Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྫུན་གྱི་ཉེས་དམིགས་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབརྫུན་གྱི་ཉེས་དམིགས་བསྟན་པ།next

བརྫུན་གྱི་ཉེས་དམིགས་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་བ་ཞིག་མཆིས་པ་ལས། དེའི་ཆུང་མ་སྦྲུམ་མར་གྱུར་པ་ན་ཁྱིམ་བདག་དེ་ཚེ་འཕོས་པར་གྱུར་ཅིང་། རིང་པོར་མ་ལོན་པར་བཙས་པ་ན་བུ་ཕོ་ཞིག་བྱུང་སྟེ། དེ་ལ་རྣ་བ་ཡང་མེད། མིག་ཀྱང་མེད། སྣ་ཡང་མེད། ལྕེ་ཡང་མེད། རྐང་ལག་ཀྱང་མེད་དེ། ཕོ་མཚན་འབའ་ཞིག་ཡོད་པའི་ཤ་གོང་གོང་པོ་ཞིག་བྱུང་བས། དེའི་མིང་ཡང་མ་འཇི་བྱི་ལ་ཞེས་བྱ་བར་བཏགས་ཏེ་ཁྱིམ་དེའི་ནོར་གྱི་བདག་པོར་གྱུར་ཏོ། །དེ་གཞན་དག་གིས་ཐོས་ནས་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་ལ་དེའི་ལས་ཀྱི་རྒྱུ་ཞུས་པ་ན་བཀའ་སྩལ་པ་སྔོན་འདས་པའི་དུས་ན་ཁྱིམ་བདག་ཅིག་ལ་ཁྱེའུ་སྤུན་གཉིས་ཡོད་དེ། གཅིག་ནི་སྦྱིན་པ་ཞེས་བྱ། གཅིག་ནི་ཚུལ་ཁྲིམས་ཞེས་བྱ་སྟེ། ཁྱེའུ་སྤུན་གཉིས་ཆུང་ངུ་ནས་ངོ་ཚ་དང་ཁྲེལ་ཡོད་ཅིང་བདེན་པར་སྨྲ་བ། རྟག་ཏུ་སྦྱིན་པ་ལ་དགའ་ཞིང་དབུལ་ཕོངས་ལ་མགོན་བྱེད་པ་ཞིག་སྟེ། རྒྱལ་པོས་ཀྱང་ཞལ་ལྕེ་བར་བཅུག་ནས་བདེན་རྫུན་གྱི་ཤན་འབྱེད་དོ། །དེའི་ཚེ་རྒྱལ་པོའི་ཡུལ་ཁྲིམས་ཀྱིས་ཡུལ་མི་དག་གཅིག་ལ་གཅིག་གིས་རྒྱུ་རྫས་ཀྱི་དངོས་པོ་གང་བསྐྱིས་ཀྱང་ཞལ་ལྕེ་བའི་དྲུང་དུ་སོང་ནས་དཔང་པོར་འཇུག་པ་ལས་གཏན་ཚིགས་གཞན་མི་བྱེད་དོ། །དེའི་ཚེ་ཚོང་པ་ཞིག་རྒྱ་མཚོར་འགྲོ་བ་ལས། དེའི་ནུ་བོ་ཚུལ་ཁྲིམས་ལས་ནོར་མང་པོ་བསྐྱིས་ཏེ། ཕུ་བོ་ཞལ་ལྕེ་བ་དཔང་པོར་བཞག་སྟེ་རྒྱ་མཚོ་ལས་འཁོར་བ་ན་སྦྱིན་པར་བྱས་ཤིང་། ཚུལ་ཁྲིམས་ཀྱིས་གལ་ཏེ་བདག་གུམ་ན་བུ་ཆུང་ངུ་ཞིག་ཡོད་པ་དེ་ལ་སྩལ་བར་གྱིས་ཤིག་ཅེས་ཕུ་བོ་ལ་བསྐུལ་ཞིང་དེས་ཀྱང་དེ་བཞིན་དུ་བྱའོ་ཞེས་སྨྲས་སོ། །དེ་ནས་རིང་པོར་མ་ལོན་པར་ཁྱིམ་བདག་ཚུལ་ཁྲིམས་ཚེ་ཡི་དུས་བྱས་སོ། །ཚོང་པ་དེ་ཡང་རྒྱ་མཚོར་གྲུ་ཞིག་སྟེ། ཁོ་རང་གཅིག་པུ་ཤིང་ལེབ་གཅིག་ལ་འཇུས་ནས་ཐར་ཏེ་ཕྱིར་འཁོར་བ་ན། དེ་ལ་བདག་གི་ནོར་རྫས་འདི་སྙེད་ཅིག་བསྐྱིས་མོད་ཀྱི། ནོར་མེད་པས་བསྙགས་པའི་གནས་མེད་དོ་སྙམ་ནས་མ་བསྙགས་པར་བཞག་གོ །ཡང་ཚོང་པ་དེ་གཞན་ལས་སྐྱི་གཡར་བྱས་ཏེ་རྒྱ་མཚོར་སོང་བས་ནོར་བུ་རིན་པོ་ཆེ་མང་དུ་རྙེད་ནས་བདེ་བར་ཕྱིན་ཏེ། བདག་ལ་ཁྱིམ་བདག་གི་བུ་འདིས་སྔར་བུ་ལོན་མི་འདེད་པ། འདི་ཆུང་ཆེས་ཏེ་བརྗེད་དེ་མི་དྲན་པའམ། བདག་ལ་ནོར་མེད་ནས་ཡིན་སྙམ་དུ་བརྟགས་པས་མ་བརྗེད་པར་ཤེས་ནས། ཚོང་པ་དེས་ཐབས་ཤིག་བྱའོ་སྙམ་ནས། ཞལ་ལྕེ་བའི་ཆུང་མར་ནོར་མང་པོ་བྱིན་ནས། ཞལ་ལྕེ་བ་ལ་འདིར་འོང་བའི་ཚེ་མ་མཐོང་ཞེས་སྨྲར་ཆུག་ཅིག་བྱས་པས། ཆུང་མས་ཁྱིམ་ཐབ་ལ་དེ་བཞིན་བསྐུལ་ཡང་དེ་ནི་རིགས་པ་མ་ཡིན་གྱི་བདག་གིས་རྫུན་མི་སྨྲའོ། །ཞེས་ལན་གཉིས་ཀྱི་བར་ཕྱིར་བཟློག་པ་ན་ཆུང་མ་ཁྲོས་ནས། གལ་ཏེ་ཁྱོད་ཀྱིས་དེ་ལྟར་མི་སྨྲ་ན་བདག་གིས་ཁྱོད་ཀྱི་བུ་སྔོན་ལ་བསད་ནས་དེའི་འོག་ཏུ་བདག་ཀྱང་འཆི་བར་བྱའོ། །ཞེས་བསྡིགས་པས་དེ་ལྟར་སྨྲ་བར་ཁས་བླངས་སོ། །དེ་ནས་ཚོང་པ་དང་ཁྱིམ་བདག་གི་བུ་དེ་གཉིས་རྩོད་པར་གྱུར་ནས་ཞལ་ལྕེ་བའི་ཐད་དུ་ཕྱིན་ཏེ། ཚ་བུ་ཁྱིམ་བདག་གི་བུས། མི་འདིས་སྔོན་བདག་གི་ཕ་ལས་ནོར་འདི་སྙེད་ཅིག་བསྐྱིས་ཏེ། ཁུ་བོས་ཀྱང་མཐོང་ན་བདག་ལ་སྩོལ་ཅིག་ཅེས་སྨྲས་པ་དང་། ཁུ་བོས་བདག་ལ་རྒྱུས་མེད་དོ་ཅེས་སྨྲས་པས། ཚ་བོ་རེ་ཐག་ཆད་ནས་ཁུ་བོ་ལ་འབར་ཞིང་སོང་ངོ་། །དེའི་དུས་ཀྱི་ཞལ་ལྕེ་བ་ནི་མ་འཇི་བྱི་ལ་དབང་པོ་མ་ཚང་བ་འདི་ཡིན་ཏེ། དེའི་ཚེ་རྫུན་གཅིག་བྱས་པས་སེམས་ཅན་དམྱལ་བར་སྐྱེས་ནས་སྡུག་བསྔལ་སྣ་ཚོགས་མྱོང་བར་གྱུར་ཏེ། དམྱལ་བ་ལས་ཐར་ནས་ཀྱང་སྐྱེ་བ་ལྔ་བརྒྱའི་བར་དུ་དབང་པོ་ཅི་ཡང་མེད་པའི་ཤ་གོང་གོང་པོ་སྐྱེས་སོ། །དེའི་ཚེ་སྦྱིན་པ་ལ་དགའ་བའི་དབང་གིས་རྟག་ཏུ་ཕྱུག་པོའི་ཁྱིམ་དུ་སྐྱེས་ནས་ནོར་གྱི་བདག་པོར་གྱུར་ཏོ། །དགེ་བའི་ལས་དང་སྡིག་པའི་ལས་ནི་ཡུན་རིང་དུ་ལོན་ཀྱང་མེད་ཅིང་ཞིག་པར་མི་འགྱུར་བས། ཁྱེད་རྣམས་ཀྱིས་བརྩོན་འགྲུས་བསྐྱེད་དེ་ལུས་དང་ངག་དང་ཡིད་བསྡམས་ཏེ། སྡིག་པ་མི་བྱའོ་གསུངས། འདིས་ནི་བརྫུན་གྱི་ཉེས་དམིགས་སོགས་བསྟན་པའོ། །


previousབརྫུན་གྱི་ཉེས་དམིགས་བསྟན་པ།next