Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱམས་སོགས་ཀྱི་ཕན་ཡོན་དང་ཆོས་ལ་ཕྱི་བཤོལ་བྱར་མི་རུང་བར་མྱུར་དུ་བརྩོན་དགོས་པར་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱམས་སོགས་ཀྱི་ཕན་ཡོན་དང་ཆོས་ལ་ཕྱི་བཤོལ་བྱར་མི་རུང་བར་མྱུར་དུ་བརྩོན་དགོས་པར་བསྟན་པ།next

བྱམས་སོགས་ཀྱི་ཕན་ཡོན་དང་ཆོས་ལ་ཕྱི་བཤོལ་བྱར་མི་རུང་བར་མྱུར་དུ་བརྩོན་དགོས་པར་བསྟན་པ།

༈ ཡང་བཅོམ་ལྡན་འདས་ཀྱིས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འཁོར་ལྔ་བརྒྱ་དང་། དེའི་སློབ་མ་ཆུ་ཀླུང་འོད་སྲུང་དང་། ག་ཡ་འོོད་སྲུང་གཉིས་འཁོར་ཉིས་བརྒྱ་ལྔ་བཅུ་རེ་བཅས་སྔོན་གྱིས་རལ་པ་ཅན་སྟོང་པོ་ཚུར་ཤོག་གིས་བསྙེན་པར་རྫོགས་ཤིང་དགྲ་བཅོམ་པའི་གོ་འཕང་ལ་བཀོད་ནས་དགེ་སློང་སྟོང་པོ་དེ་དག་དང་ཐབས་ཅིག་ཏུ། ཡུལ་མ་ག་དྷཱར་ལྗོངས་རྒྱུ་ཞིང་མཐར་མཆོད་རྟེན་རབ་བརྟན་ཞེས་བྱ་བའི་སྨྱིག་མའི་ནགས་ཁྲོད་ན་བཞུགས་པ་ན། ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་ཐོས་ཏེ། རྒྱལ་པོ་ཆེན་པོའི་འབྱོར་པ་དང་མཐུ་ཆེན་པོའི་ཤིང་རྟ་ཁྲི་ཉིས་སྟོང་དང་རྒོད་མ་སྟོང་བརྒྱད་བརྒྱ་དང་། ཡུལ་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་སྟོང་ཕྲག་དུ་མ་དང་བཅས་བཅོམ་ལྡན་འདས་ལ་བསྙེན་བཀུར་གྱི་ཕྱིར་འོང་བ་ན། གྲོང་ཁྱེར་གྱི་སྒོར་བྱུང་བ་དང་རྒྱལ་པོའི་ཅོད་པཎ་ས་ལ་ལྷུང་བས་ཐེ་ཚོམ་དུ་གྱུར་པ་ན། ལྷ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱི་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བ་ནི་ལེགས་པར་འགྱུར་མོད་ཀྱི་ཁྱོད་དང་དགེ་བའི་རྩ་བ་མཉམ་དུ་བསགས་པའི་ལས་མཐུན་པ་དག་ལས་ཁ་ཅིག་ནི་བཙོན་རར་འདུག་ཅིང་ཁ་ཅིག་ནི་ཡུལ་གཞན་ན་འདུག་པས་བཙོན་རྣམས་ཐོངས་ལ་ལྗོངས་དག་ཏུ་ཡང་དྲིལ་བསྒྲགས་ཏེ་དེ་དག་དང་ལྷན་ཅིག་ཏུ་བསྙེན་བཀུར་གྱི་ཕྱིར་སོངས་ཤིག