སེམས་དོན་དངོས་གཞིའི་ཉམས་ལེན་གནད་བསྡུས་རབ་གསལ་སྒྲོན་མེ།

༄༅། །སེམས་དོན་དངོས་གཞིའི་ཉམས་ལེན་གནད་བསྡུས་རབ་གསལ་སྒྲོན་མེ་བཞུགས། ན་མོ་གུ་རུ་མཉྫུཤྲཱི་ཡེ། ཆོས་སྐུ་རྡོ་རྗེ་འཆང་ཆེན་དང་། །གཉིས་སུ་མ་དམིགས་བླ་མ་ལ། །དངོས་པོ་ཀུན་གྱིས་ཕྱག་བྱས་ནས། །ཉམས་ལེན་གནད་བསྡུས་རབ་གསལ་བྲི། །དེ་ཡང་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་ཐེག་ཆེན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱིས་རྒྱུད་སྦྱོང་བ་སྔོན་དུ་འགྲོ་བས་འདིར་བདག་མེད་གཉིས་གཏན་ལ་འབེབས་ཚུལ་སོགས་ཤིན་ཏུ་གོ་བདེ་བར་བརྗོད་ན། ཐོག་མར་མདའ་འཕེན་པ་ལ་འབེན་ངོས་ཟིན་དགོས་པ་བཞིན་གང་ཟག་གི་བདག་ལྷན་སྐྱེས་སམ་ངར་འཛིན་གྱི་ཞེན་ཡུལ་དུ་གྱུར་པའི་ང་ཞེས་པ་འདི་གང་ལ་བཏགས་ཀྱི་རྩ་བ་ངོས་ཟིན་པར་བྱ་དགོས་ཏེ། དེ་ཡང་ངའམ་བདག་དེ་ཕྱི་རོལ་གྱི་སྣོད་སོགས་ཡུལ་གྱི་སྟེང་ན་ནི་ཡོད་པར་མི་མཐོང་སྟེ་དེ་ལ་སུས་ཀྱང་ང་མི་ཟེར་ཞིང་། དེ་བཞིན་གང་ཟག་གཞན་རྒྱུད་ཀྱིས་བསྡུས་པའི་ལུས་སེམས་སོགས་ཕུང་ལྔའི་ཚོགས་པ་ལའང་ང་ཞེས་མི་འཛིན་ཏེ་དེ་ལ་གཞན་ཞེས་བཏགས་པའི་ཕྱིར། དེས་ན་ང་ཞེས་པ་འདི་གང་ལ་བཏགས་ཤིང་ཡོད་ན། སྤྱིར་ཕོ་མོ་མ་ནིང་དང་རིགས་བརྒྱུད་སོགས་རྣམ་པའི་འཛིན་ཚུལ་བྱེ་བྲག་པ་མང་ཡང་། རྩ་བ་ནི་རང་རྒྱུད་ཀྱིས་བསྡུས་པའི་ལུས་དང་སེམས་དང་མིང་གསུམ་པོ་འདིའི་སྟེང་དུ་འཛིན་པས་ཡོད་ན་འདིའི་སྟེང་ན་ཡོད་དགོས་ཀྱི་དེ་ལས་གཞན་དུ་མི་སྲིད་དོ། །དེ་གསུམ་ལ་ཇི་ལྟར་འཛིན་ན། ལུས་ཀྱི་ནང་དོན་ལྔ་སྣོད་དྲུག་གང་ན་ཡང་ངའོ་སྙམ་དུ་འཛིན། དེ་བཞིན་ལུས་ཀྱི་ཕྱིའི་མགོའི་སྐྲ་རྩེ་ནས་རྐང་སེན་ཡན་ཡན་ལག་ཉིང་ལག་སོགས་གང་ཡིན་ཡང་འདྲ་སྟེ། ཐ་ན་མེ་སྟག་ཙམ་ཕོག་གམ་ཚེར་མ་ཙམ་ཟུག་ཀྱང་། ང་ཚིག་གོ །ང་རྨས་སོ། །ང་ཚའོ་སྙམ་དུ་ འཛིན། སེམས་ཀྱང་ཡུལ་རྐྱེན་ལ་ལྟོས་སམ་མི་ལྟོས་གང་ལྟར་ཡང་། དེ་རིང་ང་སྐྱིད་དོ། །སྡུག་གོ །ངས་ཤེས་སོ། །མི་ཤེས་སོ་སྙམ་དུ་འཛིན། མིང་ནི་ཕ་མའམ་མཁན་སློབ་ཀྱིས་བཏགས་པ་སོགས་གང་ཡིན་ཡང་འདྲ་སྟེ། མིང་དེ་གཞན་གྱིས་བརྗོད་པ་ན། ང་བོས་སོ། །ང་ལ་ཟེར་རོ། །ང་བསྟོད་དོ། །སྨད་དོ་ཞེས་འཛིན། དེས་ན་དེ་གསུམ་པོ་གང་ལ་བཟུང་ཡང་འདྲ་སྟེ། ངར་འཛིན་དེ་ལ་བརྟེན་ནས་ཆགས་སོགས་ཉོན་མོངས་པ་དང་། དེས་ལས་བསྐྱེད། དེའི་འབྲས་བུ་འཁོར་བའི་སྡུག་བསྔལ་གྱི་ཕུང་པོ་འདི་འགྲུབ་པ་ཡིན་པས་སྲིད་པའམ་འཁོར་བའི་རྩ་བ་ནི་ངར་འཛིན་ལྷན་སྐྱེས་འདི་ལ་ཐུག འོན་ཀྱང་གྲུབ་མཐས་བློ་མ་བསྒྱུར་པའི་བྱིས་པ་རྣམས་ཀྱིས་ཕྱི་རོལ་པས་ཀུན་ཏུ་བརྟགས་པའི་བདག་རྟག་གཅིག་རང་དབང་བ་ལྟ་བུར་ནི་མི་འཛིན་ཏེ། བདེ་སྡུག་སོགས་རེས་འགའ་བར་འཛིན་ཅིང་གྲུབ་པས་རྟག་པ་མེད་ལ། རྣམ་པའི་འཛིན་ཚུལ་ཡང་ཐ་དད་པས་གཅིག་པུར་མི་རུང་ཞིང་། བདེ་སྡུག་སོགས་རྐྱེན་ལ་རག་ལས་པ་ལས་ངའམ་བདག་དེ་ལ་རང་དབང་མེད་པ་སོགས་མངོན་སུམ་གྱིས་བསལ་ལོ། །བདག་སྔར་ཡོད་ཕྱིས་མེད་པར་གྱུར་པའང་མེད་དེ་བཏགས་དོན་བཙལ་ན་མི་རྙེད་པའི་ཕྱིར་རོ། །དེས་ན་སྲིད་རྩའི་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་གྱི་ངའམ་བདག་དེ་ཡོད་ན་ལུས་སེམས་མིང་གསུམ་པོ་དེའི་སྟེང་ན་ཡོད་དགོས་པས་དེ་ལ་བརྟག་པ། ལུས་ནི་ཡན་ལག་དང་ཉིང་ལག་ཚོགས་པའི་བདག་ཉིད་དུ་མ་སྤུངས་པའི་མཚན་ཉིད་ཅན་ཏེ་མཐར་གྱིས་བསིལ་ན་གཟུགས་མཐའ་རྡུལ་ཕྲན་ཆ་མེད་ལས་མ་འདས། སེམས་ནི་རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་སྟེ། དེ་ཡང་ཚོར་འདུ་སོགས་རེ་རེ་ལའང་ཡུལ་དང་རྣམ་པའི་ཁྱད་པར་གྱིས་དུ་མར་འགྱུར་ཏེ་མཐར་ཤེས་པ་སྐད་ཅིག་ཆ་མེད་ལས་མ་འདས། མིང་སོགས་ལྡན་མིན་འདུ་བྱེད་རྣམས་ནི་བེམ་ཤེས་དེ་གཉིས་ཚོགས་པའི་གནས་སྐབས་སོགས་ལ་གློ་བུར་དུ་བཏགས་པ་ཙམ་སྟེ་བཏགས་དོན་འཚོལ་ན་གང་དུའང་མ་གྲུབ་སྟེ་མི་རྙེད་དོ། །གཞན་རིགས་རུས་སོགས་ཀྱང་དེ་དང་འདྲ། དེས་ན་དེ་ལྟར་བརྟགས་ཅིང་གཞལ་བས་རྡུལ་སོགས་དེ་དག་རེ་རེ་ནས་བདག་མ་ཡིན་ཏེ། མཚན་ཉིད་མི་མཐུན་ཞིང་སྐད་ཅིག་མར་འགྱུར་ཞིང་འགག་པས་མི་རྟག་ལ། རྡུལ་སོགས་དེ་དག་རེ་རེ་བཞིན་བདག་ཏུ་འཛིན་ཡང་མི་འཛིན་ལ་དེ་ལྟར་འཛིན་དགོས་ན་ཐུག་མེད་དུ་འགྱུར་རོ། །དེ་ཐམས་ཅད་ཚོགས་པའོ་སྙམ་ན་ཡང་མ་ཡིན་ཏེ། ཚོགས་པ་ཞེས་པའང་རྡུལ་དང་སྐད་ཅིག་མ་དེ་དག་བསགས་ཤིང་འདུས་པ་ཙམ་ལས་གཞན་མེད་ན། རྩོམ་གཞི་དེ་དག་རེ་རེ་ནས་བདག་ཏུ་མ་གྲུབ་པས། དེས་བརྩམ་པའི་དུ་མའམ་ཚོགས་པའང་བདག་ཏུ་མི་གྲུབ་བོ། །འོ་ན་དེ་གསུམ་ལས་གཞན་ནམ་སྙམ་ན་དེ་ཡང་མིན་ཏེ། གལ་ཏེ་གཞན་དུ་གྲུབ་ན་ཕུང་སོགས་དེ་དག་རེ་རེ་ནས་བསལ་བའི་ཤུལ་དུ་ཡོད་དགོས་ཀྱང་མ་དམིགས་པས་མངོན་སུམ་གྱི་ཁེགས་སོ། །དེས་ན་བདག་ཕུང་གཅིག་ཐ་དད་གང་དུའང་མ་གྲུབ་པས་དེ་གཉིས་ཕན་ཚུན་གཅིག་ལ་གཅིག་ལྡན་པའམ་རྟེན་བརྟེན་པའི་ཚུལ་གྱིས་གནས་པའང་མི་སྲིད་དེ། དཔེར་ན་ཤིང་རྟའི་ཁ་ཤིང་དང་སྲོག་ཐུར་འཕང་ལོ་སོགས་ཚོགས་པ་ལ་ཤིང་རྟར་བཏགས་པ་བཞིན་ལེགས་པར་བརྟགས་ན་དེ་ཉིད་དང་གཞན་དུ་གྲུབ་པ་གང་ཡང་མེད་དེ་བཏགས་པ་ཙམ་ལས་དོན་ལ་དེ་གཉིས་འབྲེལ་བ་གང་ཡང་མེད་དོ། །འོ་ན་སེམས་ཅན་རྣམས་ཅིའི་ཕྱིར་འཁྲུལ་ཞིང་དེ་ལྟར་འཛིན་སྙམ་ན། དེ་ནི་ཐོག་མེད་ནས་ཕྱིན་ཅི་ལོག་ཏུ་ཞེན་པའི་དབང་གིས་དོན་ལ་མེད་ཀྱང་ཡོད་པ་ལྟར་བཟུང་བས་འཁྲུལ་ཏེ་ཐག་པ་ལ་སྦྲུལ་དུ་བཟུང་བ་བཞིན་ནོ། །དེ་ཡང་ཐག་པ་འཁྱིལ་ལུགས་དང་མུན་ཚབ་ཚུབ་སོགས་ཀྱི་རྐྱེན་ལས་མིག་འཁྲུལ་ཏེ་སྦྲུལ་དུ་བཟུང་བས་འཇིགས་སྐྲག་སྐྱེ་ཡང་། དེའི་ཚེ་ཐག་པ་ཕར་སོང་བ་དང་སྦྲུལ་དེའི་སྟེང་དུ་ཚུར་འོང་སྟེ་གནས་པའང་མེད། ཐག་པ་དེ་སྦྲུལ་མ་ཡིན་ལ། དེ་ལས་གཞན་པའི་སྦྲུལ་གྲུབ་པ་མེད་པས་དོན་ལ་དེ་གཉིས་འབྲེལ་བ་གང་ཡང་མེད་ཀྱང་ཡོད་པར་བཟུང་བ་ནི་ཕྱིན་ཅི་ལོག་གི་ཞེན་པའི་དབང་གིས་སོ། །དེའི་ཚེ་མར་མེ་སོགས་ཀྱི་རྐྱེན་ལ་བརྟེན་ནས་མིག་གསལ་བས་ཐག་པ་དངོས་སུ་མཐོང་ཞིང་དེའི་མཚན་ཉིད་ལེགས་པར་རྟོགས་པ་ན། སྦྲུལ་འཛིན་གྱི་འཇིགས་སྐྲག་ཞི་ཡང་། དེའི་ཚེ་ཐག་པ་སྔར་མེད་ཚུར་འོང་བ་དང་སྦྲུལ་སྔར་ཡོད་ཕར་བསལ་དུ་མེད་དེ་ཐག་པའི་སྟེང་དུ་སྦྲུལ་ཡེ་ནས་མ་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་ཕྱིན་ཅི་ལོག་ཏུ་ཞེན་པའི་དབང་གིས་ལྔ་ཕུང་ལ་བདག་ཏུ་བཟུང་བས་འཁྲུལ་ཡང་། གོང་སྨོས་ལྟར་དཔྱད་པ་གནད་དུ་སོང་བའི་ངེས་ཤེས་ཁྱད་པར་ཅན་སྐྱེས་ཚེ་ངར་འཛིན་དེ་ལྡོག་ཀྱང་། སྔར་གྱི་ནོར་བའི་བློ་འཁྲུལ་པ་དེ་བསལ་ཙམ་ལས། དོན་ལ་ངའམ་བདག་དེ་ཡེ་ནས་ཡོད་མ་མྱོང་བས་ད་གསར་དུ་གསལ་བྱའི་དངོས་པོ་རང་མཚན་པར་གྲུབ་པ་ནི་ཅི་ཡང་མེད་དེ་མི་རྙེད་དོ། །འདི་ཉན་ཐོས་ཀྱི་རྟོགས་བྱ་མཐར་ཐུག་ཡིན། འདིས་རང་རྒྱུད་ཀྱི་ཕུང་ལྔའི་ཚོགས་པ་ལ་ངའམ་བདག་རང་བཞིན་གྱིས་གྲུབ་པ་མེད་པར་རྟོགས་པས། འཇིགས་ལྟ་དེས་བསྐྱེད་པའི་ཆགས་སོགས་ཉོན་མོངས་པ་རྣམས་ལྡོག་ནུས་ཀྱང་ཆོས་ཐམས་ཅད་ལ་བདག་མེད་པའམ་མཉམ་པ་ཉིད་ཀྱི་དོན་རྫོགས་པར་རྟོགས་པ་མིན་པས། འཁོར་གསུམ་དུ་བདེན་པར་འཛིན་པའི་ཤེས་སྒྲིབ་ཉིད་ལྡོག་མི་ནུས་ཤིང་། སྲིད་ཞི་མཉམ་ཉིད་དུ་རྟོགས་པ་མིན་པའི་ཕྱིར་ཞི་མཐའ་འགོག་མི་ནུས་པའི་གནད་ཀྱང་དེ་ཡིན་ནོ། །ནམ་མཉམ་པ་ཉིད་ཀྱི་དོན་རྟོགས་པ་དེའི་ཚེ་ཞི་མཐར་ལྷུང་མི་སྲིད་དེ་མཐར་ཐུག་ཐེག་གཅིག་ཏུ་སྒྲུབ་པའི་ཚུལ་ལ་མཁས་པར་བྱའོ། །དེ་བཞིན་དུ་ཆོས་བདག་ཀྱང་། ངར་འཛིན་དེའི་དབང་གིས་གང་ལ་ཞེན་པའི་ཡུལ། ངའི་ལུས། ངའི་སེམས། ངའི་མིང་ལྟ་བུས་མཚོན་གང་ལ་ཆགས་ཤིང་ཞེན་པའི་ཡུལ་ཕྱི་ནང་སྣོད་བཅུད་སོགས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་དོ། །དེ་ལ་ཡང་བརྟགས་ན་གོང་དང་མཚུངས་ཏེ། གཟུགས་མཐའ་རྡུལ་ཕྲན་དང་། ཤེས་པ་སྐད་ཅིག་ཆ་མེད་གཉིས་ཀྱང་གྲུབ་མཐའི་བློས་བཏགས་པ་ཙམ་ལས་དོན་དུ་གྲུབ་པ་མེད་དེ། རྡུལ་ཆ་མེད་དེ་ཡང་རགས་པ་བརྩམ་པའི་ཚེ་སྟེང་འོག་སོགས་ཀྱི་ཆས་ཕྱེ་བས་ཆ་དྲུག་གམ་བཅུར་འགྱུར་བས་ཆ་མེད་གྱི་དམ་བཅའ་ཉམས་ལ། དེ་ལྟར་མི་འགྱུར་ན་རྡུལ་ཇི་ཙམ་ཚོགས་ཀྱང་ཆ་མེད་གཅིག་གི་གོ་ས་ལས་མེད་པའི་ཕྱིར་རགས་པ་བརྩམ་མི་ནུས་པས་གོང་བུའང་རྡུལ་ཕྲན་དུ་འགྱུར་ལ་དེར་མ་ཟད་རྡུལ་ཕྲན་རྣམས་བོངས་ཚད་མཉམ་པས་ཕན་ཚུན་གཅིག་ལ་གཅིག་ཞུགས་པའམ་གནས་པའི་གོ་སྐབས་ཀྱང་མི་སྲིད་དོ། །ཤེས་མཐའ་སྐད་ཅིག་ཆ་མེད་ཀྱང་དེ་དང་འདྲ་སྟེ། དེས་རྒྱུན་བརྩམ་པའི་ཚེ་སྐད་ཅིག་སྔ་ཕྱི་ལ་ལྟོས་པའི་ཆ་གཉིས་དང་དེར་ལྟོས་ཀྱི་དབུས་ཀྱང་གྲུབ་པར་འགྱུར་ལ། དེ་ལྟར་མི་འགྱུར་ན་བསྐལ་པའང་སྐད་ཅིག་ཏུ་འགྱུར་ཏེ་དེ་ལས་རྒྱུན་རིང་བར་བརྩམ་མི་ནུས་པའི་ཕྱིར་རོ། །དེ་ལྟར་བེམ་ཤེས་གཉིས་ཀ་མ་དམིགས་པས། མིང་སོགས་ལྡན་མིན་རྣམས་ནི་དེ་གཉིས་ཚོགས་པའི་གནས་སྐབས་ཀྱི་ཁྱད་པར་སོགས་ལ་བཏགས་པ་ལས་གཞན་དུ་མ་གྲུབ་ལ། དེ་གསུམ་གྱིས་འདུས་བྱས་ཀྱི་ཆོས་ཀུན་བསྡུས་པའི་ཕྱིར། དེ་མ་གྲུབ་པས་འདུས་མ་བྱས་རྣམས་ཀྱང་དགག་བྱ་བཅད་ཙམ་ལ་ལྟོས་ནས་བཏགས་པ་ལས་གཞན་དུ་མ་གྲུབ་པའི་ཕྱིར་དོན་ལ་ཡོད་པ་མི ན་ལ། དེ་ལྟར་འདུས་བྱས་དང་འདུས་མ་བྱས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་ལས་རང་བཞིན་ནམ་དོན་དམ་པར་གྲུབ་པ་ནི་ཅུང་ཟད་ཀྱང་མེད་དེ་མི་རྙེད་དོ། །བཏགས་ཡོད་ཀྱི་མིང་རྐྱང་དེ་ཡང་སྔོན་གྱི་བརྡ་སྤྲོད་པ་སོགས་གྱིས་ཡུལ་དུས་ཀྱི་དབང་གིས་ཅི་རིགས་སུ་གསར་དུ་བཏགས་པ་ལས་མིང་དོན་ངོ་བོ་ཉིད་ཀྱིས་འབྲེལ་བ་མེད་ལ། མིང་མཐའ་དེ་ཡང་དེད་ན་ཡི་གེ་སིལ་བུ་ལས་མ་འདས་ཤིང་། དེ་ཡང་བརྟགས་ན་རང་བཞིན་མེད་པའི་ཕྱིར། དངོས་མཐའ་ཆོས་ཉིད་དང་། རྟོག་མཐའ་མི་རྟོག་པ། བརྗོད་མཐའ་བརྗོད་བྲལ་དེ་ཐམས་ཅད་མཉམ་པ་ཉིད་ལས་མ་འདས་སོ། །འོ་ན་སྣང་བ་འདི་ཅིའི་ཕྱིར་སྙམ་ན། དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་ཏེ། རྟེན་འབྲེལ་དེ་ཡང་ངོ་བོ་སྟོང་ཉིད་ཡིན་པའི་གནད་ཀྱིས། འདི་ལྟར་སྣང་དུ་རུང་བ་ཡིན་ལ། དེ་ལྟ་མ་ཡིན་པར་དོན་དམ་པར་དངོས་པོར་གྲུབ་པ་ཞིག་ན་དེ་དག་ཕན་ཚུན་བརྟེན་པར་མི་འགྱུར་བས་མཐར་རྒྱུ་འབྲས་ཀྱི་རྣམ་བཞག་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །དེས་ན་ད་ལྟ་སྣང་བཞིན་པའི་ཆོས་འདི་ཐམས་ཅད་ལ་སྣང་དུས་ཉིད་ནས་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་པས་གཟུགས་སོགས་སྟོང་པ་ཉིད་ཡིན་ལ། སྟོང་བཞིན་པའི་ཆོས་ཉིད་ལས་མ་གཡོས་པར་སྣ་ཚོགས་སུ་སྣང་བ་མི་འགག་པས་སྟོང་པ་ཉིད་གཟུགས་སོགས་དང་། སྣང་བ་བསལ་བའི་ཕ་རོལ་ན་སྟོང་པ་དང་སྟོང་པ་བསལ་བའི་ཕ་རོལ་ན་སྣང་བ་དམིགས་སུ་མེད་པས་གཟུགས་སོགས་ལས་སྟོང་པ་ཉིད་གཞན་མ་ཡིན་ལ། སྟོང་པ་ཉིད་ལས་གཟུགས་སོགས་གཞན་མ་ཡིན་པས། ཡེ་ནས་སྣང་སྟོང་ཟུང་དུ་འཇུག་པའི་ཆོས་ཉིད་སྤྲོས་བྲལ་མཉམ་པ་ཆེན་པོ་ནི་ཆོས་ཀུན་གྱི་གནས་ལུགས་མཐར་ཐུག་པ་སྟེ། དེའི་ཕྱིར་ཟུང་འཇུག་གི་དོན་དེ་ཇི་བཞིན་པར་རྟོགས་མ་རྟོགས་ཀྱི་བྱེད་པས། གནས་སྣང་ཀུན་ནས་མཐུན་པ་སངས་རྒྱས་ཀྱི་གཟིགས་པ་དང་། མི་མཐུན་པར་འཛིན་པ་འཁོར་བའི་འཁྲུལ་སྣང་སྟེ་ཀུན་ཏུ་ཐ་སྙད་པའི་ཚད་མ་ལའང་དག་མ་དག་གི་དབང་གིས་གཉིས་སུ་སྣང་ཞིང་། དེའི་དབང་གིས་འཁོར་འདས་བཅིང་གྲོལ་སོགས་གཞི་ལམ་འབྲས་བུའི་རྣམ་བཞག་ཐམས་ཅད་མ་འདྲེས་པར་འཇོག་ནུས། རྟོགས་བྱ་མཐར་ཐུག་པའི་དབང་དུ་ནི་དེ་ཐམས་ཅད་ངོ་བོ་དབྱེར་མེད་དེ་དམ་པའི་དོན་གྱི་བདེན་གཅིག་མཉམ་པ་ཉིད་དོ། །དེ་ལྟར་ཟད་འཕེལ་མེད་པའི་ཆོས་ཉིད་མཉམ་པའི་དོན་ཤེས་ཤིང་གོམས་ནུས་ན་ཡུལ་ཅན་གྱི་བློའམ་ཤེས་པ་དེ་ཉིད་ཀྱང་དེའི་ངང་དུ་གྲོལ་བས་སྣང་སྟོང་ཡོད་མེད་སོགས་གཟུང་འཛིན་གྱི་རྟོག་པའི་གཉིས་སྣང་གང་ཡང་ཡོད་མི་སྲིད་དེ། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས། དེ་ལྟ་བུའི་སྤྲོས་པ་དབྱིངས་སུ་ཞི་བའི་འཕགས་པའི་མཉམ་བཞག་ནི་འདི་ཞེས་མཚན་མར་གྲུབ་པ་ཅུང་ཟད་ཀྱང་མེད་དེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །སོགས་དང་། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་གསུངས། དེ་ལྟའི་བློ་བྲལ་གྱི་གཤིས་ལ་སྐྱོན་ཕར་བསལ་བ་དང་ཡོན་ཏན་ཚུར་བཞག་ཏུ་ཅུང་ཟད་ཀྱང་མེད་པས་གང་ལའང་དགག་སྒྲུབ་དང་ཡིད་སྨོན་བྱར་མེད་དེ། ཆོས་འབྱུང་བ་མེད་པའི་མདོ་ལས། སེམས་ཅན་རང་བཞིན་བྱང་ཆུབ་ཉིད་དུ་གསུངས། །བྱང་ཆུབ་རང་བཞིན་སེམས་ཅན་ཐམས་ཅད་དེ། །སེམས་ཅན་རྣམས་དང་བྱང་ཆུབ་གཉིས་མེད་ཡིན། །དེ་ལྟར་གང་རྟོགས་སྐྱེས་ཆེན་མཆོག་ཏུ་འགྱུར། །ཞེས་དང་། ནམ་མཁའ་རིན་པོ་ཆེའི་མདོ་དང་གཤེད་དམར་གྱི་རྒྱུད་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་གསུངས། དེས་ན་སྒྲ་བློས་བཏགས་པའི་རང་བཞིན་མེད་པའམ་སྐྱེ་མེད་འགགས་མེད་སོགས་ཀྱང་དོན་དམ་མཐར་ཐུག་ལ་འཇུག་པའི་སྒོ་ཙམ་ལས་དོན་དམ་དངོས་མ་ཡིན་ཏེ་རྣམ་གྲངས་པའི་དོན་དམ་མམ་མཐུན་པའི་དོན་དམ་ཞེས་བྱ་སྟེ་རྣམ་ཤེས་ཀྱི་ཡུལ་ལས་མ་བརྒལ་ལ། མཐར་ཐུག་ཟུང་འཇུག་རྣམ་གྲངས་མིན་པའི་དོན་དམ་ནི། ཡུལ་ཡུལ་ཅན་ནམ་ཤེས་བརྗོད་ཀྱི་ཐ་སྙད་ཐམས་ཅད་དང་བྲལ་བ་སྟོང་མཚན་སྨོན་མེད་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན་འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཟབ་མོའི་ཡུལ་ཏེ། མདོ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པ་སྙམ། །ཚིག་བྲལ་ངག་གི་ལམ་གྱིས་མི་མཚོན་པའི། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱི་རྒྱུ་བ་རྣམ་སྤངས་པ། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །ཞེས་གསུངས། དེ་ལྟ་བུའི་ཟུང་འཇུག་སྤྲོས་བྲལ་དེ་ཡུལ་དུ་བྱས་ནས་ཡུལ་ཅན་བློས་དོན་སྤྱི་བསྒོམ་པ་མདོ་ལས། དེ་ཉིད་ཡུལ་ཅན་སེམས་ཀྱི་ཐོག་ཏུ་གཏན་ལ་ཕབ་ནས་དོན་རང་མཚན་བསྒོམ་པ་སྔགས་ཀྱི་མྱུར་ལམ་མོ། དེ་གང་ཞེ་ན། འདི་ལྟར་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་རྩ་བ་སེམས་ཀྱིས་སྤྲུལ་ཞིང་སེམས་ལ་སྣང་བས་རང་སེམས་ལས་ཐ་དད་པའི་ཕྱི་རོལ་གྱི་དངོས་པོ་བདེན་པར་གྲུབ་པ་མི་སྲིད་དེ་དཔེ་རྨི་ལམ་གྱི་སྣང་བ་བཞིན་ནོ། །དེ་ཡང་གཉིད་ཀྱི་སྐབས་སུ་བག་ཆགས་ཀྱི་དབང་གིས་རྟ་གླང་སོགས་རྨི་ལམ་གྱི་སྣང་བ་སྣ་ཚོགས་པ་རྨིས་ཀྱང་། རྨི་ལམ་དེ་སྔར་གཉིད་དུ་མ་སོང་བའི་སྐབས་ཀྱང་མེད། ཕྱིས་སད་པའི་སྐབས་ཀྱང་མེད། བར་དེར་ཡང་འཁྲུལ་ངོར་སྣང་ཙམ་ལས་རྟ་གླང་ཡུལ་ཁམས་སོགས་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་པ་དེ་བཞིན་དུ། ད་ལྟའི་ཉིན་དུས་སད་པའི་གནས་སྐབས་ཀྱིས་གནས་དོན་ལུས་ཀྱི་སྣང་བ་མུ་མེད་པར་ཤར་བ་འདི་ཡང་སྔར་གདོད་མའི་གཞི་ལས་མ་འཁྲུལ་པའི་སྐབས་སུའང་མེད། ཕྱིས་འཁྲུལ་པ་དབྱིངས་སུ་ཐིམ་པའི་སྐབས་ཀྱང་མེད། ད་ལྟའི་བློ་འཁྲུལ་ངོར་དོན་ལ་མེད་ཀྱང་ཡོད་པ་ལྟར་སྣང་བ་དཔེ་ངྷ་དུ་ར་ཟོས་པའི་མིག་སྔར་སྐྲ་ཤད་འཛག་པ་བཞིན་ནོ། །དེས་ན་ཕྱི་དོན་འཁྲུལ་པའི་སྣང་བ་འདི་ཐ་སྙད་དུ་སེམས་དངོས་མ་ཡིན་ལ། སེམས་ལས་གཞན་དུ་གྲུབ་པའང་ཅུང་ཟད་མེད་པས་མེད་སྣང་སྟོང་གཟུགས་ཏེ། དོན་དམ་པར་དབྱེ་གཞི་ཟད་པའི་དབྱེར་མེད་ཆེན་པོ་ཡིན། དེ་ལྟར་ཤེས་ན་ཕྱི་དོན་རང་བཞིན་མེད་པ་སེམས་ཙམ་གྱི་གྲུབ་མཐའ་གཏན་ལ་ཕེབས། དེའི་ཚེ་ནང་གི་ཤེས་པའམ་སེམས་རང་གི་ངོ་བོ་ལ་བྱུང་གནས་འགྲོ་གསུམ་གྱི་མཐའ་བརྟག་པས། དང་པོ་བྱུང་ས་དང་བྱུང་མཁན་མེད་དེ་སྟོང་། བར་དུ་གནས་ས་དང་གནས་མཁན་མེད་དེ་སྟོང་། མཐར་འགག་ས་དང་འགག་རྒྱུ་མ་གྲུབ་པས་སྟོང་། ཁ་དོག་དང་དབྱིབས་སོགས་འདི་ཞེས་ངོས་བཟུང་བྱར་མེད་ཀྱང་། སྣ་ཚོགས་སུ་སྣང་བའི་འཆར་གཞི་མ་འགགས་པ། དེ་ལྟར་ཤར་དུས་ཉིད་ནས་རང་བཞིན་སྟོང་ཉིད་ལས་མ་འདས་ཤིང་། སྟོང་ཉིད་དེའི་རང་མདངས་མ་འ གགས་པ་སྣ་ཚོགས་སུ་སྣང་བས་ཡེ་ནས་སྣང་སྟོང་ཟུང་འཇུག་སྟོང་ཉིད་བཞི་སྦྱོར་གྱི་དགོངས་པ་ལྟར་ནང་སེམས་ཀྱི་སྟེང་དུ་སྒྲོ་འདོགས་ལེགས་པར་ཆོད་ན་གཞི་སྤྲོས་བྲལ་དབུ་མའི་ལྟ་བ་རྟོགས། དེ་ལྟ་བུའི་སྣང་སྟོང་ཟུང་འཇུག་གི་སེམས་ཀྱི་གནས་ལུགས་དེའི་སྟེང་དུ་མ་ཡེངས་མི་སྒོམ་རང་བབས་ཀྱིས་མ་བཅོས་རང་སར་བཞག་པས་གནས་འགྱུ་ངོ་བོ་དབྱེར་མེད་སེམས་ཀྱི་ཆོས་ཉིད་གསལ་སྟོང་རྗེན་པ་གཉུག་མ་ལྷན་གཅིག་སྐྱེས་པའི་ཡེ་ཤེས། སྣང་སེམས་དབྱེར་མེད་ཆུ་དང་ཟླ་གཟུགས་ཀྱི་དཔེ་བཞིན་དུ་དུ་མ་རོ་གཅིག་ཏུ་རྟོགས་ན་ལམ་ཕྱག་ཆེན་གྱི་སྒོམ་པ་མངོན་དུ་འགྱུར། དེ་ལྟ་བུའི་གསལ་སྟོང་དབྱེར་མེད་ཀྱི་གཉུག་མའི་གཤིས་ལུགས་ལ་བལྟས་པས་རིག་མེད་བེམ་པོ་ལྟ་བུ་མ་ཡིན་པར་སྣང་རིག་ངོས་བཟུང་དང་བྲལ་བའི་མཉམ་པ་ཆེན་པོ་རིག་སྟོང་སྐྱེ་མེད་ཀ་དག་ཏུ་རྩད་ཆོད་ན་འབྲས་བུ་ཡེ་གྲོལ་རྫོགས་ཆེན་ཁྲེགས་ཆོད་ཀྱི་དགོངས་པ་སྟེ། དེ་ཡང་སྔ་མ་རྣམས་སུ་སེམས་ཡུལ་དུ་བྱས་ནས་གཏན་ལ་ཕབ་ནས་བསྒོམ་པས་ཡིད་དཔྱོད་ཀྱི་ཤན་ཡོད་ལ། འདིར་སེམས་ཉིད་དམ་རིག་པ་ཉིད་སྐྱེ་མེད་དུ་རྩད་བཅད་ནས་མངོན་སུ མ་རང་ཐོག་ཏུ་ཕབ་པས་ཡིད་དཔྱོད་དང་གཤིས་ཤོར་གྱི་གོལ་ས་ཆུང་། དེའི་ཕྱིར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་རྗེ་རིག་འཛིན་གཏེར་བདག་གླིང་པ་སོགས་ཀྱིས་སྔོན་འགྲོ་ཆོས་ཅན་སེམས་ཀྱི་ཁང་བུ་བཤིག་པ་དང་། དངོས་གཞི་ངོ་སྤྲོད་ཀྱི་སྐབས་སུ་ཆོས་ཉིད་རིག་སྟོང་སྐྱེ་མེད་དུ་གཏན་ལ་འབེབས་ཚུལ་གཉིས་གསུངས་པའི་གནད་དེ་ཡིན། དེས་ན་རྫོགས་ཆེན་གྱི་རྒྱུད་གཞུང་རྣམས་སུ་སེམས་རིག་ཤན་འབྱེད་ཀྱི་སྐོར་རྒྱ་ཆེར་གསུངས་ཀྱང་། དོན་གྱི་གནད་འགག་སྙིང་པོ་དཔལ་ལྡན་བླ་མའི་ཞལ་རྒྱུན་ནི། ད་ལྟའི་སེམས་ཉིད་དམ་རིག་པ་མ་བཅོས་པར་ཐད་ཀར་བཞག་པས་འདས་མ་འོངས་སོགས་དུས་གསུམ་གྱི་སྤྲོས་པ་ཞི་བའི་བཞི་པའི་ཆ། སྣང་རིག་ངོས་བཟུང་དང་བྲལ་ཞིང་འདི་ཞེས་མཚན་མར་མི་དམིགས་ཀྱང་། ཡིད་ཆེས་ཀྱི་ཁོ་ཐག་ནང་ནས་ཆོད་རྒྱུ་ཡོད་པ། དེ་ལྟར་ཆོད་ཀྱང་ཆོད་རྒྱུ་དང་ཆོད་མཁན་གཉིས་སུ་མ་གྲུབ་པའི་ཆོས་ཉིད་མཉམ་པ་ཆེན་པོ་འདི་ཡིན་ཏེ། འདིའི་ངོ་བོ་ཅི་ལྟ་བུ་ཞེ་ན། ངོ་བོ་སྟོང་པ་དམིགས་སུ་མེད་པ། རང་བཞིན་གསལ་བ་ལྷུན་གྱིས་གྲུབ་པ། ཐུགས་རྗེ་ཀུན་ཁྱབ་འགག་པ་མེད་པ། སྐུ་གསུམ་དབྱེར་མེད་ཀྱི་རིག་པ་ཡིན་ཏེ། དེ་ཡང་ཚུར་བསྡུ་ན། སེམས་ཀྱི་ཆོས་ཉིད་ཡེ་ནས་རང་བབས་ཀྱི་ཡིན་ལུགས། གཉུག་མའི་རིག་པ་བཟོ་བཅོས་དང་བྲལ་བ་འདི་ཡིན། འདི་ལ་དགག་ཕྱོགས་ནས་མཚོན་ན། གཟུང་བྱར་ཡོད་པ་མིན། ཆད་པའི་མེད་པ་མིན། དེ་གཉིས་ཀ་ཚོགས་པ་མིན། གཉིས་མིན་གྱི་ཕུང་གསུམ་པའང་མིན་ཏེ། འདི་ཞེས་སྤྲོས་པ་གང་གིའང་ངོ་བོ་དམིགས་སུ་མེད་པས། ཡིན་པ་ཅིར་ཡང་མེད་པའི་ལྟ་བ། ཉམས་མྱོང་ངོ་བོའི་སྒྲུབ་ཕྱོགས་ནས་བརྗོད་ན། སྟོང་ཧ་རེ་བ། གསལ་སིང་ངེ་བ། དྭངས་སང་ངེ་བ། མཉམ་ཁད་དེ་བ། ཡངས་ཕྱལ་ལེ་བ། དཔེས་མཚོན་ན། མཐའ་དབུས་མེད་པ་ནམ་མཁའ་ལྟ་བུ། གསལ་བ་རྒྱ་མ་ཆད་པ་མཁའ་ལ་ཉི་མས་ཁྱབ་པ་ལྟ་བུ། ཕྱི་ནང་མེད་པ་ཤེལ་སྒང་ལྟ་བུ། འཛིན་ཞེན་མེད་པ་བར་སྣང་གི་བྱ་རྗེས་ལྟ་བུ། སྐྱེ་འགག་མེད་པ་ནམ་མཁའ་ལྟ་བུ། ཡོན་ཏན་ལྷུན་གྱིས་རྫོགས་པས་ནོར་བུ་ལྟ་བུ། ཉེས་པའི་སྐྱོན་གྱིས་མ་གོས་པས་པདྨ་ལྟ་བུ་སྟེ། གདམས་པ་འདི་ལ་ལོག་རྟོག་ལྡོག་པའི་སྒོ་ནས་བརྗོད་ན། རིས་སུ་མ་ཆད་པའི་གསལ་བ་ཆེན་པོ། དམིགས་སུ་མེད་པའི་སྟོང་པ་ཆེན་པོ། སོ་སོར་དབྱེ་བ་མེད་པའི་ཟུང་འཇུག་ཆེན་པོ། སྒྲ་བློའི་རྟོག་ཡུལ་ལས་འདས་པས་བློ་བྲལ་ཆེན་པོ། དོན་གྱི་ཚུལ་བརྗོད་ན། ཚིག་གིས་མི་མཚོན་པས་བརྗོད་དུ་མེད་པ། རྣམ་ཤེས་ཀྱིས་མི་ཤེས་པས་བསམ་དུ་མེད་པ། མཐའ་ལ་མི་གནས་པས་སྤྲོས་བྲལ་ཆེན་པོ། ཐམས་ཅད་ཀུན་ཡིན་ཀུན་མིན་ཐམས་ཅད་དེའི་ངང་དུ་རྫོགས་པས་བསྒོམ་པ་ལ་མིན་པ་མེད་པ། བརྗོད་བྲལ་སོ་སོ་རང་རིག ཀ་དག་ལྷུན་གྲུབ་ཟུང་འཇུག རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག ཡོན་ཏན་གྱི་ལྡན་ཆོས་དུ་མ་དང་ལྡན་པས་སྤྱོད་པ་ལ་རྩོལ་སྒྲུབ་དང་འབྲས་བུ་ལ་རེ་དོགས་ཟད་པའི་དབྱིངས་ཟག་མེད་བདེ་གཤེགས་སྙིང་པོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དེ། མདོ་ཧྲིལ་གྱིས་དྲིལ་ན། སེམས་ནི་ལས་རླུང་གི་གཡོ་བས་ཀུན་ཏུ་བསྐྱོད་པའི་མི་འཆར་དགུ་འཆར་མི་དྲན་དགུ་དྲན་གཟུང་འཛིན་གྱི་རྣམ་པར་ཤར་བའི་ཀུན་རྟོག་རང་ཁ་མ་འདི་ཡིན་ལ། རིག་པའམ་རང་བྱུང་གི་ཡེ་ཤེས་ནི་སེམས་དེའི་ཆོས་ཉིད་གཟུང་འཛིན་གྱི་ཀུན་ཏུ་རྟོག་པས་བསླད་མ་ཞུགས་པའི་སྨྲ་བསམ་བརྗོད་མེད་བློ་འདས་ཆེན་པོ་སྟེ། དེ་ཡང་གཅིག་དུ་བྲལ་སོགས་དབུ་མའི་རིགས་པས་དཔྱད་དམ། སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་ཙམ་གང་ལ་བརྟེན་ཡང་འདྲ་སྟེ། རིགས་དཔྱད་དེས་སྟོང་ཉིད་དུ་གཏན་ལ་འབེབས་པའི་ཚེ། དུས་གསུམ་གྱི་སེམས་དང་སེམས་བྱུང་སོགས་གཞིག་ཅིང་གཞོལ་དུ་རུང་བའི་ཆ་རྣམས་ནི་འདུས་བྱས་སེམས་ཀྱི་མཚན་ཉིད་ཡིན་ལ། དེས་གཏན་ལ་དབབ་པའི་འབྲས་བུའམ་སེམས་ཀྱི་ཆོས་ཉིད་དཔྱད་རུང་མ་དཔྱད་རུང་ངོ་བོ་ལ་དུས་གསུམ་གྱི་སྐྱེ་འགག་དང་འཕོ་འགྱུར་བྲལ་བ། སྟོང་པ་གསལ་བ་རིག་པའི་སྙིང་པོ་ཅན་ཡེ་ནས་འཆིང་གྲོལ་ལས་འདས་པས། དེ་ཉིད་ཐད་ཀར་ངོ་འཕྲོད་ཕན་ཆོད་ཇི་ཙམ་དུ་དཔྱད་ཀྱང་། ངོ་བོའི་བཞུགས་ཚུལ་དེ་ལས་ཅུང་ཟད་ཀྱང་བསྐྱོད་དུ་མེད་དེ་ཆོས་ཉིད་འདུས་མ་བྱས་རང་གི་མཚན་ཉིད་ཡིད་པས་སོ། །འདི་ནི་ངེས་དོན་གྱི་མདོ་རྒྱུད་ཐམས་ཅད་ཀྱི་བསྟན་བྱའི་སྙིང་པོ་སྟེ། འཁོར་ལོ་བར་པར་གནས་ལུགས་རྣམ་ཐར་གསུམ་ལྡན་སྐྱེ་མེད་འགག་མེད་སོགས་དང་། ཐ་མར་བརྟན་ཞི་རྟག་པ་འཕོ་མེད་གཡུང་དྲུང་སོགས་དང་། སྔགས་སུ་རྒྱུ་ཡི་རྒྱུད་དང་གཉུག་མའི་སེམས་བདེ་བ་ཆེན་པོ་རང་བྱུང་གི་ཡེ་ཤེས་སོགས་དུ་མའི་སྒྲའམ་བརྡ་ཐ་སྙད་ཀྱིས་བསྟན་པའི་དོན་གྱི་སྙིང་པོ་ནི་ཆོས་ཉིད་འགྱུར་མེད་ཀྱི་གཤིས་ལུགས་འདི་ཉིད་ཡིན་པས་ཚིག་གི་རྗོད་སྒྲོས་ཙམ་ལ་ཞེན་ནས་དགག་སྒྲུབ་ཀྱི་ངལ་བ་མི་བྱ་བར་དོན་གྱི་གནད་འ ཚོལ་བ་ལ་མཁས་པར་བྱའོ། །དེས་ན་ཡེ་ནས་འཁྲུལ་མ་མྱོང་བའི་སངས་རྒྱས་ཀུན་ཤེས་ཀུན་རིག་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་དེ་ཉིད་ཡིན་སྙམ་དང་ཕོ་ཚོད་དུ་མ་སོང་བར་རྩ་གདར་ལེགས་པར་བཅད། འདི་ཚུལ་བཞིན་རྟོགས་པ་ནི་བླ་མ་སངས་རྒྱས་ཆོས་སྐུར་མཐོང་བའི་མོས་གུས་ཀྱིས་དགོངས་པའི་གསང་མཛོད་བྱིན་རླབས་འཕོ་བ་ཁོ་ན་ལ་རག་ལས་པས། དོན་མེད་སྟོང་སྐོར་གྱི་དཔྱད་པ་བརྒྱ་བས་བླ་མའི་མོས་གུས་ཀྱི་གསོལ་འདེབས་ཚིག་གཅིག་དགའ། དེ་ལྟར་བླ་མའི་བྱིན་རླབས་དང་རང་གི་སྒོམ་སྟོབས་ཀྱིས་རིག་ངོ་འཁྱུག་མེད་འཕྲོད་ཕྱིན་ཆད། སྤྲ་སྤྲོ་མང་པོ་ལས་རླུང་འཕེལ་བའི་གྲོགས་ཡིན་པས་དོན་མེད་བྱ་བྱེད་ཀྱི་གཡེང་རྐྱེན་ཐམས་ཅད་བོར་ནས། སྔར་ངོ་འཕྲོད་པའི་རིག་སྟོང་གཉུག་མའི་རང་ཞལ་དེ་ཉིད་རྗེན་པར་སྐྱོང་བ་གལ་ཆེ། དེའི་ཚེ་འདུ་བྱེད་སེམས་ཀྱི་རྙོགས་མས་བསླད་དེ་རེས་འགའ་རིག་ངོ་སྐྱོང་དཀའ་འབྱུང་ཡང་། དེ་ཐམས་ཅད་ཀྱི་རྩ་བ་རང་སེམས་སྐྱེ་མེད་ཉིད་དུ་ཐག་ཆོད་ན། དེ་ལས་ཤར་བའི་བཟང་ངན་གྱི་རྟོག་པ་གང་གིས་ཀྱང་ཕན་གནོད་མེད་པས་གཉེན་པོ་གཞན་མི་དགོས་པར་རང་གིས་རང་གྲོལ་བ་སྦྲུ ལ་མདུད་ལྟ་བུ་སོགས་གྲོལ་ཚུལ་གསུམ་པོ་རིམ་བཞིན་གོམས་སྟོབས་ཀྱིས་འབྱུང་བ་ཡིན་ལ། དེ་ལྟར་དགེ་སྡིག་གི་རྟོག་པ་གང་ཤར་ཡང་དེས་རང་རྒྱུད་མི་འཆིང་བའི་གནད་ཀྱང་། རྟོག་པ་དེ་སྐད་ཅིག་གཉིས་པར་རྗེས་མཐུད་མི་བྱེད་པ་དེ་ཙམ་གཅིག་པུས་མིན་གྱི། རྣམ་རྟོག་སྐད་ཅིག་དང་པོ་དེ་སྐྱེས་དུས་ནས་རིག་སྟོང་སྐྱེ་མེད་ཀྱི་དགོངས་པས་རྒྱས་ཐེབས་པའི་གནད་ཀྱིས་ཏེ། དཔེར་ན་གསེར་གླིང་ནས་རྡོ་བཙལ་གྱིས་མི་རྙེད་པ་བཞིན། ཐམས་ཅད་རང་བྱུང་ཡེ་ཤེས་ཆེན་པོའི་རང་བཞིན་ལས་གཞན་དུ་གྱུར་པ་རྡུལ་ཙམ་མེད་པའི་གནད་ཀྱིས་སོ། །དེས་ན་རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པའི་ངོ་ཁ་ལ། ཐེག་པ་ལ་མཐོ་དམན། ལམ་ལ་མྱུར་བུལ། ལས་ལ་དགེ་སྡིག་སོགས་བཟང་ངན་མེད་པར་ཐམས་ཅད་རང་བྱུང་ཡེ་ཤེས་གཅིག་གི་ངང་དུ་རྫོགས་ཤིང་གྲོལ་བས་ན་རྫོགས་པ་དང་། དེ་ལས་རྟོགས་བྱའི་གཞི། བགྲོད་བྱེད་ཀྱི་ལམ། གྲུབ་པའི་འབྲས་བུ་སོགས་གོང་ན་གཞན་མེད་པས་ཆེན་པོ་སྟེ་རྫོགས་ཆེན་གྱི་སྒྲ་བཤད་ཡང་དེ་ཡིན་ནོ། །འདི་ལ་བློ་ཆུང་ཁ་ཅིག་གིས། དོན་དམ་པའི་རང་མཚན་ནི་གཉིས་སྣང་གང་ཡང་མེད་པ་འཕགས་པའི་མཉམ་བཞག་གི་ཡུལ་ཡིན་ན། ད་ལྟ་སོ་སྐྱེའི་སྐབས་སུ་ཀུན་རྟོག་གི་སྤྲོས་པ་མ་འགགས་པར་དེ་མངོན་དུ་བྱེད་པར་ཇི་ལྟར་རུང་སྙམ་དུ་བསམ་ན། སྤྱིར་མདོ་སྔགས་ཀྱི་ལམ་ཐམས་ཅད་དངོས་སམ་བརྒྱུད་ནས་དོན་དམ་འོད་གསལ་བའི་ཆོས་ཉིད་མཉམ་པ་ཆེན་པོ་དེ་རྟོགས་པའི་ཐབས་འབའ་ཞིག་ཏུ་ཟད་མོད། ལམ་པའི་གང་ཟག་གིས་དབང་པོའི་ཁྱད་པར་གྱིས་ད་ལྟ་མངོན་དུ་བྱེད་ནུས་མི་ནུས་སྣ་ཚོགས་ཡོད་པ་ནི་བསྙོན་དུ་མེད་ཀྱང་། གཙོ་བོར་དབང་པོ་རྣོན་པོའི་དབང་བྱས་གསང་སྔགས་རྡོ་རྗེ་ཐེག་པར། རིམ་པ་གཉིས་ཀྱི་མན་ངག་གིས་སེམས་ཉིད་ཆོས་སྐུར་ངོ་སྤྲོད་པའི་ཐབས་ཟབ་མོ་ཇི་སྙེད་ཅིག་གསར་རྙིང་གི་རྒྱུད་སྡེ་རྣམས་སུ་གསུངས་པ་དེ་ཐམས་ཅད་སོ་སྐྱེ་ལས་དང་པོ་པ་ལ་དགོངས་ཀྱི། ས་ཐོབ་ཀྱི་འཕགས་པ་ཆོས་ཉིིད་མངོན་དུ་རྟོགས་ཟིན་ལ་ད་གསར་དུ་ངོ་སྤྲོད་མི་དགོས་པའི་ཕྱིར་རོ། །དེ་ཡང་ཐེག་ཆེན་འཁོར་ལོ་བར་ཐར་སྤྲོས་བྲལ་མཉམ་པ་ཉིད་དང་རང་བཞིན་འོད་གསལ་སོགས་གཞིའི་གནས་ཚུལ་རྒྱ་ཆེར་གསུངས་པ་ལ་དགོངས་ནས། རབ་དབྱེར། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་ཞིག་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །སྤྲོས་བྲལ་ཡིན་ན་ཁྱད་པར་མེད། །ཅེས་གསུངས་མོད། ཡུལ་ཆོས་དབྱིངས་སྤྲོས་བྲལ་ཡིན་ཀྱང་དེ་ཉིད་ད་ལྟ་ནས་མངོན་སུམ་དུ་ངོ་སྤྲད་ཅིང་ལམ་དུ་བྱེད་པའི་ཐབས་རྣམས་མདོ་ལམ་ན་སྦས་ཤིང་མ་བསྟན་པས་རྨོངས་པའི་ཆ་ཡོད་ལ། དེ་ཉིད་སྔགས་སུ་མ་སྦས་ཤིང་གསལ་རྫོགས་སུ་བསྟན་པས་མ་རྨོངས་ལ། ཐབས་མང་དཀའ་བ་མེད་པས་དབང་རྣོན་ལས་དང་པོ་པ་ལ་ད་ལྟ་ནས་ཆོས་ཉིད་གཅེར་མཐོང་དུ་ངོ་སྤྲད་ནས་མངོན་སུམ་དུ་གོམས་པར་བྱེད་ནུས་པས། རྒྱུ་འབྲས་ལམ་བྱེད་ཀྱི་ཐེག་པའི་དབྱེ་བ་དང་ངེས་ཚིག་ཁ་ཤས་ཆོས་རྣམས་ཚུལ་གསུམ་སྒྲོན་མེ་སོགས་ལས་རྒྱ་ཆེར་གསུངས་པ་དང་། མདོ་གདམས་ངག་འབོག་པའི་རྒྱལ་པོར། འཇམ་དཔལ་གྱིས་སྟོན་པ་ལ། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པའི་ལན་དུ། སྟོན་པས། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ནི། །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་གསུངས་པ་བཞིན། རྒྱུ་འབྲས་ལྷུན་གྲུབ་ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་ཉིད་ད་ལྟ་ནས་མངོན་དུ་བྱེད་པའི་ཡུལ་ཅན་རང་རིག་ལྟ་བའི་ལྟ་བའམ་མངོན་སུམ་ཉམས་མྱོང་གི་ལྟ་བའི་སྒོ་ནས་མདོ་ལས་སྔགས་ཁྱད་པར་དུ་འཕགས་པའི་ཚུལ་ཀུན་མཁྱེན་ཆོས་རྗེས་སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲར་གསུངས་པ་བཞིན་ནོ། །དེས་ན་ཀློང་ཆེན་ལས། ཡེ་ཤེས་བས་ཀྱང་ཉོན་མོངས་གཙོ། །ཉོན་མོངས་འཆིང་བའི་ཞགས་པ་ཡིས། །རང་བྱུང་ཡེ་ཤེས་གཏན་ལ་འབེབས། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བར་ཡིད་ཀྱང་ཆེས། །ཞེས་སོགས་གསུངས་པ་ལྟར། ད་ལྟའི་རང་སེམས་ཀྱི་ཆོས་ཉིད་རིག་སྟོང་རྗེན་པ་འདི་སངས་རྒྱས་ཆོས་སྐུའི་ཡེ་ཤེས་ཡིན་ནོ་ཞེས་སྨྲས་ན། ལས་དང་པོ་པ་ཁ་ཅིག་ཡིད་མི་ཆེས་ཏེ། ཆོས་སྐུ་ནི་སྤྲོས་བྲལ་གཉིས་སྣང་མེད་པ་ཡིན་ན། འདི་ནི་གཉིས་སྣང་མཚན་མའི་སྤྱོད་ཡུལ་འདུ་བྱེད་སེམས་ཀྱི་ཆོས་ཉིད་ཡིན་པས་ཇི་ལྟར་གཅིག་སྙམ་དུ་འཛིན། དེ་ནི་བྱིས་པ་ཤེད་མ་བྱེ་བ་ལ་ཆབ་རོམ་འདི་ཆུ་ཡིན་ནོ་ཞེས་བསྟན་ན། ཆུ་ནི་བརླན་ཞིང་གཤེར་ལ། འདི་ནི་སྲ་བ་རྡོ་ལྟར་སྣང་བས་ག་ལ་གཅིག་སྙམ་དུ་བདེན་པར་མི་འཛིན་པ་བཞིན་ནོ། །ཡང་དེ་ལས་ཅུང་དྲག་པ་དག རང་གི་རྟོག་དཔྱོད་དང་ཡིད་ཆེས་པའི་ལུང་ཙམ་ལ་བརྟེན་ནས། ད་ལྟའི་སེམས་འདི་འཁྲུལ་པ་ཡིན་ཡང་འདིའི་ཆོས་ཉིད་དམ་འཁྲུལ་པ་དག་པའི་འབྲས་བུ་ནི་ཡེ་ཤེས་ཡིན་ནོ་སྙམ་དུ་འཛིན། དེ་ནི་ཆབ་རོམ་ལ་ད་ལྟ་ཆུ་དངོས་སུ་མི་སྣང་ཡང་འདིའི་ངོ་བོའམ་ཞུ་ན་ཆུ་ཡིན་ནོ་སྙམ་ནས་ཆུའི་རྒྱུར་འཛིན་པ་བཞིན་ནོ། །དབང་རྣོན་ཁ་ཅིག་བླ་མའི་ཐུགས་རྗེ་དང་རང་གི་དད་མོས་སོགས་ཀྱི་རྐྱེན་ལས། ད་ལྟའི་རང་སེམས་འདི་ཉིད་སྐྱེ་མེད་དུ་ཐད་ཀར་ངོ་འཕྲོད་པའི་ཚེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དམ་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་ཉིད་མངོན་དུ་མ་གྱུར་ཏེ་མཐོང་སྤང་གི་སྒྲིབ་པའི་སྦུབས་ལས་མ་གྲོལ་ཡང་། རང་སེམས་ཉིད་སྐྱེ་མེད་དུ་རྟོགས་པ་དེས་མཚོན་ནས་ཆོས་ཐམས་ཅད་སྐྱེ་མེད་དུ་གོ་ནུས་པ། དཔེ་ཆབ་རོམ་གྱི་ཕྱོགས་གཅིག་ནས་དུམ་བུ་ཞིག་མྱོང་བས། ཆབ་རོམ་ཐམས་ཅད་དེ་ལས་མ་འདས་པས་ཆུ་མིན་གྱི་སྒྲོ་འདོགས་ཀྱིས་སྐབས་མི་རྙེད་པ་བཞིན་ཏེ། འདིས་འཕགས་པའི་ཡེ་ཤེས་ཉིད་མཚོན་ནུས་སུ་གྱུར་པས་དཔེ་ཡི་ཡེ་ཤེས་ཏེ་གནས་སྐབས་རྣམ་གྲངས་པའི་ཁོངས་སུ་གཏོགས་ཀྱང་སྔར་གྱི་གོ་མྱོང་ལས་ཁྱད་པར་དུ་འཕགས་ཏེ་རི་མོར་བྲིས་པའི་ཟླ་གཟུགས་དང་ཆུ་ཟླའི་ཁྱད་པར་གྱི་དཔེ་བཞིན་ནོ། །དོན་འོད་མངོན་དུ་གྱུར་ཚེ་ཆབ་རོམ་ཐམས་ཅད་ཆུར་ཞུ་བ་དང་འདྲ་ཡང་། ད་དུང་ཆབ་རོམ་དེ་རྐྱེན་མེ་དང་ཉི་མ་སོགས་ཀྱིས་ཞུ་བའི་སྐབས། དེ་རིམ་གྱིས་ཞུ་བ་ལས་ཐམས་ཅད་དུས་གཅིག་ཏུ་མིན་པ་བཞིན། སྒོམ་སྤང་གིས་བསྡུས་པའི་གཉིས་སྣང་གི་མཚན་མ་རགས་ཕྲ་ཐམས་ཅད་རིམ་གྱིས་ཆོས་ཉིད་མཉམ་པ་ཆེན་པོའི་ཀློང་དུ་ཟད་པའམ་ཐིམ་དགོས། མཐར་ཆབ་རོམ་ཐམས་ཅད་ཆུར་ཞུ་བ་ལྟར་གཉིས་སྣང་གི་མཚན་མ་ཅུང་ཟད་ཀྱང་མི་མངའ་བས་རྟག་པར་མཉམ་པར་བཞག་བཞིན་པ་ནི་མཐར་ཕྱིན་སངས་རྒྱས་ཀྱི་ས་ཁོ་ནའོ། །འདི་ལའང་དཔྱད་ན་སངས་རྒྱས་རང་སྣང་གི་སྐུ་དང་ཞིང་ཁམས་སོགས་ནི་ཆོས་ཉིད་མཉམ་པ་ཆེན་པོའི་རང་གདངས་འབའ་ཞིག་ལས་ཤར་བའི་ཕྱིར། བརྟེན་ནས་བཏགས་པའི་ཆོས་ཙམ་གྱི་ངོ་བོར་ཡང་གྲུབ་པ་མེད་པས་ཟག་མེད་འདུས་མ་བྱས་འབའ་ཞིག་པས་དོན་དམ་ཆོས་ཉིད་ཀྱི་སྐུ་དང་། དེ་ལས་ཤར་བའི་གདུལ་བྱ་གཞན་སྣང་དུ་རྟེན་འབྲེལ་སྒྱུ་མའི་སྣང་ཆ་མ་འགགས་པ་ཙམ་ལ་ཀུན་རྫོབ་བརྡ་ཡི་སྐུ་སྟེ་གཉིས་སུ་གསུངས། དེས་ན་གཟུགས་སྐུ་གདུལ་བྱའི་སྣང་ངོར་སྐྱེ་འཇིག་ལྟ་བུར་སྣང་བ་ནི་གདུལ་བྱའི་བློ་སྐྱོན་དུ་ཟད་ལ། དེ་བཞིན་དུ་ཡུལ་ལ་ལྟོས་པའི་མཁྱེན་པས་དུས་གསུམ་གྱི་ཤེས་བྱ་རིམ་གཟིགས་ལྟ་བུར་སྣང་བའང་སྣང་ཚུལ་ཀུན་རྫོབ་ཀྱི་དབང་གིས་ཏེ། དོན་ལ་མཁྱེན་ཡུལ་ཡང་རང་བཞིན་མེད་པས་མཉམ་པ་ཉིད་ཀྱི་ཕྱིར། གནས་ཚུལ་ལམ་ཆོས་ཉིད་དོན་དམ་པར་ནམ་ཡང་འཕོ་འགྱུར་མེད་དེ་ནམ་མཁའ་བཞིན་ནོ། །དེས་ན་ད་ལྟར་གྱི་ལམ་པའི་རྟོགས་པ་ལ་སྐྱེ་བ་དང་འཕེལ་འགྲིབ་གཉིས་ཀ་ཡོད། ས་དང་པོ་ཡན་གྱི་རྟོགས་པ་ལ་འཕེལ་བ་ཡོད། འགྲིབ་པ་མེད། སངས་རྒྱས་ཀྱི་ས་ན་འཕེལ་འགྲིབ་གཉིས་ཀ་མེད་དེ། དེའི་ཚེ་ཐེག་པ་ཐུན་མོང་བའི་ལུགས་ལྟར་ན་མ་རིག་བག་ཆགས་ཀྱི་ས་སོགས་བཞི་དང་། སྔགས་ཐུན་མོང་དུ་སྣང་གསུམ་འཕོ་ཆགས་ཀྱི་སྒྲིབ་པ་དང་། ཐུན་མིན་རྫོགས་ཆེན་ལྟར་ན་མ་དག་རླུང་སེམས་ཀྱི་འགྱུ་ཆ་སྟེ་ཤིན་ཏུ་ཕྲ་བའི་རྟེན་འབྱུང་མཐའ་དག་དབྱིངས་སུ་ཟད་པའམ་འགགས་པས། དེ་ཕན་སངས་རྒྱས་ཀྱི་ཡེ་ཤེས་སྐུ། རྡོ་རྗེའི་སྐུ། རྟག་པའི་སྐུ། གཡུང་དྲུང་གི་སྐུ། དུས་གསུམ་འཕོ་འགྱུར་མེད་དེ་དུས་བཞི་མཉམ་པ་ཉིད་དོ། །དེས་ན་ཆོས་ཉིད་ཀྱི་ངོས་ན་འཕོ་འགྱུར་མེད་ཀྱང་། ཆོས་ཅན་གྱི་ངོས་ནས་འཕོ་འགྱུར་ལྟར་སྣང་བ་ནི་འདུ་བྱེད་སེམས་ཀྱི་ཤན་ཤོར་བ་ཡིན་པས་གོ་མྱོང་རྟོགས་གསུམ་ཤན་ཕྱེད་པར་བྱ་སྟེ། གོ་བ་ལྷན་པ་དང་འདྲ་སྟེ་གོག་ནས་འགྲོ། །ཉམས་ན་བུན་དང་འདྲ་སྟེ་ཡལ་ནས་འགྲོ། །རྟོགས་པ་རི་རྒྱལ་དང་འདྲ་སྟེ་འཕོ་འགྱུར་མེད། །ཅེས་གསུངས། དེའི་ཕྱིར་ད་ལྟའི་ལམ་པའི་རྣལ་འབྱོར་པ་རྣམས་ལ་མཉམ་རྗེས་ཡོད་མེད་ཀྱི་ཆོས་སྐད་འདི་ལའང་ཉམས་རྟོགས་ཀྱི་ཤན་རེ་ཕྱེད་དགོས་ཏེ། རྟོགས་པའི་མཉམ་རྗེས་དབྱེར་མེད་ནི་མཐར་ཕྱིན་སངས་ཀྱི་ས་ཁོ་ན་ལས་གཞན་དུ་མི་འབྱུང་སྟེ། དག་ས་པ་རྣམས་ལའང་རྗེས་ཐོབ་བཏགས་པ་ཡོད་པར་གསུངས་པས་སོ། །གཞན་ཡང་ཕྱག་རྫོགས་ཀྱི་ལམ་གྱིས་རིག་ངོ་འཕྱུག་མེད་འཕྲོད་ན་ཕྱག་རྒྱ་པ་སོགས་དམ་པ་དུ་མས་དེ་ཉིད་མངོན་སུམ་ཡིན་ཕྱིར་དོན་འོད་མཚན་ཉིད་པར་བཞེད། ཀུན་མཁྱེན་ཆེན་པོ་སོགས་དོན་འོད་མངོན་གྱུར་ལ་ཀུན་རྫོབ་ཀྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཡོད་དགོས་པས་མངོན་སུམ་ཡིན་ཡང་དཔེ་ཡི་འོད་གསལ་དུ་བཞེད། དོན་ལ་དེ་གཉིས་ཀྱང་མི་འགལ་ཏེ། སྔ་མས་ཆོས་ཉིད་གནས་ཚུལ་དབང་བཙན་དང་ཕྱི་མས་ཆོས་ཅན་སྣང་ཚུལ་དབང་བཙན་དུ་གསུངས་པའི་ཕྱིར། ཟུར་ལུགས་ཀྱི་སེམས་ཕྱོགས་པ་རྣམས། ད་ལྟའི་རང་སེམས་སྐྱེ་མེད་དུ་ཤེས་ཤིང་ངོ་འཕྲོད་པ་དེ་གནས་སྐབས་རྣམ་གྲངས་པའི་ཁོངས་སུ་གཏོགས། དེས་སྟོང་ཉིད་དམ་ཆོས་ཉིད་དེ་མངོན་སུམ་དུ་རྟོགས་ཀྱང་ཡོན་ཏན་མངོན་གྱུར་དུ་མི་སྣང་བ་ནི། ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀྱིི་ཀློང་དུ་གྲོལ་མ་ཐུབ་པས་ཡིན། སྟོང་ཉིད་དེ་ལ་རིམ་གྱིས་གོམས་པས་མཐར་ཆོས་ཅན་གྱི་འཁྲུལ་པ་མཐའ་དག་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བའམ་དག་པའི་ཚེ། མཐར་ཕྱིན་སངས་རྒྱས་ཀྱི་སའི་བར་གྱི་ཡོན་ཏན་རྣམས་རྩོལ་མེད་དུ་རང་སྣང་བ་ཡིན་པས། ངོ་བོ་ལ་འཕོ་འགྱུར་མེད་ཀྱང་འཕོ་འགྱུར་ལྟར་སྣང་བ་ནི་ལམ་པའི་བློ་ངོར་འཇོག་པར་མཛད་པ་ཉིད་ལེགས་སོ། །དེས་ན་ལམ་པའི་གང་ཟག་ཚོགས་ལམ་པས་གོ སྦྱོར་ལམ་པས་མྱོང་། མཐོང་ལམ་པས་རྟོགས་ཞེས་ཆོས་ཉིད་ཀྱི་བདེན་པ་ལེགས་པར་གཟིགས་པའི་འཕགས་ཆེན་དག་གིས་གསུངས་པ་འདི་གནད་ཟབ་པར་གོ་སྟེ། ད་ལྟ་ཚོགས་ལམ་ལས་དང་པོ་པས་བླ་མ་བསྟེན་ཞིང་གདམས་ངག་ཉན་ནས་ཟུང་འཇུག་གི་གནས་ལུགས་ལ་ཐོས་བསམ་གྱི་གོ་བས་སྒྲོ་འདོགས་ལེགས་པར་བཅད་སྟོབས་ཀྱིས། ནམ་རང་སེམས་སྐྱེ་མེད་དུ་ངོ་འཕྲོད་ཐག་ཆོད་ཀྱི་ཉམས་མྱོང་དཔེ་ཡི་འོད་གསལ་རྒྱུད་ལ་སྐྱེ་བ་ན་དེས་དོན་འོད་ལ་དངོས་སུ་སྦྱོར་བས་སྦྱོར་ལམ་སྟེ། སྦྱོར་ལམ་ཡིན་མིན་དཔེ་ཡི་འོད་གསལ་སྐྱེས་མ་སྐྱེས་ཀྱིས་འབྱེད། དེ་ཉིད་དོན་འོད་དངོས་སུ་ན་འཕར་པའི་ཚེ་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་དངོས་སུ་རྟོགས་པ་ཡིན། དེ་ཕན་མཐོང་ཟིན་གོམས་པ་སྒོམ་ལམ་གྱིས་བསྡུས། མཐར་ཕྱིན་པ་ནི་མི་སློབ་པའི་ལམ་ཉིད་མངོན་དུ་བྱས་པའོ། །དེའི་ཕྱིར་རྣམ་གྲངས་པའི་དོན་དམ་འདི་ལའང་གོ་མྱོང་དང་ཐབས་ཟབ་མོ་ལས་ཤར་མ་ཤར་སོགས་ཀྱིས་བཟང་ངན་དང་ལམ་མྱུར་བུལ་གྱི་ཁྱད་པར་དུ་མ་ཡོད། མངོན་སུམ་དུ་མཐོང་ཚུལ་ལའང་། གསལ་བ་མཐར་ཕྱིན་མ་ཕྱིན་གྱི་བྱེ་བྲག་གིས། དཔེར་ན་དབང་པོའི་ཡུལ་དུ་མཐོང་ཡང་། ཐག་ཉེ་རིང་གིས་གསལ་བ་མཐར་ཕྱིན་མ་ཕྱིན་ཡོད་པ་བཞིན་གོང་འོག་གི་ཁྱད་ཆེ། འཕགས་ས་ཐོབ་ཕན་ཆོད་ལམ་མྱུར་བུལ་དང་ཁྱད་པར་ཡོད་མེད་སོགས་སྣ་ཚོགས་གསུངས་པ་ཡོད་ཀྱང་ཚུར་མཐོང་གིས་དཔྱད་པར་མི་བྱ་སྟེ་བསམ་མི་ཁྱབ་པའི་གནས་སོ། །མདོར་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་བའི་སྤྱི་གཞི་ཆོས་ཉིད་མཉམ་པ་ཆེན་པོ་ནི། ངོ་བོ་སྐྱེ་འགག་རྟག་ཆད་འགྲོ་འོང་གཅིག་ཐ་དད་དེ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བས་ཀ་དག