ཤི་བི་གཉིས་པ་ནི།

༈ ཡང་ཤི་བི་གཉིས་པ་ནི། ལོ་རྒྱུས་གཞན་སྔ་མ་ལྟར་ལས། ཚིགས་སུ་བཅད་པ་དེའི་ཕྱེད་ཀྱི་ཡོན་དུ། ཁབ་སོར་བཞི་པ་སྟོང་ཤིང་ལེབ་ལ་བཙུགས་པ། དེ་ལྟ་བུ་ཤིང་ལེབ་གཉིས་ཀྱི་བར་དུ་བདག་ཉིད་ཉལ་ཏེ་འཚིར་བར་བྱས་པར་གསུངས་སོ། །འདི་དག་གིས་དམ་པའི་ཆོས་ལ་གུས་པ་བསྐྱེད་དགོས་པར་བསྟན་པའང་ཡིན་ནོ། །སྐབས་འདིར་ཀ་ཤམྦྷིའི་དགེ་སློང་རྣམས་དང་ཡངས་པ་ཅན་གྱི་དགེ་སློང་རྣམས་རྩོད་པར་གྱུར་པ་ལ་བརྟེན་ནས་སྟོན་པས་བཅས་པ་མཛད་པའི་ཚུལ་ཡང་ཡོད་དོ། །དེ་རྣམས་ཀྱིས་མདོ་སྡེ་ལས་བརྒྱ་པ་ལས་གསུངས་པའི་གཏམ་གྱི་སྦྱོར་བ་རྣམས་ཕལ་ཆེར་ཚང་བར་བྱས་ནས། །ད་ནི་གང་པོ་ལ་སོགས་པའི་རྟོགས་བརྗོད་བརྒྱ་པ་ལས་འབྱུང་བའི་གཏམ་གྱི་སྦྱོར་བ་དག་བརྗོད་པར་བྱ་སྟེ། ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གིས་མཆོད་འོས་གཅིག་པུར་གྱུར་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་ཁམས་སུ་གསར་དུ་བྱུང་སྟེ། གསུང་རབ་ཀྱི་ཉིང་{སྙིང}ཁུ་འཐུང་བའི་དུས་ལ་བབ་ཅིང་ལྷ་དང་མི་མན་ཆད་ལ་ཡང་དག་པར་རབ་ཏུ་སྟོན་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གྲགས་པས་ཡོངས་སུ་གང་བར་གྱུར་ཏོ། །དེའི་ཚེ་ལྷོ་ཕྱོགས་ཀྱི་རི་བོ་ཞེས་བྱ་བའི་ལྗོངས་ན་བྲམ་ཟེ་ཆེ་ཞིང་མཐོ་བ་གང་པོ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་བུའི་ནོར་དང་འགྲན་པ་ཞིག་གནས་སོ། །དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ་བདག་ལ་ཕན་པ་དང་གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་བ་དང་བདག་ཉིད་ཆེ་བ། ཆོས་འདོད་པ། གཏོང་བ་ལ་སྲེད་པ། སྦྱིན་པ་ལ་དགའ་བ། རབ་ཏུ་སྦྱིན་པ་ལ་མངོན་པར་དགའ་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་སྟེ། དེས་མཆོད་སྦྱིན་གྱི་ཁང་པ་བརྩིགས་ཏེ། རབ་ཏུ་བྱུང་བ་དང་མུ་སྟེགས་ཅན་ལ་སོགས་པ་སྐྱེ་བོ་སྟོང་ཕྲག་དུ་མ་ཁ་ཟས་ཀྱིས་ཚིམ་པར་བྱེད་པ་ལས། དུས་ནམ་ཞིག་གི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་སྲོག་ཆགས་འབུམ་ཕྲག་མང་པོ་བདེན་པ་ལ་བཀོད་པའི་ཚེ། རྒྱལ་པོའི་ཁབ་ནས་འོང་བའི་གང་པོའི་ཉེ་དུ་རྣམས་ཀྱིས་དཀོན་མཆོག་གསུམ་གྱི་བསྔགས་པ་རྒྱ་ཆེར་བརྗོད་པས། དེ་ཐོས་ནས་དགའ་བ་ཆེན་པོ་ཐོབ་སྟེ་རང་གི་ཁང་ཐོག་ཏུ་སོང་ནས་རྒྱལ་པོའི་ཁབ་ཀྱི་ལོགས་སུ་ཁ་བལྟས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་མེ་ཏོག་ཀྱང་གཏོར། བདུག་པ་དང་ཆུ་ཡང་ཕུལ་ནས་བཅོམ་ལྡན་འདས་མཆོད་སྦྱིན་གྱི་གནས་སུ་གཤེགས་པར་གསོལ་བ་བཏབ་པས། སངས་རྒྱས་ཀྱིས་མཐུས་མཆོད་རྫས་རྣམས་འོད་མའི་ཚལ་དུ་ལྷགས་ཏེ། མེ་ཏོག་རྣམས་བཅོམ་ལྡན་འདས་ཀྱི་དབུའི་སྟེང་དུ་ཁང་པར་གྱུར་ཅིང་། བདུག་པ་ནི་སྤྲིན་གྱི་མགོ་ལྟ་བུ་དང་། ཆུ་ནི་བཻཌཱུཪྱའི་སྡོང་བུ་ལྟ་བུར་གྱུར་ཏོ། །དེར་ཚེ་དང་ལྡན་པ་ཀུན་དགའ་བོས་དེའི་དོན་གསོལ་པ་ན། བཅོམ་ལྡན་འདས་ཀྱིས་ལྷོ་ཕྱོགས་ཀྱི་རི་བོ་ཞེས་བྱ་བའི་ལྗོངས་ནས། བྲམ་ཟེ་ཆེ་ཞིང་མཐོ་བ་གང་པོ་ཞེས་པས་སྤྱན་འདྲེན་གྱིས། དགེ་སློང་དག་ཆོས་ཤིག་