བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་པ།

༈ ཡང་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས་ཀུ་ཤའི་གྲོང་ཁྱེར་དུ་གཤེགས་ཏེ་གཟིམས་མལ་གྱི་ཐ་མལ་བཞུགས་པའི་ཚེ། སྐུ་དངོས་ཀྱིས་གདུལ་བར་བྱ་བ་ཀུན་ཏུ་རྒྱུ་རབ་བཟང་དང་། དྲི་ཟའི་རྒྱལ་པོ་རབ་དགའ་གཉིས་ལུས་པར་གཟིགས་ཏེ་དེ་ལས་ཀུན་ཏུ་རྒྱུ་རབ་བཟང་ནི་འདུལ་བར་སླ་ལ། དྲི་ཟའི་རྒྱལ་པོ་རབ་དགའ་ནི་རྒྱགས་ཤིང་བག་མེད་པར་གནས་ཏེ་ངའི་ཐད་དུ་མི་འོང་གིས་ང་དེའི་ཐད་དུ་འགྲོ་བར་བྱའོ་སྙམ་དུ་དགོངས་སོ། །དེ་ལ་དྲི་ཟའི་རྒྱལ་པོ་རབ་དགའ་ནི་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་གནས་ཏེ་དེས་ལྷའི་དབང་པོ་བརྒྱ་བྱིན་དགའ་བར་བྱེད་པའི་ཕྱིར་གླུ་དབྱངས་ཀྱི་སྦྱོར་བ་ལ་ཞུགས་པ་ལས་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུ མས་སུ་ཞུགས་པ་དང་། སྐུ་བལྟམས་པ་དང་། རབ་ཏུ་བྱུང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་རྣམས་སུ་དྲི་ཟ་རབ་དགའ་ལ་སངས་རྒྱས་མཆོད་པའི་ཕྱིར་འགྲོ་བར་བསྐུལ་ཡང་ཀ་ཤི་ཀ་བདག་གིས་གླུ་དབྱངས་སྦྱར་བ་རྩོམ་ལགས་ཏེ། དེ་རེ་ཞིག་ལགས་པར་བགྱིས་ནས། སླད་ཀྱིས་སླེབས་སོ་ཞེས་ཟེར་ནས་འགྲོར་མ་ཉན་ནོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་སྐུ་ལུས་སྤྲུལ་པ་གཅིག་གཟིམས་མལ་དུ་བཞག་སྟེ། དྲི་ཟའི་རྒྱལ་པོར་བཻཌཱུཪྱའི་པི་ཝང་རྒྱུད་སྟོང་དང་ལྡན་པ་ཐོགས་པ་ཞིག་ཏུ་སྤྲུལ་ནས་དྲི་ཟའི་རྒྱལ་པོ་རབ་དགའ་གནས་པའི་སྒོ་དྲུང་དུ་བྱོན་ཏེ་སྒོ་བས་ནང་དུ་སྦྲན་པ་ན། དེ་ང་རྒྱལ་གྱིས་དྲེགས་པས་བདག་གིས་ཚར་བཅད་པར་བྱའོ་སྙམ་སྟེ་ནང་དུ་བོས་ནས་པི་ཝང་འགྲན་པ་ན། ཐོག་མར་བཅོམ་ལྡན་འདས་ཀྱིས་རྒྱུད་གཅིག་བཅད་པ་ནས་མཐར་གྱིས་དགུ་བརྒྱ་དགུ་བཅུ་གོ་དགུའི་བར་བཅད་དེ། རྒྱུད་གཅིག་པོ་དེ་ལས་སྒྲ་ཐམས་ཅད་འབྱུང་བར་མཛད་ཅིང་། རབ་དགས་ཀྱང་དེ་ལྟར་རྒྱུད་གཅིག་པོ་དེ་ལུས་ཀྱི་བར་བཅད་ནས་སྦྲེངས་པས་སྒྲ་ཐམས་ཅད་བྱུང་ངོ་། །དེ་ནས་རྒྱུད་གཅིག་པོ་དེའང་བཅད་པས་བཅོམ་ལྡན་འདས་ཀྱིས་ནི་སྒྲ་སྔ་མ་ལྟར་གྱུར་ལ་རབ་དགས་སྒྲ་གྲགས་པར་མ་གྱུར་པས་དེ་ང་རྒྱལ་ཆག་གོ །དེར་བཅོམ་ལྡན་འདས་ཀྱི་སྐུ་དངོས་བསྟན་ཏེ་ཆོས་བཤད་པས་རྒྱུན་དུ་ཞུགས་པ་ཐོབ་སྟེ་སྐྱབས་འགྲོ་དང་བསླབ་གཞི་བླངས་སོ། །དེ་ནས་དེར་མི་སྣང་བར་མཛད་དེ་རྩྭ་ཅན་དུ་བྱོན་ཏེ། དེར་ཀུན་ཏུ་རྒྱུ་རབ་བཟང་ཞེས་བྱ་བ་ལོ་བརྒྱ་ཉི་ཤུ་ལོན་པ། ཕྱོགས་དེའི་སྐྱེ་བོ་རྣམས་ཀྱིས་དགྲ་བཅོམ་པར་བཀུར་བ་ཞིག་ཡོད་པ་དེ། རྫིང་བུ་དལ་འབབ་ཀྱི་འགྲམ་མེ་ཏོག་ཨུ་དུམ་བཱ་རའི་ཚལ་ན་ཉིན་པར་གནས་ཏེ། དེས་བལྟས་པས་བྱང་ཆུབ་སེམས་དཔའ་བལྟམས་པའི་ཚེ་ཨུ་དུམ་བཱ་རིའི་མེ་ཏོག་རྣམས་ཁ་འབུས་ཞིང་། སངས་རྒྱས་ནས་ཆོས་འཁོར་བསྐོར་བའི་ཚེ་ལྷག་པར་ཡང་རྒྱས་པར་མཐོང་བས་དེ་དག་བདག་གི་བསོད་ནམས་ལས་གྱུར་ཏོ་སྙམ་མོ། །སྐབས་འདིར་མེ་ཏོག་གི་ཚལ་རྣམས་རྙིང་པར་གྱུར་པས་མྱ་ངན་གྱིས་ནོན་ཏེ་སྨྲེ་སྔགས་འདོན་པར་བྱེད་པ་ན། དེ་ལ་དགའ་བའི་ལྷ་ཞིག་གིས་ཚལ་འདི་ཁྱོད་ཀྱི་བསོད་ནམས་ཀྱི་མཐུས་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་མངོན་པར་སངས་རྒྱས་ཏེ་ཆོས་འཁོར་བསྐོར་བའི་མཐུ་ལས་བྱུང་བ་ཡིན་ན་དོ་ནུབ་ཐ་མའི་གཟིམས་ཁྲི་ལ་བཞུགས་ཏེ་མྱ་ངན་ལས་འདས་པར་འགྱུར་བ་དེའི་ཕྱིར་མེ་ཏོག་གི་ཚལ་རྙིང་པ་ཡིན་ནོ། །ཞེས་སྨྲས་པས། དེ་ཐོས་པ་ན་རབ་བཟང་གིས་བདག་གི་ཐེ་ཚོམ་བསལ་བར་བྱའོ་སྙམ་སྟེ། ཤིང་སཱ་ལ་ཟུང་གི་ཚལ་དུ་སོང་བ་ན་ཀུན་དགའ་བོ་ཕྱི་རོལ་དུ་འཆག་པ་དང་འཕྲད་དེ། དགེ་སྦྱོང་ག་ཏ་མ་དོ་ནུབ་འདའ་ཞེས་ཐོས་ན། བདག་ཐེ་ཚོམ་འགའ་ཞིག་ཞུའོ་ཟེར་བ་ལ། དེ་བཞིན་གཤེགས་པ་ནི་སྐུ་བསྙེལ་གྱིས་གནོད་པ་མ་བྱེད་ཅིག་ཅེས་ཀུན་དགའ་བོས་བཟློག་གོ །དེ་ལྟར་རབ་བཟང་གི་ལན་གསུམ་གྱི་བར་དུ་སྨྲས་ཀྱང་ཀུན་དགའ་བོས་བཟློག་པ་ན། བཅོམ་ལྡན་འདས་ཀྱིས་གསན་ཏེ། ང་དང་མུ་སྟེགས་བྱེད་ལྷན་ཅིག་གཏམ་བྱེད་པའི་ཐ་མ་འདི་ཡིན་གྱིས་ཐོངས་ཤིག ཅེས་གསུངས་པས་རབ་བཟང་ནང་དུ་བཏང་ངོ་། །དེས་ཀྱང་ཞུ་བ་རྣམས་ཞུས་པ་ན། བཀའ་སྩལ་པ། རབ་བཟང་ང་ནི་ན་ཚོད་ཉི་ཤུ་དགུ་ལོན་ནས། །ལེགས་པ་གང་ཡིན་ཚོལ་ཕྱིར་རབ་ཏུ་བྱུང་བར་གྱུར། །རབ་བཟང་ང་ནི་རབ་ཏུ་བྱུང་བའི་ཕྱིན་ཆད་ནས། །ལོ་གྲངས་ལྔ་བཅུའི་བར་དུ་ཏིང་འཛིན་བསྒོམས་པ་བྱས། །ང་ནི་ཚུལ་ཁྲིམས་རྣམས་དང་ཞབས་དང་རིག་པ་དང་། །སེམས་ཀྱི་རྩེ་གཅིག་བཏུད་པ་དག་ཀྱང་བསྒོམས་པར་བྱས། །རིགས་པར་ལྡན་པའི་ཆོས་ཀྱི་ཕྱོགས་ཙམ་བརྗོད་པ་ཡང་། །འདི་ལས་ཕྱི་རོལ་པ་ཡི་དགེ་སྦྱོང་གཞན་ན་མེད། །ཅེས་དང་། དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་ཡོད་པ་ལ་དགེ་སྦྱོང་ཡོད་ཀྱི་དེ་མེད་པ་ལ་དགེ་སྦྱོང་མེད་པར་གསུངས་པས་རབ་བཟང་གིས་བདེན་པ་མཐོང་ཞིང་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་ཐོབ་བོ། །དེས་བསམ་པ་སྟོན་པ་མྱ་ངན་ལས་འདའ་བ་བལྟ་བ་ནི་ལེགས་པ་མ་ཡིན་ཏེ། སྔོན་དུ་རང་ཉིད་མྱ་ངན་ལས་འདའ་འོ་སྙམ་ནས་གནས་ལྔ་བྱིན་གྱིས་བརླབས་ཏེ་དེ་ཉིད་དུ་མྱ་ངན་ལས་འདས་སོ། །གནས་ལྔ་ནི་རབ་བཟང་རང་ཉིད་ཀྱི་ལུས་དགེ་སློང་གིས་བལྟས་ན་དགེ་སློང་གི་ཆ་བྱད་དང་མུ་སྟེགས་ཅན་གྱིས་བལྟས་ན་མུ་སྟེགས་ཅན་གྱི་ཆ་བྱད་དུ་མཐོང་བ་དང་གཅིགརྫིང་བུ་ཞིག་སྤྲུལ་ནས་བསྐོར་ཏེ་དེར་མུ་སྟེགས་པ་རྣམས་བྱིང་ལ་དགེ་སློང་རྣམས་མི་བྱིང་བར་དྲུང་དུ་འོང་ནུས་པ་དང་གཉིས། གདུང་འདེགས་པའི་ཁྱོགས་མུ་སྟེགས་པས་འདེགས་མི་ནུས་དགེ་སློང་གི་འདེགས་ནུས་པ་དང་གསུམ། གདུང་བསྲེགས་པའི་མེ་མུ་སྟེགས་ཅན་རྣམས་ཀྱིས་སྦར་མི་ནུས་ཤིང་དགེ་སློང་རྣམས་ཀྱིས་ནུས་པ་དང་བཞི། རུས་བུ་མུ་སྟེགས་ཅན་རྣམས་ཀྱིས་མི་མཐོང་ཞིང་དགེ་སློང་རྣམས་ཀྱིས་མཐོང་ཞིང་མཆོད་ནུས་པ་སྟེ་ལྔའོ། །དེ་ལྟར་ཀུན་ཏུ་རྒྱུ་རབ་བཟང་ཆོ་འཕྲུལ་དང་བཅས་ཏེ་མྱ་ངན་ལས་འདས་པ་མུ་སྟེགས་ཅན་རྣམས་ཀྱིས་ཐོས་པས། རྒྱལ་མཚན་བསྒྲེངས་ཤིང་ལམ་སྲང་རྣམས་བསྐོར་ཏེ། ག་ཏ་མས་ངའི་བསྟན་པ་ལས་གཞན་དུ་མྱ་ངན་ལས་འདས་པ་ཐོབ་པ་མེད་ཅེས་ཟེར་ན། དེང་ཁོ་བོ་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཀུན་ཏུ་རྒྱུ་རབ་བཟང་མྱ་ངན་ལས་འདས་པ་ཐོབ་བོ་ཞེས་ཟེར་རོ། །དེར་དགེ་སློང་རྣམས་དང་མུ་སྟེགས་བྱེད་རྣམས་བདེན་པའི་སྟོབས་བོར་ནས། རབ་བཟང་འདི་སངས་རྒྱས་པའམ་མུ་སྟེགས་བྱེད་སུའི་ཚངས་པ་མཚུངས་པར་སྤྱོད་པ་དེ། དེའི་ཐད་དུ་འགྲོ་ནུས་པ་དང་། གདུང་འདེགས་ནུས་པ་དང་། གདུང་ལ་མེ་སྦར་ནུས་པ་དང་། དེའི་མེ་གསོད་ནུས་པ་དང་། རུས་བུ་བླངས་སྟེ་མཆོད་ནུས་པར་འགྱུར་ལ་མ་ཡིན་པ་དེ་མི་ནུས་སོ་བྱས་ནས་བྱ་བ་དེ་དག་ལ་ཞུགས་པ་ན། མུ་སྟེགས་བྱེད་དེ་དག་གིས་ནི་ཆུ་ཆེན་པོས་བསྐོར་བར་མཐོང་སྟེ་དེའི་ཐད་དུ་འགྲོ་ཡང་མ་ནུས་ཤིང་། གཞན་གདུང་འདེགས་པ་སོགས་ཐམས་ཅད་བྱས་ཀྱང་གང་ཡང་མི་ནུས་པར་གྱུར་ཏེ་རུས་བུའང་མི་མཐོང་ངོ་། །དགེ་སློང་གིས་ནི་དེ་དག་ཐམས་ཅད་ནུས་པར་གྱུར་ཏེ། རུས་བུ་མཆོད་རྟེན་གྱི་ནང་དུ་བཞག་ནས་མཆོད་པར་བྱས་པས་སྐྱེ་བོ་ཐམས་ཅད་ངོ་མཚར་དུ་གྱུར་ཏོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན་བཅོམ་ལྡན་འདས་ཀྱིས། འདི་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཏེ། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་དུས། ཐོག་མར་བྱང་ཆུབ་སེམས་དཔའ་སྐུ་འཁྲུངས་ནས་བྲམ་ཟེ་མཚན་མཁན་ལ་བསྟན་པ་འདི་ནི་གཉིས་སུ་འགྱུར་ཏེ། ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་བར་ལུང་བསྟན་པ་དེ་བྱང་ཆུབ་སེམས་དཔའ་མཛའ་གྲོགས་སུ་གྱུར་པ་བྲམ་ཟེའི་ཁྱེའུ་མྱ་ངན་མེད་ཅེས་བྱ་བས་ཐོས་ནས། དེས་བྱང་ཆུབ་སེམས་དཔའ་ལ། ང་དང་མ་འགྲོགས་པར་ཁྱེད་དཀའ་ཐུབ་ཀྱི་ཚལ་དུ་མ་གཤེགས་ཤིག་ཅེས་བྱས་ལ། བྱང་ཆུབ་སེམས་དཔས་ཀྱང་མྱ་ངན་ལས་འདས་པ་ལ་དགོངས་ནས་དེ་ལྟར་ཞལ་གྱིས་བཞེས་སོ། །དེ་ནས་དཀའ་ཐུབ་ཀྱི་ནགས་ན་གཤེགས་པའི་ཚེ་མྱ་ངན་མེད་ཀྱིས་དམ་བཅས་པ་ལྟར་མ་བྱས་སོ་སྙམ་སྟེ་མི་དགའ་བར་གྱུར་ཏོ། །ཕྱིས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་རྒྱལ་པོ་ཀྲྀ་ཀཱིས་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་གདན་དྲངས་པའི་ལམ་གྱི་ཐག་མི་རིང་བ་ཞིག་ན་བྲམ་ཟེའི་ཁྱེའུ་མྱ་ངན་མེད་གནས་ཏེ་དྲུང་དུ་མི་འོང་བ་ལ་བཀའ་སྩལ་པ། མྱ་ངན་མེད་ཁྱོད་ཅིའི་ཕྱིར་ང་དང་ཕྲད་དུ་མི་འོང་། དེས་གསོལ་པ་སྔོན་བདག་ལ་དམ་པ་ཞེས་པ་ནི་ང་གང་དུ་འགྲོ་བ་དེར་ཁྱོད་ཁྲིད་དེ་འགྲོའོ། །གསུངས་པ་ལས་ཁྱེད་གཅིག་པུར་དཀའ་ཐུབ་ཀྱི་ནགས་སུ་བཞུགས་པའི་ཕྱིར་མི་དགའ་འོ། །བསྐལ་སྩལ་པ། ངས་ནི་མྱ་ངན་ལས་འདས་པ་ལ་བསམས་ཏེ་སྨྲས་པ་ཡིན་ན་ད་ནི་དུས་ལ་བབ་བོ། །དེ་ནས་མྱ་ངན་མེད་དེ་སངས་རྒྱས་འོད་སྲུང་གི་སྤྱན་སྔར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་ལུང་ཡང་མནོས་ནས། དེ་ལེ་ལོའི་དབང་གིས་འདུག་པ་ལ། སངས་རྒྱས་འོད་སྲུང་གིས་དགོན་པའི་བསྔགས་པ་བསྟན་དེ་དགོན་པ་ཞིག་ན་གནས་བཅས་པ་ལས། ཕྱིས་འོད་སྲུང་མྱ་ངན་ལས་འདའ་ཁར་ལྷ་རྣམས་ནམ་མཁར་འགྲོ་བ་ལས་དོ་ནུབ་སངས་རྒྱས་མྱ་ངན་ལས་འདའོ་ཞེས་པའི་གཏམ་དགེ་སློང་མྱ་ངན་མེད་ཀྱིས་ཐོས་པས་ཤིན་ཏུ་མི་དགའ་ཞིང་སྨྲེ་སྔགས་འདོན་པ་ན་ལྷ་ཞིག་གིས་ཁྱེར་ཏེ་སངས་རྒྱས་ཀྱིས་སྤྱན་སྔར་བཞག་པས་དེ་ལ་མཐུན་པའི་ཆོས་བསྟན་པས་སྟན་དེར་དགྲ་བཅོམ་པ་མངོན་དུ་བྱས་ཏེ། སངས་རྒྱས་མ་གཤེགས་པའི་སྔ་ལོགས་དེར་མྱ་ངན་ལས་འདས་སོ། །དེར་ལྷ་དེས་བསམ་པ་འདིས་ཁྱད་པར་འདི་ལྟ་བུ་ཐོབ་པ་དེ་བདག་གི་མཐུ་ཡིན་ནོ་སྙམ་སྟེ། དགེ་བའི་རྩ་བ་འདིས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་བདག་དེ་བས་སྔར་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་པ། དེའི་འོག་ཏུ་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་ལྷ་དེ་ནི་རབ་བཟང་ཡིན་ནོ་གསུངས། གཞན་ཡང་སངས་རྒྱས་འཁོར་བ་འཇིག་རྟེན་དུ་བྱོན་པའི་ཚེ་ནགས་ཁྲོད་ཅིག་ན་དྲང་སྲོང་ལྔ་བརྒྱ་གནས་པ་ལ། དེ་དང་བཤེས་པའི་ལྷ་ཞིག་གིས་སངས་རྒྱས་ཀྱི་བསྔགས་པ་བརྗོད་ཅིང་བསྐུལ་བས་དེ་དག་སངས་རྒྱས་ཀྱི་སྤྱན་སྔར་ཕྱིན་ཏེ་རབ་ཏུ་བྱུང་བ་ནས་དགྲ་བཅོམ་པའི་བར་དུ་གྱུར་ཏེ་དེ་ཐམས་ཅད་སངས་རྒྱས་མྱ་ངན་ལས་འདས་པའི་སྔ་ལོགས་སུ་མྱ་ངན་ལས་འདའ་བར་གྱུར་པ་ན། ལྷ་དེས་ཀྱང་དེ་དང་ཚུལ་མཐུན་པའི་སྨོན་ལམ་བཏབ་སྟེ། དེའི་དུས་ཀྱི་ལྷ་དེ་ཡང་རབ་བཟང་འདི་ཉིད་ཡིན་པར་གསུངས་ཤིང་། སྔོན་བཅོམ་ལྡན་འདས་ཉིད་རྟ་ཅང་ཤེས་སུ་འཁྲུངས་པའི་ཚེ། རབ་བཟང་འདི་ཉིད་རྒྱལ་པོ་ཚང་སྦྱིན་བྱ་བར་གྱུར་པའི་ཚེ་སྐྱེད་མོས་ཚལ་དུ་རྒྱུ་བ་ན་ཉི་འོག་གི་རྒྱལ་པོ་རྣམས་ཀྱི་དམག་བསྡུས་ཏེ་དཔུང་གིས་བསྐོར་བའི་ཚེ་གྲོང་ཁྱེར་གྱི་འོབས་ཟབ་པ་པདྨས་གང་བ་ཞིག་ཡོད་པ་དེ་ལས་པདྨའི་སྟེང་དུ་བརྫིས་ཏེ་ཆས་པའི་ཚེ་མདའ་རྟེའུ་ཁས་རྟ་ཅང་ཤེས་དེའི་རྒྱུ་ལྟོ་དྲལ་ཡང་། རྒྱལ་པོ་དེ་ལ་སྙིང་བརྩེ་བས་མ་འཇིགས་ཤིག་བྱས་ཏེ་འབད་པས་གྲོང་ཁྱེར་དུ་བསྐྱལ་བ་དང་། ཡང་བཅོམ་ལྡན་འདས་ཉིད་རི་དྭགས་ལྔ་བརྒྱའི་ཁྱུ་དཔོན་དུ་གྱུར་པའི་ཚེ་རྒྱལ་པོ་རྣ་བ་ཅན་ཞེས་པའི་དཔུང་གིས་བསྐོར་བའི་ཚེ། འབབ་ཆུ་དྲག་པོ་ཞིག་ཡོད་པའི་ནང་དུ་ཁྱུ་མཆོག་རང་ཉིད་འདུག་སྟེ་ཟམ་པ་བྱས་ནས་དེའི་སྟེང་དུ་ཐམས་ཅད་བྲོས་སུ་བཅུག་པས། དེ་རྣམས་ཀྱི་རྨིག་པས་རྒལ་བ་བཤུས་ཏེ་སླར་སོང་བ་ན་བལྟས་པས། ཤུལ་དུ་རི་དྭགས་གཅིག་ལུས་འདུག་པ་དེ་མཐོང་ནས་དེ་ཡང་འབད་པས་ཕ་རོལ་དུ་བསྒྲལ་ཏེ་དེའི་འོག་ཏུ་རང་ཉིད་ཚེའི་དུས་བྱས་སོ། །དེའི་དུས་ཀྱི་ཤུལ་དུ་ལུས་པ་དེ་ནི་རབ་བཟང་ཡིན་ཏེ། གནས་སྐབས་དེ་དག་ཏུ་ཡང་འདི་ཉིད་འཇིགས་པ་ལས་བསྒྲལ་ཏེ་ད་ལྟར་ཡང་གཡུང་དྲུང་གི་ཆོས་ལ་བཀོད་དོ་གསུངས། དེར་དགེ་སློང་རྣམས་ཀྱིས་དྲི་ཟ་རབ་དགའི་ལས་ཀྱི་རྒྱུ་ཞུས་པར། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་འདི་ཉིད་དགེ་བསྙེན་དབུལ་པོ་ཞིག་ཏུ་གྱུར་པ་ལས། དེའི་ཚེ་རྒྱལ་པོ་ཀྲྀ་ཀྲྀའི་རོལ་མོ་མཁན་འབྱོར་པ་དང་ལྡན་པར་མཐོང་ནས་དེ་ལ་ཡིད་སྨོན་སྐྱེས་ཏེ། ཚེ་དེར་སྐྱབས་འགྲོ་དང་བསླབ་གཞི་རྣམས་བསྲུངས་ནས། དགེ་བའི་རྩ་བ་འདིས་གང་དུ་སྐྱེས་པ་དེར་ཕྱུག་ཅིང་ནོར་མང་བ་དང་རོལ་མོ་མཁན་གྱི་རྒྱལ་པོར་འགྱུར་བ་དང་སངས་རྒྱས་མཉེས་པར་གྱུར་ཅིག ཅེས་འཆི་ཁར་སྨོན་ལམ་བཏབ་པའི་རྒྱུ་དེས་དེ་ལྟར་བྱུང་བར་གསུངས་ཤིང་། གཞན་ཡང་བཅོམ་ལྡན་འདས་ཉིད་རྒྱལ་པོ་རྣམ་པར་རྒྱལ་བ་ཞེས་བྱ་བར་འཁྲུངས་པའི་ཚེ། དཀོར་མཛོད་རྣམས་སྦྱིན་པར་བཏང་ཞིང་མངའ་འབངས་ཐམས་ཅད་དགེ་བ་བཅུ་ལ་སྤྱོད་དུ་བཅུག་པས་སྐྱེ་བོ་ཚེ་འཕོས་པ་རྣམས་ལྷ་ཡུལ་དུ་སྐྱེས་ཏེ་ལྷ་རྣམས་རྒྱས་པར་གྱུར་པ་ན། ལྷའི་དབང་པོ་བརྒྱ་བྱིན་གྱིས་དེའི་རྒྱུ་བརྟགས་པས། བྱང་ཆུབ་སེམས་དཔའི་མཐུར་རིག་ནས་དེའི་ཉམས་བརྟག་པའི་ཕྱིར། སེམས་ཅན་མང་པོ་ཞིག་ཏུ་སྤྲུལ་ཏེ་རྒྱལ་པོའི་སྤྱན་སྔར་ཕྱིན་ཏེ། ངེད་ཅག་ལ་བསད་མ་ཐག་པའི་མིའི་ཤ་དང་ཁྲག་དྲོན་མོ་དག་ཁ་ཟས་སྦྱིན་པར་བྱས་ན་དགེ་བ་བཅུའི་ཁྲིམས་བསྲུང་ངོ་ཞེས་སྨྲས་པས། རྒྱལ་པོས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། རང་གི་ལུས་ཀྱི་ཤ་དག་བཅད་ཅིང་ཁྲག་རྣམས་ཟགས་ཏེ་སྦྱིན་པར་བྱས་པས་བརྒྱ་བྱིན་ངོ་མཚར་དུ་གྱུར་ནས་དྲིས་པས། རྒྱལ་པོས་འགྱོད་པར་མ་གྱུར་པའི་བདེན་ཚིག་བརྗོད་པས་ལུས་སྔ་མ་བཞིན་སོར་ཆུད་པར་གྱུར་པའི་སྔོན་རབས་ཀྱང་གསུངས་སོ། །འདི་དག་གིས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་གཞན་གྱིས་དགེ་བའི་གྲོགས་བགྱིས་པ་སོགས་ཀྱི་བསོད་ནམས་ཀྱང་བསྟན་ཏོ། །