ཡུལ་གཉན་པོ་ལ་སྡང་མིག་སོགས་ཀྱིས་སྡིགས་པར་བྱས་པའི་རྣམ་སྨིན་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་པའི་ཚེ། ཡུལ་མཉན་ཡོད་ཀྱི་ཁྱིམ་བདག་ཕྱུག་ཅིང་ནོར་མང་བ་ཞིག་གི་ཆུང་མ་ལ་ཁྱེའུ་མི་སྡུག་པའི་སྣ་གྲངས་བཅོ་བརྒྱད་དང་ལྡན་པ་ཞིག་བཙས་ཏེ། དེ་ཆེར་སྐྱེས་པ་ན་ཕ་མ་གཉིས་ཀྱི་ཁྱིམ་ནས་བསྐྲད་དོ། །དེ་གང་དང་གང་དུ་སོང་བ་དེ་དང་དེར་ཡང་ཡིད་དུ་མི་འོང་བའི་ཕྱིར་སྐྱེ་བོ་མང་པོས་བསྐྲད་དོ། །དེ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་རྣམས་ཀྱིས་ཀྱང་དེ་ལས་གཟི་བརྗིད་ཀྱིས་བརྙས་པར་བྱེད་ན་མིར་གྱུར་པ་རྣམས་ལྟ་ཅི་སྨོས་ཏེ། དེ་གྲོང་ཁྱེར་གྱི་ནང་ནས་བསྐྲད་ནས་སྐྱེད་མོས་ཚལ་དུ་ཞུགས་ཏེ། དེས་རེས་འགའ་ནི་འབྲས་བུ་དང་རྩ་བ་རྙེད་དོ། རེས་འགའ་ནི་མི་རྙེད་དེ་རྩྭ་དང་མེ་ཏོག་དང་། ལོ་མ་དག་གིས་འཚོ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ཉིད་འདུལ་བའི་དུས་ལ་བབ་པར་མཁྱེན་ནས་དགེ་སློང་གི་དགེ་འདུན་དང་བཅས་ཏེ་སྐྱེད་མོས་ཚལ་དེར་གཤེགས་པ་དང་། དེ་ངོ་ཚ་ནས་ཕན་ཚུན་དུ་འབྲོས་པར་བརྩམས་ཀྱང་འབྲོས་མི་ནུས་པར་བྱིན་གྱིས་བརླབས་ནས་བཅོམ་ལྡན་འདས་ཉིད་ཀྱང་དེ་ལྟ་བུའི་མི་སྡུག་པ་ཁམ་ཕོར་ཟས་ཀྱིས་བཀང་བ་བསྣམས་པར་སྤྲུལ་ནས་དེའི་ཐད་དུ་བྱོན་པས་བག་ཕབ་སྟེ་དེ་ཁ་ཟས་ཀྱིས་ཚིམས་པར་བྱས་པའི་འོག་ཏུ་བཅོམ་ལྡན་འདས་ཀྱི་སྐུ་དངོས་སུ་བསྟན་པས། དེས་གསོལ་པ། ད་ནི་ཁྱོད་བྱད་གཟུགས་བཟང་པོར་གྱུར་ན་ལས་གང་གི་མཐུ་ལས་གྱུར། བཀའ་སྩལ་པ། ང་ལ་སེམས་དགའ་བར་བྱེད་པ་ཞེས་བྱ་བའི་རིགས་སྔགས་ཡོད་པ་དེའི་མཐུ་ཡིན་ནོ། །དེ་ནས་དེས་སངས་རྒྱས་འཁོར་དང་བཅས་པ་ལ་སེམས་དགའ་བར་བྱས་པས། དེའི་མི་སྡུག་པ་མེད་ནས་བཟང་པོར་གྱུར་ཏེ་རབ་ཏུ་བྱུང་བས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་འདས་པའི་དུས་ནས་སངས་རྒྱས་བཅོམ་ལྡན་འདས་རྒྱལ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། དེའི་ཚེ་ཉེ་བར་གྱུར་པའི་བྱང་ཆུབ་སེམས་དཔའ་གཉིས་ཡོད་དོ། །བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་དང་། བྱམས་པའོ། །དེ་ལ་བྱམས་པ་ནི་རང་གི་རྒྱུད་ཡོངས་སུ་སྨིན་པར་གྱུར་ལ་གདུལ་བར་བྱ་བ་རྣམས་ཡོངས་སུ་མ་སྨིན། ཤཱཀྱ་ཐུབ་པ་ནི་རང་གི་རྒྱུད་ཡོངས་སུ་མ་སྨིན་ལ་གདུལ་བྱ་རྣམས་ནི་ཡོངས་སུ་སྨིན་པར་གཟིགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་གྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པའི་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གངས་རིའི་སྟེང་དུ་གཤེགས་ཏེ་རིན་པོ་ཆེའི་བྲག་ཕུག་ཏུ་ཞུགས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་འབྲས་བུ་དང་རྩ་བ་དག་གི་ཕྱིར་རིའི་རྒྱལ་པོ་གངས་ཀྱི་སྟེང་དུ་སོང་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་སྟེ། དེས་ཉིན་མཚན་བདུན་གྱི་བར་དུ་རྐང་པ་ཡ་གཅིག་གིས་འགྲེང་སྟེ་ཚིགས་སུ་བཅད་པ་གཅིག་གིས་བསྟོད་དེ་སེམས་རྩེ་གཅིག་པས། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །འཇིག་རྟེན་འདི་ནའང་ཡོང་གིས་མེད་ལ་རྣམ་ཐོས་བུ་ཡི་ཕོ་བྲང་ན་ཡང་མེད། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་མ་ལུས་བསྐོར་ཀྱང་ག་ལ་ཡོད། །ཅེས་བསྟོད་དོ། །དེ་ནས་རྫོགས་པའི་སངས་རྒྱས་རྒྱལ་གྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པའི་རྒྱུད་ཡོངས་སུ་སྨིན་པར་གཟིགས་ནས་སྐྱེས་བུ་དམ་པ་ལེགས་སོ། །བྲམ་ཟེ་དམ་པ་དེ་རིང་དུ། །དེ་བཞིན་གཤེགས་ལ་ལེགས་བསྟོད་པའི། །སྟོབས་དང་བརྩོན་འགྲུས་རྫོགས་པ་འདིས། །བསྐལ་པ་དགུ་ཞིག་འདུམ་པར་གྱུར། །ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་ལྷ་ཆེ་བར་གྲགས་པ་རྣམས་ཀྱི་ཞབས་འབྲིང་བྱས་ཏེ། ཕུག་དེའི་ནང་དུ་བཞུགས་པ་དང་། ཕུག་དེའི་ནང་ན་གནས་པའི་ལྷ་ཆུང་བར་གྲགས་པ་ཞིག་ཡོད་པ་དེས་ཕུག་དེའི་ནང་དུ་འགྲོ་མ་ནུས་སོ། །དེ་ནས་དེས་གཟུགས་མི་སྡུག་པར་བསྒྱུར་དེ་བཅོམ་ལྡན་འདས་ལ་ཡུན་རིང་མོ་ཞིག་ཏུ་བསྡིགས་ཀྱང་གནོད་པ་བྱེད་མ་ནུས་པས། སླར་དད་དེ་ཞབས་ལ་ཕྱག་བྱས་ནས་བཟོད་པར་གསོལ་ཏེ་བཤོས་ཀྱང་གསོལ་ལོ། །དེའི་དུས་ཀྱི་ལྷ་དེ་ནི་འདི་ཡིན་ཏེ། ལས་དེས་འཁོར་བ་སྡུག་བསྔལ་མཐའ་ཡས་པར་མྱོང་ལ་ད་ལྟར་ཡང་རྒྱུ་དེ་ཁོ་ནས་མི་སྡུག་པར་གྱུར་ཏོ། །ཕྱིས་དགའ་བ་སྐྱེས་པས་མི་སྡུག་པ་མེད་པར་གྱུར་ནས། དགྲ་བཅོམ་པ་ཐོབ་པར་གསུངས་སོ། །འདིས་ནི་ཡུལ་གཉན་པོ་ལ་སྡང་མིག་སོགས་ཀྱིས་སྡིགས་པར་བྱས་པའི་རྣམ་སྨིན་བསྟན་པའོ། །འདིར་གང་གཱ་པའི་རྟོགས་བརྗོད་འབྱུང་སྟེ་གོང་དུ་བསྟན་པའི་གང་གཱ་དར་དང་དོན་གཅིག་སྟེ། དེ་ལས་ཅུང་མི་འདྲ་བའི་ཁྱད་པར་དེ་རབ་ཏུ་བྱུང་བར་ཕ་མས་མ་གནང་སྟེ་འཆིར་འདོད་པ་ན་དུག་དང་མེ་དང་ཆུས་ཀྱང་མ་གནོད་ཅིང་། རྒྱལ་པོའི་ཕོ་བྲང་གི་ཁྱིམ་ཕུག་པས་བཟུང་ནས་གསོད་སར་ཁྲིད་པ་ན་དེས་གཤེད་མ་རྣམས་ལ། ཀྱེ་རྒྱལ་པོའི་བཀའ་འགྱུར་ན་མི་རུང་གིས་མྱུར་བར་དྲོངས་ཤིག་ཟེར་བ་གཤེད་མ་རྣམས་ཀྱིས་རྒྱལ་པོ་ལ་སྦྲན་པས། ཕྱིར་བཟློགས་ཏེ་དྲིས་པ་ན་རྒྱུ་མཚན་བཤད་པས་རྒྱལ་པོ་མ་སྐྱེས་དགྲ་ངོ་མཚར་དུ་གྱུར་ཏེ། སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་དད་པས་རབ་ཏུ་བྱུང་བ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། ཝཱ་རཱ་ཎ་སཱིའི་ཚོང་དཔོན་གྱི་བུ་གང་གཱ་པ་འདི་ཡིན་ནོ། །དེར་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་ཝཱ་རཱ་ཎ་སཱིའི་རིགས་ངན་གྱི་དུར་རྐུན་པ་ཞིག་གིས་མགྲོན་པོ་དག་བཅོམ་སྟེ་རྫས་ཐོབ་པ་དང་། དེའི་ཕྱི་བཞིན་དུ་མི་རྒོད་དག་གི་བསྙེགས་པ་ལས་རིང་ཞིག་ན་རང་སངས་རྒྱས་ཞིག་འགོག་པར་སྙོམས་པར་ཞུགས་པ་དེའི་མདུན་དུ་རིགས་ངན་དེས་རྫས་རྣམས་བོར་ཏེ་དེ་ཉིད་དུ་ཡིབ་པ་ན། མི་རྒོད་དག་གིས་རང་སངས་རྒྱས་ལ་བོང་རྡོ་དག་གིས་ཀྱང་བསྣུན། མཚོན་གྱིས་ཀྱང་བཏབ། མེས་བསྲེགས་ཀྱང་དེ་འགོག་སྙོམས་ལ་ཞུགས་པས་ཆོས་གོས་ཀྱི་གྲ་ཙམ་ཡང་བསྐྱོད་མ་ནུས་སོ། །དེ་ནས་དེ་དག་ཕྱིར་ལོག་པའི་འོག་ཏུ་རང་སངས་རྒྱས་ཏིང་ངེ་འཛིན་ལས་བཞེངས་པ་ན་སྔར་གྱི་དུར་རྐུན་དེ་དད་པར་གྱུར་ཏེ་བཤོས་གསོལ་ནས་སྨོན་ལམ་བཏབ་པ། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་ཐོབ་པར་གྱུར་ཅིག འདི་ཇི་ལྟར་གཞན་གྱིས་མི་ཚུགས་པ་དེ་བཞིན་དུ་བདག་ཀྱང་གང་དུ་སྐྱེས་པ་དེ་དང་དེར་གཞན་གྱིས་མི་ཚུགས་པར་གྱུར་ཅིག འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པར་བྱེད་པར་མ་གྱུར་ཅིག