Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྡང་སེམས་དང་ངག་གི་ཉེས་པར་སྤྱོད་པའི་རྣམ་སྨིན་དང་རྟག་ཏུ་ཤེས་བཞིན་ལ་གནས་པས་ཉོན་མོངས་པ་མེད་པར་བྱས་ཏེ་གཞན་གྱི་སེམས་བསྲུང་དགོས་པར་བསྟན་པ།
   
   
   
   
   
   
   


 
previousསྡང་སེམས་དང་ངག་གི་ཉེས་པར་སྤྱོད་པའི་རྣམ་སྨིན་དང་རྟག་ཏུ་ཤེས་བཞིན་ལ་གནས་པས་ཉོན་མོངས་པ་མེད་པར་བྱས་ཏེ་གཞན་གྱི་སེམས་བསྲུང་དགོས་པར་བསྟན་པ།next

སྡང་སེམས་དང་ངག་གི་ཉེས་པར་སྤྱོད་པའི་རྣམ་སྨིན་དང་རྟག་ཏུ་ཤེས་བཞིན་ལ་གནས་པས་ཉོན་མོངས་པ་མེད་པར་བྱས་ཏེ་གཞན་གྱི་སེམས་བསྲུང་དགོས་པར་བསྟན་པ།

༈ ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། ལྗོངས་སོ་སོར་གདུལ་བའི་སྐྱེ་བོ་རྣམས་ལ་ཕན་གདགས་པའི་ཕྱིར་ཉན་ཐོས་རྣམས་བསྐོ་བར་མཛད་པ་ལས། བསམ་གཏན་པ་ཁ་ཅིག་རི་རབ་ཀྱི་བང་རིམ་དུ་འཁོད་པ་ལས། ཕྱིས་ཞིག་ན་ནམ་མཁའ་ལྡིང་ཞིག་གི་རྒྱ་མཚོ་ཆེན་པོ་ནས་ཀླུའི་ཕྲུ་གུ་ཞིག་བླངས་ཏེ། རི་རབ་ཀྱི་བང་རིམ་སྟེང་དུ་ཁྱེར་ནས་ཟོས་པ་ན། དེས་ཉན་ཐོས་རྣམས་མཐོང་སྟེ་སེམས་དགའ་བ་སྐྱེས་ནས་ཚེ་འཕོས་པ་མཉན་ཡོད་དུ་བྲམ་ཟེ་འབྱོར་པ་ཞེས་བྱ་བའི་ཆུང་མའི་ལྟོར་ཞུགས་ནས། དུས་ལ་བབ་པ་ན་ཁྱེའུ་གཟུགས་བཟང་ཞིག་བཙས་ཏེ་མིང་རབ་འབྱོར་དུ་བཏགས། དེ་ཆེར་སྐྱེས་པ་ན་སྔོན་གྱི་རྒྱུའི་སྟོབས་ཤུགས་ཀྱིས་སྤྲོ་ཐུང་བ་དང་ཁྲོ་བ་དང་ཞེ་གནག་པ་ཤས་ཆེ་བར་བྱུང་བས། ཕ་མ་གཉིས་ཀྱིས་དེ་དྲང་སྲོང་གི་ཐད་དུ་བཏང་བས་དཀའ་ཐུབ་ཀྱི་ནགས་ཁྲོད་ཅིག་ཏུ་འདུག་པ་ན། དེར་ལྷ་བདེན་པ་མཐོང་བ་ཞིག་ཡོད་པ་དེས། དེ་ལ་སྙིང་རྗེ་བར་གྱུར་ནས། དེའི་གམ་དུ་ཕྱིན་ནས་དཀོན་མཆོག་གསུམ་གྱི་བསྔགས་པ་བརྗོད་པས་དེ་དད་པར་གྱུར་པ་ན། ལྷ་དེས་རྫུ་འཕྲུལ་གྱི་མཐུས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁྲིད་པས། དེ་ཤིན་ཏུ་དད་པར་གྱུར་ཅིང་ཁོང་ཁྲོ་བ་དེ་མེད་པར་གྱུར་ནས་ཆོས་ཉན་པས་རྒྱུན་དུ་ཞུགས་པ་ཐོབ་ཅིང་རབ་ཏུ་བྱུང་བས་དགྲ་བཅོམ་པ་ཐོབ་བོ། །དེ་ནས་དེས་རང་གང་ནས་ཤི་འཕོས་པ་དང་། གང་དུ་སྐྱེས་པ་དང་། ལས་གང་གིས་སྐྱེས་བརྟགས་པས། དེ་ཚེ་རབས་ལྔ་བརྒྱར་ཀླུ་ལས་ཤི་འཕོས་ཏེ་ཀླུ་འབའ་ཞིག་ཏུ་སྐྱེ་བར་མཐོང་ངོ་། །དེ་ནས་དེས་བསམ་པ་བདག་སྔོན་ཞེ་སྡང་གི་དབང་གིས་ཚེ་རབས་ལྔ་བརྒྱར་ཀླུ་འབའ་ཞིག་ཏུ་སྐྱེས་ཏེ་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་གྱིས། ད་ནི་ཅི་ནས་ཀྱང་བདག་ལ་གཞན་དག་གི་ཞེ་སྡང་སྐྱེ་བར་འགྱུར་ཞིང་དེ་དང་ལྡན་པས་ལུས་དང་བྲལ་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་དེ་ལྟ་བུ་མི་འགྱུར་བར་བྱའོ་སྙམ་ནས་དེ་ཉོན་མོངས་པ་མེད་པ་ལ་གནས་པའི་ལམ་ཡང་དག་པར་བླངས་ཏེ་གནས་སོ། །དེ་གང་གི་ཚེ་དགེ་འདུན་གྱི་ནང་ངམ། གྲོང་ངམ། ཡུལ་ལམ། ལྗོངས་སུ་བསོད་སྙོམས་ཀྱི་ཕྱིར་གནས་པར་འདོད་པ་དེའི་ཚེ་ཐོག་མ་ཁོ་ནར་སྤྱོད་ཡུལ་ལ་བལྟ་བར་བྱེད་དེ། བདག་མཐོང་བ་ན་ཐ་ན་གྲོག་སྦུར་ཡན་ཆད་སུ་ཡང་སྣ་འགའ་ཞིག་གི་ཕྱིར་སེམས་སྡང་བར་མི་འགྱུར་གྲང་སྙམ་ནས་དེས་སྤྱོད་ལམ་དེ་བཏང་སྟེ་གཞན་དུ་བསྒྱུར་ནས། དེས་སེམས་ཅན་དེ་དག་གི་སེམས་དགའ་བར་གྱུར་ཏེ། དེ་དགྲ་བཅོམ་པ་ཡིན་དུ་ཟིན་ཀྱང་དེ་ལྟ་བུའི་ཉམ་ང་བ་མྱོང་ངོ་། །དེ་ནས་ཚེ་དང་ལྡན་པར་རབ་འབྱོར་དེ། ད་ནི་སྐྱེ་བོ་མང་པོ་ལ་ཕན་གདགས་པར་བྱའོ་སྙམ་སྟེ། དེས་རྫུ་འཕྲུལ་གྱིས་ནམ་མཁའ་ལྡིང་ལྔ་བརྒྱར་སྤྲུལ་ཏེ། དེ་མཐོང་ནས་ཀླུ་རྣམས་སྐྲག་ཅིང་དངངས་ཏེ་མི་དགའ་བར་གྱུར་ནས་ཅི་བྱ་གཏོལ་མེད་དུ་གྱུར་པ་ན། དེ་ཡང་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཡོངས་སུ་བསྐྱབས་པར་བསྟན་པས། དེ་དག་དགའ་བར་གྱུར་པ་ལ་བྱམས་པའི་ལུང་ཕོག་ཅིང་། དེ་བཞིན་དུ་ཡང་ཀླུ་ཆེན་པོའི་གཟུགས་སུ་སྤྲུལ་ནས་ནམ་མཁའ་ལྡིང་ལྔ་བརྒྱ་ཙམ་གཙེས་ཏེ་དེ་དག་ཀྱང་སྐྲག་ནས་བྱམས་པའི་ལུང་ཕོག་སྟེ། དེ་ལྟར་དེས་ཀླུ་དང་ནམ་མཁའ་ལྡིང་གི་རིགས་ལྔ་བརྒྱ་ལྔ་བརྒྱ་བཏུལ་ལོ། །དེར་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱིས་མཆོག་ནི་འདི་ལྟ་སྟེ་རིགས་ཀྱི་བུ་རབ་འབྱོར་འདི་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱིས་རྒྱུ་ཞུས་པ་ན། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་འདི་ཉིད་རབ་ཏུ་བྱུང་སྟེ། འདིས་སྦྱིན་པ་དང་རབ་ཏུ་སྦྱིན་པ་དག་བྱིན་ནས་ལོ་ཁྲིའི་བར་དུ་ཚངས་པར་སྤྱོད་པའི་གནས་བསྲུངས་ཏེ་བདག་མ་འོངས་པ་ན་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་མེད་པར་གནས་པའི་མཆོག་ཏུ་གྱུར་ཅིག