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ཉིད་དགེ་སློང་སྟོང་གི་ཞབས་འབྲིང་བྱས་ཏེ་ལྷོ་ཕྱོགས་ཀྱི་རི་བོའི་ལྗོངས་སུ་གཤེགས་ཏེ། བྲམ་ཟེ་དེ་ཉིད་རྫུ་འཕྲུལ་གྱིས་དད་པར་བྱའོ་སྙམ་དུ་དགོངས་ནས་འཁོར་རྣམས་མི་སྣང་བར་མཛད་ནས་སྐུ་ཉིད་གཅིག་པུ་ལྷུང་བཟེད་དང་ཆུ་སྣོད་ཐོགས་ཏེ་མཆོད་སྦྱིན་གྱི་གནས་སུ་གཤེགས་པས། དེ་མཐོང་བ་དང་བྲམ་ཟེ་དེ་རབ་ཏུ་དགའ་ནས་རིངས་པར་མདུན་ནས་བསུ་ཞིང་གདན་བཤམས་པ་ལ་བཞུགས་སུ་གསོལ་བ་ན། བཅོམ་ལྡན་འདས་ཀྱིས་གལ་ཏེ་ཁྱོད་ཀྱིས་ཡོངས་སུ་བཏང་ན་ལྷུང་བཟེད་འདིའི་ནང་དུ་བྱིན་ཅིག དེ་ནས་བྲམ་ཟེ་དེ་བྲམ་ཟེའི་ཁྱེའུ་ལྔ་བརྒྱས་གཡོག་བྱས་ཏེ་ཞལ་ཟས་རྣམ་པ་སྣ་ཚོགས་པས་ལྷུང་བཟེད་དེ་ཉིད་འགེངས་པར་བྱས་པ་ན། བཅོམ་ལྡན་འདས་ཀྱིས་ཀྱང་ཉིད་ཀྱི་ལྷུང་བཟེད་ཀྱི་ནང་ནས་དགེ་སློང་སྟོང་གི་ལྷུང་བཟེད་ཀྱི་ནང་དུ་འཕོ་བར་མཛད་དེ། དེ་ཐམས་ཅད་གང་བར་གྱུར་པ་དང་ལྷུང་བཟེད་དེ་ཉིད་གང་བར་བསྟན་ཅིང་། དེ་ནས་དགེ་སློང་སྟོང་ལྷུང་བཟེད་གང་བ་ཟླ་བ་ཚེས་པའི་དབྱིབས་ལྟ་བུར་འཁོད་པར་བསྟན་ཏོ། །དེའི་ཚེ་ནམ་མཁའ་ནས་ཀྱང་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་དང་དགེ་སློང་སྟོང་གི་ལྷུང་བཟེད་རྣམས་གང་བར་གྱུར་ཏོ་ཞེས་སྒྲ་བསྒྲགས་སོ། །དེ་ལྟར་ཆོ་འཕྲུལ་བསྟན་པ་བྲམ་ཟེ་གང་པོས་མཐོང་ནས་དགའ་མགུ་ཡི་རངས་པར་གྱུར་ཏེ་སངས་རྒྱས་འཁོར་དང་བཅས་པའི་ཞབས་ལ་ཕྱག་བྱས་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་བརྒལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་བྱིན་པ་རྣམས་དབུགས་འབྱིན་པ་དང་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག ཅེས་བྱས་སོ། །དེར་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་དེ་ཞལ་གྱི་སྒོ་ལས་འོད་ཟེར་མུ་མེད་པ་འཕྲོས་ཏེ་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣང་བར་མཛད་དེ་སླར་འདུས་ནས་ལན་གསུམ་དུ་བསྐོར་བ་བྱས་ཏེ། དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེར་ཀུན་དགའ་བོས་ཚིགས་སུ་བཅད་པ་དག་གིས་དེའི་རྒྱུ་རྐྱེན་གསོལ་བ་ན། བཅོམ་ལྡན་འདས་ཀྱིས། བྲམ་ཟེ་ཆེ་ཞིང་མཐོ་བ་འདིས་ང་ལ་བསྙེན་བཀུར་བྱས་པའི་དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་གྲངས་མེད་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ་སྙིང་རྗེ་ཆེན་པོ་ཡོངས་སུ་བསྒོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོ་བཟང་ཞེས་བྱ་བར་གྱུར་ཏེ་འཇིག་རྟེན་དུ་མངོན་པར་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །དེ་ལྟར་གང་པོས་བྱང་ཆུབ་ཏུ་ལུང་བསྟན་པ་ཐོས་ནས་སངས་རྒྱས་འཁོར་དང་བཅས་པ་ལ་ཟླ་བ་གསུམ་གྱི་བར་དུ་བསྙེན་བཀུར་ནས་ལྷག་པར་ཡང་དགེ་བའི་རྩ་བ་བསྐྱེད་པར་བྱས་སོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ་སྟོན་པ་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །སྟོན་པ་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །