Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་ཆོས་ལེགས་པར་བཤད་པ་དང་དགེ་འདུན་གྱི་ལས་བགྱིས་པ་སོགས་ཀྱི་ཕན་ཡོན་དང་གྲོགས་བཟང་ངན་གྱི་ཁེ་ཉེན་ཀྱང་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་ཆོས་ལེགས་པར་བཤད་པ་དང་དགེ་འདུན་གྱི་ལས་བགྱིས་པ་སོགས་ཀྱི་ཕན་ཡོན་དང་གྲོགས་བཟང་ངན་གྱི་ཁེ་ཉེན་ཀྱང་བསྟན་པ།next

དམ་ཆོས་ལེགས་པར་བཤད་པ་དང་དགེ་འདུན་གྱི་ལས་བགྱིས་པ་སོགས་ཀྱི་ཕན་ཡོན་དང་གྲོགས་བཟང་ངན་གྱི་ཁེ་ཉེན་ཀྱང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། རྒྱལ་པོ་གསལ་རྒྱལ་གྱི་བློན་པོ་ཞིག་གི་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས། ཁྱེའུ་མཚན་དང་ལྡན་པ་གཟུགས་བྱད་དཔེ་ཟླ་དང་བྲལ་བ་ཞིག་སྐྱེས་ཏེ་མིང་མི་གདུང་བ་ཞེས་བྱ་བར་བཏགས་སོ། །དེ་ཆེར་སྐྱེས་པ་ན་སྟོབས་ཀྱང་གྱད་སྟོབས་པོ་ཆེའི་ཚད་དུ་ཕྱིན་ཏེ། མི་སྟོང་ཕྲག་ཀྱང་ཐུབ་པར་ནུས་པ། ནམ་མཁའ་ལ་བྱ་འཕུར་བ་ཡང་འཕྱང་གི་ཟིན་ཅིང་། མགྱོགས་ཁྱད་ཀྱང་རྟ་དང་བང་མཉམ་པར་གྱུར་ཏོ། །དེའི་ཚེ་ཡུལ་དེ་ན་བྲམ་ཟེའི་སློབ་དཔོན་གཅིག་སློབ་མ་ལྔ་བརྒྱ་དང་བཅས་ཏེ་གནས་པ་ལས། ཁྱེའུ་དེ་ཡང་རིག་བྱེད་སློབ་ཏུ་ཕྱིན་པས་གཞན་གྱི་ལོར་བསླབ་པ་བས་དེས་ཞག་གཅིག་བསླབ་པས་བྱང་བར་གྱུར་པས། རིང་པོར་མ་ཐོགས་པར་ཐམས་ཅད་ཁོང་དུ་ཆུད་དོ། །དེ་ནས་སྐབས་དེར་བྲམ་ཟེའི་སློབ་དཔོན་དེ་འཁོར་དང་བཅས་པ་སྦྱིན་བདག་གཅིག་གི་རྩར་ཟླ་བ་གསུམ་དུ་མགྲོན་དུ་གཉེར་བ་ལས། ཁྱེའུ་མི་གདུང་བ་ཁྱིམ་གྱི་སོ་ཚིས་ལ་བཞག་གོ །དེར་སློབ་དཔོན་གྱི་ཆུང་མ་དེ་ཁྱེའུ་ལ་ཆགས་ནས་འདོད་པའི་དུས་བཏབ་པ་ན། བདག་ནི་བྲམ་ཟེ་ཡིན་པས་བྲམ་ཟེའི་ཆོས་ཀྱིས་སློབ་དཔོན་གྱི་ཆུང་མ་དང་ཉལ་དུ་མི་རུང་སྟེ་དེ་བས་བདག་ཤི་ཡང་བླ་སྟེ་མི་ཕོད་དོ་སྨྲས་ནས་དང་དུ་མ་བླངས་པས། བུད་མེད་དེས་འཁོན་དུ་བཟུང་ནས་བྲམ་ཟེའི་སློབ་དཔོན་དེ་འོང་བའི་སྔ་རོལ་དུ། གོས་ཀྱང་དྲལ་གདོང་ཡང་སྦར་མོས་བྲད་ནས། ས་རྡུལ་གྱིས་གོས་ཤིང་རྨ་བབ་པ་ལྟར་ཅང་མི་སྨྲ་བར་ས་ལ་ཉལ་ལོ། །དེར་བྲམ་ཟེ་འོང་སྟེ་དྲིས་པ་ན། ཁྱོད་ཀྱིས་རྟག་ཏུ་བསྟོད་པའི་མི་གདུང་བ་དེས་ནི་ཁྱོད་སོང་བའི་འོག་ཏུ་རྟག་པར་ཁོ་མོ་ལ་ཉལ་བར་བསྒྲུབས་ཏེ། ཁོ་མོས་མ་བཏུབ་པས་གོས་ཀྱང་འདྲལ་གདོང་ལ་རྨ་ཡང་བྱུང་བ་ཡིན་ཏེ། ཁྱོད་ལ་འདི་འདྲ་བའི་སློབ་མ་ཡོད་པ་ཞེས་རྫུན་དུ་སྨྲས་པས། བྲམ་ཟེའི་སློབ་དཔོན་དེ་ཤིན་ཏུ་ཁྲོས་ནས། འདི་ནི་བློན་པོའི་བུ་ཆེན་པོ་སྟོང་ཐུབ་ཡིན་པས་དངོས་སུ་རྒོལ་བར་མི་ནུས་ཀྱི་ཐབས་ཤིག་བྱའོ་སྙམས་ཏེ། བྲམ་ཟེ་དེས་མི་གདུང་བ་ལ་དགའ་བ་ལྟར་བྱས་ཏེ། ང་ལ་གསང་བའི་ཆོས་གཅིག་པུ་ཡོད་པ་སྔོན་ཆད་གཞན་ལ་མ་བསྟན་པ་དེ་ད་ཁྱོད་ལ་བསྟན་གྱི། ཁྱོད་ཀྱིས་ཉིན་ཞག་བདུན་དུ་མི་སྟོང་གི་མགོ་བོ་ཆོད་ལ་སོར་མོ་རེ་རེ་བླངས་ནས་ཕྲེང་བར་བྱས་ནས་ལུས་ལ་དཀྲིས་ན། ཚངས་པའི་ལྷ་མངོན་སུམ་དུ་མཐོང་སྟེ། ཚེ་འཕོས་མ་ཐག་པར་ཚངས་པའི་ལྷར་སྐྱེའོ་སྨྲས་པས། ཁྱེའུ་ཡིད་མ་ཆེས་ནས། སྲོག་བཅད་པས་ཚངས་པའི་ལྷར་སྐྱེས་པ་ནི་རིགས་པ་མ་ལགས་སོ་སྨྲས་པ་དང་། སློབ་དཔོན་དེས་ཁྱོད་ཁོ་བོའི་སློབ་མ་ཡིན་ན་ཁོ་བོས་བསྟན་པའི་མན་ངག་མི་ཉན་ཏམ་ཅི་སྟེ་ཡིད་མི་ཆེས་ན་འདིར་མ་འདུག་པར་གར་དགའ་བར་སོངས་ཤིག་ཅེས་སྤྱོས་ནས་སྨྱོ་བྱེད་ཀྱི་སྔགས་ཀྱི་བཏབ་པའི་རལ་གྲི་གཅིག་ས་ལ་བཙུགས་པ་ན། ཁྱེའུ་མི་གདུང་བ་ཁྲོ་བའི་སེམས་ཆེར་སྐྱེས་ནས། རལ་གྲི་དེ་ཐོགས་ཏེ་སྒོའི་ཕྱི་རོལ་དུ་རྒྱུགས་ནས། མི་འཕྲད་ཚད་བསད་པ་དང་། མི་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་བསད་ནས་གཅིག་གིས་མ་ལོང་བར་སོར་མོའི་ཕྲེང་བ་བྱས་ཏེ། གཅིག་བ ཙལ་བས་ཀུན་བྲོས་ཏེ་མ་རྙེད་དོ། །དེ་ལྟར་ཞག་བདུན་དུ་ཁ་ཟས་མེད་པར་འཁྱམས་པ་ཁྱེའུ་དེའི་མས་ཐོས་ཤིང་། གཞན་སུ་ཡང་དེའི་དྲུང་དུ་འགྲོ་བར་མི་ནུས་པས། མ་རང་ཉིད་ཀྱིས་ཁ་ཟས་ཐོགས་ཏེ་སོང་བ་དང་། མ་དེ་ཡང་གསོད་པར་བསམ་ནས་རལ་གྲི་ཐོགས་ནས་བརྒྱུགས་པ་ན། མ་དེས་ཁྱོད་མཚམས་མེད་པའི་ལས་མ་བྱེད་པར་ཅིས་ཀྱང་དགོས་ན་སོར་མོ་ཉིད་བཅད་ན་མི་རུང་ངམ་ཞེས་སྨྲས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འདུལ་བའི་དུས་ལ་བབས་པར་མཁྱེན་ནས་དགེ་སློང་ཕལ་པ་ཞིག་ཏུ་སྤྲུལ་ནས་དེའི་ཕྱོགས་སུ་གཤེགས་སོ། །དེ་མཐོང་བ་དང་མ་དེ་གསོད་པ་བཏང་ནས་དེ་ཉིད་ཀྱི་ཐོག་ཏུ་བརྒྱུགས་པ་ན། སངས་རྒྱས་ནི་དལ་བུས་གཤེགས་པ་ལ། དེས་བང་རྩལ་ཅི་ཡོད་ཀྱིས་བརྒྱུགས་ཀྱང་རྗེས་མ་ཟིན་ནས་དགེ་སློང་སྡོད་ཅིག་ཅེས་བོས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྒྱང་མ་ནས། ང་ནི་རྟག་ཏུ་སྡོད་ན་ཁྱོད་མི་སྡོད་དོ། །ཞེས་བཀའ་སྩལ་པ་དང་། སོར་ཕྲེང་ཅན་གྱིས་ཇི་ལྟར་ཁྱོད་ནི་སྡོད་ལ་ཁོ་བོ་མི་སྡོད་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱི་ངའི་དབང་པོ་རྣམས་ནི་རྟག་ཏུ་ཞི་ཞིང་ཏིང་ངེ་འཛིན་གྱི་དབང་ཐོབ་པས་སྡོད་དོ། །ཁྱོད་ནི་སློབ་དཔོན་གྱིས་ལོག་པར་བསྟན་ཏེ། སྡིག་པ་ལ་ཡང་ཡིད་ཆེས་པས། ཁྱེད་ཀྱིས་སེམས་ཀྱང་བསླུས་ཏེ་མི་སྡོད་པས། ཉིན་མཚན་དུ་གསོད་པའི་ལས་བྱེད་དེ་སྡིག་པ་མཐའ་མེད་པའི་ལས་བྱེད་དོ། །ཞེས་གསུངས་པ་སོར་ཕྲེང་ཅན་གྱིས་ཐོས་པ་ཙམ་གྱིས་དོན་ཁོང་དུ་ཆུད་པས། སྡིག་པའི་ལས་ལ་ཤིན་ཏུ་འགྱོད་ཅིང་རལ་གྲི་ས་ལ་བོར་ནས། རྒྱང་རིང་པོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་སོང་ངོ་། །དེར་སངས་རྒྱས་ཀྱི་སྐུ་དངོས་སུ་བསྟན་པས་ལུས་ས་ལ་བརྡབས་ནས་ཉེས་པ་མཐོལ་ཞིང་བཤགས། ཆོས་བསྟན་པས་སོར་ཕྲེང་ཅན་གྱིས་བདེན་པ་མཐོང་བར་གྱུར་པ་ལ་སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་པས་མི་རིང་བར་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ། བཅོམ་ལྡན་འདས་ཀྱིས་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་དོ། །དེའི་ཚེ་ཡུལ་དེ་ན་གནས་པའི་མི་ལ་སོགས་པའི་སྲོགས་ཆགས་ཐམས་ཅད་སོར་ཕྲེང་གི་མིང་ཐོས་པས་རབ་ཏུ་སྐྲག་ནས། སྦྲུམ་མ་རྣམས་ཀྱང་བུ་བཙའ་བར་མི་ནུས་པས། གླང་མོ་ཞིག་གི་བུ་མི་ཕྱིན་པ་ལ། སྟོན་པས་སོར་ཕྲེང་ཅན་ལ། ཁྱོད་དེའི་དྲུང་དུ་སོང་ལ། བདག་ཐོག་མ་སྐྱེས་ནས་ད་ཙམ་གྱི་བར་དུ་མི་གཅིག་ཀྱང་མ་བསད་དོ་ཞེས་བདེན་པའི་ཚིག་སྨྲོས་ཤིག་གསུངས། དེར་སོར་ཕྲེང་གིས་བདག་གི་མི་དེ་ཙམ་བཀུམ་ན་ཇི་ལྟར་སྨྲ་བཀའ་སྩལ་པ། ཁྱོད་ནི་འཕགས་པའི་ཆོས་ལས་སྐྱེས་མ་ཐག་པ་ཞེས་བྱའོ། །དེ་ནས་སོར་ཕྲེང་གིས་གོས་ཚགས་བཅོས་ཏེ་བན་གླང་མོའི་དྲུང་དུ་ཕྱིན་ཏེ་དེ་སྐད་སྨྲས་པས་བདེ་བར་བཙས་སོ། །དེར་རྒྱལ་པོ་གསལ་རྒྱལ་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་སོར་ཕྲེང་ཅན་འཛིན་དུ་ཆས་པ་ལས་རྒྱལ་བྱེད་ཀྱི་ཚལ་གྱི་ཐད་དུ་སླེབ་པ་ན། དེར་དགེ་སློང་ལུས་ཐུང་ལ་མི་སྡུག་པ་དབྱངས་རབ་ཏུ་སྙན་པ་ཞིག་ཡོད་པ་དེས། གཙུག་ལག་ཁང་ནས་དབྱངས་བྱེད་པ་ཐོས་ནས་གླང་པོ་ཆེ་དང་རྟ་རྣམས་ཀྱང་དེ་ལ་ཉན་ཅིང་མི་འགྲོའོ། །དེ་ནས་དེ་ལ་བལྟ་ཞིང་ཉན་པའི་ཕྱིར་གསལ་རྒྱལ་ཡང་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལ་ཕྱག་བྱས་ནས། དགེ་སློང་དབྱངས་སྙན་པ་དེ་སུ་ལགས། བལྟ་བར་འཚལ་ཏེ་ཀཱར་ཥཱ་པ་ཎཱ་སྟོང་ཕྲག་བཞི་བཅུ་འབུལ་ལོ་ཞེས་གསོལ་པ་དང་། སྟོན་པས་སྔོན་ལ་ཡོན་ཕུལ་ནས། དེའི་འོག་ཏུ་ཕྲད་པར་བྱའོ་གསུངས། དེ་ནས་རྒྱལ་པོ་དང་དགེ་སློང་ཕྲད་པ་ནས། ཧ་ཅང་མི་སྡུག་ཅིང་ཐུང་ཆེས་པས་པ་ཎ་གཅིག་ཙམ་ཡང་སྦྱིན་པའི་སེམས་མ་སྐྱེས་ཏེ། སྟོན་པའི་སྤྱན་སྔར་པུས་མོ་བཙུགས་ནས་དགེ་སློང་འདིའི་གཟུགས་མི་སྡུག་པ་དང་དབྱངས་སྙན་པའི་རྒྱུ་རྐྱེན་ཅི་ལགས་ཅེས་གསོལ་པ་དང་། བཀའ་སྩལ་པ། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་ནས་མྱ་ངན་འདས་པའི་འོག་ཏུ། རྒྱལ་པོ་ཀྲྀ་ཀྲྀ་{ཀྲི་ཀཱི་}བྱི་ཞེས་བྱ་བས་རིང་བསྲེལ་རྣམས་བསྡུས་ནས་མཆོད་རྟེན་བརྩེགས་པར་བྱས་པ་ལས། ཀླུའི་རྒྱལ་པོ་བཞིས་ཕྱོགས་བཞིར་ཆུ་མིག་བཞི་ཕྱུང་སྟེ། དེས་ཕ་གུ་བཅོས་ནས་ཤར་བཻ་ཌཱུཪྱ། ལྷོར་གསེར། ནུབ་དངུལ། བྱང་དུ་ཆུ་ཤེལ་དཀར་པོ་སྟེ་རིན་པོ་ཆེ་སྣ་བཞིར་གྱུར་པས། དེ་ལས་མཆོད་རྟེན་རྒྱར་གྲུ་བཞིའི་ངོས་རེ་རེ་ལ་དཔག་ཚད་ལྔ་ལྔ་དང་། འཕངས་སུ་དཔག་ཚད་ཉི་ཤུ་རྩ་ལྔ་ཡོད་པ་ཞིག་བརྩིགས་ཏེ་དེ་ལ་ལས་དཔོན་བཞི་བསྐོས་ཏེ། ངོས་རེ་རེ་བྱེད་དུ་བཅུག་པ་ལས། རྒྱལ་པོ་ཉིད་བལྟ་བར་འོང་བ་ན་གསུམ་གྱིས་ཟིན་ལ་གཅིག་གིས་མ་ཟིན་པས་དེ་ལ་རྒྱལ་པོས་བཀྱོན་པ་ན་དེ་ཁྲོས་ནས། འདི་ལྟ་བུའི་མཆོད་རྟེན་ཧ་ཅང་ཆེས་པ་འདི་ནམ་ཡང་མི་ཟིན་ཏོ་ཞེས་སྨྲས། དེ་ནས་རྒྱལ་པོས་ནན་ཏུར་བསྐྱེད་པས་ཀུན་གྱི་ཉིན་མཚན་དང་བརྩོན་པ་དུས་གཅིག་ཏུ་ཅིག་ཅར་ཟིན་ཏེ། དེར་སྔར་གྱི་ལས་དཔོན་དེའང་ཤིན་ཏུ་དགའ་ནས། སྔར་གྱི་ཉེས་པ་རྣམས་བཤགས་ཤིང་། གསེར་གྱི་དྲིལ་བུ་ཞིག་མཆོད་རྟེན་གྱི་རྩེར་བཏགས་ནས། བདག་གང་ནས་གང་དུ་སྐྱེས་ཀྱང་སྒྲ་སྐད་ཤིན་ཏུ་སྙན་པ་དང་། འགྲོ་བ་ཐམས་ཅད་ཀྱི་ཐོས་པ་དང་དགའ་བར་ཤོག་ཅིག མ་འོངས་པ་ན་སངས་རྒྱས་ཤཱཀྱ་ཐུབ་པ་དང་ཕྲད་ནས་འཁོར་བ་ལས་རྣམ་པར་གྲོལ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་ལས་དཔོན་དེ་ནི་དགེ་སློང་འདི་ཡིན་ཏེ། དེའི་ཚེ་ཁྲོས་བཞིན་དུ་ཧ་ཅང་ཆེས་སོ་ཞེས་སྨྲས་པ་ཙམ་གྱིས་རྟག་ཏུ་ལུས་ཐུང་ཞིང་མི་སྡུག་པར་གྱུར་ལ། ཕྱིས་དགའ་བའི་སེམས་ཀྱིས་དྲིལ་བུ་ཕུལ་བས་སྐད་སྙན་པ་དང་། སྨོན་ལམ་གྱི་དབང་གིས་ད་ལྟ་ང་དང་འཕྲད་ནས་རྣམ་པར་གྲོལ་བ་ཐོབ་པར་གྱུར་ཏོ་གསུངས། དེ་ནས་ཕྱིར་འགྲོ་བར་ཆས་པ་ན། བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཆེན་པོ་ཁྱོད་གར་འགྲོ་ཞེས་བཀའ་སྩལ་པར་ལོ་རྒྱུས་ཞུས་པས། སོར་ཕྲེང་ཅན་འདི་ད་ལྟར་ནི་གྲོག་སྦུར་ཡང་མི་གསོད་ན་གཞན་གསོད་པ་ལྟ་སྨོས་ཀྱང་ཅི་དགོས། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་སྟེ་ཉེས་པའི་སྐྱོན་ཐམས་ཅད་ཟད་ནས། ད་ལྟ་གནས་ཁང་ན་འདུག་གོ །རྒྱལ་པོ་དང་ཕྲད་པར་འདོད་ན་དེ་དང་སྤྲད་དོ་ཞེས་བཀའ་སྩལ་ཏེ། སོར་ཕྲེང་ཅན་གྱི་གནས་ཁང་དུ་བཏང་ངོ་། །དེར་སྒོ་དྲུང་དུ་ཕྱིན་པ་ན། ནང་ནས་ལུད་པའི་སྒྲ་ཐོས་པ་ཙམ་གྱིས་དངངས་ནས་ས་ལ་འགྱེལ་ཏོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་དུས་ན་འཛམ་བུ་གླིང་འདིར་ཡུལ་ཝཱ་རཱ་ཎ་སཱི་ཞེས་བྱ་བ་ན། བྱ་ཤིན་ཏུ་གདུག་པ་ཅན། ཟས་སུ་སྲིན་འབུ་གདུག་པ་འབའ་ཞིག་ཟ་ཞིང་། ལུས་ཀྱང་གདུག་པས་རེག་པར་ཉེ་ཡང་མི་བཟོད་པ། གང་དུ་འཕུར་བའི་འོག་གི་གྲིབ་མ་ཕོག་པ་ཙམ་གྱིས་ཐམས་ཅད་སྐྲག་ནས་འགྱེལ་བར་བྱེད་པ་ཞིག་ཡོད་པ་དེ་ཚལ་ཞིག་གི་ནང་ན་ཕྱིན་ནས་ཤིང་ཁར་འདུག་སྟེ་སྐད་བྱུང་བ་དང་། དེའི་ཚེ་