ཅེས་བྱས་སོ། །དེའི་དུས་ཀྱི་དུར་རྐུན་དེ་ནི་གངྒཱ་པ་འདི་ཡིན་ནོ། །གཞན་ཡང་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་བསྲུངས་པས་དགྲ་བཅོམ་པ་ཐོབ་པར་གསུངས་སོ། །ཡང་སྟོན་པ་འོད་མའི་ཚལ་དུ་བཞུགས་པའི་ཚེ། སྤང་སྤོས་ཅན་གྱི་གྲོང་ན་བྲམ་ཟེ་རྒྱལ་ཞེས་པ་ཞིག་གནས་པ་དེས། བྲམ་ཟེ་མ་ཀ་རིས་བུ་མོ་ཤཱ་རི་ཞེས་བྱ་བ་ཐོབ་ནས་ཤཱ་རིའི་ལྟོར་ཤཱ་རིའི་བུ་ཞུགས་པ་དེའི་ཚེ་བུད་མེད་དེ་མིང་པོ་སེན་རིངས་དང་གཞུང་རྩོད་པ་ལས་མིང་པོ་ཆད་པ་ལ་ཐུག་པར་བྱས་ཏེ། དེ་ནས་སེན་རིངས་ཀྱིས་འདིའི་ལྟོར་སེམས་ཅན་བསོད་ནམས་ཆེ་བར་གྲགས་པ་ཞིག་ཉིང་མཚམས་སྦྱར་བ་འདྲ་སྟེ་དེའི་མཐུ་ཡིན་གྱིས། བདག་གིས་སྔ་ནས་ཕྱོགས་འགའ་ཞིག་ལ་བརྟེན་པར་བྱའོ་སྙམ་སྟེ། ལྷོ་ཕྱོགས་སུ་སོང་ནས་བསྟན་བཅོས་མང་པོ་བསླབས་སོ། །དེ་ནས་རེ་ཞིག་ན་མཐར་གྱིས་ཤཱ་རིའི་བུ་བཙས་ཏེ་དེ་ལོ་བཅུ་དྲུག་ལོན་པ་དང་། དབང་པོའི་བརྡ་སྤྲོད་པ་ལོབས་ནས་གཞུང་གི་རྩོད་པ་ཐམས་ཅད་ཚར་བཅད་ནས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་ནས་ཀུན་ཏུ་རྒྱུ་སེན་རིངས་ཀྱིས་མུ་སྟེགས་པ་དེ་དག་ཐམས་ཅད་ཚ་བོས་ཚར་བཅད་ནས་ད་ལྟར་དགེ་སྦྱོང་ག་ཏ་མའི་སློབ་མར་ཁས་བླངས་སོ་ཞེས་ཐོས་པས། ཀུན་ཏུ་རྒྱུ་སེན་རི ངས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་། དེའི་ཚེ་ཤཱ་རིའི་བུ་བསྙེན་པར་རྫོགས་ཏེ་ཞག་བཅོ་ལྔ་ལོན་ཏེ་བཅོམ་ལྡན་འདས་ཀྱིས་འཁོར་རྣམ་བཞི་ལ་ཆོས་གསུང་བའི་སྤྱན་སྔར་བསིལ་གཡབ་གཡོབ་ཅིང་འདུག་གོ །དེ་མཐོང་ནས་ཀུན་ཏུ་རྒྱུ་སེན་རིངས་ཀྱིས་བཅོམ་ལྡན་འདས་ལ་ཞུ་བ་ཞུ་ལན་འགའ་ཞིག་གིས་མཐར་བཅོམ་ལྡན་འདས་ཀྱིས་སོ་སོ་ཡང་དག་པར་རིག་པ་དང་འབྲེལ་བའི་ཆོས་ཀྱི་བདུད་རྩི་སྩལ་པས། ཤཱ་རིའི་བུ་ནི་དགྲ་བཅོམ་པར་གྱུར་ཏེ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ཞིང་ཀུན་ཏུ་རྒྱུ་སེན་རིངས་ཀྱིས་ཀྱང་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་ཏེ་སྟོན་པའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་། དབེན་པར་བག་ཡོད་པ་དང་བརྩོན་འགྲུས་ཀྱིས་འབད་པས་མཐར་གྱིས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་སོ་སོར་ཡང་དག་པར་རིག་པ་ཐོབ་