་ཐག་ཏུ་རྒྱལ་ཆེན་བཞིས་རིན་པོ་ཆེའི་བུམ་པ་སྤོས་ཆུས་བཀང་བ་ཐོགས་ནས་ཁྲུས་བྱས་ཤིང་། བརྒྱ་བྱིན་གྱིས་རིན་པོ་ཆེའི་ཅོད་པཎ་བཅིངས་ནས་ཡོན་ཏན་ལ་བསྔགས་སོ། །དེར་ཡུལ་དུ་གཤེགས་པར་ཞུས་པ་ན། བདག་ལ་རྒྱལ་པོར་འགྱུར་བའི་དབང་ཐང་ཡོད་ན། ཡུལ་ས་ངའི་ཐད་དུ་འོང་རིགས་ཀྱིས། ང་ཡུལ་ས་སྙིགས་སུ་མི་འགྲོའོ་ཞེས་སྨྲས་པས། དེ་མ་ཐག་ཏུ་ཡུལ་ཆེན་པོ་རྒྱལ་པོའི་ཕོ་བྲང་དང་སྐྱེད་ཚལ་ཁྲུས་རྫིང་སོགས་དགོས་པ་ཐམས་ཅད་དེར་བྱུང་ཞིང་། འཁོར་ལོ་རིན་པོ་ཆེ་ལ་སོགས་པའི་རྒྱལ་སྲིད་སྣ་བདུན་པོ་ཡང་བྱུང་སྟེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱང་ངོ་། །དེར་མི་མང་པོས་ཞིང་རྨོ་བ་མཐོང་ནས་བློན་པོ་རྣམས་ལ་དྲིས་པ་དང་། ཐམས་ཅད་ཟས་ཀྱིས་འཚོ་བས་དེའི་ཕྱིར་ཞིང་ལས་བྱེད་དོ་སྨྲས་པ་དང་། རྒྱལ་པོས་གལ་ཏེ་ང་ལ་རྒྱལ་པོར་འགྱུར་བའི་བསོད་ནམས་ཀྱི་དབང་ཐང་ཞིག་ཡོད་ན་ལས་བྱ་མི་དགོས་པར་རོ་བརྒྱ་དང་ལྡན་པའི་ཁ་ཟས་ཡོད་པར་གྱུར་ཏེ། ཐམས་ཅད་ཚིམས་པར་གྱུར་ཅིག་ཅེས་སྨོས་མ་ཐག་ཏུ་བཟའ་བཏུང་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་བཞིན་དུ་གོས་ཀྱི་ཕྱིར་ཐགས་འཐག་པ་མཐོང་ནས། རྒྱལ་པོས་སྔར་བཞིན་བདེན་ཚིག་བརྗོད་པས། ཤིང་ཐམས་ཅད་ལས་ཁ་དོག་སྣ་ཚོགས་པའི་གོས་འབད་མེད་དུ་བྱུང་སྟེ་ཐམས་ཅད་ཚིམས་པར་བྱས་སོ། །དེ་ནས་ཡང་བརྩེ་བའི་ཕྱིར་རོལ་མོའི་ཆ་བྱད་ཐོགས་པ་མཐོང་ནས། བདེན་ཚིག་བརྗོད་པས་ཤིང་ཐམས་ཅད་ཀྱི་ཡལ་ག་ལས་རོལ་མོའི་ཆ་བྱད་མང་པོ་འཕྱང་སྟེ། ནམ་འདོད་པ་ན་རང་འཁྲོལ་ཞིང་ཐོས་པ་ཙམ་གྱིས་དགའ་བ་བསྐྱེད་པར་བྱེད་དོ། །དེ་ནས་ནམ་མཁའ་ལས་རིན་པོ་ཆེ་སྣ་བདུན་གྱིས་ཆར་བབས་ནས་ཡུལ་ཀུན་གང་བ་ན། རྒྱལ་པོས་བློན་པོ་རྣམས་ལ་འདི་སུ་ཡི་མཐུ། ཞེས་དྲིས་པས། འདི་ནི་རྒྱལ་པོའི་ཡོན་ཏན་དང་སེམས་ཅན་གྱི་བསོད་ནམས་ཀྱིས་འདི་ལྟར་གྱུར་ཏོ་སྨྲས་པ་དང་། རྒྱལ་པོས་གལ་ཏེ་སེམས་ཅན་གྱི་བསོད་ནམས་ཀྱི་མཐུས་ཡིན་ན། རིན་པོ་ཆེ་འདི་དག་ཀུན་ཏུ་འབབ་པར་གྱུར་ཅིག གལ་ཏེ་ང་འབའ་ཞིག་གི་དབང་ཐང་ཡིན་ན་ཕོ་བྲང་གི་ནང་དུ་འབབ་པར་ཤོག་ཅིག་ཅེས་སྨྲས་པ་དང་། གཞན་ལ་མ་འབབ་པར་ཕོ་བྲང་གི་ནང་འབའ་ཞིག་ཏུ་ཉིན་ཞག་བདུན་གྱི་བར་དུ་བབ་བོ། །དེ་ལྟར་འཛམ་བུ་གླིང་དུ་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་འདོད་ཡོན་ལྔ་ལ་ལོངས་སྤྱོད་ནས། ཕོ་བྲང་གི་སྒོར་གནོད་སྦྱིན་ཞིག་བྱུང་སྟེ་སྐད་ཆེན་པོས། ཤར་ཕྱོགས་ན་ཤར་གྱི་ལུས་འཕག་གླིང་ཞེས་བྱ་བ་ཡོད་དོ། །དེ་ན་ཡང་བདེ་ཞིང་སྐྱིད་ལ་དཔེ་མེད་པར་བཟང་གིས་རྒྱལ་པོ་ཆེན་པོ་དེར་ཡང་རོལ་ཞིང་གཤེགས་པར་རིགས་སོ་ཞེས་སྨྲས་པ་དང་། རྒྱལ་པོ་ཡང་དེར་འགྲོ་བར་དགའ་ནས། གསེར་གྱི་འཁོར་ལོ་ནམ་མཁའ་ལ་འཕགས་པ་དང་། དེའི་རྗེས་སུ་རིན་པོ་ཆེ་སྣ་བདུན་དང་བཅས་ཏེ་ནམ་མཁར་འཕགས་ནས་ཤར་གྱི་ལུས་འཕགས་གླིང་དུ་ཕྱིན་ཏེ་ཡུལ་དེ་ན་གནས་པའི་རྒྱལ་ཕྲན་གྱི་ཚོགས་ཐམས་ཅད་ཀྱིས་ཕྱག་བྱས་ཤིང་གནས་དེར་འདོད་པ་ལྔ་ལ་ལོ་སྟོང་ཕྲག་བརྒྱད་ཅུའི་བར་དུ་ལོངས་སྤྱོད་ནས། དེ་ནས་སྔ་མའི་ཚུལ་གྱིས་ནུབ་བ་ལང་སྤྱོད་དུ་གཤེགས་ནས་ལོ་སྟོང་ཕྲག་བཅུའི་བར་དུ་བདེ་བར་ལོངས་སྤྱོད་དོ། །དེ་ནས་བྱང་སྒྲ་མི་སྙན་དུ་གཤེགས་ནས་དེར་ཡང་ལོ་སྟོང་ཕྲག་བརྒྱད་ཀྱི་བར་དུ་ལོངས་སྤྱད་ནས། ཡང་གནོད་སྦྱིན་གྱིས་བསྐུལ་བ་སོགས་སྔར་ལྟར་གྱི་ནམ་མཁའ་ལ་འཕགས་ཏེ་རྒྱལ་ཆེན་རིགས་བཞིའི་གནས་སུ་སོང་སྟེ། དེ་དག་གིས་ཐོག་མར་གཡུལ་གྱི་དཔུང་བཤམས་ཀྱང་སྟོབས་ཀྱིས་མ་བཟོད་ནས་ཕྱིར་རང་གནས་སུ་སོང་བ་དང་། དེར་ཡང་ལོ་སྟོང་ཕྲག་བཅུའི་བར་དུ་འདོད་པ་ལ་ལོངས་སྤྱོད་ནས་ཡང་འདི་སྙམ་དུ་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་འགྲོ་བར་བསམ་ནས། འཁོར་དང་བཅས་པ་སྟེང་གི་ནམ་མཁའ་ལ་འཕགས་སྟེ་སོང་བ་ན་དྲང་སྲོང་ལྔ་བརྒྱ་ཙམ་ཞིག་རི་རབ་ལྷུན་པོའི་སུལ་ན་གནས་པ་ལས་རྒྱལ་པོའི་གླང་པོ་ཆེ་དང་། རྟའི་གཅིན་རྟུག་ལྷུང་བས། དེ་དག་ཁྲོས་ནས་གསང་སྔགས་དང་ཕྱག་རྒྱས་བཅིངས་པས་རེ་ཞིག་འགྲོ་བར་མ་ནུས་པ་དང་། རྒྱལ་པོས་ཀྱང་དེ་ལྟར་ཤེས་ཏེ་གལ་ཏེ་ང་ལ་བསོད་ནམས་དང་དབང་ཐང་ཞིག་ཡོད་ན། དྲང་སྲོང་དེ་དག་ངའི་ཐད་དུ་ལྷགས་ཏེ། ང་ལ་མཆོད་པར་ཤོག་ཅིག་ཅེས་སྨྲས་པས། དྲང་སྲོང་ལྔ་བརྒྱ་པོ་རིམ་གྱིས་དེར་ལྷགས་ནས་གཡོག་བྱས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་དོང་ངོ་། །དེར་ལྷ་རྣམས་སྐྲག་ནས་ལྷའི་ཕོ་བྲང་གི་སྒོ་བརྒྱ་ཕྲག་ཕྱེད་དང་བཅུ་གཉིས་ཡོད་པ་བཅད་ནས་ལྕགས་ཀྱི་གཏན་པ་སུམ་རིམ་བཅུག་པ་ལ། རྒྱལ་པོས་དུང་བུས་ཏེ་གཞུ་བདུང་བས་སྒོ་རྣམས་རང་བྱེར་སོང་སྟེ། ལྷའི་དབང་པོས་བསུས་ནས་བརྒྱ་བྱིན་རང་གི་སྟན་ཕྱེད་ལ་བཞག་གོ །ལྷའི་དབང་པོ་དང་མིའི་དབང་པོ་གཉིས་བྱད་གཟུགས་འདྲ་སྟེེ་བྱེ་བྲག་མི་ཕྱེད་ལ། འོན་ཀྱང་ལྷའི་མགྱོགས་བུལ་ཙམ་གྱིས་རྟོགས་སོ། །དེར་ལྷའི་དབང་པོས་སུམ་ཅུ་རྩ་དྲུག་བརྗེས་ཀྱི་བར་དུ་འདོད་པ་ལྔའི་དམ་པ་ལ་ལོངས་སྤྱོད་དོ། །ལྷའི་དབང་པོའི་ནང་གི་ཐ་མ་དེ་བྱང་ཆུབ་སེམས་དཔའ་འོད་སྲུང་ཞེས་བྱ་སྟེ། དེའི་ཚེ་ལྷ་མ་ཡིན་གྱི་རྒྱལ་པོས་ལྷ་རྣམས་ལ་དམག་དྲངས་ནས། བརྒྱ་བྱིན་དང་འཐབས་པ་ལས། བརྒྱ་བྱིན་གྱིས་མ་ཐུབ་ནས་དཔུང་གི་ཚོགས་དང་བཅས་ཕྱིར་གནས་སུ་བྲོས་པ་ན་སྤྱི་བོ་སྐྱེས་ཕྱིར་བྱུང་སྟེ་དུང་བུས་གཞུ་རྒྱུད་སྦྲེངས་པས། ལྷ་མ་ཡིན་གྱི་དམག་རྣམས་དེ་མ་ཐག་ཏུ་ཕྱིར་བྱེར་རོ། །དེར་སྤྱི་བོ་སྐྱེས་ཀྱིས། བདག་གི་མཐུའི་སྟོབས་ནི་གང་དང་ཡང་མི་མཉམ་སྟེ། བརྒྱ་བྱིན་དང་ཐུན་མོང་དུ་འདུག་པ་འདི་རིགས་པ་མ་ཡིན་པས། འདི་བསད་ནས་བདག་འབའ་ཞིག་གིས་རྒྱལ་སྲིད་བྱའོ་སྙམ་དུ་བསམ་པ་ན། སྡིག་པའི་སེམས་དེ་སྐྱེས་མ་ཐག་ཏུ་ནམ་མཁའ་ལས་ལྷུང་ནས་སྔོན་གྱི་ཕོ་བྲང་རྙིང་པའི་སྒོ་དྲུང་དུ་ལྷུང་སྟེ། སྲོག་དང་བྲལ་ལ་ཁད་ཙམ་དུ་ཉམ་ཐག་པར་གྱུར་ཏོ། །དེ་ནས་མི་རྣམས་ལྷགས་ནས། གལ་ཏེ་འཇིག་རྟེན་གྱི་ཁྱིམ་པ་དག་རྒྱལ་པོ་སྤྱི་བོ་སྐྱེས་ཇི་ལྟར་ཚེའི་དུས་བྱས་ཞེས་འདྲི་ན། དེ་ལ་བདག་ཅག་གིས་ཅི་སྐད་བྱ་ཞེས་དྲིས་པ་ན། རྒྱལ་པོས་དེ་ལ་འདི་སྐད་ཅེས་སྨྲོས་ཤིག