ཤིང་གི་དྲུང་ན་གླང་བོ་ཆེའི་རྒྱལ་པོ་ཞིག་ཡོད་པ་དེས་ཐོས་མ་ཐག་པར་སྐྲག་སྟེ་ས་ལ་འགྱེལ་ལོ། །དེའི་དུས་ཀྱི་བྱ་གདུག་པ་ཅན་དེ་ནི་སོར་ཕྲེང་ཅན་དང་། གླང་པོའི་རྒྱལ་པོ་དེ་ནི་རྒྱལ་པོ་ཉིད་ཡིན་ནོ། །རྒྱལ་པོ་ཆེན་པོ་དགེ་སློང་སོར་ཕྲེང་ཅན་འདི་ད་ལྟར་གྱི་དུས་འབའ་ཞིག་ན་མི་མང་པོ་བསད་དེ། ངས་བཏུལ་བར་མ་ཟད་དེ་སྔོན་འདས་པའི་དུས་ནའང་སོར་ཕྲེང་ཅན་གྱིས་མི་འདི་དག་ཀུན་བསད་པ་ལས་ངས་བཏུལ་ཏེ། དགེ་བའི་སེམས་དང་ལྡན་པར་གྱུར་པ་ནི། སྔོན་གྱི་བསྐལ་པ་གྲངས་མེད་པའི་ཕ་རོལ་ན་འཛམ་བུ་གླིང་འདིར་ཡུལ་ཝཱ་རཱ་ཎ་སཱི་ཞེས་བྱ་བར། རྒྱལ་པོ་པ་ལ་མ་ད་ར་ཞེས་པ་དཔུང་བཞི་དང་བཅས། ཚལ་གྱི་ནང་དུ་རྩེར་སོང་བ་ལས། རི་དྭགས་དང་ཕྲད་དེ་དེའི་ཕྱི་བཞིན་བརྒྱུགས་པས། རྒྱལ་པོ་གཅིག་པུ་ནགས་ཚལ་འཐུག་པོར་ཕྱིན་ནས་རྟ་ལས་བབ་སྟེ་འདུག་པ་ན། སེང་གེ་མོ་ཞིག་འདོད་ཆགས་ཀྱིས་ཉེན་ནས། རྒྱལ་པོ་དང་ཕྲད་དེ་མཇུག་མ་བཏེག་ཅིང་བསྙེགས་སོ། །རྒྱལ་པོས་ཀྱང་འདོད་ཆགས་སྐྱེས་པར་རིག་ནས་འདི་གཅན་གཟན་ཁྲོ་བོ་ཡིན་ཏེ་བདག་གསད་པའི་མཐུ་ཡོད་པས་གལ་ཏེ་ཡིད་བཞིན་མ་བྱས་ན་སྲོག་ལ་བབ་བོ་སྙམ་དུ་སྐྲག་བཞིན་སེང་གེ་མོར་འཁྲིག་པ་སྤྱོད་དོ། །དེའི་འོག་ཏུ་གཡོག་རྣམས་ཀྱང་ལྷགས་པས་རྒྱལ་པོ་བསུས་ཏེ་ཕོ་བྲང་དུ་ཁྲིད་དོ། །སེང་གེ་མོ་དེ་ཡང་སྦྲུམ་མར་གྱུར་ནས་ཟླ་བ་ཚང་བ་ན། ལུས་ཐམས་ཅད་མི་དང་འདྲ་ལ་རྐང་པ་འབའ་ཞིག་ཁྲ་བོར་ཡོད་པ་ཞིག་བཙས་པས། སེང་གེ་མོས་རྒྱལ་པོའི་ཐད་དུ་བསྐྱལ་བ་ན། རྒྱལ་པོས་ཀྱང་རང་གི་བུ་ཡིན་པར་ཤེས་ནས་གསོས་ཏེ་མིང་རྐང་བཀྲར་བཏགས་ཏེ་ཆེར་སྐྱེས་པ་ན་དཔའ་ཞིང་རྟུལ་ཕོད་པར་གྱུར་ནས། རྒྱལ་པོ་འདས་པའི་འོག་ཏུ་རྒྱལ་སྲིད་ཐོབ་སྟེ། རྒྱལ་རིགས་དང་བྲམ་ཟེའི་རིགས་ཀྱི་བཙུན་མོ་གཉིས་བླངས་སོ། །དེར་རྒྱལ་པོ་སྐྱེད་ཚལ་དུ་འཆག་ཏུ་སོང་བའི་ཚེ་བཙུན་མོ་གཉིས་ལ་ཁྱེད་གཉིས་ངའི་ཕྱི་ལ་མགྱོགས་པར་འོང་སྟེ་གང་ཕྲད་སྔ་བ་དེ་ལ་ཉིན་བཞིན་དུ་རྩེ་བར་བྱེད་ལ། རྗེས་སུ་ལུས་པ་དེ་དང་ཕྲད་དུ་མི་གཏུབ་བོ་ཞེས་བྱས་ནས་སོང་བའི་འོག་ཏུ། བཙུན་མོ་གཉིས་རྒྱན་གྱིས་བརྒྱན་ཏེ་བཞོན་པ་ཞོན་ནས་སོང་བ་དང་། ལམ་དུ་ལྷ་རྟེན་ཞིག་ཡོད་པ་དེ་ལ་བཙུན་མོ་བྲམ་ཟེའི་རིགས་དེས་ཕྱག་བྱས་པས་རྗེས་སུ་ལུས་ཏེ། རྒྱལ་པོས་ཕྲད་དུ་མ་སྟེར་རོ། །བཙུན་མོ་དེས་བདག་ཁྱོད་ལ་ཕྱག་འཚལ་བས་ཕྱི་ནས་རྒྱལ་པོས་མ་འདོད་དོ། །གལ་ཏེ་ལྷ་ཁྱོད་ལ་མཐུ་ཞིག་ཡོད་ན་ཅིའི་ཕྱིར་ངའི་མགོན་སྐྱབས་མི་བྱེད་ཅེས་སྨྲས་ཏེ། ཡིད་ལ་རྒྱལ་པོ་ལ་གནོད་པར་བྱའོ་སྙམ་དུ་ཕྱིར་ཕོ་བྲང་དུ་སོང་ནས། རྒྱལ་པོ་ལ་བཙུན་མོ་དེས་བདག་ཉི་མ་གཅིག་ཅིག་ཅི་དགའ་བར་བགྱིད་དུ་དབང་བར་ཞུས་པས་རྒྱལ་པོས་གནང་ངོ་། །དེར་མི་མང་པོ་མངགས་ནས། ལྷའི་རྟེན་དེ་བཤིག་ནས་ས་ཡང་སྙོམས་པར་བྱས་སོ། །དེ་ནས་ལྷ་རྟེན་སྲུང་བའི་ལྷ་དེ་ཤིན་ཏུ་མི་དགའ་བར་གྱུར་ནས། རྒྱལ་པོ་ལ་གནོད་པ་བྱ་བར་བསམ་ཏེ་སོང་ཡང་ཕོ་བྲང་བསྲུང་བའི་ལྷས་ནང་དུ་མ་བཏང་ངོ་། །དེའི་ཚེ་དྲང་སྲོང་ཞིག་རི་ལ་གནས་པ་དེ་ལ་རྒྱལ་པོ་རྐང་བཀྲས་མཆོད་པ་བྱས་པས་ཉིན་གཅིིག་བཞིན་དུ་འཕུར་ཏེ་ཕོ་བྲང་དུ་འོངས་ནས་ཟས་བཟང་པོ་མི་འདོད་པར་ཐ་མལ་པ་ཙམ་ཟོས་ནས་ཕྱིར་འགྲོ་བ་ལས། ཉིན་གཅིག་དྲང་སྲོང་དེ་མི་འོང་བར་ཤེས་ནས་ལྷ་དེས་དྲང་སྲོང་གི་གཟུགས་སུ་སྤྲུལ་ཏེ་ཕོ་བྲང་དུ་འོངས་པ་ན་ཕོ་བྲང་སྲུང་བའི་ལྷས་བཀག་པ་དང་། སྒོ་ནས་བོས་ཏེ་ནང་འོང་མི་སྟེར་རོ་ཞེས་པ་རྒྱལ་པོས་ཐོས་ནས་ནང་དུ་ཐོངས་ཞེས་བཀའ་སྩལ་པས་ནང་དུ་བཏང་ངོ་། །དེས་རྒྱུན་དུ་ཟ་བའི་ཁ་ཟས་མ་ཟོས་ནས་ཁ་ཟས་འདི་ནི་ཆེས་ངན་གྱི་ད་ཕྱིན་ཤ་དང་ཉར་སྦྱོར་ཅིག་ཅེས་སྨྲས་ཏེ་སོང་ངོ་། །ཕྱི་ཉིན་སྔར་གྱི་དྲང་སྲོང་དེ་བྱུང་བ་ན་ཤ་དང་ཉར་སྦྱར་བའི་ཟས་ཕུལ་བས། དེ་ཁྲོས་ནས་ཁྱོད་ཀྱིས་ང་ལ་བརྙས་པ་འདི་ལྟ་བུ་བྱས་པས། ཁྱོད་ལོ་བཅུ་གཉིས་ཀྱི་བར་དུ་མི་ཤ་འབའ་ཞིག་ཟ་བར་གྱུར་ཅིག་ཅེས་སྨྲས་ནས་སོང་ངོ་། །དེ་ནས་ཉིན་གཅིག་རྒྱལ་པོའི་གཡོས་མཁན་གྱིས་ཤ་གཞན་མ་རྙེད་ནས་འཕྲལ་དུ་ཤི་བའི་བྱིས་པའི་རོ་ཞིག་དང་ཕྲད་པས། དེའི་རྐང་ལག་བཅད་དེ་གཡོས་སུ་བྱས་ལ་སྤོད་སྣ་ཚོགས་པ་བཏབ་ནས་རྒྱལ་པོ་ལ་བྱིན་ནོ། །རྒྱལ་པོས་དེ་ཟོས་པས་སྔར་གྱི་ཤ་རྣམས་ལས་ལྷག་པར་ཞིམ་པར་མཐོང་ནས་འདི་ཅིའི་ཤ་ཡིན་ཞེས་དྲིས་སོ། །གཡོས་མཁན་སྐྲག་ནས་གདོང་སྨད་དེ་གྱོད་མི་རྨོ་བར་གསོལ་ནས་དྲང་པོར་བཤད་པ་ན་རྒྱལ་པོས། ཤ་འདི་ལྷག་པར་ཞིམ་པས་ད་ཕྱིན་ཆད་ཤ་འདི་ལྟ་བུ་རྟག་ཏུ་སྦྱོར་ཅིག གཡོས་མཁན་གྱིས་སླན་ཆད་འདི་འདྲ་མི་རྙེད་དོ། །རྒྱལ་པོས་ཕྱིན་ཆད་ཀྱང་ཁྱོད་ཀྱིས་གསང་ཐུབ་པར་གྱིས་ལ། གཞན་གྱིས་མ་ཚོར་བར་ལོངས་དང་ང་ལ་དབང་ཡོད་དོ། །དེར་གཡོས་མཁན་གྱིས་བྱིས་པ་རྣམས་བརྐུས་ནས་བསད་ཅིང་དྲངས་སོ། །དེའི་ཚེ་གྲོང་ཁྱེར་གྱི་བུ་རྣམས་སྟོང་པར་གྱུར་པས། བློན་པོ་རྣམས་བགྲོས་ནས་མཚན་མོར་སྲང་མདོར་མེལ་ཚེ་བྱས་པས། གཡོས་མཁན་གྱི་བུ་ཆུང་རྐུ་བ་ཟིན་ནས་རྒྱལ་པོ་ལ་ཕུལ་ཏེ་ཆད་པ་གཅོད་པར་གསོལ་པ་ན། ལན་གཉིས་ཀྱི་བར་དུ་ཅང་མི་སྨྲ་ལ། ལན་གསུམ་པར། རྒྱལ་པོས་ངས་བསྒོ་བ་ཡིན་ནོ་ཞེས་སྨྲས་པས། བློན་པོ་རྣམས་དང་འཁོན་དུ་གྱུར་ནས། སྐྱེད་མོས་ཚལ་དུ་གསང་དམག་སྦས་ནས་རྒྱལ་པོ་ཁྲུས་བྱེད་དུ་འོང་བ་དང་བཟུང་ནས་ཉེས་པ་བསྒྲགས་ཏེ་གསོད་པར་རྩོམ་པ་ན། རྒྱལ་པོས་སྔར་ནི་ཉེས་ཀྱི་ད་ཕྱིན་དེ་ལྟར་མི་བྱེད་པས་གཏོང་དུ་རུང་ངམ། བློན་པོ་རྣམས་ཀྱིས། གལ་ཏེ་གནམ་ལ་ཁ་བ་ནག་པོ་བབ་པའམ། ཁྱེད་ཀྱི་མགོ་ལ་སྦྲུལ་ནག་པོ་སྐྱེས་ཀྱང་མི་བཏང་ངོ་། །དེ་ཐོས་ནས་རྒྱལ་པོས། སྐད་ཅིག་ཙམ་ཞིག་ཁོ་བོ་བདེ་བར་བསམ་དུ་ཆུག་ལ་གདོད་སོད་ཅིག དེ་དག་ཅུང་ཟད་བསྡད་པ་ནས། རྒྱལ་པོས་བདག་གི་སྔོན་ཆད་དགེ་བ་ཅི་བགྱིས་པ་དང་། རྒྱལ་སྲིད་ཆོས་བཞིན་བྱས་པ་དང་། དྲང་སྲོང་ལ་སྦྱིན་པ་བྱས་པའི་བསོད་ནམས་ཅི་ཡོད་པ་ཐམས་ཅད་ཀྱི་མཐུས་བདག་ནམ་མཁའ་འཕུར་བའི་སྲིན་པོར་གྱུར་ཅིག ཅེས་བསྔོས་ཤིང་སྨྲས་མ་ཐག་ཏུ་སྲིན་པོར་གྱུར་ཏེ། སྟེང་གི་ནམ་མཁའ་ལ་འཕགས་ནས། ཁྱེད་ཀྱིས་མཐུས་ང་གསོད་པར་བརྩམས་ཀྱང་ངའི་བསོད་ནམས་ཀྱིས་རང་སོས་པར་གྱུར་ཏེ། ད་ཕན་ཆད་ཁྱེད་ཀྱི་ཆུང་མ་དང་བུ་སྡུག་པ་ཅི་ཡོད་པ་ཐམས་ཅད་བཟའ་བར་བྱའོ་ཞེས་སྨྲས་ཏེ་འཕུར་ནས་རི་ལ་བབ་ནས། དེ་ཕྱིན་ཆད་མིའི་ནང་དུ་འོངས་ནས་མི་རྣམས་ཟ་བར་གྱུར་ཏེ་མི་རྣམས་ཀྱང་དེ་ལ་སྐྲག་ནས་རྟག་ཏུ་བྲོས་ཤིང་གབ་པར་བྱེད་དོ། །དེར་སྲིན་པོ་མི་ལ་ཟ་ཞིང་སྲིན་པོ་མང་པོ་དང་བསྡོངས་ཏེ་འཁོར་གཡོག་ཀྱང་མང་བར་གྱུར་ནས། སྲིན་པོའི་འཁོར་རྣམས་ཀྱི་རྐང་བཀྲ་ལ། བདག་ཅག་ཁྱོད་ཀྱི་འཁོར་དང་གཡོག་ཏུ་གྱུར་ན། བདག་ཅག་ལ་སྟོན་མོ་ཆེན་པོ་བྱིན་ཅིག་ཅེས་གསོལ་ནས། རྒྱལ་བུ་ལྔ་བརྒྱ་བསད་དེ་སྟོན་མོ་བྱ་བར་བགྲོས་ནས་བཙལ་བས། བཞི་བརྒྱ་དང་དགུ་བཅུ་རྩ་དགུ་རྙེད་དེ་གཅིག་མ་ཚང་བ་ན་དེ་དག་བྲག་ཕུག་གཅིག་ན་བཅུག་པས་ཕན་ཚུན་གཏམ་བྱས་ཏེ། གལ་ཏེ་སུ་ཏ་སོ་མ་སྟོབས་དང་ལྡན་པ་དེ་འདིར་འོང་ན་བདག་ཅག་ཐར་ཀྱང་སྲིད། དེ་ལས་ཐབས་གཞན་མེད་དོ་བྱས་ནས། སྲིན་པོའི་རྒྱལ་པོ་ལ། ཁྱོད་ཀྱི་སྟོན་མོ་བྱེད་ན་བདག་ཅག་མིའི་རྒྱལ་པོ་འབའ་ཞིག་པས་སྟོན་མོ་བཟང་བར་མི་འགྱུར་