ཅེས་སྨོན་ལམ་བྱས་སོ། །ལས་གང་གིས་ཀླུར་སྐྱེས་ཞེ་ན། ཉོན་མོངས་པ་རྣམས་མ་སྤངས་པ་དང་། དབང་པོ་རྣམས་འཁྲུལ་པ་དང་། ལས་ཀྱི་ལམ་མཐར་ཐུག་པ་མ་བྱས་པ་དང་། སློབ་པ་དང་མི་སློབ་པའི་དགེ་སློང་རྣམས་ལ་སྡང་སེམས་ཀྱིས་སྦྲུལ་གདུག་པ་ཞེས་བྱ་བའི་ཚིག་བརྗོད་དེ་དེས་ཀླུར་སྐྱེས་སོ། །དེས་སྦྱིན་པ་དང་ཚུལ་ཁྲིམས་བསྲུངས་པས་དགྲ་བཅོམ་པ་ཐོབ་པ་དང་། སྨོན་ལམ་གྱིས་ཉོན་མོངས་པ་མེད་པར་གནས་པའི་མཆོག་ཏུ་གསུངས། འདིས་ནི་སྡང་སེམས་དང་ངག་གི་ཉེས་པར་སྤྱོད་པའི་རྣམ་སྨིན་དང་རྟག་ཏུ་ཤེས་བཞིན་ལ་གནས་པས་ཉོན་མོངས་པ་མེད་པར་བྱས་ཏེ་གཞན་གྱི་སེམས་བསྲུང་དགོས་པར་བསྟན་པ་ཡིན་ནོ། །ཡང་བཅོམ་ལྡན་འདས་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་པའི་ཚེ། རྒྱལཔོའི་ཁབ་ཀྱི་ཚོང་དཔོན་ཕྱུག་པོ་ཞིག་གིི་ཆུང་མ་ལ་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཉིད་ཕྱིར་མ་བཙས་པར་ཡུན་རིང་དུ་གྱུར་པས་སླར་ཡང་རྩེ་དགས་རོལ་བས་བུ་ཕྱི་མ་དག་ཆགས་པར་གྱུར་ཏེ་སྔ་ཕྱིར་བུ་བཅུ་བྱུང་ཡང་སྔ་མ་དེ་ནི་ལྟོ་ན་གནས་བཞིན་དུ་འཁོད་པ་ལས། ནམ་ཞིག་མ་དེ་ནད་དྲག་པོས་ནོན་ཏེ་འཆི་ཁར་ཁྱིམ་ཐབ་ལ་སྨྲས་པ་བདག་གི་ལྟོ་ན་བུ་དང་པོ་མཆིས་པ་དེ་ད་དུང་མ་ཤི་བར་གནས་པས་བདག་ཤི་བའི་འོག་ཏུ་གློ་གཡས་ཕྱོགས་ནས་མཚོན་གྱིས་དྲལ་ཏེ་ཁྱེའུ་དེ་མ་བསྣད་པར་ལེན་པར་མཛོད་ཅིག་ཅེས་དང་། བསགས་པ་ཀུན་གྱི་མཐའ་ནི་ཟད། །མཐོན་པོ་རྣམས་ནི་ཐ་མར་ཉིལ། །ཕྲད་པ་རྣམས་ནི་ཐ་མ་འབྲལ། །གསོན་པོ་རྣམས་ནི་ཐ་མར་འཆི། །ཞེས་སྨྲས་ཏེ་ཤིའོ། །དེ་ནས་ཚོང་དཔོན་དེས་དེའི་ཕུང་པོ་ཁྱོགས་ལ་བཏེགས་ཏེ་དུར་ཁྲོད་དུ་ཁྱེར་ནས་སྨན་པའི་རྒྱལ་པོ་འཚོ་བྱེད་པོས་ཏེ་ལྟོ་བ་འདྲལ་བར་བརྩམ་པ་དང་གཏམ་དེ་ཐོག་ཐག་ཏུ་གྲགས་པས་དེ་ལ་བལྟ་བའི་ཕྱིར་སྲོག་ཆགས་འབུམ་ཕྲག་དུ་མ་འདུས་ཤིང་རྫོགས་བྱེད་ལ་སོགས་པའི་སྟོན་པ་དྲུག་ཀྱང་འོངས་ས་ོ། །དེར་བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་བརྟེན་ནས་སེམས་ཅན་མང་པོའི་དོན་འབྱུང་བར་མཁྱེན་ཏེ་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་ཏེ་དེར་གཤེགས་སོ། །དེ་ནས་སྨན་པ་འཚོ་བྱེད་ཀྱིས་བུད་མེད་དེའི་ལྟོ་འདྲལ་བ་ན། ཁྱེའུ་སྐྲ་དཀར་ཞིང་ཡན་ལག་གཉེར་མས་གང་བ། ལུས་ཀྱི་ཕྱོགས་རྣམས་རྒན་ཤར་གྱུར་པ། དབང་པོ་རྙིང་པ། རིད་པ། ཉམས་སྟོབས་ཆུང་ངུ་ཞིག་བྱུང་ནས། དེས་སྐྱེ་བོའི་ཚོགས་དེ་དག་ལ་བལྟས་ནས་ཚིག་ཏུ། ཀྱེ་བླ་མ་རྣམས་སམ། བླ་མ་ལྟ་བུ་རྣམས་སམ། ཕ་མའམ། མཁན་པོའམ། སློབ་དཔོན་རྣམས་ལ་ཚིག་རྩུབ་མ་ཟེར་ཅིག ཇི་ལྟར་བདག་མའི་ལྟོར་ཕོ་བ་དང་ལོང་ཀ་གཉིས་ཀྱི་བར་དུ་ལོ་དྲུག་ཅུ་འདུག་འདུག་པ་དེ་ལྟ་བུ་ཉམས་སུ་མྱོང་བར་འགྱུར་ཏ་རེ་ཞེས་སྨྲས་ནས་ཅང་མི་ཟེར་བར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། འདི་ལྟར་སྲིད་པ་ཐ་མ་པའི་སེམས་ཅན་གྱིས་ཀྱང་ཉམས་ང་འདི་ལྟ་བུ་མྱོང་བར་འགྱུར་གྱིས་སྲིད་པར་སྐྱེ་བ་ཐམས་ཅད་ཀྱིས་ཆོག་པར་གྱིས་ཤིག སྲིད་པར་སྐྱེ་བའི་ཡོ་བྱད་ཐམས་ཅད་ཀྱིས་ཆོག་པར་གྱིས་ཤིག དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་ལ་ཁྱེའུ་ཁྱོད་རྒན་པོ་ཡིན་ནམ། བཅོམ་ལྡན་འདས་བདག་ནི་རྒན་པོ་ལགས་སོ། །དེ་ལྟར་ལན་གཉིས་ཀྱི་བར་དུ་བཀའ་སྩལ་པ་ལ་དེས་ཀྱང་དེ་ལྟར་ལན་བཏབ་པས། དེའི་མིང་ལ་རྒན་པོར་བཏགས། དེ་ནས་སངས་རྒྱས་ཀྱིས་གཞི་དེ་ལས་དེ་ལྟ་བུའི་ཆོས་སྟོན་པར་མཛད་པས་སེམས་ཅན་བརྒྱ་ཕྲག་མང་པོ་སྐྱོ་བར་གྱུར་ནས་ཁྱད་པར་ཆེན་པོ་ཐོབ་བོ། །རྒན་པོ་དེ་ཡང་ལོ་བཅུའི་བར་དུ་ཁྱིམ་ན་གནས་ཏེ་ལོ་བདུན་ཅུ་ལོན་པ་ན་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་ཉི་ཤུ་རྩ་ལྔ་དང་ཐབས་ཅིག་ཏུ་དབྱར་གནས་པར་དམ་བཅས་ཏེ། དེར་དགེ་འདུན་གྱི་གནས་བརྟན་གྱིས་སོ་སོའི་སྐྱེ་བོར་འདུག་བཞིན་དུ་གང་གིས་ཀྱང་སྐབས་དབྱེ་བར་མི་བྱའོ་ཞེས་ཁྲིམས་བཅས་སོ། །དེ་ནས་དེར་ཟླ་བ་གསུམ་ལོན་པ་ན་དགེ་སློང་ཉི་ཤུ་རྩ་བཞི་པོས་དགྲ་བཅོམ་པ་ཐོབ་པར་གྱུར་ཀྱང་རྒན་པོ་གཅིག་པུས་མ་ཐོབ་སྟེ་སོ་སྐྱེར་ལུས་པ་ན། གནས་བརྟན་གྱིས་མང་དུ་སྤྱོས་ནས་ཚོགས་ཀྱི་ནང་ནས་ཕྱིར་བསྐྲད་དེ་བཏང་ངོ་། །དེ་ནས་དེས་མཚོན་བླང་སྟེ་ཁང་ཕུག་ཏུ་ཞུགས་ནས་ངུ་ བཞིན་དུ། ནགས་ཚལ་ཐམས་ཅད་འབར་གྱུར་ཏེ། །རི་རྣམས་སེར་པོར་གྱུར་ཟིན་ན། །འོན་ཀྱང་ད་དུང་སྡིག་པའི་སེམས། །རྣམ་པར་གྲོལ་བར་མ་གྱུར་ཏོ། །ཞེས་པ་ནས། ལུང་ཕོག་པ་ཡི་གནས་བརྟན་རྣམས། །ཕྱོགས་ཕྱོགས་དག་ཏུ་དོང་ཟིན་ནས། །འོན་ཀྱང་ད་དུང་སྡིག་པའི་སེམས། །རྣམ་པར་གྲོལ་བར་མ་གྱུར་ཏོ། །སོ་སོའི་སྐྱེ་བོར་འདུག་བཞིན་དུ། །སྟོན་པའི་ཐད་དུ་ཇི་ལྟར་འགྲོ། དོན་མེད་གསོན་པ་ཅི་དགོས་ཀྱིས། །བདག་ནི་མཚོན་གྱིས་ལྕེབས་ཏེ་བཏང་། །ཞེས་སྨྲ་བར་བྱེད་པ་ན། བཅོམ་ལྡན་འདས་ཀྱིས་མཁྱེན་ནས། རྫུ་འཕྲུལ་གྱིས་དེར་གཤེགས་ཏེ་དེ་དང་མཐུན་པའི་ཆོས་བསྟན་པས། ཚེ་དང་ལྡན་པ་རྒན་པོས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེ་ནས་དེས་བདག་ཉིད་ཀྱིས་གདུལ་བར་བྱ་བ་འགའ་ཞིག་ཡོད་དམ་སྙམ་སྟེ་བལྟས་པས། ཚོང་པ་ལྔ་བརྒྱ་རྒྱ་མཚོའི་ནང་ན་སྲིན་པོ་ནག་པོའི་རླུང་གིས་བསྐོར་ཅིང་འདུག་པ་མཐོང་ནས་དེ་རྣམས་ཀྱི་ཐད་དུ་རྫུ་འཕྲུལ་གྱིས་སོང་སྟེ་འཇིགས་པ་དེ་ལས་བསྐྱབས་པས་དེ་ཐམས་ཅད་དད་པར་གྱུར་ཏེ་དེའི་ཐད་དུ་རབ་ཏུ་བྱུང་ནས། དེ་དག་ལ་ལུང་ཕོག་པས་ཀུན་ཀྱང་དགྲ་བཅོམ་པར་གྱུར་ཏོ། །དེ་ནས་དེ་རྣམས་ཀྱི་ཡོན་ཏན་སུས་ཀྱང་མི་ཤེས་ནས་དྲུག་སྡེས་འཕྱ་བར་གྱུར་ཏེ། རྒན་བླུན་དུ་འདུག་ལ་མི་ལྔ་བརྒྱ་དང་ལྷན་ཅིག་འཁོད་ཅིང་དྲུང་དུ་བཞག་པས་འདི་དག་ཀྱང་དེ་དང་འདྲ་བར་དུལ་བར་མི་འགྱུར་རོ་ཞེས་འཛེར་ཏོ། །དེ་ནས་ཀུན་དགའ་བོས་གནས་བརྟན་རྒན་པོ་ལ་གཏམ་གླེང་བར་འདོད་དེ་དེའི་གམ་དུ་ཕྱིན་ནས་དགའ་དང་མགུ་བར་གྱུར་པའི་གཏམ་བྱས་ཏེ། དགེ་སློང་དགོན་པ་ལ་གནས་པས་ཡིད་ལ་བྱ་བའི་ཆོས་གང་ཡིན་ཞེས་དྲིས་པ་ན། གནས་བརྟན་རྒན་པོས་ཞི་གནས་དང་ལྷག་མཐོང་ལས་འཕྲོས་པའི་ཆོས་ཀྱི་གཏམ་ཡང་དག་བྱས་པས་ཀུན་དགའ་བོས་གནས་བརྟན་རྒན་པོས་བཤད་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་པར་གྱུར་ནས། དེ་བཞིན་དུ་དགེ་སློང་ལྔ་བརྒྱ་པོའི་ཐད་དུ་ཕྱིན་ནས་དྲིས་ཀྱང་སྔ་མ་ཁོ་ན་ལྟར་གྱུར་པས་རྗེས་སུ་ཡི་རངས་ཤིང་མངོན་པར་བསྟོད་ནས། སླར་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ནས་གསོལ་པ་ནའང་། སྔ་མ་དེ་ཁོ་ན་ཇི་ལྟ་བར་ཚིག་དོན་གྱི་ཆ་ཐམས་ཅད་མཐུན་པར་གྱུར་པས་ཤིན་ཏུ་ངོ་མཚར་གྱུར་ནས་གསོལ་པ། བཙུན་པ་སྟོན་པ་དང་ཉན་ཐོས་རྣམས་འདི་ལྟ་སྟེ། ཚིག་གི་མཆོག་གིས་འདི་ཁོ་ན་ལྟར་དོན་དང་དོན་མཐུན་ཞིང་འདྲ་བ་དང་། ཚིག་དང་ཚིག་ཏུ་མཐུན་ཞིང་འདྲ་བ་དང་། ཡི་གེ་དང་ཡི་གེར་མཐུན་ཞིང་འདྲ་བ་དེ་ནི་ངོ་མཚར་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་དགེ་སློང་རྒན་པོ་སུ་ཡིན་ཤེས་སམ། གསོལ་པ། བཙུན་པ་དགེ་སློང་རྒན་པོ་དེ་ནི་དགྲ་བཅོམ་པ་ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པའི་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ལགས་སོ། །དགེ་སློང་ལྔ་བརྒྱ་པོ་དེ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་ལགས་སོ། །དེ་ལྟར་བཅོམ་ལྡན་འདས་དང་ཀུན་དགའ་བོས་དགེ་སློང་རྒན་པོ་དང་། དགེ་སློང་ལྔ་བརྒྱ་པོ་དེ་དག་གི་ཡོན་ཏན་གླེངས་ཤིང་བསྒྲགས་པ་ཐོས་ནས། དགེ་སློང་རྣམས་ཐེ་ཚོམ་དུ་གྱུར་ཏེ། དེའི་ལས་ཀྱི་རྒྱུ་ཞུས་པ་ན་བཀའ་སྩལ་པ། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་ཚོང་དཔོན་གྱི་བུ་ཞིག་གནས་བརྟན་དགྲ་བཅོམ་པ་ཞིག་ལས་རབ་ཏུ་བྱུང་ཞིང་གནས་པ་ལས། ཡུལ་དེར་དུས་སྟོན་ཞིག་བྱུང་ནས། དགེ་སློང་གཞོན་ནུ་དེས། གནས་བརྟན་དེ་བསླངས་ཏེ། བཞེངས་ལ་སྤྱོད་ཡུལ་གྱི་གྲོང་དུ་བཞུད་དོ། །གནས་བརྟན་གྱིས་བུ་ད་དུང་སྔས་ཀྱིས་རེ་ཞིག་སོང་ལ་དགེ་བའི་ཕྱོགས་གྱིས་ཤིག དེ་ལྟར་དགེ་སློང་གཞོན་ནུ་དེས་ལན་གཉིས་ལན་གསུམ་གྱི་བར་དུ་བསླངས་ཀྱང་སྔ་མ་ལྟར་གསུངས་པས་དེ་ཁྲོས་ཏེ། ཁྱོད་ལོ་དྲུག་ཅུའི་བར་དུ་ཡང་ཁྱིམ་ནས་མ་བྱུང་ཞིག ད་ནི་སོང་ཟིན་ནོ་ཞེས་ཚིག་རྩུབ་པོ་སྨྲས་སོ། །དེའི་དུས་ཀྱི་དགེ་སློང་གཞོན་ནུར་གྱུར་པ་དེ་ནི་དགེ་སློང་རྒན་པོ་འདི་ཡིན་ཏེ་ལས་དེས་ལོ་དྲུག་ཅུའི་བར་དུ་མའི་ལྟོ་ན་འདུག་གོ །གཞན་ཡང་སྔོན་ཆོས་ལ་སེར་སྣ་བྱས་པ་དེས་ནི་ཤེས་རབ་འཆལ་བར་གྱུར་ཏེ། དབང་པོ་རྣམས་ཚོགས་ཆེན་པོས་ཡོངས་སུ་སྨིན་པར་གྱུར་ཏོ། །དེར་བསླབས་པ་དང་། ཁ་ཏོན་བྱས་པ་དང་། མཁས་བྱའི་གནས་དྲུག་ལ་མཁས་པར་བྱས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དགེ་སློང་དག་དེ་བས་ན་ངག་གི་ཉེས་པ་སྤང་བའི་ཕྱིར་འབད་པར་བྱ་སྟེ་ཅི་ནས་རྒན་པོ་དེ་སོ་སོའི་སྐྱེ་བོར་གྱུར་པའི་ཚེ་ཉེས་པ་དེ་ལྟ་བུ་དག་མི་འབྱུང་བར་བྱའོ། །དེ་ཉིད་ཀྱིས་དགྲ་བཅོམ་པ་ཐོབ་པའི་ཡོན་ཏན་གྱིས་ཚོགས་དེ་ལྟ་བུ་དག་ཐོབ་པ་ལ་བསླབ་པར་བྱའོ་གསུངས། །ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། མཉན་ཡོད་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་བ་རྣམ་ཐོས་བུའི་ནོར་དང་ལྡན་པ་ཞིག་གི་ཆུང་མ་ལ་ཁྱེའུ་གཟུགས་བཟང་བ་ལྟ་ན་སྡུག་པ་རང་གི་ཚེ་རབས་དྲན་པ་ཞིག་བཙས་ཏེ་དེས་རང་གི་ལག་པ་བཟུང་སྟེ། འོ་བྱེད་ཅིང་འཁྱུད་པར་བྱེད་དེ་ཚིག་ཏུ། ཀྱེ་མ་བདག་གི་ལག་གུ་གཉིས་ཤིན་ཏུ་ཡུན་རིང་མོ་ཞིག་ནས་གདོད་རྙེད་དོ་ཞེས་ཡང་ཡང་སྨྲ་བར་བྱེད་པས་མིང་ལག་པ་ཅན་ཞེས་གདགས་སོ། །དེ་ཆེར་སྐྱེས་པའི་ཚེ་ཡུལ་དེར་འཇིགས་པ་ཞིག་བྱུང་སྟེ་སྐྱེ་བོ་རྣམས་ཀྱིས་རང་རང་གི་རྫས་རྣམས་སྦེད་པར་བྱེད་པ་ནའང་། དེ་ནི་ལག་པ་གཉིས་སྦེད་པར་བྱེད་དེ་སྐྱེ་བོའི་ཚོགས་ལ། ཀྱེ་ཡོན་གནས་རྣམས་ལ་སེམས་སྡང་བར་མ་བྱེད་ཅིག