རྒྱལ་པོ་སྤྱི་བོ་སྐྱེས་ནི་འདོད་པའི་དབང་གི་ཚེ་འཕོས་སོ། །དེས་གླིང་བཞི་ལ་ལོ་བྱེ་བ་ཕྲག་བཞི་བཅུའི་བར་དུ་དབང་བྱས་ཏེ། ཉིན་ཞག་བཞིའི་བར་དུ་རིན་པོ་ཆེ་ཡང་ཆར་བཞིན་དུ་བབས། ལྷའི་རིས་གཉིས་སུ་བྱོན་ཀྱང་ཆོག་མ་ཤེས་པས། ནམ་མཁའ་ལས་ལྷུང་སྟེ་ཚེ་འཕོས་སོ་ཞེས་བྱོས་ཤིག ཅེས་སྨྲས་ཏེ་ཚེའི་དུས་བྱས་སོ། །དེ་བས་ན་དགེ་སློང་དག་རྙེད་པ་དང་གྲགས་པ་ནི་ཡང་དག་པའི་ཉེས་པའི་སྐྱོན་ཆེན་པོ་སྟེ་ཅི་ནས་ཀྱང་རིང་དུ་སྤང་བར་སེམས་ལ་ཡང་དག་པར་བྱང་ཆུབ་ལ་ནན་ཏན་གྱིས་ཤིགདེར་ཀུན་དགའ་བོས་སྤྱི་བོ་སྐྱེས་ཀྱི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་འདས་པའི་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ན་སངས་རྒྱས་པུར་ཤ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པའི་ཚེ། བྲམ་ཟེའི་བུ་མོ་ཞིག་ཆུང་མ་ལེན་པ་ལ། ཡུལ་ཆོས་ཀྱིས་སྲན་མ་སྤར་གང་གཏོར་དགོས་པ་ལས། དེ་སྲན་མ་ཐོགས་ཏེ་འཐོར་དུ་ཕྱིན་པ་ལས་ལམ་དུ་སངས་རྒྱས་བྱོན་པ་དང་ཕྲད་པས་སེམས་དགའ་སྟེ། སྲན་མ་སྤར་གང་པོ་བཅོམ་ལྡན་འདས་ཀྱི་སྐུ་ལ་གཏོར་བས་བཞི་ལྷུང་བཟེད་དུ་སོང་། གཅིག་དབུའི་གཙུག་ཏོར་ལ་ཆགས་པས་རྒྱུ་རྐྱེན་དེ་ཙམ་གྱིས་བསོད་ནམས་ཆེན་པོ་ཐོབ་སྟེ། སྲན་འབྲུ་བཞི་ལྷུང་བཟེད་དུ་སོང་བས་གླིང་བཞི་ལ་དབང་བྱེད་པ་དང་། འབྲུ་གཅིག་སྤྱི་བོར་ཆགས་པས། ལྷའི་རིས་གཉིས་ཀྱི་ལོངས་སྤྱོད་མྱོང་བར་གྱུར་ཏོ། །ཞེས་གསུངས། འདིས་ནི་འདོད་པ་ལ་ཆོག་མི་ཤེས་པའི་ཉེས་པ་དང་ངན་སེམས་ཀྱིས་འབྲས་བུ་དང་སྦྱིན་པའི་བསོད་ནམས་ཀྱི་མཐུ་རྣམས་བསྟན་པ་ཡིན་ནོ། །