Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུལ་དམ་པ་ལ་ཁྲོས་པའི་མིག་གིས་བལྟ་བ་དང་ཁྲིམས་དང་སྦྱར་བ་དང་སྲོག་བཅད་པ་སོགས་ཀྱི་རྣམ་སྨིན་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡུལ་དམ་པ་ལ་ཁྲོས་པའི་མིག་གིས་བལྟ་བ་དང་ཁྲིམས་དང་སྦྱར་བ་དང་སྲོག་བཅད་པ་སོགས་ཀྱི་རྣམ་སྨིན་བསྟན་པ།next

ཡུལ་དམ་པ་ལ་ཁྲོས་པའི་མིག་གིས་བལྟ་བ་དང་ཁྲིམས་དང་སྦྱར་བ་དང་སྲོག་བཅད་པ་སོགས་ཀྱི་རྣམ་སྨིན་བསྟན་པ།

༈ ཡང་གླེང་གཞི་མཉན་ཡོད་ན་བཞུགས་ཏེ། དེའི་ཚེ་སེམས་ཅན་ཞིག་དམྱལ་བར་སྐྱེས་ཏེ་ལུས་ཆེ་ཞིང་དམུས་ལོང་དུ་འདུག་ལ་དེའི་ལུས་རིལ་གྱི་རྨས་ཞུ་ལུབ་ཏུ་ཡོགས་ཏེ། དེའི་སྤྱི་བོ་མན་ཆད་རྐང་མཐིལ་ཡན་ཆད་སྲིན་ཞུགས་པས། དེ་ནད་མ་བཟོད་ནས་ཕན་ཚུན་རྒྱུག་པར་བྱེད་ལ། དེ་གལ་ཏེ་ཐང་ལ་འགྲོ་ན་ནི་སེང་གེ་དང་སྟག་དང་གཟིག་དང་དྲེད་ལས་སོགས་པ་ལྕགས་ཀྱི་མཆེ་བ་ཅན་དག་བྱུང་སྟེ་དེ་དག་གིས་ཤ་རྣམས་བཅད་ཅིང་ཟའོ། །དེ་ཆུ་ལ་འབོག་ན་ནི་ཆུ་སྲིན་མ་ཀ་ར་ལྕགས་ཀྱི་མཆེ་བ་ཅན་དག་བྱུང་ནས་དེའི་ཤ་རྣམས་བཅད་ཅིང་ཟའོ། །དེ་སྟེང་གི་ནམ་མཁའ་ལ་འགྲོ་ན་ནི། །བྱ་རོག་དང་བྱ་རྒོད་དང་ཆུན་ལག་ལྕགས་ཀྱི་མཆུ་ཅན་དག་བྱུང་ནས་དེ་དག་གིས་ཤ་རྣམས་བཅད་ཅིང་ཟའོ། །དེ་ནག་སྟུག་པོའི་ནང་དུ་འགྲོ་ན་ནི་ཤིང་ཤལ་མ་ལིའི་ཚལ་འབྱུང་བར་འགྱུར་ཏེ། དེར་རལ་གྲི་དང་མདུང་ཐུང་དང་མདའ་བོ་ཆེ་དང་རྡོ་རྗེ་རྩེ་གཅིག་པ་དང་། མདུང་ཁ་ལེབ་རྣམས་རླུང་གིས་བརྡབ་སྟེ་དེའི་སྟེང་དུ་འབབ་བོ། །དེ་རྩིག་པའི་གསེབ་བམ་རིའི་སུལ་ལམ་བྱ་སྐྱིབ་དག་ཏུ་འགྲོ་བར་འདོད་ན་ཡང་དེར་ལས་ལས་སྐྱེས་པའི་མི་དག་འབྱུང་བར་འགྱུར་ཏེ། རལ་གྲི་དང་མདུང་ཐུང་དང་མདའ་བོ་ཆེ་དང་རྡོ་རྗེ་རྩེ་གཅིག་པ་དང་མདུང་ཁ་ལེབ་རྣམས་ཐོགས་ནས་དེའི་ལུས་ལ་འདེབས་ཏེ་བཅད་ཅིང་གཏུབ་པར་བྱེད་དེ་རྒྱུ་དེས་སྡུག་བསྔལ་དྲག་པོ་མི་བཟོད་པའི་ཚོར་བ་མྱོང་སྟེ་ཉམ་ཐག་པའི་སྐད་འབྱིན་ཅིང་ངུ་བར་བྱེད་དོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པས་མཉན་ཡོད་ཀྱི་སྐྱེ་བོ་ཕལ་ཆེར་འདུལ་བའི་དུས་ལ་བབ་ཅིང་དེ་ཡང་ཚར་བཅད་པ་དང་བསྟོད་པ་དང་སྐྱོ་བ་བསྐྱེད་པ་རྣམས་གང་གིས་འདུལ་བར་གཟིགས་པས་སྐྱོ་བ་བསྐྱེད་པས་འདུལ་བར་གཟིགས་ཏེ། གོང་དུ་སྨོས་པའི་ངན་སོང་དམྱལ་བ་པ་དེ་རྫུ་འཕྲུལ་གྱིས་བཀུག་སྟེ་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་བཞག་པ་ན། དེ་སྡུག་བསྔལ་གྱིས་ཉེན་པའི་ངུ་སྐད་ཀྱིས་མཉན་ཡོད་ཐམས་ཅད་གང་བར་གྱུར་པས། དེ་ཉིད་བལྟ་བའི་ཕྱིར་སྐྱེ་བོ་སྟོང་ཕྲག་མང་པོ་འདུས་པས་སྔར་སྨོས་མ་ཐག་པའི་སེམས་ཅན་གྱིི་ལུས་དང་སྡུག་བསྔལ་གྱི་ཁྱད་པར་མཐའ་དག་མཐོང་ནས་འདི་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བའི་སེམས་ཅན་འདི་ལྟ་བུ་སུ་ཞིག་སྙམ་མོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་ནས་དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་གཤེགས་སོ། །དེ་མཐོང་བ་ན་མ་དད་པ་དག་གིས་དགེ་སྦྱོང་ག་ཏ་མ་ཡང་ལྟད་མོའི་དབང་དུ་གྱུར་ཏེ་འོངས་སོ་ཞེས་ཁ་ཟེར་ཞིང་། གང་དག་དད་པ་དང་ལྡན་པ་དག་གིས་ནི་སེམས་ཅན་འདི་ལ་བརྟེན་ཏེ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཤིག་ལུང་སྟོན་པར་གོར་མ་ཆག་གོ་ཞེས་ཟེར་ནས་རྒྱང་མ་ནས་བསུ་ཞིང་གདན་བཤམས་ཏེ་བཞུགས་སུ་གསོལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་དེས་སྔོན་གྱི་ཚེ་རབས་དྲན་ཅིང་མིའི་སྐད་དུ་སྨྲ་ནུས་པར་བྱིན་གྱིས་བརླབས་ནས། བསྐལ་སྩལ་པ། བཞིན་བཟང་ཁྱོད་སྒོམ་པོ་ཡིན་ནམ། བཅོམ་ལྡན་འདས་བདག་སྒོམ་པོ་ལགས་སོ། །ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པའི་ལས་རྣམས་ཀྱི་འབྲས་བུ་མྱོང་བ་ཡོད་དམ། བཅོམ་ལྡན་འདས་མྱོང་བ་མཆིས་ལགས་སོ། །ལུས་ངག་ཡིད་ཀྱི་ཉེས་པར་སྤྱོད་པའི་ལས་ཀྱི་འབྲས་བུ་མི་སྡུག་པ་ལགས་སམ། བདེ་བར་གཤེགས་པ་མི་སྡུག་པ་ལགས་སོ། །ཁྱོད་ཀྱི་མི་དགེའི་བཤེས་གཉེན་སུ་ཡིན། དེས་གསོལ་པ། རང་གི་སེམས་ལགས་སོ། །དེ་ལྟར་དྲི་རྨེད་{དམད་} མཛད་པ་ན་སྐྱེ་བོ་ཕལ་ཆེར་ཐེ་ཚོམ་དུ་གྱུར་པ་ན། ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ལྟ་བུའི་སེམས་ཅན་སྔོན་གྱི་ཚེ་རབས་དྲན་ལ་མིའི་སྐད་དུ་སྨྲ་ཞིང་། བཅོམ་ལྡན་འདས་ལ་བཀའ་མཆིད་གསོལ་བ་འདི་སུ་ཞིག་ལགས། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སེམས་ཅན་འདི་ནི་སྡིག་པའི་ལས་བྱེད་བྱེད་པ་ཡིན་ཏེ། སྔོན་བྱུང་བ་འདས་པའི་དུས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཅན་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པའི་ཚེ། དགྲ་བཅོམ་པ་ཞིག་དགྲ་བཅོམ་པ་ལྔ་བརྒྱ་དང་ཐབས་ཅིག་ཏུ་ལྗོངས་རྒྱུ་ཞིག་སོང་བ་ལས། རྒྱལ་པོ་སྒམ་པོ་ཞེས་བྱ་བའི་སྐྱེད་མོས་ཚལ་དུ་ཕྱིན་ཏེ། རྒན་རིམ་བཞིན་ཤིང་དྲུང་རེ་རེ་རྩྭ་བཏིང་ནས་སྐྱིལ་མོ་ཀྲུང་བཅས་ཏེ་བསམ་གཏན་ལ་མཉམ་པར་བཞག་གོ །དེའི་ཚེ་རྒྱལ་པོ་དེ་བུད་མེད་ཀྱི་འཁོར་གྱིས་བསྐོར་ཏེ་སྐྱེད་ཚལ་དེར་སོང་ནས་ཕྱོགས་གཅིག་ཏུ་འདུག་པ་དང་། བུད་མེད་དེ་དག་ཚལ་རྒྱུ་ཞིང་ཕྱིན་པས་དགེ་སློང་ལྔ་བརྒྱ་པོ་ཤིང་དྲུང་ན་བཞུགས་པར་མཐོང་ནས་ཞབས་ལ་ཕྱག་བྱས་ཤིང་ཆོས་ཉན་པའི་ཕྱིར་འཁོད་དོ། །རྒྱལ་པོས་དེ་མཐོང་བས་ཤིན་ཏུ་ཁྲོས་ཏེ་ཞོ་ཤས་འཚོ་བ་རྣམས་བོས་ནས། དགེ་སློང་རྣམས་ལྕག་གིས་གཞུས་ཏེ་ལུས་རིལ་གྱི་ཞུ་ལུབ་ཏུ་ཤ་རྣག་བུ་བཞིན་དུ་བྱས་ཏེ། དེ་ནས་གཤེད་མ་ལ་གཏད་ནས་འདི་རྣམས་ཁ་ཅིག་ནི་གསོན་པོར་གསལ་ཤིང་ལ་ཚུགས་ལ་རལ་གྲི་དང་མདུང་ཐུང་དང་མདའ་བོ་ཆེ་དང་རྡོ་རྗེ་རྩེ་གཅིག་པ་དང་མདུང་ཁ་ལེབ་རྣམས་ཀྱིས་བསྣུན་ཅིག ཁ་ཅིག་གསོན་པོར་ཁྱི་ལ་བྱིན་ཅིག ཁ་ཅིག་ནི་ལུས་དུམ་བུ་དྲུག་ཏུ་ཆོད་ལ་ཕྱོགས་ཀུན་ཏུ་བོར་ཅིག་ཅེས་བསྒོས་ཏེ་དེ་ལྟར་བྱས་ནས་ཐམས་ཅད་བཀྲོང་ངོ་། །དེའི་དུས་ཀྱི་རྒྱལ་པོ་སྒོམ་པོ་གང་ཡིན་པ་དེ་ནི་སེམས་ཅན་འདི་ཉིད་ཡིན་ཏེ། ལས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ། །དེས་དགེ་སློང་དག་ལ་སྡང་བའི་སེམས་ཀྱིས་བལྟས་པའི་ལས་དེའི་རྣམ་པར་སྨིན་པས་ནི་དམུས་ལོང་དུ་གྱུར་ཏོ། །ལྕག་གིས་གཞུས་པའི་ལས་དེའི་རྣམ་སྨིན་ནི་ལུས་རིལ་གྱི་རྨས་ཞུ་ལུབ་ཏུ་ཡོགས་ཤིང་སྤྱི་བོ་མན་ཆད་རྐང་མཐིལ་ཡན་ཆད་དུ་སྲིན་ཞུགས་སོ། །དེས་གཤེད་མ་ལ་གཏད་ནས་ཁ་ཅིག་གསལ་ཤིང་ལ་བཙུགས་ནས་མཚོན་གྱིས་བསྣུན་པ་དང་། ཁ་ཅིག་ཁྱིར་བྱིན་པ་དང་། ཁ་ཅིག་དུམ་བུ་གཏུབས་པའི་ལས་དེའི་རྣམ་སྨིན་ནི་གལ་ཏེ་ཐང་ལ་འགྲོ་ན་སེང་གེ་ལ་སོགས་པ་ལྕགས་ཀྱི་མཆེ་བ་ཅན་གྱིས་ཟ་བ་དང་། ཆུ་འབོག་ན་ཆུ་སྲིན་མ་ཀ་ར་ལྕགས་མཆུ་ཅན་གྱིས་ཟ་བ་དང་། མཁའ་ལ་འགྲོ་ན་གདུག་པའི་བྱ་ལྕགས་མཆུ་ཅན་གྱིས་ཟ་བ་དང་། ནགས་ཁྲོད་དུ་འགྲོ་ན་ཤལ་མ་ལིའི་ཚལ་གྱིས་མཚོན་རྣོན་པོས་གཏུབས་པ་དང་། རྩིག་གསེབ་སོགས་སུ་མི་གདུག་པ་ཅན་གྱི་མཚོན་ཆ་སྣ་ཚོགས་པས་འདེབས་པ་སོགས་ཀྱིས་སྡུག་བསྔལ་ཤིན་