Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕ་མ་རྒན་རབས་ལ་བཀུར་སྟི་དགོས་པར་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕ་མ་རྒན་རབས་ལ་བཀུར་སྟི་དགོས་པར་བསྟན་པ།next

ཕ་མ་རྒན་རབས་ལ་བཀུར་སྟི་དགོས་པར་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། ཡུལ་དེ་ན་བྲམ་ཟེ་ཞིག་ལ་བུ་བདུན་ཡོད་དེ། དེ་དག་ཆེར་སྐྱེས་ནས་བྲམ་ཟེ་ལས་དྲུག་པར་གྱུར་པ་ན་སོ་སོར་ཆུང་མ་བླངས་ཏེ་ཁྱིམ་ཕུབ་ནས་བྲམ་ཟེ་དེས་ནོར་རྣམས་བགོ་བཤའ་བྱས་ཏེ་ཅི་ཡོད་པ་རྣམས་དེ་དག་ལ་བྱིན་ནོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་དེའི་ཆུང་མའང་ཤི། བྲམ་ཟེ་དེ་ཡང་རྒས་ཤིང་འཁོགས་ཏེ་མིག་གིས་མི་མཐོང་བར་གྱུར་པ་དང་། དེ་བུ་རྣམས་ཀྱིས་ཁྱིམ་ནས་བསྐྲད་དེ། དེ་གཞན་དག་གི་ཁྱིམ་དུ་སློང་ཞིང་འཚོ་བར་བྱེད་དོ། །དེར་བཅོམ་ལྡན་འདས་ཀྱིས་དེ་ཉིད་གདུལ་བའི་དུས་ལ་བབ་པར་གཟིགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་ནས་བྲམ་ཟེ་རྒས་འཁོགས་སློང་ཞིང་འགྲོ་བ་དེ་ལ་གཟིགས་ཏེ་བཀའ་སྩལ་པ། ཁྱོད་ཅིའི་ཕྱིར་འཁར་བ་དང་སྣོད་ཐོགས་ཤིང་། གཞན་གྱི་ཁྱིམ་དུ་སློང་བར་བྱེད། བྲམ་ཟེས་གསོལ་པ། བདག་ལ་བུ་བདུན་མཆིས་ཏེ། དེ་རྣམས་བདག་གིས་གསོས་ནས་བསྐྱེད་བསྲིངས་ནས། ཐོས་པས་ཀྱང་མཐར་ཕྱིན་པར་བགྱིས་ཏེ་བཞག མཆིས་བྲང་དང་བཅས་ཏེ་བཙེམས་ཏེ་བདག་གི་ཁྱིམ་ན་ཅི་བདོག་པ་དེ་དག་ཐམས་ཅད་ཀྱང་བདག་གིས་སོ་སོར་བགོས་ཏེ་སྩལ་ན། དེ་རྣམས་ཀྱིས་བདག་ཁྱིམ་ནས་བསྐྲད་པས་ན། འཁར་བ་དང་སྣོད་ཐོགས་ཤིང་གཞན་དག་གི་ཁྱིམ་དུ་སློང་ཞིང་རྒྱུ་བར་བྱེད་དོ། །བཀའ་སྩལ་པ། བྲམ་ཟེ་ཁྱོད་ཀྱིས་ང་ལས་ཚིགས་སུ་བཅད་པ་བསླབས་ཏེ་ཀུན་ཆུབ་པར་བྱས་ལ། བུ་དེ་རྣམས་འཁོར་གྱི་ནང་ན་འཁོད་པ་ལ་བསྒྲགས་པར་ནུས་སམ། གསོལ་བ་བདག་གིས་རྔོ་ཐོགས་སོ། །དེར་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་དག་བཙས་ནས་དགའ་འགྱུར་བ། །གང་ཕྱིར་ནོར་ནི་ཀུན་བསགས་པ། །དེ་དག་བདག་གིས་ཚེམས་དང་སྦྱར། །བདག་ནི་ཁྱིམ་ནས་བསད་པར་གྱུར། །ནོར་ཟད་པས་ནི་གང་དག་གིས། །བདག་སྤངས་དེ་དག་དེ་ན་མིན། །སྲིན་པོ་བུ་ཡི་ཆ་ལུགས་ཅན། །ཕ་བུ་ཞེས་བརྗོད་དེ་མི་བརྗིད། །རྟ་རྒན་ཞོ་ཤ་ཟད་པ་བཞིན། །ན་ཚོད་ཡལ་བར་གྱུར་པ་ན། །གཞོན་ནུ་རྣམས་ཀྱི་ཕ་རྒན་ཞིག ། གཞན་གྱི་ཁྱིམ་དུ་སློང་བར་གྱུར། །རྟེན་ལ་མ་ཕན་བུ་རྣམས་པས། །བདག་གི་ཁར་བ་འདི་འདམ་སྟེ། །ཁར་བ་འདི་ཡི་ཡོན་ཏན་མཐུས། །བ་ལང་རྡུང་ཞིང་འོང་བ་དང་། །སྦྲུལ་དང་ཁྱི་ཟ་ཟློག་པར་བྱེད། །མུན་པའི་ནང་ན་མདུན་དུ་འགྲོ། །ཡ་ངའི་གནས་སུ་ཚོད་ཀྱང་རིག ། རྡེག་འཆོས་ན་ཡང་བདག་ལ་རྟོན། །དེ་ནས་བྲམ་ཟེ་དེས་ཚིག་དེ་བློ་ལ་བཟུང་ནས་བུ་རྣམས་ཀྱི་འཁོར་དུ་སོང་སྟེ་བརྗོད་པར་བྱས་པས། དེ་ཐོས་པ་དང་བུ་རྣམས་ཀྱིས་ཕ་ལ་བཟོད་པར་གསོལ་ཏེ་སྔ་མ་ཁོ་ན་བཞིན་དུ་ཁྱིམ་གྱི་བདག་པོར་བཞག་གོ །དེ་ནས་བྲམ་ཟེ་དེས། བདག་གི་དཔལ་དང་སྐལ་བ་ལྡན་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱི་བཀའ་དྲིན་ཡིན་ནོ་བསམས་ནས་བཅོམ་ལྡན་འདས་སྤྱན་དྲངས་ཏེ་བཟའ་བཅའ་གཙང་མ་བཟང་པོ་མང་པོ་དག་གསོལ་ནས་རིན་ཐང་ཆེ་བའི་ན་བཟའ་ཕུལ་ལོ། །དེར་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཕ་བུ་དེ་རྣམས་ཀྱི་ཁམས་དབང་དང་མཐུན་པར་ཆོས་བསྟན་པས། བྲམ་ཟེ་དེ་འཁོར་དང་བཅས་པ་སྟན་དེ་ལ་འཁོད་བཞིན་དུ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཅིང་། སླར་ཚུར་ཤོག་གིས་བསྙེན་པར་རྫོགས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེར་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས་ད་ལྟར་འབའ་ཞིག་མ་ཡིན་ཏེ། སྔོན་བྱུང་བ་འདས་པའི་དུས་ནའང་གྲོང་ཁྱེར་ཙམ་པ་ཞེས་བྱ་བ་ན། ཁྱིམ་བདག་ཅིག་ལ་བུ་བདུན་ཡོད་པ་ལས། བུ་བདུན་པོ་དེ་ཆེར་སྐྱེས་ནས་བརྟག་པ་བརྒྱད་ལ་བྱང་བར་གྱུར་ནས་ཕ་དེས་ཐམས་ཅད་ལ་ཁྱིམ་ཕུབ་ཅིང་ཅི་བདོག་པ་ཐམས་ཅད་སོ་སོར་བགོས་ཏེ་དེ་རྣམས་ལ་བྱིན་ནས། ཁྱིམ་བདག་དེ་རྒས་པར་གྱུར་པ་ན་དེ་རྣམས་ཀྱིས་བསྐྲད་ནས་ཡུལ་གཞན་དུ་འཁྱམས་པ་ན། དཀའ་ཐུབ་ཀྱི་ནགས་ཤིག་ན་དྲང་སྲོང་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་ཡོད་པ་དང་ཕྲད་ནས་དེ་ལ་གཏམ་བྱས་པས། དྲང་སྲོང་དེ་ཁྱིམ་བདག་རྒན་པོ་དེ་སླར་བུ་རྣམས་ཀྱི་ཁྱིམ་དུ་ཁྲིད་ནས་ཆོས་བསྟན་པས་བུ་རྣམས་ཀྱིས་ཀྱང་ཕ་དེ་ཁྱིམ་དུ་བོས་ནས་སྔ་མ་ཁོ་ན་བཞིན་གྱུར་པ་ན། ཁྱིམ་བདག་དེས་དྲིན་གཟོ་བའི་ཕྱིར་དྲང་སྲོང་དེ་ཁྱིམ་དུ་བོས་ནས་ཟན་བྱིན་ཅིང་། དེའི་ཐད་དུ་རབ་ཏུ་བྱུང་བས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེའི་དུས་ཀྱི་དྲང་སྲོང་བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་གནས་པ་དེ་ནི་ང་ཉིད་ཡིན་ལ། ཁྱིམ་བདག་དེ་ནི་བྲམ་ཟེ་རྒན་པོ་དང་། བུ་རྣམས་ནི་ད་ལྟར་གྱི་བུ་འདི་རྣམས་ཡིན་ནོ། །གཞན་ཡང་འདི་རྣམས་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། དབང་པོ་རྣམས་ཡོངས་སུ་སྨིན་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ། །འདིས་ནི་ཕ་མ་རྒན་རབས་ལ་བཀུར་སྟི་དགོས་པར་བསྟན་པའང་ཡིན་ནོ། །


previousཕ་མ་རྒན་རབས་ལ་བཀུར་སྟི་དགོས་པར་བསྟན་པ།next