ཅེས་བསྐུལ་བས་རྒྱལ་པོས་ཀྱང་དེ་ལྟར་བྱས་ནས་སྐྱེ་བོ་ཕལ་མོ་ཆེ་དང་ལྷན་ཅིག་ཏུ་ཕྱིན་པ་ན། ལམ་དུ་རྒྱལ་པོས་རང་གི་དཔུང་ཚོགས་ལ་བལྟས་པས་རྒྱགས་པ་སྐྱེས་ཏེ་བྱད་གཟུགས་དང་མཐུ་དབང་མཚུངས་པ་མེད་དོ་སྙམ་མོ། །དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་དེ་བས་ཆེས་བྱད་གཟུགས་བཟང་བའི། རྒྱལ་པོ་ལྔ་བརྒྱ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ཅིང་བཞུགས་སོ། །དེར་རྒྱལ་པོ་ཇི་སྲིད་བཞོན་པས་འགྲོ་བར་བྱ་བའི་ས་དེ་སྲིད་དུ་བཞོན་པ་ཞོན་ཏེ་སོང་ནས། རྒྱལ་ཐབས་རྣམ་པ་ལྔ་སྟེ། དབུ་རྒྱན་དང་གདུགས་དང་། རལ་གྲི་དང་། ནོར་བུ་ཡུ་བ་ཅན་གྱི་རྔ་ཡབ་དང་། རིན་པོ་ཆེས་བརྒྱན་པའི་ལྷམ་ཁྲ་བོ་རྣམས་ཕུད་ཅིང་བཞག་ནས་སྤྱན་སྔར་ཕྱིན་པ་ན། སྤྲུལ་པའི་རྒྱལ་པོ་ལྔ་བརྒྱ་པོ་མཐོང་བས་བྱད་གཟུགས་ཀྱི་རྒྱགས་པ་ཞི་བར་གྱུར་ཅིང་། དེར་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས། བཙུན་པ་བདག་ནི་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལགས་སོ་ཞེས་གསོལ་པས། རྒྱལ་པོ་ཆེན་པོ་དེ་དེ་བཞིན་ཏེ་རང་གི་སྟན་ལ་འདུག་ཅིག་ཅེས་བཀའ་སྩལ་པས་རྒྱལ་པོ་ཡང་ཕྱོགས་ཤིག་ཏུ་འཁོད་ཅིང་། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ལས་ཕྱག་འཚལ། ལ་ལས་དགའ་བའི་གཏམ་གསོལ། འགའ་ཞིག་རྒྱང་རིང་མོ་ནས་བལྟ་ཞིང་འཁོད་དོ། །དེའི་དུས་ན་བྲམ་ཟེ་དང་ཁྱིམ་བདག་མང་པོ་ཞིག་གིས་ལྟེང་རྒྱས་འོད་སྲུང་ཡང་འཁོར་དེ་ན་མཐོང་སྟེ། ཅི་དགེ་སྦྱོང་ཆེན་པོ་འོད་སྲུང་གི་དྲུང་དུ་ཚངས་པར་སྤྱོད་དམ། འོད་སྲུང་དགེ་སྦྱོང་ཆེན་པོའི་དྲུང་དུ་ཚངས་པར་སྤྱོད་པ་ཡིན་ནམ་སྙམ་ཐེ་ཚོམ་དུ་གྱུར་པ་ལས། སྟོན་པས་དེ་མཁྱེན་ཏེ་དོན་དེའི་དབང་དུ་བྱས་ནས། འོད་སྲུང་དང་ཞུ་ལན་འགའ་རེ་མཛད་ནས། བཀའ་སྩལ་པ། འོད་སྲུང་འཁོར་རྣམས་སྐྱོ་བ་སྐྱེད་ཅིག དེ་ནས་འོད་སྲུང་སྟན་དེར་མི་སྣང་བར་གྱུར་ཏེ་ཕྱོགས་བཞིའི་ནམ་མཁའ་ལ་འཕགས་ཏེ། འཆག་པ་དང་། སྡོད་པ་དང་། འདུག་པ་དང་། ཉལ་བར་བྱེད་པ་སྟེ། སྤྱོད་ལམ་རྣམ་བཞི་དང་། སྣ་ཚོགས་པའི་འོད་འབྱིན་པ་དང་། སྟོད་ནས་མེ་འབར་ཞིང་སྨད་ནས་ཆུ་འབབ་པ་དང་། སྨད་ནས་མེ་འབར་ཞིང་སྟོད་ནས་ཆུ་འབབ་པ་སོགས་ཡ་མ་ཟུང་གི་ཆོ་འཕྲུལ་བསྟན་ཏེ། སྟོན་པའི་སྤྱན་སྔར་ལུས་བཏུད་དེ། བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ། །བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །ཞེས་ལན་གསུམ་གསོལ་ཞིང་། བཅོམ་ལྡན་འདས་ཀྱིས་ཀྱང་མཐུན་འགྱུར་མཛད། ལྟེང་རྒྱས་འོད་སྲུང་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་སྟན་ལ་འཁོད་པ་ན། སྐྱེ་བོ་ཐམས་ཅད་ཐེ་ཚོམ་དང་བྲལ་ཞིང་དད་པ་སྟོབས་སུ་གྱུར་པ་ན། བདག་མེད་པའི་དོན་ལས་བརྩམས་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཡང་དག་པ་གསུངས་པས། རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ལྷ་བརྒྱད་ཁྲི་དང་། བྲམ་ཟེ་དང་། ཁྱིམ་བདག་སྟོང་ཕྲག་དུ་མས་དུས་དེ་ཉིད་དུ་བདེན་པ་མཐོང་ཞིང་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ཀྱང་བླངས་སོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་འཁོར་དང་བཅས་པ་རྒྱལ་པོའི་ཁབ་ཏུ་སྤྱན་དྲངས་ཏེ་འོད་མའི་ཚལ་བྱ་ཀ་ལན་ཏ་ཀའི་ཀུན་དགའ་ར་བར་བཞུགས་སོ། །དེའི་ཚེ་དགེ་སློང་རྣམས་ངོ་མཚར་དུ་གྱུར་པ་ལ། བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། སྔོན་འདས་པའི་དུས་ནའང་འདི་རྣམས་བསམ་གཏན་དང་མངོན་ཤེས་དང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ངས་བཀོད་པ་དང་། གཞི་དེས་ངའི་གྲགས་པས་འཇིག་རྟེན་ཀུན་ཏུ་རྒྱས་པར་གྱུར་ཏེ། གྲོང་ཁྱེར་ཤུལ་ལྡན་ཞེས་པ་ན། རྒྱལ་པོ་ཕྱོགས་ཀྱི་བདག་པོ་ཞེས་པས་རྒྱལ་སྲིད་བྱེད་དེ། དེ་ལ་སྲས་མཚན་དང་ལྡན་པ་རྡུལ་ཞེས་བྱ་བ་ཡོད་དེ་དེ་ཉིད་ཆེར་སྐྱེས་པ་ན་བཟོ་དང་སྒྱུ་རྩལ་ཀུན་ལ་བྱང་བར་གྱུར་ཏོ། །རྒྱལ་པོ་དེའི་མདུན་ན་འདོན་ནི་བྲམ་ཟེ་ཁྱབ་འཇུག་ཅེས་བྱ་བ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་ཞིག་ཡོད་པ་དེས་རྒྱལ་ཐབས་ཀྱི་བྱ་བ་ཐམས་ཅད་བྱེད་པ་ལས། ནམ་ཞིག་དེ་ལ་ཁྱེའུ་ལྟ་ན་སྡུག་པ་ཞིག་བཙས་ཏེ་མིང་མེ་སྐྱོང་དུ་བཏགས། དེ་ཆེར་སྐྱེས་པ་ན་མཐར་གྱིས་རིགས་པའི་གནས་བཅོ་བརྒྱད་ལ་མཁས་པར་གྱུར་ཏེ་རྒྱལ་བུ་རྡུལ་དང་རྟག་ཏུ་འགྲོགས་ཤིང་བཤེས་པར་གྱུར་པ་ལས། ཕྱིས་མདུན་ན་འདོན་ཁྱབ་འཇུག་ཤི་ནས་རྒྱལ་པོ་ཕྱོགས་ཀྱི་བདག་པོ་མྱ་ངན་གྱིས་ནོན་པ་ལ། རྒྱལ་བུ་རྡུལ་གྱིས་ལོ་རྒྱུས་གསོལ་ནས་མེ་སྐྱོང་མདུན་ན་འདོན་གྱི་གཙོ་བོར་བཀུར་ཞིང་། དེ་ནས་ཡབ་རྒྱལ་པོ་འདས་ནས་རྒྱལ་བུ་རྡུལ་རྒྱལ་སྲིད་ལ་དབང་བསྐུར་བའི་ཚེ་མིང་རྒྱལ་པོ་རྡུལ་ཞེས་བྱ་བར་གྱུར་ཏེ། དེས་ཁྱེའུ་མེ་སྐྱོང་ལ་རྒྱལ་སྲིད་ཀྱི་བྱ་བ་ཐམས་ཅད་གཏད་པས་དེ་ཡང་མིང་འགྱུར་ཏེ་མེ་སྐྱོང་ཁྱབ་འཇུག་ཅེས་བྱ་བར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་རྡུལ་གྱི་སྔོན་གཞོན་ནུའི་ཚེ་མཛའ་བཤེས་སུ་གྱུར་པའི་རྒྱལ་རིགས་གཞོན་ནུ་དྲུག་ཡོད་པ་དེ་དག་གིས་ཡུལ་དཔོག་པར་གསོལ་བས། རྒྱལ་པོ་རྡུལ་གྱིས་མེ་སྐྱོང་ཁྱབ་འཇུག་ལ་བསྒོས་ཏེ། ས་ཆེན་པོ་འདི་ཆ་བདུན་དུ་བགོས་པའི་ཆ་དྲུག་པོ་རྒྱལ་རིགས་གཞོན་ནུ་དྲུག་པོ་དེ་ལ་བྱིན་ཅིང་རང་རྒྱལ་སྲིད་ལ་བཀོད་ནས་ཆ་གཅིག་པོ་དེ་རྒྱལ་པོ་རྡུལ་རང་ཉིད་ཀྱིས་བཟུང་ངོ་། །དེ་ནས་མེ་སྐྱོང་ཁྱབ་འཇུག་ནི་འཛམ་བུའི་གླིང་ན་ཚངས་པར་བཀུར་ཏེ། བྲམ་ཟེ་འདི་ནི་ཚངས་པའི་ལམ་ཡིན་ནོ་སྙམ་དུ་འཛིན་ནོ། །དེར་བྲམ་ཟེ་ཁྱབ་འཇུག་གིས་ཐམས་ཅད་ཀྱིས་བདག་ནི་ཚངས་པར་བཀུར་ཞིང་ཚངས་པའི་ལམ་དུ་འཛིན་ན། སྔོན་གྱི་སློབ་དཔོན་དག་ལས་བྲམ་ཟེ་གང་ཞིག་དབྱར་ཟླ་བ་བཞིའི་བར་དུ་བྱམས་པ་དང་ལྡན་པའི་སེམས་ཀྱིས་གནས་པ་དེ་ལ་མི་མཇེད་ཀྱི་བདག་པོ་ཚངས་པ་བལྟར་འོང་ངོ་ཞེས་ཟེར་བས་དེ་ཉིད་མཐོང་བར་བྱས་ཏེ་ཚངས་པའི་ལམ་དྲིའོ་སྙམ་ནས་རྒྱལ་པོ་རྡུལ་ལ་གསོལ་ཏེ་ཟླ་བ་བཞིའི་བར་དུ་ལས་སུ་བྱ་བ་ཐམས་ཅད་སྤངས་ཏེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་དང་ལྡན་པའི་སེམས་ཀྱིས་གནས་པར་བྱས་པས། མི་མཇེད་ཀྱི་བདག་པོ་ཚངས་པ་དངོས་སུ་བལྟར་འོང་བ་དང་དྲི་བ་དང་དྲི་ལན་འགའ་ཞིག་གི་མཐར་ཚངས་པའི་ལམ་དྲིས་པ་ན། ཚངས་པས་སྨྲས་པ། ཚངས་པ་མི་ཡིས་ང་རྒྱལ་སྤངས་བྱས་ལ། །རྩེེ་གཅིག་བཏུད་དེ་སྙིང་རྗེས་མོས་བྱས་ཤིང་། །དྲི་ང་མེད་ཅིང་འཁྲིག་པ་རབ་སྤངས་ལ། །དེ་ལ་གནས་ཤིང་དེ་ལ་བསླབས་བྱས་ནས། །རྡུལ་མེད་མི་ཡིས་ཚངས་པའི་འཇིག་རྟེན་ཐོབ། །བྲམ་ཟེ་ཁྱབ་འཇུག་ཆེན་པོས་སྨྲས་པ། ཚངས་པ་གང་དག་མི་ཡི་དྲི་ང་ལགས། །ཆུ་འགྲམ་ཆུས་ཡོག་བཞིན་དུ་གང་གིས་གཡོགས། །ངན་སོང་རྒྱུ་སྟེ་འཇིག་རྟེན་ཐམས་ཅད་བསྒྲིབས། །ཚངས་པ་ཐོབ་པའི་ལམ་ཡང་ཡོང་མི་ཤེས། །ཚངས་པས་སྨྲས་པ། ཁྲོ་དང་བརྫུན་དང་ངན་སེམས་འཚེ་བ་དང་། །ངན་དུ་བྱེད་དང་བློ་ཕྱེད་ཕྲ་མ་དང་། །ཆགས་དང་སྡང་དང་དེ་བཞིན་གཏི་མུག་དང་། །འཆབ་པ་དང་ནི་སེར་སྣ་གཏུམ་ཚིག་རྣམས། །བྲམ་ཟེ་འདི་དག་མི་ཡི་དྲི་ང་བ། །ཆུ་འགྲམ་ཆུས་ཡོག་བཞིན་དུ་དེ་ཡིས་གཡོགས། །ངན་སོང་རྒྱུ་སྟེ་འཇིག་རྟེན་ཐམས་ཅད་བསྒྲིབས། །ཚངས་པ་ཐོབ་པའི་ལམ་ཡང་ཡོང་མི་ཤེས། །ཆོས་འདི་རྟག་ཏུ་སྤྱོད་པ་ཡིན། །དེ་རྣམས་ལས་ནི་འདས་གྱུར་ན། །ཚངས་པ་དག་ཏུ་སྐྱེ་འགྱུར་གྱིས། །ཁྱོད་ཀྱི་བརྟན་པོར་བསྒྲིམས་པར་གྱིས། །ཞེས་སྨྲས་ཏེ་མི་སྣང་བར་གྱུར་ཏོ། །དེར་བྲམ་ཟེ་ཁྱབ་འཇུག་ཆེན་པོས་མི་མཇེད་ཀྱི་བདག་པོ་ཚངས་པས་ཇི་སྐད་བཤད་པའི་དོན་འདི་ཉིད་ཁྱིམ་ན་གནས་བཞིན་དུ་སྒྲུབ་པར་དཀའ་བས། རབ་ཏུ་བྱུང་བའི་དུས་ལ་བབ་པོ་སྙམ་ནས། རྒྱལ་པོ་རྡུལ་ལ་སྨྲས་པས། དེས་ཀྱང་བདག་གི་བུ་ཐུ་བོ་རྒྱལ་སར་མ་བཅུག་གི་བར་དུ་སྡོད་ཅིག དེ་ནས་མཁན་པོའི་རྗེས་སུ་བདག་ཀྱང་རབ་ཏུ་འབྱུང་ངོ་། །རྒྱལ་པོ་ཆེན་པོ་དུས་ལ་བབ་པར་མཁྱེན་ན་དེ་ལྟར་མཛོད་ཅིག དེ་ནས་རྒྱལ་རིགས་ཀྱི་རྒྱལ་པོ་དྲུག་ལ་སྨྲས་པས། དེ་རྣམས་ཀྱིས་མཁན་པོ་ཁྱོད་ལོ་བདུན་གྱི་བར་དུ་སྡོད་ཅིག་དང་། ལོ་བདུན་ནས་བདག་ཅག་གི་བུ་དང་ནུ་བོ་དག་རྒྱལ་སར་བཅུག་ལ། མཁན་པོའི་རྗེས་ལ་རབ་ཏུ་བྱུང་ངོ་། །ཁྱབ་འཇུག་གིས། ཀྱེ་ལོ་བདུན་ནི་ཧ་ཅང་རིང་ཆེས་སོ། །འདོད་པ་རྣམས་ནི་ཆགས་པར་འགྱུར་བའོ། །ལོངས་སྤྱོད་རྣམས་ནི་རྒྱགས་པར་འགྱུར་བའོ། །འཚོ་བ་དང་འཆི་བ་ནི་དྲོད་བཟུང་དཀའོ། །ལོ་བདུན་ལོན་ནས་ཁྱོད་རབ་ཏུ་བྱུང་ངམ་མི་འབྱུང་གཏོལ་མེད་ཀྱིས་བདག་ནི་རབ་ཏུ་འབྱུང་ངོ་། །དེ་དག་གིས་རིམ་པར་ལོ་དྲུག་ནས་གཅིག་གི་བར་དང་། དེ་བཞིན་དུ་ཟླ་བ་བདུན་ནས་གཅིག་གི་བར་དང་ཞག་བདུན་ནས་གཅིག་གི་བར་དུ་སྔ་མ་ལྟར་སྨྲས་ཀྱང་། ཁྱབ་འཇུག་གི་སྔ་མའི་ཚུལ་གྱིས་བཟློགས་པས། དེ་དག་གིས་ཀྱང་ཞག་བདུན་སོགས་ཀྱང་བཏང་ནས། དེང་ཉིད་དུ་བུ་དང་ནུ་བོ་སོགས་རྒྱལ་སར་བཅུག་ནས་རབ་ཏུ་འབྱུང་བར་སྨྲས་སོ། །དེར་ཁྱེད་ཀྱིས་དེའི་དུས་ལ་བབ་པར་ཤེས་ན་དེ་ལྟར་གྱིས་ཤིག དེ་བཞིན་དུ་རྒྱལ་པོ་དེ་རྣམས་ཀྱི་འཁོར་ཚོགས་སོགས་སྐྱེ་བོ་མང་པོ་ལ་སྨྲས་པས་ཀྱང་ཐམས་ཅད་ཀྱིས་རབ་ཏུ་བྱུང་བར་བྱས་ཏེ། དེར་བྲམ་ཟེ་ཁྱབ་འཇུག་ཆེན་པོས་ཁྱིམ་གྱི་འཁོར་བཏང་སྟེ། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ཏེ། སྐྲ་དང་ཁ་སྤུ་བྲེགས་གོས་ངུར་སྨྲིག་བགོས་ནས། ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་། ནགས་ཁྲོད་ཅིག་ཏུ་སྤྱིལ་པོ་ཕུབ་སྟེ་གནས་བཅས་ནས། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་བསྐྱེད་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏེ། དེའི་རྗེས་སུ་རྒྱལ་པོ་རྡུལ་གཡོག་འཁོར་འབུམ་ཕྲག་དུ་མ་དང་། རྒྱལ་རིགས་ཀྱི་རྒྱལ་པོ་དྲུག་འཁོར་དང་བཅས་པ་དང་གཞན་ཡང་སྐྱེ་བོ་མང་པོ་དག་རབ་ཏུ་བྱུང་ཞིང་། དེ་དག་ལ་ཡིད་བྱེད་ཀྱི་ལུང་ཕོག་ནས་བརྩོན་པས། བསམ་གཏན་བཞི་དང་མངོན་ཤེས་ལྔ་བསྐྱེད་དེ། དེའི་ཚེ་བྲམ་ཟེ་ཁྱབ་འཇུག་ཅེས་པའི་མིང་དེ་ཡང་མེད་པར་གྱུར་ནས། སྟོན་པ་ཁྱབ་འཇུག་ཅེས་གྲགས་སོ། །དེའི་དུས་ཀྱིས་སྟོན་པ་ཁྱབ་འཇུག་ནི་ང་ཉིད་ཡིན་ལ། རྒྱལ་པོ་རྡུལ་ནི་གཟུགས་ཅན་སྙིང་པོ་དང་། གཞན་རྣམས་ནི་ལྷ་བརྒྱད་ཁྲི་དང་། ཡུལ་མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་སྟོང་ཕྲག་དུ་མ་འདི་རྣམས་ཡིན་ནོ་གསུངས། འདིས་ནི་བྱམས་སོགས་ཀྱི་ཕན་ཡོན་དང་ཆོས་ལ་ཕྱི་བཤོལ་བྱར་མི་རུང་བར་མྱུར་དུ་བརྩོན་དགོས་པར་བསྟན་པའང་ཡིན་ནོ། །


previousབྱམས་སོགས་ཀྱི་ཕན་ཡོན་དང་ཆོས་ལ་ཕྱི་བཤོལ་བྱར་མི་རུང་བར་མྱུར་དུ་བརྩོན་དགོས་པར་བསྟན་པ།next