Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུལ་དམ་པ་ལ་ངན་སེམས་བྱས་པ་དང་། སྐྱེ་བོ་ཕལ་པས་ཡུལ་དམ་པ་དགེ་འདུན་སོགས་ལས་བསུ་བ་སོགས་ཀྱི་བཀོད་པ་དང་དུ་བླངས་པའི་ཉེས་པ་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡུལ་དམ་པ་ལ་ངན་སེམས་བྱས་པ་དང་། སྐྱེ་བོ་ཕལ་པས་ཡུལ་དམ་པ་དགེ་འདུན་སོགས་ལས་བསུ་བ་སོགས་ཀྱི་བཀོད་པ་དང་དུ་བླངས་པའི་ཉེས་པ་བསྟན་པ།next

ཡུལ་དམ་པ་ལ་ངན་སེམས་བྱས་པ་དང་། སྐྱེ་བོ་ཕལ་པས་ཡུལ་དམ་པ་དགེ་འདུན་སོགས་ལས་བསུ་བ་སོགས་ཀྱི་བཀོད་པ་དང་དུ་བླངས་པའི་ཉེས་པ་བསྟན་པ།

༈ ཡང་མཉན་ཡོད་ན་ཁྱིམ་བདག་ཕྱུག་པོ་རྣམ་ཐོས་བུའི་ནོར་ལ་འགྲན་པ་ཞིག་ལ་བུ་གཟུགས་བཟང་ཞིང་ལྟ་ན་སྡུག་པ། ཡི་གེ་དང་ཁོང་རྩིས་དང་ཤོད་དགོད་པ་དང་། ལག་རྩིས་དང་དབྱུང་བ་དང་སྦ་བ་དང་དགྲམ་པ་དང་། གོས་དང་ནོར་བུ་དང་རིན་པོ་ཆེ་དང་སྤོས་དང་སྨན་དང་གླང་པོ་ཆེ་དང་རྟ་བརྟག་པ་སྟེ་བརྟག་པ་བརྒྱད་ལ་མཁས་པར་གྱུར་པ་ཞིག་ཡོད་པ་དེ། ཕྱིས་རླུང་ནད་ཀྱིས་ཐེབས་ནས་རྒྱབ་སྒུར་པོ་གྱུར་པ་ན། ཕ་མ་གཉིས་མྱ་ངན་གྱིས་ནོན་ཏེ་སྨན་པ་རྣམས་ལ་བསྟན་ཀྱང་གསོ་མ་ནུས། མུ་སྟེགས་ཀྱི་སྟོན་པ་དྲུག་པོ་ཐམས་ཅད་ལ་ཞུས་ཀྱང་མ་སོས་ནས། ཕྱིས་སྟོན་པ་འཁོར་དང་བཅས་པ་ཁྱིམ་དུ་སྤྱན་དྲངས་པ་ན། ཁྱེའུ་དེས་རྒྱང་རིང་མོ་ནས་སངས་རྒྱས་ཀྱི་སྐུ་མཚན་དཔེས་བརྒྱན་པ་མཐོང་བ་དང་། དགེ་སློང་བསམ་གཏན་ལ་ལོ་བཅུ་གཉིས་སུ་གོམས་པར་བྱས་པ་ལས་ཀྱང་ཁྱད་པར་དུ་གྱུར་པའི་དགའ་བདེ་ཚད་མེད་པ་སྐྱེས་ནས། དད་པས་ཁྲི་ལས་ལྡང་བར་བརྩམས་པ་དང་སྒུར་བ་དེ་ཡང་རང་སངས་ཏེ་ལུས་སྔ་མ་ཁོ་ན་བཞིན་དུ་གྱུར་ནས་སྟོན་པའི་སྤྱན་སྔར་འདུག་པ་དང་། ཆོས་བསྟན་པས་ཁྱིམ་གང་གི་མི་རྣམས་ཀྱིས་བདེན་པ་མཐོང་ཞིང་། ཁྱེའུ་དེས་སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་བར་གསོལ་པ་དང་། སྟོན་པས་དགེ་སློང་ཚུར་ཤོག ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་པས། དེའི་མོད་ལ་སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར། སྤྱོད་ལམ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུ། ལག་ན་ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏེ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། དེ་ནི་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །སངས་རྒྱས་ཀྱིས་ནི་དགོངས་པས་གོ་བགོས་པས། །མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །དེ་ནས་དགེ་སློང་དེ་ལ་བཅོམ་ལྡན་འདས་ཀྱིས་ལུང་ཕོག་ནས། དེས་ཀྱང་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར་ཏོ། །དེ་ནས་དགེ་སློང་གཞན་དག་གིས་བཅོམ་ལྡན་འདས་ལ་དེའི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ། ཁྱིམ་བདག་ཅིག་གི་ཆུང་མ་ལ་ཁྱེའུ་མཚེ་མ་ཞིག་བྱུང་སྟེ། དེ་གཉིས་ཆེར་སྐྱེས་ནས་མཁན་པོ་ལས་རབ་ཏུ་བྱུང་སྟེ། ཁ་ཏོན་ལ་བརྩོན་པ་ན། དེ་གཉིས་ཀྱི་གཅིག་ནི་རྒོད་བག་ཅན་ཞིག་གོ །གཅིག་ནི་བརྟན་པོ་ཞིག་སྟེ་དེ་ནི་ཁ་ཏོན་བྱས་ཟིན་ནས་ཉལ་བར་བྱེད་དོ། །དེའི་ཚེ་རྒོད་བག་ཅན་དེ་ཅིག་ཤོས་ཉལ་བའི་སྟེང་དུ་ཡང་ལྗིད་ཀྱིས་འབེབ་པར་བྱེད་པ་ན། དེ་ཁྲོས་ནས་དེ་ཉིད་སྣད་པའི་ཕྱིར་དྲུང་དུ་སོ་ཕག་གཅིག་བསྒྲེངས་ཏེ་བཞག་པར་ཡང་རྩེ་བའི་ཕྱིར་འོངས་ཏེ་ལྗིད་ཀྱིས་ཕབ་པ་ན། སོ་ཕག་གིས་དེའི་སྐེད་པ་ཆག་ནས་གཞི་དེ་ལས་སྡུག་བསྔལ་ཆེན་པོ་སྐྱེས་སོ། །དེར་ནུ་བོ་དེས་ཀྱང་འགྱོད་དེ་སྡུག་བསྔལ་ཆེན་པོ་སྐྱེས་ཏེ་སྨན་དང་ཡོ་བྱད་རྣམས་སྦྱར་ཏེ་གཡོག་བྱས་པས་རིང་པོར་མ་ཐོགས་པར་སོས་པར་གྱུར་ཏོ། །དེ་སོས་པ་དང་སྐྱོ་ཤས་ཆེར་སྐྱེས་ཏེ་བརྩོན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ན། ནུ་བོ་དེ་ཡང་ཤིན་ཏུ་དགའ་ནས་དེའི་བཀུར་སྟི་དང་གཡོག་བྱས་ཤིང་། དེ་བཞིན་དུ། དཀོན་མཆོག་གསུམ་ལའང་བཀུར་སྟི་བྱས་ནས། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་བོ། །དེའི་ཚེ་ཕུ་བོ་ལ་ཁྲོས་ནས་རྐེད་པ་བཅག་པའི་རྣམ་སྨིན་གྱིས་གང་དུ་སྐྱེས་ཀྱང་རྐེད་པ་ཆག་པར་གྱུར་ལ། སྨོན་ལམ་གྱི་འབྲས་བུས་ཚེ་རབས་ཀུན་ཏུ་ཕྱུག་ཅིང་ནོར་མང་བར་གྱུར་ལ། ད་ལྟར་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ་གསུངས། འདིས་ནི་ངན་སེམས་ཀྱི་རྣམ་སྨིན་དང་ནད་གཡོག་སོགས་བགྱིས་པའི་ཕན་ཡོན་ཡང་བསྟན་ཏོ། །སྐབས་འདིར་དྲུག་སྡེས་ཚོན་དགའ་མོ་གཡོ་སྒྱུས་བྲིད་ནས་མགོ་བསྐོར་བྱས་པའི་ལོ་རྒྱུས་ཀྱང་ཡོད་དོ། །ཡང་སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷཱ་ཛས་དགྲ་བཅོམ་པའི་གོ་འཕང་ཐོབ་ནས་མངོན་ཤེས་ཀྱིས་རང་གིས་གདུལ་བར་བྱ་བ་གར་ཡོད་བརྟགས་ནས། ཡུལ་ཀ་ཤམྦྷི་ན་ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ར་བ་ན་བཞུགས་ཏེ་ཆོས་བསྟན་པས། དེར་གནས་པའི་སྐྱེ་བོ་ཕལ་མོ་ཆེ་འབྲས་བུ་བཞི་གང་རུང་ལ་བཀོད་ཅིང་། གཞན་དག་ལའང་དགེ་བའི་རྩ་བ་རྒྱ་ཆེན་པོ་དག་བསྐྱེད་པར་གྱུར་ཏོ། །དེའི་ཚེ་པད་སའི་རྒྱལ་པོ་འཆར་ཀ་དཔུང་གི་ཚོགས་དང་བཅས། རི་དྭགས་བཤོར་དུ་འགྲོ་བའི་ལམ་ཞོར་དུ་དེར་ཕྱིན་ཏེ་གཏམ་ཐོས་པ་ན། དེར་བལྟ་བ་དང་བསྙེན་བཀུར་གྱི་ཕྱིར་སོང་བ་ན། གནས་བརྟན་དེས་རྒྱལ་པོ་བསུ་ཡང་མ་བསུས་ལངས་ཀྱང་མ་ལངས་སོ། །དེར་རྒྱལ་པོའི་སེམས་ལ་ཁྲོ་བ་སྐྱེས་ཏེ་ཕྱིར་སོང་བ་དང་བློན་པོ་སྡང་བ་དག་གིས་ཀྱང་ངན་དུ་སྨྲས་པའི་རྐྱེན་གྱིས་ཆེར་ཁྲོས་ཏེ། རི་དྭགས་བཤོར་བ་ལས་ཕྱིར་འཁོར་བའི་ཚེ་ཡང་སོང་སྟེ། ད་རེས་བསུ་བ་དང་ལྡང་བར་མི་བྱེད་ན་དེའི་མགོ་གཅོད་པར་བྱའོ་སྙམ་པ་དང་། པིཎྜོ་ལ་བ་ར་དྷྭ་ཛས་ཚུལ་དེ་རྟོགས་ནས། ཏིང་ངེ་འཛིན་ལས་ལངས་ཏེ་གོམ་པ་དྲུག་བོར་ནས་བསུ་བ་དང་། རྒྱལ་པོ་དེའི་ལུས་ལ་འོད་འབྱུང་བ་དེ་ཡང་མེད་པར་གྱུར་ཏེ་མདུན་གྱི་ས་ཡང་གས་སོ། །དེ་མཐོང་བ་དང་རྒྱལ་པོ་ཡང་རབ་ཏུ་སྐྲག་ནས་ཞབས་ལ་ཕྱག་འཚལ་ཞིང་བཟོད་པར་གསོལ་ཏེ། བདག་རྒྱལ་སྲིད་དང་སྲོག་གི་བར་ཆད་དུ་མི་འགྱུར་རམ་ཞུས་པས། ཁྱོད་རྒྱལ་སྲིད་ལས་ཉམས་པར་མི་འགྱུར་ལ་སྲོག་གི་བར་ཆད་དུ་ཡང་མི་འགྱུར་མོད། བདག་གིས་ཁྱོད་ལ་གོམ་པ་དྲུག་བསུ་བ་དེས་ཁྱོད་ཟླ་བ་དྲུག་གི་བར་དུ་རྒྱལ་སྲིད་སྟོང་པར་འགྱུར་ཏེ། ཟླ་བ་དྲུག་ལོན་ནས་ཕྱིར་ཡང་རྒྱལ་སྲིད་ཐོབ་པར་འགྱུར་རོ། །ཁྱོད་བདག་ལ་སེམས་དགའ་བར་གྱིས་དང་ས་འོག་ཏུ་ནུབ་པར་མི་འགྱུར་ལ་ལུས་ཀྱི་འོད་ཀྱང་ཡོད་པར་འགྱུར་རོ། །ཞེས་གསུངས་པས་རྒྱལ་པོས་ཀྱང་གནས་བརྟན་ལ་སེམས་དགའ་ཞིང་དད་པར་བྱས་པས་དེ་དག་སོར་ཆུད་ནས་རབ་ཏུ་མགུ་ཞིང་ཞབས་ལ་ཕྱག་བྱས་ཏེ་སོང་ངོ་། །དེ་ནས་ཕྱིས་ཤིག་ན་རྒྱལ་པོ་དེ་དཔུང་གི་ཚོགས་དང་བཅས་རི་དྭགས་བཤོར་དུ་སོང་བ་ན། རྒྱལ་པོ་རི་དྭགས་ལ་ཡེངས་ནས་འབྲོག་འཚོལ་ཏེ། དཔུང་གི་ཚོགས་དང་བྲལ་ཏེ། སུས་ཀྱང་མ་ཤེས་པར་ཟླ་བ་དྲུག་གི་བར་དུ་བ་ལང་གི་ལྷས་ཤིག་ན་འདུག་གོ །དེར་ཟླ་བ་དྲུག་སོང་བ་ན་སླར་ངོ་ཤེས་ཤིང་བློན་པོའི་ཚོགས་ཀྱིས་བསུས་ནས་སྔར་ལུང་བསྟན་པའང་དྲན་དུ་བཅུག་པས་རྒྱལ་པོ་དེ་རབ་ཏུ་དགའ་བར་གྱུར་ནས་པིཎྜོ་ལ་བ་ར་དྷྭ་ཛའི་སྤྱན་སྔར་ཕྱིན་ཏེ། འཕགས་པ་འཁོར་དང་བཅས་པ་དགུང་བདུན་གྱི་བར་དུ་ཁྱིམ་དུ་སྤྱན་དྲངས་ཤིང་མཆོད་པར་བྱས་ནས། ཉིན་ཐ་མར་ཐམས་ཅད་ལ་རས་ཡུག་ཟུང་རེ་ཕུལ་ཞིང་ཆོས་ཀྱང་ཉན། ཕྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཀ་ཤམྦྷིར་བྱོན་པའི་ཚེ། རྒྱལ་པོ་འཆར་ཀས་ཀྱང་ཟླ་བ་གསུམ་གྱི་བར་དུ་བསྙེན་བཀུར་བྱས་ནས། ཐ་མའི་ཉིན་བཅོམ་ལྡན་འདས་ལ་ན་བཟའ་རས་ཡུག་འབུམ་རི་བ་དང་། དགེ་སློང་གཞན་ལའང་རས་ཡུག་ཟུང་རེ་ཕུལ་ཞིང་ཆོས་ཀྱང་ཉན་པར་བྱེད་དོ། །དེ་ལྟར་བཅོམ་ལྡན་འདས་ལས་ཆོས་ཉན་ནས་ཀྱང་ལྷག་པར་ཡང་ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛ་འབའ་ཞིག་ལ་བསྙེན་བཀུར་བྱེད་པ་མཐོང་ནས་དེའི་རྒྱུ་དྲིས་པ་ན་སྔར་གྱི་གཏམ་ཐོས་པས་ངོ་མཚར་དུ་གྱུར་པ་ན་བཅོམ་ལྡན་འདས་ཀྱིས། ད་ལྟར་འབའ་ཞིག་ཏུ་མ་ཟད་ཀྱིས། སྔོན་འདས་པའི་དུས་ནའང་རྒྱལ་པོ་འཆར་ཀ་འདི་རྒྱལ་པོ་ལྷུན་པོ་ཞེས་བྱ་བར་གྱུར་པའི་ཚེ་དེའི་མདུན་ན་འདོན་གྱི་བུར་པིཎྜོ་ལ་བ་ར་དྷྭ་ཛ་འདི་གྱུར་ཏེ་དཀའ་ཐུབ་ཀྱི་གནས་སུ་སོང་བས་མངོན་ཤེས་ལྔ་དང་ལྡན་པའི་དྲང་སྲོང་དུ་གྱུར་པ་ན། རྒྱ་བོ་དེ་རི་དྭགས་བཤོར་བའི་ལམ་དུ་དེང་སོང་བ་ན། བསུ་བ་སོགས་མ་བྱས་པས། སྔར་ལྟར་རྒྱལ་པོ་དེས་ངན་སེམས་སྐྱེས་པ་ན། མདུན་གྱི་ས་གས་ཤིང་ལུས་ཀྱི་འོད་ཀྱང་མེད་པར་གྱུར་པས། ཤིན་ཏུ་འཇིགས་ཤིང་བཟོད་གསོལ་ཕུལ་བས་སླར་སོར་ཆུད་པར་གསུངས་སོ། །འདིས་ནི་ཡུལ་དམ་པ་ལ་ངན་སེམས་བྱས་པ་དང་། སྐྱེ་བོ་ཕལ་པས་ཡུལ་དམ་པ་དགེ་འདུན་སོགས་ལས་བསུ་བ་སོགས་ཀྱི་བཀོད་པ་དང་དུ་བླངས་པའི་ཉེས་པ་བསྟན་པ་ཡིན་ནོ། །


previousཡུལ་དམ་པ་ལ་ངན་སེམས་བྱས་པ་དང་། སྐྱེ་བོ་ཕལ་པས་ཡུལ་དམ་པ་དགེ་འདུན་སོགས་ལས་བསུ་བ་སོགས་ཀྱི་བཀོད་པ་དང་དུ་བླངས་པའི་ཉེས་པ་བསྟན་པ།next