ཚུལ་ཁྲིམས་བསྲུངས་ཤིང་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ད་ལྟར་རྣམ་པར་གྲོལ་བ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་དང་རྒྱལ་པོའི་ཁབ་ཀྱིས་བར་མཚམས་ཤིང་སཱ་ལའི་ནགས་ཁུང་ན། མི་རྒོད་དེ་ཆོམ་རྐུན་པ་ལྔ་བརྒྱ་ཙམ་ཞིག་གནས་ཏེ། མགྲོན་པོ་ཐམས་ཅད་བཅོམ་ཞིང་ཁ་འདོགས་པར་བྱེད་པ་ལས། ཕྱིས་ཞིག་ན་རྒྱལ་པོ་གསལ་རྒྱལ་གྱིས་བུ་འཕགས་སྐྱེས་པོ་དཔུང་གི་ཚོགས་དང་བཅས་ཏེ་མངགས་པས། མི་རྒོད་ལྔ་བརྒྱ་པོ་གསོན་པོར་བཟུང་སྟེ། རྒྱལ་པོ་གསལ་རྒྱལ་ལ་ཕུལ་ཞིང་། གསལ་རྒྱལ་གྱིས་གཤེད་མ་རྣམས་ལ་བསྒོས་ཏེ་གསོད་དུ་བཏང་བ་ན། བཅོམ་ལྡན་འདས་ཀྱི་དེ་དག་འདུལ་བའི་དུས་ལ་བབ་པར་གཟིགས་ནས། རྒྱལ་པོ་གསལ་རྒྱལ་གྱི་ཐད་དུ་བྱོན་ནས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་རིགས་ཀྱི་བུ་ལྔ་བརྒྱ་པོ་འདི་རྣམས་མ་གསོད་པར་ཐོངས་ཤིག རྒྱལ་པོས་གསོལ་པ། གལ་ཏེ་རབ་ཏུ་བྱུང་ན་བཏང་བར་འཚལ་ལོ་ཞེས་ཞུས་ཏེ་བཏང་ངོ་། །དེ་ནས་དེ་རྣམས་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་ནས་རབ་ཏུ་བྱུང་ཞིང་ལུང་ཕོག་པས་ཐམས་ཅད་ཀྱིས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས། ད་ལྟར་འབའ་ཞིག་མ་ཡིན་ཏེ། སྔོན་འདས་པའི་དུས་ནའང་། ཡུལ་བི་དེ་ཧའི་རྒྱལ་པོ་དབང་ཆེན་སྡེ་དཔུང་གི་ཚོགས་དང་བཅས་རི་དྭགས་བཤོར་དུ་སོང་བ་ལས། རྒྱལ་པོའི་བློན་པོ་ལྔ་བརྒྱས་བསད་པར་བགྲོས་པ་བསད་ཤོར་ཏེ། རྒྱལ་པོ་དེས་བློན་པོ་ལྔ་བརྒྱ་པོ་བཟུང་ནས་གསོད་དུ་བཏང་སྟེ་གཤེད་མ་ལ་གཏད་པའི་ཚེ། ནགས་ཁྲོད་ཀྱིི་དྲང་སྲོང་ཞིག་གིས་བསླུས་ཏེ་དཀའ་ཐུབ་ཀྱི་ནགས་སུ་ཁྲིད་དེ་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེའི་དུས་ཀྱི་དྲང་སྲོང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་ནི་ང་ཉིད་ཡིན་ལ། བློན་པོ་ལྔ་བརྒྱ་པོ་ནི་མི་རྒོད་ལྔ་བརྒྱ་པོ་འདི་དག་གོ །གཞན་ཡང་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས། འདི་རྣམས་ཀྱི་ཚུལ་ཁྲིམས་བསྲུངས་ཤིང་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ། །ཡང་སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། མཉན་ཡོད་དང་རྒྱལ་པོའི་ཁབ་ཀྱི་བར་མཚམས་ན་ཤ་ཟ་སྟོང་གནས་ཏེ་ཡུལ་དེ་གཉིས་ཀྱི་སྐྱེ་བོ་རྣམས་ཁ་འདོགས་པར་བྱེད་པ་ལས། རྒྱལ་པོ་གསལ་རྒྱལ་གྱིས་གཟུགས་ཅན་སྙིང་པོ་ལ་བསྐུལ་ནས་བཅོམ་ལྡན་འདས་ལ་འདུལ་བར་གསོལ་པ་བཏབ་པས། བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་བའི་དུས་ལ་བབ་པར་གཟིགས་ནས་རྒྱལ་པོའི་ཁབ་ནས་མི་སྣང་བར་གྱུར་ཏེ། སཱ་ལའི་ནགས་ཁུང་ཤ་ཟ་རྣམས་ཀྱི་འདབ་ཏུ་གཤེགས་སོ། དེར་ཤ་ཟ་རྣམས་ཀྱིས་མཐོང་ནས་གཟུགས་མི་སྡུག་པར་བསྒྱུར་ཏེ་ཤུགས་ཆེན་པོས་བཅོམ་ལྡན་འདས་ཀྱི་སྟེང་དུ་བརྒྱུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པས། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་གནོད་སྦྱིན་ཆེ་བར་གྲགས་སོ་ཅོག་དེར་འོངས་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ཤིང་། ཤ་ཟའི་ཚོགས་དེ་དག་གཙེས་པས་ཤིན་ཏུ་འཇིགས་ཤིང་སྐྲག་ནས་ཕན་ཚུན་དུ་འབྲོས་པར་བརྩམ་པ་ན། ཕྱོགས་ཐམས་ཅད་མེས་གང་བར་སྤྲུལ་པས་དེ་དག་འབྲོས་མ་ནུས་ནས། བཅོམ་ལྡན་འདས་ཀྱི་ཞབས་དྲུང་འབའ་ཞིག་ཞི་བར་མཐོང་སྟེ། སྐྱབས་འཚོལ་ཞིང་དྲུང་དུ་འཁོད་དེ། བཅོམ་ལྡན་འདས་ལ། བདག་ཅག་ལ་བཀའ་ཅི་སྩལ་ཅེས་གསོལ་པས། བཀའ་སྩལ་པ། ཕྱིན་ཆད་སྡིག་པ་ལས་བཟློག་ལ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ཟུངས་ཤིག ཤ་ཟ་རྣམས་ཀྱིས་ཀྱང་བཀའ་བཞིན་དུ་འཚལ་ལོ། །ཞེས་གསོལ་ཏེ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་ཏེ། དེ་ཕྱིན་སྡིག་པའི་ལས་སྤངས་ཤིང་བླ་ན་མེད་པའི་ལམ་ལ་གནས་པར་གྱུར་ནས། ཕན་ཚུན་འགྲུལ་པ་རྣམས་ལ་ཆུ་དང་ཁ་ཟས་ཀྱང་སྦྱིན་ཞིང་ལམ་སྟོར་བ་རྣམས་ལ་ལམ་ཡང་སྟོན་པར་བྱེད་དོ། །དེར་སྐྱེ་བོ་རྣམས་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས་ད་ལྟར་འབའ་ཞིག་མ་ཡིན་ཏེ། སྔོན་འདས་པའི་དུས་ནའང་ས་ཕྱོགས་འདི་ཉིད་ན་ཤ་ཟའི་ཚོགས་ཆེན་པོ་གནས་ཏེ་ཡུལ་ཀཱ་ཤི་དང་ཀོ་ས་ལའི་མི་རྣམས་མ་རུངས་པར་བྱེད་པ་ལས། རྒྱལ་པོའི་ཁབ་ཀྱི་དཀའ་ཐུབ་ཀྱི་གནས་ཞིག་ན་དྲང་སྲོང་ཞིག་ཡོད་པ་དེས་བཏུལ་ཏེ་དགེ་བ་བཅུའི་ལམ་ལ་བཀོད་དོ། །དེའི་དུས་ཀྱི་དྲང་སྲོང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་ནི་ང་ཡིན་ལ། དེའི་ཚེ་ཤ་ཟར་གྱུར་པ་དེ་དག་ནི་ད་ལྟའི་ཤ་ཟ་འདི་རྣམས་ཡིན་ནོ་གསུངས།