གྱི་སུ་ཏ་སོ་མ་ཞེས་བྱ་བ། ཡོན་ཏན་ཆེན་པོ་དང་ལྡན་པ་དེ་རྙེད་ན་གདོད་སྟོན་མོ་ཆེན་པོར་འགྱུར་རོ་ཞེས་སྨྲས་པས། སྲིན་པོའི་རྒྱལ་པོས་འདི་ནི་ཅི་དཀའ་ཞེས་སྨྲས་ནས་འཕུར་ཏེ་སོང་བ་ལས། དེའི་ཚེ་སུ་ཏ་སོ་མ་བུ་མོ་གཞོན་ནུ་དང་འགྲོགས་ནས་གྲོང་ཁྱེར་ཕྱི་རོལ་དུ་ཁྲུས་བྱེད་དུ་འགྲོ་བ་ལས། ལམ་དུ་བྲམ་ཟེ་སློང་བ་ཞིག་དང་ཕྲད་དེ། དེ་ལ་བདག་ཁྲུས་ཤིག་བྱེད་དུ་འགྲོ་ད་ཕྱིར་ལོག་ནས་སྦྱིན་པར་བྱའོ་ཞེས་སྨྲས་ནས། ཁྲུས་བྱེད་དུ་སོང་བ་ལས་ཁྲུས་བྱེད་པ་ན་སྲིན་པོའི་རྒྱལ་པོ་འོངས་ཏེ་བྲག་ཕུག་ཏུ་ཁྱེར་རོ། །དེའི་ཚེ་སུ་ཏ་སོ་མ་མི་དགའ་སྟེ་ངུས་པ་དང་། རྐང་བཀྲས། ཁྱོད་གཞན་པས་ལྷག་པར་ཡོན་ཏན་དང་ལྡན་པར་གྲགས་ན། སྐྱེས་བུ་ཆེན་པོ་ནི་ཅིས་ཀྱང་མི་སྐྲག་ན་བྱིས་པ་ཆུང་ངུ་ལྟར་ངུ། སུ་ཏ་སོ་མས། བདག་ནི་ལུས་སྲོག་ལ་ཆགས་པ་དང་ཁྱོད་ལ་འཇིགས་པས་མ་ཡིན་གྱིས། བདག་ཐོག་མ་ནས་བརྫུན་དུ་སྨྲ་མ་མྱོང་ན། ད་ཅི་ཁྲུས་ལ་འགྲོ་བའི་ལམ་དུ་བྲམ་ཟེ་སློང་བ་ཞིག་དང་ཕྲད་དེ་བདག་གིས་ཁྲུས་ནས་ཕྱིར་ལོག་སྟེ་སྦྱིན་ནོ་སྨྲས་པས། དེ་ཉིད་བརྫུན་དུ་གྱུར་ཏོ་སྙམ་དུ་མི་དགའ་སྟེ། རྒྱལ་པོ་ཁྱོད་ཀྱིས་ཞག་བདུན་ཕྱི་བཤོལ་གྱིས་བཏང་ན། བྲམ་ཟེ་དེ་ལ་སྦྱིན་པ་བྱིན་ནས་སླར་མཆིའོ། །སྲིན་པོས་ཁྱོད་བཏང་ན་ཕྱིར་མི་འོང་ངོ་། །སྨྲས་པ། གལ་ཏེ་མ་འོངས་ན་ཡང་ཁྱོད་ལ་བླང་བའི་མཐུ་ཡོད་དོ་སྨྲས་པས་བདེན་སྙམ་སྟེ་ཕྱིར་བཏང་ངོ་། །སུ་ཏ་སོ་མ་ཕྱིར་ཁྱིམ་དུ་ཕྱིན་ཙ་ན། བྲམ་ཟེ་དེ་ཡང་འདུག་པས་རབ་ཏུ་དགའ་ནས་སྦྱིན་པ་བྱིན་ནོ། །བྲམ་ཟེ་དེས་ཀྱང་སུ་ཏ་སོ་མ་རིང་པོར་མི་ཐོགས་པར་སྲོག་དང་བྲལ་བར་འགྲོ་བས་ཕྱིར་ཡུལ་ལ་ཆགས་ན་མི་དགའ་བར་ཤེས་ནས། དེ་ལ། བསྐལ་པའི་མཐའ་ལ་ཐུག་པ་ན། །གནམ་དང་ཀླུང་ཡང་རབ་འབར་ཏེ། །རི་དང་ལྷུན་པོ་རྒྱ་མཚོ་ཡང་། །ཐམས་ཅད་ཐལ་བ་རྡུལ་དུ་འགྱུར། །ལྷ་དང་ཀླུ་དང་ལྷ་མ་ཡིན། །ཐམས་ཅད་འཇིག་ཅིང་ཉམས་ཉེས་ཏེ། །གནམ་དང་ས་ཡང་མེད་འགྱུར་ན། །རྒྱལ་སྲིད་ལྟ་ཞིག་ག་ལ་རྟག ། སྐྱེ་རྒ་ན་དང་འཆི་བ་ཡི། །འཁོར་བའི་མཐའ་ནི་ཟད་མི་ཤེས། །རེ་ཞིག་འདོད་པ་མ་གྲུབ་ན། །མྱ་ངན་གྱིས་ནི་གནོད་པར་འགྱུར། །འདོད་པ་སྐྱོན་དུ་ར བ་ཆེ་སྟེ། །ཉེས་པ་གཞན་ནས་འོང་བ་མིན། །ཁམས་གསུམ་སྡུག་བསྔལ་བཅས་པ་ན། །ཡུལ་སྲིད་ཡིད་བརྟན་རུང་རེ་སྐན། །ཡོད་པ་ཡེ་ནས་མེད་པ་སྟེ། །རྒྱུ་དང་རྐྱེན་གྱིས་འགྲུབ་པར་འགྱུར། །དར་བ་ཡོད་ན་རྒུད་པ་ཡོད། །བདེན་པ་ངེས་པར་བརྫུན་འགྱུར་རོ། །སོ་སོའི་སྐྱེ་བོའི་མཐའ་ཐོག་དག ། སྒྱུ་མ་ལ་ནི་ཀུན་གནས་ཏེ། །ཁམས་གསུམ་ཅི་ལྟར་སྟོང་བཞིན་དུ། །ཡུལ་གྱི་སྲིད་ཀྱང་དེ་བཞིན་ནོ། །རྣམ་པར་ཤེས་པ་གཟུགས་མེད་དེ། །གདུག་པའི་སྦྲུལ་བཞི་ལ་གནས་ཏེ། །མ་རིག་པ་ལས་སྐྱེས་པ་ལ། །བདེ་བའི་གནས་སུ་ཀུན་འཛིན་ཏོ། །གཟུགས་ལ་རྟག་པའི་བདག་མེད་དེ། །སེམས་ལ་རྟག་པའི་ཁྱིམ་ཡོད་མིན། །ལུས་དང་སེམས་ཀྱང་བྲལ་གྱུར་ན། །ཡུལ་སྲིད་ལྟ་ཞིག་ཡོད་རེ་སྐན། །ཞེས་པའི་ཚིགས་སུ་བཅད་པ་རྣམས་སྨྲས་པས་སུ་ཏ་སོ་མས་དོན་ཡིད་ལ་བསམ་པས་ཤིན་ཏུ་དགའ་སྟེ། རྒྱལ་ཚབ་རྒྱལ་པོར་བཅུག་ནས་བློན་པོ་རྣམས་ལ་ཕྱི་ཕྱག་བྱས་ཏེ་འགྲོ་བར་ཆས་པ་ན། ཐམས་ཅད་ཀྱིས་རྒྱལ་པོ་བསྲུང་བར་ཞུས་པས། བརྫུན་ཏུ་སྨྲ་བ་དེ་གསོན་པ་བས་ཤི་བ་འདམ་མོ་གསུངས། དེར་ཀུན་གྱིས་བསྐྱལ་ནས། སུ་ཏ་སོ་མ་གཅིག་པུ་ལམ་དུ་ཞུགས་ཏེ་སོང་བའི་ཚེ་སྲིན་པོ་རྐང་བཀྲས་རྒྱང་རིང་མོ་ནས་བལྟས་པས་སྔོན་བས་ཀྱང་ལྷག་པར་དགའ་བའི་མདངས་བཅས་འོང་བར་མཐོང་ནས། ངོ་མཚར་དུ་གྱུར་ཏེ། ཁྱོད་ཅི་ལ་དགའ་ཞེས་དྲིས་པས། སུ་ཏ་སོ་མས། བདག་གི་སྦྱིན་པ་ཆེན་པོ་ཡང་བྱིན། དམ་པའི་ཆོས་ཀྱང་ཐོས་ནས་ཡིད་ལ་བཅགས་ཏེ་བསམ་པ་གྲུབ་པས་འདིར་སྲོག་བཏང་ཡང་གསོན་པ་བས་དགའ་འོ་ཞེས་སྨྲས་སོ། །དེར་རྐང་བཀྲས། ཁྱེད་ཀྱིས་ཆོས་ཅི་ཞིག་ཐོས་པ་ཁོ་བོ་ལ་ཡང་སྨྲོས་ཤིག