ཚིག་རྩུབ་པོ་མ་ཟེར་ཅིག ཀྱེ་མ་བདག་གི་ལག་གུ་གཉིས་ནི་ཤིན་ཏུ་ཡུན་རིང་མོ་ཞིག་ནས་གདོད་རྙེད་དོ་ཞེས་ཟེར་རོ། །དེ་ནས་དེ་ཕྱིས་བཅོམ་ལྡན་འདས་དང་མཇལ་ཞིང་ཆོས་ཐོས་པས་རྒྱུན་དུ་ཞུགས་པ་ཐོབ་ལ། རབ་ཏུ་བྱུང་ཞིང་བརྩོན་པས་དགྲ་བཅོམ་པ་མངོན་དུ་བྱས་སོ། །དེ་དགྲ་བཅོམ་པར་གྱུར་ནས་ཀྱང་དགེ་སློང་རྣམས་ལ་ཆོས་སྟོན་པ་ན་སྔ་མ་ལྟར་བརྗོད་པར་བྱེད་པས། ཐམས་ཅད་ཐེ་ཚོམ་དུ་གྱུར་ནས་བཅོམ་ལྡན་འདས་ལ་དེའི་དོན་གསོལ་པ་ན། བཀའ་སྩལ་པ་དགེ་སློང་དག་འདིས་ནི་ལས་ཀྱི་འབྲས་བུ་མངོན་སུམ་དུ་མཐོང་བས་ཡིན་ཏེ། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་དགེ་སློང་གཉིས་མཛའ་ཞིང་འདུག་སྟེ། གཅིག་ནི་དགྲ་བཅོམ་པ་ཡང་ཡིན་ལ་ཐོས་པ་མང་བ་ཡང་ཡིན་ལ། ཅིག་ཤོས་ནི་སོ་སོའི་སྐྱེ་བོའང་ཡིན་ལ་ཐོས་པའང་ཉུང་ངོ་། །དེ་ནས་དགྲ་བཅོམ་པ་མང་དུ་ཐོས་པ་དེ་ནི་བསོད་ནམས་རྒྱ་ཆེན་པོ་དང་ལྡན་ཞིང་ཀུན་གྱིས་བཀུར་བས་གཡར་འདྲེན་པ་མང་བ་ན། དེར་དགེ་སློང་མཛའ་བོ་དེ་ཡང་ཁྲིད་པར་བྱེད་པ་ལས། ཉིན་གཅིག་དགེ་སློང་དེ་ཚོལ་ཡང་མ་རྙེད་པས་དགེ་སློང་གཞན་ཞིག་ཁྲིད་ནས་སྦྱིན་བདག་གི་སྤྱན་འདྲེན་ལ་ཕྱིན་པའི་འོག་ཏུ། དགེ་སློང་དེ་ལ་གཞན་རྒོད་བག་ཅན་རྣམས་ཀྱིས། དེང་ཁྱོད་ཉིད་མ་ཁྲིད་ལ་གཞན་ཁྲིད་དོ་བྱས་པས། དེ་ཁྲོས་ནས་དགྲ་བཅོམ་པ་དེ་ལ་བདག་གིས་ཕྱིན་ཆད་དེའི་ལྷུང་བཟེད་བཀྲུས་སུ་ཟིན་ན་བདག་གི་ལག་པ་འདི་གཉིས་མེད་པར་གྱུར་ཅིག་ཅེས་ཚིག་རྩུབ་སྨྲས་སོ། །དེའི་དུས་ཀྱི་དགེ་སློང་མཛའ་བོར་གྱུར་པ་དེ་ནི་ལག་པ་ཅན་འདི་ཡིན་ཏེ། ལས་དེས་ཚེ་རབས་ལྔ་བརྒྱར་ལག་པ་མེད་པར་གྱུར་ཏོ། །ཕྱིས་སྙིང་ནས་འགྱོད་པར་སྐྱེས་ཏེ་ཉེས་པ་བཤགས་ཤིང་དབང་པོ་རྣམས་སྨིན་པར་བྱས་པས་ད་ལྟར་ལག་པ་ཐོབ་པ་ནས་དགྲ་བཅོམ་པའི་བར་དུ་གྱུར་པར་གསུངས། འདིར་འདེ་གུ་གསོས་ཀྱི་ལོ་རྒྱུས་འབྱུང་སྟེ་གོང་དུ་བསྟན་པའི་སྒུར་ཆུང་གི་ལོ་རྒྱུས་དང་ཁྱད་པར་ཅུང་ཟད་ཙམ་ལས་དོན་གཅིག་ཏུ་འབབས་པ་ཡིན་ནོ། །ཡང་སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། མཉན་ཡོད་དུ་ཁྱིམ་བདག་ཕྱུག་པོ་རྣམ་ཐོས་བུའི་ནོར་དང་ལྡན་པ་ཞིག་གི་ཆུང་མ་ཁྱེའུ་གཟུགས་བཟང་བ་ལྟ་ན་སྡུག་པ་ཞིག་བཙས་ཏེ། དེ་བཙས་མ་ཐག་ཏུ་ཁྱིམ་གྱི་མི་རྣམས་ལ། ཀྱེ་མ་འཁོར་བ་ནི་སྡུག་བསྔལ་བའོ། །འཁོར་བ་ནི་མཆོག་ཏུ་སྡུག་བསྔལ་བའོ། །ཞེས་སྨྲས་ནས་ཅང་མི་ཟེར་བར་འདུག་གོ །དེ་ལ་མིང་འཁོར་བ་ཞེས་པར་བཏགས་ཏེ། དེ་ཆེར་སྐྱེས་པ་ན་རང་བཞིན་གྱིས་ཚེ་རབས་དྲན་པས་སྐྱེ་བོའི་ཚོགས་ལ། ཀྱེ་བླ་མ་རྣམས་དང་། བླ་མ་ལྟ་བུ་རྣམས་དང་། ཕ་མ་དང། མཁན་པོ་དང་སློབ་དཔོན་རྣམས་ལ་ཚིག་རྩུབ་པོ་མ་ཟེར་ཅིག འཁོར་བ་ནི་སྡུག་བསྔལ་བའོ། །འཁོར་བ་ནི་མཆོག་ཏུ་སྡུག་བསྔལ་བའོ། །ཞེས་ཟེར་རོ། །དེ་ནས་དེ་ཕྱིས་བཅོམ་ལྡན་འདས་དང་མཇལ་ནས་ཆོས་ཐོས་པས་འཁོར་བ་ལ་སྐྱོ་བར་གྱུར་ནས། ཕ་མ་ལ་གནང་བ་ཞུས་ཏེ་རབ་ཏུ་བྱུང་ཞིང་བརྩོན་པས་དགྲ་བཅོམ་པ་མངོན་དུ་བྱས་ཏེ། དེའི་ཚེ་ནའང་སྔར་གྱི་ཚིག་དེ་ཉིད་སྨྲ་བར་བྱེད་པས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་དེའི་རྒྱུ་གསོལ་བས། སྔོན་སངས་རྒྱས་འོད་སྲུང་གི་དུས་ཚོང་དཔོན་གྱི་བུ་ཞིག་གནས་བརྟན་དགྲ་བཅོམ་པ་ཞིག་ལས་རབ་ཏུ་བྱུང་ནས། དེས་དུས་སྟོན་ཞིག་གི་ཚེ་གནས་བརྟན་ལ། བཞེངས་ལ་སྤྱོད་ཡུལ་གྱི་གྲོང་དུ་བཞུད་དོ་ཞེས་ལན་གསུམ་གྱི་བར་དུ་བསྐུལ་ཡང་། གནས་བརྟན་གྱིས་བུ་ད་དུང་སྔས་ཀྱིས་སོང་ལ་དགེ་བའི་ཕྱོགས་གྱིས་ཤིག་གསུངས་པས། དེ་ཁྲོས་ནས། ཁྱོད་ཚེ་རབས་ལྔ་བརྒྱའི་བར་དུ་གསོན་པོར་ཁྱིམ་ནས་མ་བྱུང་ཞིག་ཅེས་སྨྲས་སོ། །དེའི་དུས་ཀྱི་དགེ་སློང་གཞོན་ནུ་དེ་ནི་འདི་ཉིད་ཡིན་ཏེ། ལས་དེའི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱའི་བར་དུ་མའི་ལྟོ་ནས་ཤི་བའི་རོ་བྱུང་བས། ད་ལྟར་དེ་དྲན་ནས་ཚིག་དེ་སྐད་དུ་སྨྲ་བར་བྱེད་པ་ཡིན་ནོ། །དེའི་ཚེ་གནས་བརྟན་ལ་ཉེས་པ་བཤགས་ནས་ཚངས་པར་སྤྱོད་པའི་གནས་སྲུང་བས་ད་ལྟར་དགྲ་བཅོམ་པ་མངོན་དུ་བྱས་སོ་གསུངས། འདི་རྣམས་ཀྱིས་ནི་ཡུལ་དམ་པ་ལ་ཚིག་རྩུབ་སྨྲས་པའི་ཉེས་པ་བསྟན་པ་ཡིན་ནོ། །འདིར་སྦད་པའི་རྟོགས་བརྗོད་འབྱུང་སྟེ་དེ་ནི་གོང་དུ་བསྟན་པའི་རྨོངས་པའི་ལོ་རྒྱུས་དང་རྒྱས་བསྡུས་སོགས་ཀྱི་ཁྱད་པར་ཅུང་ཟད་ལས་ལས་ཀྱི་རྒྱུ་སོགས་དོན་གཅིག་ཏུ་འབབས་པ་ཡིན་ནོ། །


previousསྡང་སེམས་དང་ངག་གི་ཉེས་པར་སྤྱོད་པའི་རྣམ་སྨིན་དང་རྟག་ཏུ་ཤེས་བཞིན་ལ་གནས་པས་ཉོན་མོངས་པ་མེད་པར་བྱས་ཏེ་གཞན་གྱི་སེམས་བསྲུང་དགོས་པར་བསྟན་པ།next