Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྦྱིན་པ་དང་ཚུལ་ཁྲིམས་ཀྱི་འབྲས་བུ་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྦྱིན་པ་དང་ཚུལ་ཁྲིམས་ཀྱི་འབྲས་བུ་བསྟན་པ།next

སྦྱིན་པ་དང་ཚུལ་ཁྲིམས་ཀྱི་འབྲས་བུ་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་ཕྱུག་པོ་རྣམ་སྲས་ཀྱི་ནོར་དང་ལྡན་པ། བུ་དང་བུ་མོ་བྱུང་ངོ་ཅོག་འཆི་བ་ཞིག་ཡོད་པ་དེ། ཕྱིས་འཕགས་པ་མ་འགགས་པ་ལ་བརྟེན་ནས་སྐྱབས་འགྲོ་དང་བསླབ་གཞི་བླངས་ནས་སྦྱིན་པ་དང་སྦྱིན་པའི་བགོ་བཤའ་ལ་བརྩོན་པར་བྱེད་དོ། །ཕྱིས་ཞིག་ན་ཁྱིམ་བདག་དེའི་ཆུང་མ་ལ་ཁྱེའུ་ལྟ་ན་སྡུག་པ་ཞིག་བཙས་ཏེ་དེ་འཚོ་བའི་ཕྱིར་འཕགས་པ་མ་འགགས་པ་ལ་ཕུལ་ནས། ཉིན་རེ་བཞིན་དུ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་ཅིང་གསོ་བར་བྱེད་ལ། དགེ་སློང་གི་ཆ་ལུགས་སུ་བཅོས་ནས། དགེ་སློང་དང་ལྷན་ཅིག་ཏུ་བསོད་སྙོམས་ལ་རྒྱུ་བར་བྱེད་དོ། །དེ་ནས་དེ་གང་གི་ཚེ་ཤེད་བྱེ་བར་གྱུར་པ་ན། ཁྱིམ་བདག་དེས་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་ནས་བཤོས་ཕུལ་ཏེ། ཁྱེའུ་དེའི་གླུད་དུ་གསེར་དངུལ་མང་པོ་ཕུལ་ཞིང་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཀྱི་གཏམ་ཡང་དག་པས་དགའ་བར་མཛད་ནས་སླར་གཤེགས་སོ། །དེའི་འོག་ཏུ་ཁྱིམ་བདག་དེས་ཁྱེའུ་དེའི་ཆོས་གོས་རྣམས་ཕུད་དེ། ཁྱིམ་པའི་གོས་དང་རྒྱན་བསྐོན་པ་ན་དེ་དག་མི་སྣང་བར་གྱུར་ནས། ཆོས་གོས་ཚོན་ཅན་དེ་དག་འབའ་ཞིག་ཏུ་གྱུར་པས་ཆ་ལུགས་བསྒྱུར་མ་ནུས་ནས། དགེ་སློང་གི་ཆ་ལུགས་སུ་འདུག་བཞིན་དུ་གསོ་བར་བྱེད་དོ། །ཁྱིམ་དེ་ཉིད་དུ་ནེའུ་ལྡངས་ཀྱི་གྲོགས་པོ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཡི་གེ་སློབ་ཏུ་བཅུག་གོ །དེ་ནས་དེ་རང་གི་ཁྱིམ་དེར་ཡང་དགའ་བ་མེད་ན་གཞན་དུ་ལྟ་ཅི་སྨོས་ཏེ། གཙུག་ལག་ཁང་འབའ་ཞིག་ཏུ་འགྲོ་འདོད་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་དེས་བུ་དེ་གཙུག་ལག་ཁང་གི་ནང་དུ་ཁྲིད་ནས་དེ་ཉིད་དུ་གསོས་སོ། །དེ་ནས་གཙུག་ལག་ཁང་དུ་བསྟན་བཅོས་ཐམས་ཅད་རྟོགས་པར་གྱུར་ནས། དེ་ཕྱིར་ཁྱིམ་དུ་འགྲོ་མི་འདོད་དེ། གཙུག་ལག་ཁང་དུ་འདུག་བཞིན་དུ་དེས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཅིང་། དེར་ཕ་མ་ལ་ཞུས་ནས། ཚེ་དང་ལྡན་པ་མ་འགགས་པའི་ཐད་དུ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཤིང་། དེ་ལས་ལུང་མནོས་ཏེ་བརྩོན་པས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་ནས། བདག་ཉིད་ཀྱི་འདུལ་སྐལ་གར་ཡོད་བརྟགས་པས། རང་གི་ཕ་མ་སོགས་དང་ནེའུ་ལྡངས་ཀྱི་གྲོགས་པོ་ལྔ་བརྒྱ་པོ་འདུལ་བར་གྱུར་པ་མཐོང་ནས་རྒྱལ་བྱེད་ཀྱི་ཚལ་དུ་མི་སྣང་བར་གྱུར་ཏེ། རང་གི་ཁྱིམ་དུ་ཕ་མ་གཉིས་ཀྱི་མདུན་ནས་ས་བརྟོལ་ཏེ་བྱུང་ངོ་། །དེ་མཐོང་བ་དང་ཕ་མ་གཉིས་དེ་ལ་ཤིན་ཏུ་དགའ་བར་གྱུར་ཏེ་དེ་ལ་ཆོས་ཉན་པའི་ཕྱིར་མདུན་དུ་འདུག་གོ །དེ་ནས་དེས་ཆོས་བསྟན་པས་ཕ་མ་ལ་སོགས་པ་འཁོར་དང་བཅས་པ་བདེན་པ་ལ་བཀོད་ནས་སྐྱབས་འགྲོ་དང་བསླབ་པའི་གཞི་རྣམས་ཀྱང་བྱིན་སྦྱིན་པ་དང་སྦྱིན་པའི་བགོ་བཤའ་ཡང་བྱེད་དུ་བཅུག་སྟེ་ཁྱིམ་དེ་ཁྲོན་པ་དང་འདྲ་བར་བྱས་ཏེ་བཞག་གོ །དེས་ནེའུ་ལྡངས་ཀྱིས་གྲོགས་པོ་ལྔ་བརྒྱ་པོ་དེ་དག་ཀྱང་བདེན་པ་ལ་སྦྱར་ཞིང་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ལ་བཀོད་དོ། །དེར་དགེ་སློང་རྣམས་ཀྱིས་དེ་དག་གི་ལས་ཀྱི་རྒྱུ་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་དེ་ནི་སྔོན་གྱི་སྨོན་ལམ་གྱིས་སྟོབས་ལས་གྱུར་པ་སྟེ། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་གྲོང་ཁྱེར་ཝཱ་རཱ་ཎ་སཱི་ན་ཁྱིམ་བདག་གཅིག་ལ་བུ་གཟུགས་བཟང་བ་ལྟ་ན་སྡུག་པ་ཞིག་བཙས་ཏེ། དེ་ཆེར་སྐྱེས་ནས་སངས་རྒྱས་ལ་དད་པ་རྙེད་ནས་སྐྱབས་འགྲོ་དང་བསླབ་གཞི་བླངས་སོ། །དེ་གང་གི་ཉིན་པར་བཙས་པའི་དེ་ཁོ་ནའི་ཉིན་པར་ཁྱིམ་བདག་གཞན་གྱི་བུ་ལྔ་བརྒྱ་ཡང་བཙས་ཏེ། དེ་དག་ཆེར་སྐྱེས་པ་དེའི་ཚེ་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏེ། དེ་ནས་དེ་དག་སོ་སོའི་ཕ་མ་རྣམས་ཀྱིས་མཛའ་སྡེའི་ནང་དུ་བཏང་ངོ་། །དེ་ནས་ཕྱིས་ཞིག་ན་དཔྱིད་ཀྱི་དུས་ལ་བབས་པའི་ཚེ་མཛའ་སྡེ་རྣམས་སྐྱེད་མོས་ཚལ་དུ་འགྲོ་འདོད་པར་གྱུར་ནས། ནེའུ་ཟླ་རྣམས་ཀྱིས་ཁྱེའུ་དེ་སྔོན་དུ་བཏང་ནས། ཁྱོད་སྔར་སོང་ལ་བཟའ་བཅའ་དག་སྟ་གོན་གྱིས་ཤིག་དང་བདག་ཅག་སླད་ནས་འོང་ངོ་ཞེས་སྨྲས་སོ། །དེ་ནས་དེ་སོང་ནས་བཟའ་བཅའ་གཙང་མ་དག་སྟ་གོན་བྱས་པ་དང་། སངས་རྒྱས་འོད་སྲུང་འཁོར་དང་བཅས་པ་དེར་བསོད་སྙོམས་ལ་བྱོན་པ་དང་འགྲིགས་པས། ཁྱེའུ་དེ་མངོན་པར་དད་ནས་སྐྱེད་ཚལ་དེར་སྤྱན་དྲངས་ཏེ་ཁ་ཟས་དེ་དག་གིས་མངོན་པར་མཆོད་ནས་བསོད་སྙོམས་ཕུལ་ལོ། །དེའི་འོག་ཏུ་མཛའ་སྡེ་རྣམས་འོངས་པ་ན། དེ་དག་ཁྲོས་ནས་ཁྱིམ་བདག་གི་ཁྱེའུ་དེ་གསོད་པར་བརྩམ་པ་ན། དེ་སྐྲག་ནས་དྲང་སྲོང་སྨྲ་བར་སོང་སྟེ་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་སྦྱངས་པས་ལོབས་ཏེ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ནས། དེས་ཕ་མ་གཉིས་སྐྱབས་འགྲོ་དང་བསླབ་པའི་གཞི་རྣམས་ལ་བཀོད་ནས་སྦྱིན་པ་དང་སྦྱིན་པའི་བགོ་བཤའ་བྱེད་དུ་བཅུག་གོ །དེ་ནས་མཛའ་སྡེ་རྣམས་ཀྱང་འགྱོད་དེ་བཟོད་གསོལ་ཕུལ་ཞིང་། དེ་ལས་སྐྱབས་འགྲོ་དང་བསླབ་གཞི་རྣམས་ཀྱང་བླངས་སོ། །དེ་ནས་ཕྱིས་དགེ་སློང་དེ་ནད་ཀྱིས་ཐེབས་ནས་འཆི་ཀར། མ་འོངས་པ་ན་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བྱས་སོ། །དེའི་ཚེ་ཕ་མ་དང་མཛའ་སྡེའི་ཚོགས་དེ་དག་ཀྱང་དྲུང་དུ་འཁོད་པས་བདག་ཅག་རྣམས་ཀྱང་ཁྱོད་ལ་བརྟེན་ནས་སངས་རྒྱས་དེ་མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པར་བྱེད་པར་མ་གྱུར་ཅིག ཅེས་བྱས་སོ། །དེའི་དུས་ཀྱིས་དགེ་སློང་སྡེ་སྣོད་གསུམ་པ་གང་ཡིན་པ་དེ་ནི། ད་ལྟར་གྱི་ཁྱིམ་བདག་གི་ཁྱེའུ་འདི་ཡིན་ལ། དེའི་ཕ་མར་གྱུར་པ་དེའང་ད་ལྟར་གྱི་ཕ་མ་འདི་གཉིས་དང་མཛའ་སྡེ་ལྔ་བརྒྱ་པོ་ནི་ནེའུ་ལྡངས་ལྔ་བརྒྱ་པོ་འདི་ཡིན་ཏེ་འདི་རྣམས་ཀྱིས་ད་ལྟར་ང་མཉེས་པར་བྱས་ཀྱི་མི་མཉེས་པར་མ་བྱས་སོ་གསུངས། འདི་ནི་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་འབྲས་བུ་བསྟན་ཏོ། །


previousསྦྱིན་པ་དང་ཚུལ་ཁྲིམས་ཀྱི་འབྲས་བུ་བསྟན་པ།next