སུ་ཏ་སོ་མས་ཚིགས་སུ་བཅད་པ་ཇི་སྐད་དུ་ཐོས་པ་ཡང་སྨྲས། གཞན་ཡང་ཐབས་མཁས་ཀྱིས་སྲོག་བཅད་ཀྱི་ཉེས་པ་དང་། སྡིག་པའི་རྣམ་སྨིན་སྲོག་གཅོད་སྤོང་བའི་ཕན་ཡོན་དང་བསོད་ནམས་ཀྱི་འབྲས་བུ། བྱམས་པའི་སེམས་རྣམས་རྒྱས་པར་བསྟན་པས། སྲིན་པོ་རྐང་བཀྲ་རབ་ཏུ་དགའ་ཞིང་མགུ་ནས། སྤྱི་བོས་ཕྱག་འཚལ་ཏེ་སྲོག་གཅོད་པ་སྤངས་ཤིང་། རྒྱལ་བུ་བྲག་ཕུག་ཏུ་བཅུག་པ་རྣམས་ཀྱང་སོ་སོའི་ཡུལ་དུ་བསྐྱལ་ལོ། །དེ་ནས་སུ་ཏ་སོ་མས་དཔུང་གི་ཚོགས་བཤམས་ཏེ་རྒྱལ་པོ་རྐང་བཀྲ་བསུས་ནས་ཕྱིར་ཡང་རྒྱལ་པོར་བཅུག་གོ །དེའི་བར་ལ་དྲང་སྲོང་གིས་དམོད་པ་བོར་བའི་ལོ་བཅུ་གཉིས་ཀྱང་ཚང་བས། དེ་ཕྱིན་ཆད་མིའི་ཤ་ཡང་མི་ཟ་སྟེ། སྔོན་བཞིན་དུ་རྒྱལ་པོ་བྱས་སོ། །དེའི་དུས་ཀྱི་སུ་ཏ་སོ་མ་ནི་ད་ལྟར་ང་ཡིན་ལ། རྒྱལ་པོ་རྐང་བཀྲ་དེ་ནི་སོར་ཕྲེང་ཅན་དང་། དེ་དུས་ཟོས་པའི་མི་རྣམས་ནི་ད་ལྟར་སོར་ཕྲེང་ཅན་གྱིས་བསད་པའི་མི་རྣམས་ཏེ། མི་འདི་དག་གང་དུ་སྐྱེས་ཀྱང་རྟག་པར་སོར་ཕྲེང་ཅན་གྱི་བསད་པར་གྱུར་ལ། ངས་ཀྱང་སྐྱེ་བ་ཐམས་ཅད་དུ་དགེ་བ་ལ་བཀོད་པར་གྱུར་ཏོ། །གསུངས་པ་དང་། གསལ་རྒྱལ་གྱིས་མི་འདི་དག་སྔོན་ཅི་ཞིག་བགྱིས་པས་སྐྱེ་བ་ཐམས་ཅད་དུ་སོར་ཕྲེང་ཅན་གྱིས་གསོད་པར་གྱུར། བཀའ་སྩལ་པ། སྔོན་བསྐལ་པ་གྲངས་མེད་པའི་ཕ་རོལ་ན། ཡུལ་ཝཱ་རཱ་ཎ་སཱིར་རྒྱལ་པོ་བ་ལ་དར་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ལ་སྲས་གཉིས་ཡོད་པའི་ཆུང་ཤོས་ཀྱིས། བདག་གི་ཕུ་བོ་ནི་རྒྱལ་པོར་འགྱུར་གྱི་བདག་གིས་སྲིད་མི་ཐོབ་པས་དབེན་པར་སོང་ནས་དྲང་སྲོང་གི་ལམ་བཙལ་བར་བྱའོ་སྙམ་ནས་ཡབ་ལ་ཞུས་པས་ཀྱང་གནང་སྟེ་དབེན་པར་སོང་ངོ་། །དེ་ནས་ལོ་མང་ཞིག་ལོན་པ་ན། ཡབ་རྒྱལ་པོ་ཚེ་འཕོས་ནས་ཕུ་བོ་རྒྱལ་སར་བསྐོས་ཀྱང་རིང་པོར་མི་ཐོགས་པར་དེ་ཡང་གཤེགས་ཏེ་རྒྱལ་པོ་བྱེད་པ་མེད་པར་གྱུར་ནས། བློན་པོ་རྣམས་གྲོས་བྱས་ཏེ་སྲས་ཆུང་བ་ཚོལ་དུ་ནགས་སུ་ཕྱིན་ནས་བཙལ་བས་རྙེད་དེ། དེ་ལ་ཁྱོད་ཀྱིས་རྒྱལ་པོ་བྱ་དགོས་སོ་སྨྲས་པ་དང་། དྲང་སྲོང་གིས་ཚིག་འདི་ནི་འཇིགས་སུ་རུང་སྟེ་ཁོ་བོ་དབེན་པ་འདི་ན་རབ་ཏུ་བདེ་སྟེ་མྱ་ངན་ཅི་ཡང་མེད་དོ། །འཇིག་རྟེན་པ་ནི་རང་བཞིན་གྱིས་མ་དུལ་བ་ཡིན་པས་རྒྱལ་པོ་ཡང་གསོད་དུ་འོངས་པས་བདག་གིས་མི་ནུས་སོ། །དེར་བློན་པོ་རྣམས་ཀྱིས་སྙིང་རྗེ་རྗེ་ལྟར་ནན་གྱིས་ཞུས་པས། དྲང་སྲོང་གིས་ཀྱང་མ་བཟོད་ནས་ཕྱིར་ཡུལ་དུ་འོངས་སྟེ། རྒྱལ་པོ་བྱས་སོ། །དྲང་སྲོང་དེ་ཆུང་ངུ་ནས་འདོད་ཆགས་ལ་མ་འབགས་པ་ལས། སྲིད་འཚོ་ཞིང་བགས་ཀྱིས་བུད་མེད་དང་འབགས་པས་ཕྱིར་འདོད་ཆགས་ཆེ་བར་གྱུར་ཏེ་ཉིན་མཚན་དུ་འདོད་ཆགས་བག་མེད་པར་སྤྱོད་ཅིང་། ངའི་ཡུལ་མི་ལ་བུ་མོ་ཡོད་པ་རྣམས་བག་མར་བཏང་ན། སྔར་ང་དང་ཕྲད་པའི་འོག་ཏུ་བག་མར་ཐོངས་ཤིག་ཅེས་ཁྲིམས་བཅས་ཏེ་ཡུལ་གྱི་བུད་མེད་གཞོན་ནུ་མ་ཐམས་ཅད་ལ་མི་རིགས་པར་སྤྱོད་དོ། །དེའི་ཚེ་བུད་མེད་གཅིག་མི་མང་པོ་ཚོགས་པའི་སྔོན་དུ་གཅེར་བུར་ཕྱུང་ནས་གཅིན་གཅི་བ་དང་། ཐམས་ཅད་ཀྱིས་བགད་དེ་ངོ་ཚ་མི་ཤེས་པ་འདིས་ཅི་བྱེད་ཅེས་སྤྱོས་པ་དང་། དེས་བུད་མེད་ཀྱིས་བུད་མེད་ཀྱི་མདུན་དུ་གཅིན་གཅིར་བ་ལ་ངོ་ཚ་ཅི་ཡོད། ཡུལ་འདི་ན་རྒྱལ་པོ་གཅིག་པུ་སྐྱེས་པ་ཡིན་གྱིས་གཞན་ཐམས་ཅད་བུད་མེད་དུ་ངེས་སོ། །ཁྱེད་ཀུན་སྐྱེས་པ་ཡིན་ན་རྒྱལ་པོས་མི་རིགས་པ་འདི་འདྲ་བ་བྱེད་མི་རིགས་སོ། །ཞེས་སྨྲས་པས། ཀུན་ངོ་ཚ་ནས་རྒྱལ་པོ་འདི་མེད་པར་བྱའོ་ཞེས་ཐམས་ཅད་གྲོས་བྱས་ནས་སྐྱེད་ཚལ་དུ་གསང་དམག་སྦས་ནས། རྒྱལ་པོ་ཁྲུས་རྫིང་དུ་འོང་བ་བཟུང་སྟེ། བློན་པོ་རྣམས་ཀྱིས། རྒྱལ་པོ་ཆོས་བཞིན་དུ་མ་བྱས་ནས་འདོད་ཆགས་ཀྱི་མྱོས་ཏེ་ཡུལ་མི་རྣམས་ཀྱི་རིགས་བསླད་པས་རྒྱལ་པོ་གཞན་བཙལ་ནས་ཁྱོད་ཉིད་གསོད་པར་བྱའོ་སྨྲས་པས། རྒྱལ་པོ་དེ་སྐྲག་ནས་ཕྱིན་ཆད་མི་བྱེད་པར་ཁས་བླངས་ཀྱང་མ་ཉན་པར་བསད་པར་བརྩམས་པ་ན། དེ་ཁྲོས་ནས། ང་སྔོན་རི་ལ་འདུག་སྟེ་འཇིག་རྟེན་ན་མི་དགའ་བ་ལས་ནན་གྱིས་རྒྱལ་པོར་བཅུག་སྟེ། ད་ནི་ང་གསོད་དོ་གར་སྐྱེས་ཀྱང་ཁྱོད་དང་ང་ཕྲད་དེ་ཁྱོད་ཀྱང་ངས་གསོད་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་སྟེ་བསད་དོ། །དེའི་དུས་ཀྱི་དྲང་སྲོང་དེ་ནི་ད་ལྟར་སོར་ཕྲེང་ཅན་ཡིན་ལ། དེ་དུས་གྲོས་མཐུན་པར་རྒྱལ་པོ་གསོད་པའི་མི་རྣམས་ནི་སོར་ཕྲེང་གིས་བསད་པའི་མི་རྣམས་ཡིན་ཏེ་རྒྱུ་དེས་རྟག་ཏུ་གསོད་པར་གྱུར་ཏོ་གསུངས། ཡང་རྒྱལ་པོས་དགེ་སློང་སོར་ཕྲེང་ཅན་འདིས་མི་འདི་སྙེད་ཅིག་བསད་ན་ད་ལྟར་འབྲས་བུ་ཐོབ་པའི་འོག་ཏུ་རྣམ་པར་སྨིན་པ་མྱོང་བར་འགྱུར་རམ་ཞེས་གསོལ་པ་ན། བཅོམ་ལྡན་འདས་ཀྱིས་སྡིག་པ་བྱས་ན་རྣམ་པར་སྨིན་པ་ངེས་པར་མྱོང་སྟེ། དགེ་སློང་འདི་ཡང་ད་ལྟར་གནས་ཁང་ན་སེམས་ཅན་དམྱལ་བའི་མེ་བ་སྤུའི་ཁུང་བུ་ཀུན་ནས་འབར་ཏེ་སྡུག་བསྔལ་མི་བཟད་པ་མྱོང་ཞིང་འདུག་གོ་ཞེས་བཀའ་སྩལ་ནས། འཁོར་རྣམས་ཡིད་ཆེས་པའི་ཕྱིར། དགེ་སློང་གཅིག་ལ་ལྡེ་མིག་བསྐུར་ནས། སྒོའི་བུ་གར་ཆུ་གཅིག་གསུངས་པས་དེས་ཀྱང་བཅུག་པ་ན་དེ་མ་ཐག་ཏུ་ཞུའོ། །དེར་བཅོམ་ལྡན་འདས་ཀྱི་སྡིག་པ་བྱས་པའི་རྣམ་པར་སྨིན་པ་ནི་འདི་ཡིན་ནོ་ཞེས་བཀའ་སྩལ་པས་རྒྱལ་པོ་དང་འཁོར་རྣམས་ཡིད་ཆེས་པར་གྱུར་ཏོ། །དེའི་ཚེ་ཀུན་དགའ་བོས། དགེ་སློང་སོར་ཕྲེང་ཅན་སྔོན་ལེགས་པ་ཅི་བགྱིས་པས་སྟོབས་རྩལ་ཆེ་ཞིང་བང་མགྱོགས་པར་གྱུར་ལ། བཅོམ་ལྡན་འདས་དང་ཕྲད་དེ་འཁོར་བ་ལས་གྲོལ་བར་གྱུར་ཞེས་གསོལ་བས། བཀའ་སྩལ་པ། སྔོན་སངས་རྒྱས་འོད་སྲུང་གི་ཚེ་དགེ་སློང་དུ་གྱུར་ནས་དགེ་འདུན་གྱི་ལས་བྱེད་པ་ལས། ནམ་ཞིག་ཁུར་ཐོགས་ཏེ་ལམ་དུ་འགྲོ་བ་ན་མཐུ་ཆུང་ཞིང་འགྲོས་བུལ་བས་མགྱོགས་པར་མ་ཕྱིན་ཏེ། ངལ་ཞིང་དུབ་པར་གྱུར་པ་ན། དགེ་སློང་དེས། བདག་མ་འོངས་པའི་དུས་སུ་མཐུ་མི་སྟོང་དང་མཉམ་ཞིང་མགྱོགས་ཁྱད་བྱ་འཕུར་བ་དང་འདྲ་བར་ཤོག་ཅིག མ་འོངས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་གཤེགས་པ་དང་ཕྲད་ནས་འཁོར་བ་ལས་གྲོལ་བར་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་དགེ་སློང་དེ་ནི་སོར་ཕྲེང་ཅན་ཡིན་ཏེ། དེའི་ཚེ་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་བསྲུང་ཏེ། དགེ་འདུན་གྱི་ལས་བྱས་པས་སྨོན་པ་བཞིན་དུ་གྲུབ་པ་ཡིན་ནོ། །ཞེས་གསུངས་པས་འཁོར་རྣམས་ཀྱི་རྣམ་སྨིན་གྱི་འབྲས་བུ་མངོན་དུ་མཐོང་བས་ཡིད་ཆེས་ཏེ། བརྩོན་པས་བྱང་ཆུབ་གསུམ་གྱིས་འབྲས་བུ་ཅི་རིགས་པ་ལ་ཞུགས་པར་གྱུར་ཏོ། །འདིས་ནི་སྲོག་གཅོད་པ་སོགས་ཀྱིས་རྣམ་སྨིན་དང་། དམ་ཆོས་ལེགས་པར་བཤད་པ་དང་དགེ་འདུན་གྱི་ལས་བགྱིས་པ་སོགས་ཀྱི་ཕན་ཡོན་དང་གྲོགས་བཟང་ངན་གྱི་ཁེ་ཉེན་ཀྱང་བསྟན་པ་ཡིན་ནོ། །


previousདམ་ཆོས་ལེགས་པར་བཤད་པ་དང་དགེ་འདུན་གྱི་ལས་བགྱིས་པ་སོགས་ཀྱི་ཕན་ཡོན་དང་གྲོགས་བཟང་ངན་གྱི་ཁེ་ཉེན་ཀྱང་བསྟན་པ།next