ཏུ་མི་བཟད་པའི་ཚོར་བ་མྱོང་སྟེ་ཉམ་ཐག་པའི་སྐད་འབྱིན་ཅིང་ངུའོ། །དེ་ལྟར་སངས་རྒྱས་འོད་ཟེར་ཅན་གྱི་རིང་ཚུན་ཆོད་ནས་ད་ལྟའི་བར་དུ་སེམས་ཅན་དམྱལ་བ་རྣམས་ནས་ཤི་འཕོས་ཤིང་ཡང་སེམས་ཅན་དམྱལ་བ་འབའ་ཞིག་ཏུ་སྐྱེས་ཏེ་འདི་ལྟ་བུའི་སྡུག་བསྔལ་མྱོང་ཞིང་ད་དུང་ཡང་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་ལྔ་བརྒྱ་འབྱུང་བར་འགྱུར་ཏེ་དེའི་བར་ལ་ཡང་སེམས་ཅན་དམྱལ་བ་རྣམས་ནས་ཤི་འཕོས་ཤིང་སེམས་ཅན་དམྱལ་བ་འབའ་ཞིག་ཏུ་སྐྱེ་བར་འགྱུར་ཏེ་འདི་ལྟ་བུའི་སྡུག་བསྔལ་ཤ་སྟག་རྙེད་ནས། དེའི་འོག་ཏུ་རིགས་ངན་གྱི་ཁྱིམ་དུ་སྐྱེས་ཏེ་རྟེན་དེར་ཡང་ནགས་ཁྲོད་དུ་རང་སངས་རྒྱས་ཞིག་བཀྲོང་བར་འགྱུར་ཞིང་སླར་ཡང་ལས་དེས་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར་འགྱུར་ཏེ་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ནས་ལས་དེ་དག་ཟད་པ་ན་མིར་སྐྱེ་བར་འགྱུར་ཏེ། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་མ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པ་དང་ཕྲད་ནས། དེའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་དགྲ་བཅོམ་པའི་གོ་འཕང་ཐོབ་པར་འགྱུར་ལ། དགྲ་བཅོམ་པ་ཐོབ་ནས་ཀྱང་རྒྱལ་པོ་སྐྱེད་མོས་ཚལ་དུ་སོང་སྟེ་བཙུན་མོའི་འཁོར་ལ་ཆོས་བསྟན་པའི་རྐྱེན་གྱིས། རྒྱལ་པོ་ཁྲོས་ཏེ་ལྕག་གིས་གཞུས་ནས། ལུས་དུམ་བུ་དྲུག་ཏུ་བཅད་དེ་གསལ་ཤིང་ལ་བསྐྱོན་ནས་རལ་གྲི་ལ་སོགས་པའི་མཚོན་གྱིས་བསྣུན་ནས་ཁྱི་ལ་སྦྱིན་པར་འགྱུར་ཏེ། དེའི་སྡུག་བསྔལ་གྱི་མཐར་དེར་ཐུག་པར་འགྱུར་རོ། །ཞེས་གསུངས་པས་སྐྱེ་བོ་ཕལ་མོ་ཆེ་དེ་དག་སྐྱོ་བ་ཆེར་སྐྱེས་ཏེ། འཁོར་བ་ལས་ངེས་པར་འབྱུང་བའི་བློ་སྐྱེ་བར་གྱུར་ཅིང་། དེ་དང་མཐུན་པའི་ཆོས་བསྟན་པས་སྐྱེ་བོ་དཔག་ཏུ་མེད་པ་ཐེག་པ་གསུམ་གྱི་ལམ་ལ་སྨིན་པ་དང་གྲོལ་བར་མཛད་དོ། །འདིས་ནི་ཡུལ་དམ་པ་ལ་ཁྲོས་པའི་མིག་གིས་བལྟ་བ་དང་ཁྲིམས་དང་སྦྱར་བ་དང་སྲོག་བཅད་པ་སོགས་ཀྱི་རྣམ་སྨིན་བསྟན་པ་ཡིན་ནོ། །སྐབས་འདིར་ས་མཚོ་མས་ལྷ་བྱིན་དམའ་དབབ་པ་དང་སྔོན་གྱི་རབས་ཀྱང་གསུངས་སོ། །


previousཡུལ་དམ་པ་ལ་ཁྲོས་པའི་མིག་གིས་བལྟ་བ་དང་ཁྲིམས་དང་སྦྱར་བ་དང་སྲོག་བཅད་པ་སོགས་ཀྱི་རྣམ་སྨིན་བསྟན་པ།next