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། དགེ་སློང་གསུས་པོ་ཆེ་འདི་ཡིན་ནོ། །ཞེས་བཀའ་སྩལ་པས། དགེ་སློང་རྣམས་ངོ་མཚར་དུ་གྱུར་ནས། དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་ཝཱ་རཱ་ཎ་སཱིར་མི་རྒོད་ལྔ་བརྒྱ་མཆིས་པ་ལས། དེའི་སྡེ་དཔོན་དུ་གྱུར་པ་དེས། འདི་ན་གཞན་གྱི་མི་འགའ་ཡོད་དམ་ལྟོས་དང་། དེ་བདག་ཅག་གིས་གནོད་སྦྱིན་ལ་མཆོད་པ་བྱའོ། །དེ་ནས་མི་རྒོད་རྣམས་ཀྱིས་ནགས་ཁྲོད་དུ་བཙལ་བས་རང་སངས་རྒྱས་ཤིག་རྙེད་དེ། དེ་བཟུང་ནས་སྡེ་དཔོན་གྱི་ཐད་དུ་ཁྲིད་པ་ན་དེས་སོད་ཅིག་ཅེས་བསྒོ་བའི་ཚེ། རང་སངས་རྒྱས་དེ་ནམ་མཁའ་ལ་འཕགས་ཏེ་ཆོ་འཕྲུལ་སྣ་ཚོགས་པ་བསྟན་པས། མི་རྒོད་གྱི་སྡེ་དཔོན་དེ་འགྱོད་པར་གྱུར་ནས། ཞབས་ལ་ཕྱག་བྱས་ཤིང་བཤོས་ཀྱང་གསོལ་ནས། བདག་གིས་ཡོན་ཏན་འདི་ལྟ་བུ་ཐོབ་པ་དང་འདི་བས་ཀྱང་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་མི་རྒོད་ཀྱི་སྡེ་དཔོན་དེ་ནི་གསུས་པོ་ཆེ་འདི་ཡིན་ནོ། །གཞན་ཡང་སངས་རྒྱས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་ནས་ལོ་ཁྲིའི་བར་དུ་ཚངས་པར་སྤྱོད་པ་སྤྱད་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ་གསུངས། །

།ཡང་བཅོམ་ལྡན་འདས་གྲོང་ཁྱེར་ཀུ་ཤི་ན་གྱད་ཀྱི་ཉེ་འཁོར་ཤིང་སཱ་ལ་ཟུང་གི་ཚལ་དུ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པའི་ཚེ་གྲོང་ཁྱེར་པ་ཏྲ་ལིའི་བུ་ཞེས་བྱ་བ་ན་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བས་རྒྱལ་སྲིད་བྱེད་དེ། དེ་ལས་སྲས་གཟུགས་བཟང་ཞིང་ལྟ་ན་སྡུག་པ་མིག་བྱ་ཀུ་ན་ལའི་མིག་འདྲ་བ་ཞིག་བཙས་ཏེ། མིང་ཀུ་ན་ལ་ཞེས་པར་བཏགས་སོ། །དེ་ཆེར་སྐྱེས་པ་ན་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རྒྱལ་པོའི་པང་དུ་བླངས་ཏེ་ཡང་དང་ཡང་དུ་བལྟས་ནས། དེའི་བྱད་གཟུགས་ཕུན་སུམ་ཚོགས་པས་ངོམས་པར་གྱུར་ཏེ། འཇིག་རྟེན་ན་ངའི་བུ་དང་བྱད་གཟུགས་མཚུངས་པ་མེད་དོ་ཞེས་ཟེར་རོ། །དེའི་ཚེ་ཡུལ་ས་འཛིན་ན་གྲོང་ཁྱེར་མེ་ཏོག་ཁུར་ཆེན་ཞེས་བྱ་བ་ན། ཁྱིམ་བདག་གཅིག་ལ་བུ་མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་ཞིག་བཙས་ཏེ། དེ་བཙས་པ་ན་རིན་པོ་ཆེའི་རྫིང་བུ་ལྷའི་སྤོས་ཆུས་གང་བ་དང་སྐྱེད་མོས་ཚལ་ཆེན་པོ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པ་འགྲོ་ཤེས་པ་ཞིག་བྱུང་སྟེ། ཁྱེའུ་དེ་གང་དུ་འགྲོ་བ་དེ་དང་དེར་རྫིང་དང་སྐྱེད་མོས་ཚལ་དེ་ཡང་འབྱུང་བར་འགྱུར་རོ། །དེ་ནས་ཁྱེའུ་དེའི་མིང་མཛེས་ལྡན་ཞེས་བྱ་བར་བཏགས་ཏེ་ཆེར་སྐྱེས་པ་ན་ཡུལ་དེའི་ཚོང་པ་དག་ཡུལ་པ་ཏྲ་ལིའི་བུར་ཕྱིན་ནས། རྒྱལ་པོ་ལ་སྐྱེས་ཕུལ་བ་དང་། རྒྱལ་པོས་བུ་ཀུ་ན་ལ་བསྟན་ནས། ཁྱེད་ཀྱིས་གཟུགས་བྱད་འདི་ལྟ་བུ་སྔོན་ཆད་མཐོང་ངམ་ཞེས་དྲིས་པས། དེ་དག་གིས་ཕྱག་བྱས་ཏེ་གྱོད་མི་སྨྲ་བར་གསོལ་ནས། ཁྱེའུ་མཛེས་ལྡན་གྱི་བསྔགས་པ་བརྗོད་པས་རྒྱལ་པོ་མྱ་ངན་མེད་ཡ་མཚན་དུ་གྱུར་ནས་བལྟ་བར་འདོང་བས་དེར་ཕོ་ཉ་བ་བཏང་བས། ཡུལ་དེའི་སྐྱེ་བོ་རྣམས་སྐྲག་སྟེ། ཁྱེའུ་དེ་མུ་ཏིག་གི་དོ་ཤལ་འབུམ་གྱི་སྐྱེས་དང་བཅས་ཏེ་རྒྱལ་པོའི་དྲུང་དུ་བརྫངས་པས། རྒྱལ་པོས་དེ་མཐོང་བ་ན་མཆོག་ཏུ་ཡ་མཚན་དུ་གྱུར་ཏེ། གནས་བརྟན་ཉེ་བར་སྲུང་ལ་ཡ་མཚན་དུ་བསྟན་པའི་ཕྱིར་ཁྱེའུ་མཛེས་ལྡན་ཁྲིད་དེ་ཁྱིམ་བྱའི་ཀུན་དགའ་ར་བར་སོང་། །དེ་ན་དགྲ་བཅོམ་པ་ཉེ་བར་སྲུང་ལ་སོགས་པ་ཁྲི་བརྒྱད་སྟོང་དང་སློབ་པ་དང་སོ་སོའི་སྐྱེ་བོའི་དགེ་སློང་ནི་དེའི་ཉིས་འགྱུར་དུ་གནས་སོ། །དེ་ནས་ཁྱེའུ་མཛེས་ལྡན་གྱིས་གནས་བརྟན་ཉེ་བར་སྲུང་གི་རྐང་པ་ལ་ཕྱག་བྱས་ཏེ་ཆོས་ཉན་པས་རབ་ཏུ་བྱུང་འདོད་པར་གྱུར་ཏེ། དེས་རྒྱལ་པོ་ལ་གསོལ་ནས། གནས་བརྟན་ཉེ་བར་སྲུང་གི་ཐད་དུ་རབ་ཏུ་བྱུང་ཞིང་། དེས་སྦྱོར་བ་དང་བསྒྲུབ་པ་དང་། འབད་པས་ཕོལ་ཕུང་ལྔ་སྡུག་བདེན་གྱི་མཚན་གཞི་ཡིན་པས་མཆན། མིག་ལྔ་པའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་ལྷུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན། ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེར་རྒྱལ་པོ་མྱ་ངན་མེད་ངོ་མཚར་དུ་གྱུར་ནས་གནས་བརྟན་ཉེར་སྲུང་ལ། བཙུན་པ་མཛེས་ལྡན་གྱི་ལས་གང་བགྱིས་པས་གཟུགས་མཛེས་དང་། །རིན་པོ་ཆེའི་རྫིང་དང་སྐྱེད་མོས་ཚལ་འགྲོ་ཤེས་པར་བྱུང་བར་གྱུར་ཅེས་དྲིས་པས། གནས་བརྟན་ཉེར་སྲུང་གིས། རྒྱལ་པོ་ཆེན་པོ་མཛེས་ལྡན་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །སྔོན་གང་གི་ཚེ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཁོར་ལྔ་བརྒྱ་དང་བཅས། ཡུལ་མ་ག་དྷར་ལྗོངས་རྒྱུ་ཞིང་དོང་སྟེ། ཆོས་ཡང་དག་པར་བསྡུ་བར་འདོད་པ་ལས། རེ་ཞིག་ན་ཚོང་པ་དབུལ་པོ་ཞིག་གིས་དགེ་སློང་གི་དགེ་འདུན་ཕལ་ཆེར་སྟོན་པ་དང་བྲལ་བའི་མྱ་ངན་གྱིས་ནོན་པར་གྱུར་ལ་འགྲོ་འགྲོ་བས་དུབ་ཅིང་ལུས་རྡུལ་གྱིས་ཡོགས་པར་མཐོང་ནས། སྙིང་རྗེ་སྐྱེས་ཏེ་དེས་འོང་སྲུང་ཆེན་པོ་ལ་སོགས་པ་དགེ་སློང་ལྔ་བརྒྱ་པོ་ཆོ་ག་དང་ལྡན་པའི་ཁྲུས་ལ་སྤྱན་དྲངས་སོ། །དེ་ནས་དེས་ཆུ་དྲོན་སྤོས་སྣ་ཚོགས་ཀྱིས་བསྒོས་པ་ཕུལ་ཏེ། དགེ་སློང་རྣམས་ཀྱིས་ལུས་བཀྲུས་ཤིང་ཆོས་གོས་རྣམས་ཀྱང་བཀྲུས་སོ། །ཁ་ཟས་བཟང་པོས་ཀྱང་ཚིམས་པར་བྱས་ནས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ཀྱང་བླངས་ཏེ་སྨོན་ལམ་བཏབ་པ། བདག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ཉིད་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་གྱུར་ཅིག ། ཅེས་བྱས་སོ། །དེའི་དུས་ཀྱི་ཚོང་དཔོན་དབུལ་པོར་གྱུར་པ་དེ་ནི་དགེ་སློང་མཛེས་ལྡན་འདི་ཡིན་ཏེ། དེས་དགེ་སློང་དག་ལ་ཆོ་ག་དང་ལྡན་པའི་ཁྲུས་བྱས་པ་དེས་འདི་ལྟར་གཟུགས་ཁྱད་པར་ཅན་དུ་གྱུར་ལ། རིན་པོ་ཆེའི་རྫིང་ལྷའི་སྤོས་ཆུས་གང་བ་དང་། སྐྱེད་མོས་ཚལ་ཆེན་པོ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པ། འགྲོ་ཤེས་པ་བྱུང་བར་གྱུར་ཏོ། །དེས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་པ་དེས་ནི་ཚེ་འདི་ཉིད་ལ་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །རྒྱལ་པོ་ཆེན་པོ་དེ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀའ་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ་གསུངས། འདི་དག་གིས་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པ་ལས་འབྱུང་བའི་བསོད་ནམས་ཀྱི་འབྲས་བུ་བསྟན་པ་སྟེ། དེ་རྣམས་ཀྱིས་གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པའི་སྙིང་པོ་བསྡུས་ཏེ་བརྗོད་པ་ཡིན་ནོ། །