དེའི་རང་བཞིན་སྟོང་པ་ཕྱང་ཆད་མ་ཡིན་པར་ཡེ་ནས་སྐུ་དང་ཡེ་ཤེས་སོགས་སངས་རྒྱས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་གཞན་ནས་བཙལ་བ་མེད་པར་རང་ལ་རང་ཆས་སུ་གནས་པས་ལྷུན་གྲུབ། གསལ་སྟོང་ཟུང་འཇུག་རིག་པའི་རྩལ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་བའི་འཆར་གཞི་མ་འགགས་པ་ནི་ཐུགས་རྗེ་ཀུན་ཁྱབ་སྟེ། དེ་གསུམ་ཡང་མཚོན་ཚུལ་གྱི་ལྡོག་པ་ནས་མིང་ཐ་དད་དུ་བཏགས་པ་ཙམ་ལས་ངོ་བོ་ཐ་དད་དུ་གྱུར་པ་ནི་ཅུང་ཟད་ཀྱང་མེད་དེ་སྟོང་གསལ་འགག་མེད་ཀུན་ཁྱབ་ཀྱི་ཡེ་ཤེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་ཅིང་རྗེས་སུ་སོང་བའི་ཆོས་ཉིད་མཉམ་པ་ཆེན་པོའོ། །དེ་ལྟ་བུའི་ཆོས་ཉིད་རང་གི་ངོ་བོ་ནི། སྔར་ཡང་འཁྲུལ་མ་མྱོང་། ཕྱིས་ཀྱང་འཁྲུལ་བ་མི་སྲིད། ད་ལྟ་འཁྲུལ་བ་གཞི་ལ་མི་གནས་པས། ཡེ་ནས་འཁྲུལ་མ་མྱོང་བའི་སངས་རྒྱས་ཆོས་སྐུ་ཉག་གཅིག་ཡིན། དེའི་ཕྱིར་རང་བྱུང་གི་ཡེ་ཤེས། རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད། ཚིག་དང་རྟོག་དཔྱོད་ལ་རག་མ་ལས་པས། སེམས་ལས་མ་བྱུང་བའི་སངས་རྒྱས། རྒྱུ་ལས་མ་བྱུང་བའི་འབྲས་བུ། ལུང་ལས་མ་བྱུང་བའི་གདམས་ངག་ཅེས་གསུངས། དེ་ལྟར་རྟོགས་ཤིང་ཉམས་སུ་མྱོང་ན་ཆོས་ཀུན་གྱི་གཏིང་ཕྱིན་པ་སྟེ། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། སེམས་ལས་མ་བྱུང་སངས་རྒྱས་རྙེད། །རྒྱུ་ལས་མ་བྱུང་འབྲས་བུ་རྟོགས། །ལུང་ལ་མ་བརྟེན་ཆོས་རྣམས་ཤེས། །ཐེག་དགུའི་ཆོས་རྣམས་གཅིག་ལས་མེད། །དུག་ལྔ་མྱ་ངན་འདས་པར་དག །ཐུགས་ཀྱི་ཀློང་རྡོལ་ཆོས་ཀྱི་སྐུ། །ཞེས་གསུངས། དེ་ནི་སྐྱེ་སོགས་འགྱུར་བཅས་ཀྱི་མཚན་མའི་སྐྱོན་གྱིས་ནམ་ཡང་བསླད་དུ་མེད་པས་བརྟན་ཞི་རྟག་པ་འཕོ་མེད་གཡུང་དྲུང་གི་རང་བཞིན་ཡིན་པས་གཞོན་ནུ། དེ་ཉིད་ད་ལྟ་ཟག་བཅས་སེམས་ཀྱི་རྩ་བར་གྱུར་པའི་ལས་རླུང་གི་རྒྱུ་བ་བུམ་པ་ལྟ་བུའི་རྒྱར་འཐུམ་ཡང་། སྟོབས་སོགས་བླ་མེད་ཀྱི་ཡོན་ཏན་མཐའ་དག་རང་ལ་རང་ཆས་སུ་གསལ་བས་བུམ་ནང་གི་སྐུ་ལྟ་བུ་སྟེ་གཞོན་ནུ་བུམ་སྐུ་ཞེས་བྱ། དེ་ཉིད་ཀྱི་རྩལ་སྣང་སྣ་ཚོགས་སུ་ཤར་ཏེ། ཐུགས་རྗེ་ལྟར་ཤར་བས་སེམས་ཅན་ལ་སྙིང་རྗེ་འབྱུང་། འོད་ལྟར་ཤར་བས་ཡེ་ཤེས་ལྔའི་རང་འོད་གསལ། ཡེ་ཤེས་ལྟར་ཤར་བས་སེམས་ཀྱི་དྲི་མ་དག་པའི་ཡེ་ཤེས་རང་ལ་གནས། སྐུ་ལྟར་ཤར་བས་འོད་གསལ་དྭངས་མའི་ལྷ་སྐུ་རང་འཆར། གཉིས་མེད་ལྟར་ཤར་བས་གཅིག་ཐ་དད་དུ་འཛིན་པ་མེད། མཐའ་གྲོལ་ལྟར་ཤར་བས་གཞི་རྫོགས་འཕོ་འགྱུར་དང་བྲལ་བ་ཐིག་ལེ་ཉག་གཅིག་ཏུ་གྲོལ། དག་པ་ཡེ་ཤེས་ལྟར་ཤར་བས་མྱང་འདས་ཀྱི་སྣང་བ་མི་འགག མ་དག་འཁོར་བ་ལྟར་ཤར་བས་རིགས་དྲུག་གི་འཁྲུལ་སྣང་སྒྱུ་མ་ལྟར་ཤར་བ་སྟེ་སྒོ་བརྒྱད་ཀྱི་འཆར་གཞི་མ་འགགས་པས་གཞི་ལྷུན་གྲུབ་ཀྱི་སྦུབས་ཞེས་བྱའོ། །དེ་ལྟ་བུའི་འཆར་ཚུལ་བརྒྱད་ཀྱང་རང་གི་གཞི་སྣང་གི་རྩལ་ཡིན་གྱི། ད་ལྟ་ཕྱོགས་ག་ཤད་ན་མེད་དེ། རང་རིག་གི་སྣང་བ་ཡིན་པས་རང་རིག་དང་ལྷན་ཅིག་ཏུ་གནས་སོ། །སངས་རྒྱས་དང་སེམས་ཅན་ཡང་རང་ངོ་ཤེས་མ་ཤེས་ཙམ་སྟེ། འཁོར་འདས་རིག་པར་རྒྱུ་གཅིག་པ་ལག་པའི་ལྟོ་རྒྱབ་བཞིན་ནོ། །དེས་ན་གདོད་མའི་གཞི་ལས་གཞི་སྣང་ཤར་བའི་ཚེ། གཞི་ཆོས་ཉིད་ཀྱི་རང་སྣང་ལ་འཁྲུལ་པ་མེད་ཀྱང་། དེ་ཉིད་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་མ་ཤེས། རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པས་བདག་གཞན་སོ་སོར་བརྟག་པས་གཟུང་འཛིན་གྱི་རྟོག་པ་ཇེ་རགས་སུ་སོང་བས་གློ་བུར་འཁྲུལ་པའི་སྦུབས་སུ་ཆུད་པས་སྒོ་གསུམ་མམ་གནས་དོན་ལུས་ཀྱི་སྣང་བ་མུ་མེད་པར་ཤར་བས་གཞི་ཆོས་ཉིད་ཀྱི་རང་ཞལ་བསྒྲིབས་ཏེ། གཞིའི་ཡོན་ཏན་རྣམས་མངོན་གྱུར་ལྟ་ཅི་རང་ལ་ཡོད་པ་ཙམ་ཡང་མི་ཤེས་སོ། །དེ་ནི་གང་ཟག་རང་རང་གི་སྒོས་བཙན་གྱི་སྒྲིབ་པའི་ཉེས་སྐྱོན་ཏེ་འཁྲུལ་སྣང་དབང་བཙན་དུ་བྱས་པ་ཡིན་ལ། གནས་ཚུལ་དབང་བཙན་དུ་བྱས་ན། གཞི་ཆོས་ཉིད་རང་མལ་ནས་མ་གཡོས་པའི་གནད་ཀྱིས། དེས་ཁྱབ་ཚད་གཞི་སྣང་ཡེ་ཤེས་ཆེན་པོའི་རོལ་པ་ལས་མ་འདས་པས། སྣང་བ་སྐུ། གྲགས་པ་གསུང་། དྲན་རྟོག་ཐུགས་ཏེ་སྒོ་གསུམ་རྡོ་རྗེ་གསུམ་སྣང་སྤྱོད་ཐམས་ཅད་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་ཡེ་ནས་གནས་པས། གང་ལའང་བསལ་བཞག་སྤང་བླང་བྲལ་བར་ལམ་དུ་ཁྱེར་ཞིང་ཉམས་སུ་བླངས་པས། མ་དག་འཁྲུལ་པའི་དྲི་མ་རྣམས་གཉིད་སངས་པས་རྨི་ལམ་ལོག་པ་ལྟར་རང་དག་རང་སངས་སུ་སོང་ནས་སྣང་སྤྱོད་ཐམས་ཅད་སྐུ་དང་ཡེ་ཤེས་སུ་འཆར་བའི་གནད་དེ་ཡིན་ནོ། །དེས་ན་སེམས་ཅན་ཐམས་ཅད་ཐོག་མར་གཞི་སྣང་གི་སྟེང་ནས་འཁྲུལ་ཞིང་ད་ལྟ་དེའི་ངང་དུ་གནས་ཏེ། གཞི་སྣང་དེ་ཉིད་གཞི་མཉམ་པ་ཆེན་པོ་ལས་ཤར་བའི་གནད་ཀྱིས། སེམས་ཅན་ཐམས་ཅད་འཆི་བའི་ཚེ་འབྱུང་བའི་ཐིམ་སྡུད་མཐར་རང་བཞིན་བརྒྱད་ཅུའི་ཀུན་རྟོག་རྣམས་རིམ་པས་འགགས་ཏེ་གཞི་ཆོས་ཉིད་ཀྱི་ངང་དུ་དར་གཅིག་གནས་པའི་དོན་ཡང་དེ་ཡིན་ནོ། །དེའི་ཕྱིར་ཕྱི་ནང་གཞན་གསུམ་སྦྱར་ཏེ། ཕྱི་འབྱུང་བ་སྣོད་བཅུད་ཀྱི་སྐྱེ་འཇིག ནང་འབྱུང་ལུས་རླུང་སེམས་ཀྱི་འཕེལ་སྡུད། གཞན་རྟེན་དང་བརྟེན་པའི་བསྐྱེད་རིམ་དང་། དེ་ཉིད་རྫོགས་རིམ་འོད་གསལ་དུ་བསྡུ་ཚུལ་སོགས་དག་བྱ་དག་བྱེད་གཞི་འབྲས་ངོ་བོ་དབྱེར་མེད་དུ་ཤེས་པར་བྱ་བ་ནི་གསང་ཆེན་བླ་མེད་ཀྱི་རྒྱུད་སྡེའི་དགོངས་པ་མཐར་ཐུག་པའོ། །དེས་ན་ཐུན་མིན་རྫོགས་པ་ཆེན་པོ་རང་ལུགས་ཀྱི་ཐོག་མའི་གཞི་ལས་གཞི་སྣང་ཤར་བའི་སྟེང་ནས་གྲོལ་འཁྲུལ་གྱི་སྒོ་གཉིས་བྱུང་ཚུལ་དང་། ད་ལྟར་གྱི་དུས་སུ་འཆི་བའི་འོད་གསལ་དང་། ཆོས་ཉིད་བར་དོའི་སྣང་བ་རྣམས་རིམ་པར་ཤར་བའི་ཚེ། རྣལ་འབྱོར་པ་རྣམས་དབང་པོའི་ཁྱད་པར་གྱིས་འཆི་སྲིད་ཆོས་སྐུ་དང་བར་དོ་ལོངས་སྐུ་སོགས་སུ་གྲོལ་ཚུལ་དང་། སེམས་ཅན་ཕལ་པ་རྣམས་འོད་གསལ་ངོས་མི་ཟིན་ཞིང་སྒྲ་འོད་ཟེར་གསུམ་སོགས་ལ་འཇིགས་སྣང་སྐྱེ་བ་སོགས་གཟུང་འཛིན་གྱི་རྟོག་པས་བསྒྲིབས་ནས་འཁྲུལ་སྣང་བར་དོའི་ཡིད་ལུས་སོགས་གྲུབ་ཚུལ་འདི་གཉིས་དོན་གྱི་གནད་གཅིག གནས་སྐབས་ལམ་ཉམས་སུ་ལེན་པའི་ཚེ། ཉམས་ཀྱི་འཆར་ཆ་སྣ་ཚོགས་པས་མཚོན། ཕྱི་ཚོགས་དྲུག་གི་སྣང་བ། ནང་དུག་ལྔའི་རྟོག་པ། གསང་བ་རང་སེམས་ཀྱི་གནས་ལུགས་གང་ལའང་དགག་སྒྲུབ་ཏུ་ཞེན་ན་འཆིང་ཞིང་རང་སར་བཞག་ན་གྲོལ་བའི་གནད་དེ་ཡིན། མཐར་ཐུག་ཁྲེགས་ཆོད་ཀྱི་ལམ་མཐར་ཕྱིན་ཏེ་ལུས་རྡུལ་ཕྲན་དུ་དེང་ཁར་རླུང་སེམས་དྭངས་པའི་འཆར་ཆར་ཟད་པར་སོགས་ཀྱི་སྤྲུལ་བསྒྱུར་རྩོལ་མེད་དུ་སྟོན་ནུས་པ་དང་། ཐོད་རྒལ་གྱི་ལམ་སྣང་རྩོལ་མེད་དུ་ཤར་བ་སོགས་ཀྱང་གཞི་འོད་ཀྱི་རང་མདངས་རླུང་སེམས་ཀྱི་ཆ་ཕྲ་བ་དང་འདྲེས་སྟོབས་ཀྱིས་བསྐྱེད་པས། ལམ་བདེན་རྣམས་འདུས་བྱས་ཀྱི་ཆ་འདྲེས་ཕྱིར་རིམ་གྱིས་འཕེལ་འགྲིབ་ཀྱི་མཐར་ནང་དབྱིངས་ཀ་དག་གི་ཀློང་དུ་རྩལ་གཞི་ཐིམ་དུ་སོང་ནས་གདོད་མའི་ཀ་དག་གི་གྲོལ་སར་བྱང་ཆུབ་མངོན་དུ་མཛད་དགོས་པ་ཡིན། དེས་ན་གདོད་མའི་མགོན་པོའམ་དང་པོའི་སངས་རྒྱས་ཞེས་པའང་ཡེ་ཐོག་གདོད་མའི་གཞི་དབྱིངས་ཡེ་ནས་འཁྲུལ་མ་མྱོང་བའི་སྟེང་དུ་ཕྱིན་ཏེ་གྲོལ་བས་དེ་སྐད་ཅེས་བྱ། དེའི་ཕྱིར། སངས་རྒྱས་ཐོག་མ་ཐ་མ་མེད། །ཅེས་དང་། དང་པོའི་སངས་རྒྱས་ང་ཡིན་པས། །ཅེས་གསུངས། དེ་ཉིད་སླར་མི་ལྡོག་པའི་གནད་ནི། གཞིའི་གནས་ཚུལ་ལམ་ཆོས་ཉིད་ཟབ་མོ་ཇི་བཞིན་པར་མངོན་དུ་གྱུར་ཏེ། སྣང་ཚུལ་འཁྲུལ་པའི་སྒྲིབ་པ་བག་ཆགས་དང་བཅས་པ་གཏན་འགགས་སུ་གྱུར་པས། དཔེ་ས་བོན་མེས་ཚིག་པའམ་འབྲུམ་ནད་ལན་གཅིག་བྱང་བ་བཞིན་དུ་སྤང་བ་དེ་ཉིད་སླར་མི་ལྡོག་སྟེ་གནས་གྱུར་མཐར་ཐུག་པ་གྲུབ་པའི་ཕྱིར་རོ། །དེས་ན་ཟབ་མོའི་ལམ་ལ་རྣལ་འབྱོར་དུ་བྱ་བར་འདོད་པ་རྣམས་ཀྱིས། གཞི་ཆོས་ཉིད་ཀྱིས་ཁྱབ་ཚད་གཞི་སྣང་ཡེ་ཤེས་ཀྱི་རོལ་པ་ལས་མ་འདས་པར་ཤེས་པར་བྱས་ནས། གང་ལའང་དགག་སྒྲུབ་དང་ཞེན་འཛིན་མི་བྱ་བར། གཞི་ཆོས་ཉིད་མཉམ་པ་ཆེན་པོ་སྟོང་གསལ་འགག་མེད་ཀུན་ཁྱབ་ཀྱི་རིག་པ་ཉིད་མ་བཅོས་ཅོག་བཞག་ཅེར་མཐོང་ཡེ་གྲོལ་ཆེན་པོས་ངོ་ཤེས། རྩལ་རྫོགས། བརྟན་པ་ཐོབ་པར་བྱ་བ་ནི་ཅིས་ཀྱང་གལ་ཆེའོ། །ཨ་ཧོ། གདོད་མའི་གཞི་དབྱིངས་འོད་གསལ་བདེ་གཤེགས་ནི་སྙིང་པོར། །འཁོར་འདས་གཉིས་སྣང་སྤྲོས་པའི་མཚན་མ་ཡིས་དབེན་ཡང་། །གཞི་སྣང་ལྷུན་གྲུབ་བཀོད་པ་ཕྱིར་གསལ་དུ་མཆེད་ཚེ། །གྲོལ་དང་འཁྲུལ་པའི་སྒོ་འདི་གློ་བུར་དུ་བྱུང་ངོ་། །རང་སྣང་ཡེ་ཤེས་རོལ་པ་རང་རྩལ་དུ་ཤེས་པས། །གཞི་གནས་ལྷན་སྐྱེས་མ་རིག་ས་བོན་དེ་བཅོམ་ནས། །ཕུ་བོ་ཀུན་བཟང་ཀ་དག་གྲོལ་ས་རུ་ཕེབས་སོང་། །འུ་ཅག་མ་རིག་འཁྲུལ་པས་སྲིད་པ་འདི་གྲུབ་བོ། །འོན་ཀྱང་ས་འོག་གསེར་དང་བུམ་ནང་གི་སྒྲོན་བཞིན། །རིགས་ཁམས་ཆོས་ཉིད་སྟོང་གསལ་ཀུན་ཁྱབ་གྱི་ཡེ་ཤེས། །དུས་གསུམ་འཕོ་འགྱུར་བྲལ་བར་རང་ཆས་སུ་བཞུགས་ཕྱིར། །སྒྱིད་ལུག་ཞུམ་པ་མི་དགོས་ཉམས་ལེན་ལ་དྲིལ་མཛོད། །རྩོལ་བཅས་ཐེག་པའི་ལམ་ལ་བསྐལ་མང་དུ་སྦྱངས་འབྲས། །རང་གནས་ཡེ་ཤེས་མངོན་སྟོན་ཨ་ཏི་ཡི་གསེང་ལམ། །རྩོལ་མེད་ཐེག་པ་མཆོག་ལ་རང་དབང་དུ་སྤྱོད་ཚེ། །སྔོན་བྱོན་རིག་འཛིན་བྱེ་བའི་གཤེགས་ཤུལ་དེ་སྙོག་རན། །སྲིད་པ་སྲིན་མོའི་གླིང་ནས་ཞེན་ལོག་གི་རྟ་ཕོ། །ངེས་འབྱུང་ལྕག་གིས་བསྐུལ་བའི་བརྩོན་འགྲུས་ཀྱི་རླུང་གཤོག །ཐབས་ཤེས་མཁའ་ལ་བསྐྱོད་པའི་མྱུར་འགྲོས་ཤིག་མེད་ན། །སྡུག་བསྔལ་གསུམ་གྱི་བཙོན་ལས་ཐར་དུས་ཤིག་མི་ཡོང་། །ལས་འབྲས་ཡིད་ཆེས་ལྟ་བ་མངོན་མཐོ་ཡི་ཐེམ་སྐས། །བཅོས་མིན་སྲིད་ལས་ངེས་འབྱུང་ཐར་ལམ་གྱི་སྒོ་མོ། །སྐྱབས་གསུམ་སྙིང་ནས་བསྟེན་པ་སངས་རྒྱས་པའི་ཁྱད་ཆོས། །འདི་གསུམ་མེད་ཐབས་མེད་དོ་དུས་ཀུན་ཏུ་བརྩོན་མཛོད། །གཞན་ཕན་བྱང་ཆུབ་སེམས་འདི་རྒྱལ་སྲས་ཀྱི་གཞུང་ལམ། །ལྟ་སྤྱོད་ཟུང་དུ་འཇུག་པ་རྣམ་མཁྱེན་གྱི་ཉེ་རྒྱུ། །ཀུན་ཀྱང་ཡེ་ཤེས་དམ་པས་རྩིས་ཟིན་ཞིག་མེད་ན། །ཡང་དག་ཐེག་ཆེན་ལམ་དུ་ཇི་ལྟར་དུ་འགྱུར་ཨང་། །སྨིན་བྱེད་དབང་བཞིའི་བདུད་རྩིས་སྐུ་བཞི་ཡི་ས་བོན། །བརླན་བྱས་དམ་ཚིག་རྣམ་དག་སོ་ནམ་ལ་མཁས་པས། །བསྐྱེད་རྫོགས་རིམ་གཉིས་མྱུག་འབྲས་གོང་འཕེལ་ཞིག་མེད་ན། །སྔགས་སུ་ཞུགས་པར་རློམ་ཡང་རི་མོ་ཡི་མར་མེ། །ཁྱད་པར་དོན་བརྒྱུད་དགོངས་པའི་བྱིན་རླབས་ཀྱི་དབང་བསྐུར། །མོས་གུས་སྙིང་ལ་སིམ་པའི་ཁྱད་ཆོས་ཤིག་མེད་ན། །བཤད་བཤད་ཚིག་སྐམ་སྙན་ཡང་རང་གནས་ཀྱི་ཡེ་ཤེས། །མངོན་སུམ་གཏན་ལ་འབེབས་ཚེ་དམུས་ལོང་བཞིན་འཁྱམ་མོ། །བླ་མ་སངས་རྒྱས་དངོས་མཐོང་གདམས་ཟབ་ཀྱི་བདུད་རྩི། །དད་གསུམ་སྙིམ་པས་འཐུང་བའི་སྐལ་བཟང་ཞིག་མཆིས་ན། །དམུས་ལོང་མིག་ཕྱེས་བཞིན་དུ་རང་གནས་ཀྱི་ཡེ་ཤེས། །བྱིན་རླབས་མཐུ་ཡིས་མངོན་ལ་དཀའ་བ་རང་ཅི་ཡོད། །ནག་ཐོམ་ལུང་མ་བསྟན་གྱི་མགོ་བསྐོར་ཡང་མི་འདུག །གསལ་སྟོང་གུས་བཅད་ཉམས་ཀྱི་བསླུ་བྲིད་ཀྱང་རྗེས་མེད། །འདི་ཞེས་དམིགས་གཏད་མེད་ཀྱང་ཡིད་ཆེས་ཀྱི་ཉི་མ། །མ་བསྒྲིབས་ཁོང་ནས་འཆར་འདི་སྒྲུབ་བརྒྱུད་ཀྱི་ཁྱད་ནོར། །སྣང་སྲིད་འཁོར་འདས་ཆོས་ཀུན་སེམས་ཉིད་ཀྱི་རོལ་པ། །སེམས་ཉིད་བརྟགས་ན་མི་རྙེད་སྐྱེ་མེད་ཀྱི་འདུག་ཚུལ། །སྣང་སེམས་དབྱེར་མེད་ཆུ་དང་ཟླ་གཟུགས་ཀྱི་དཔེ་བཞིན། །དུ་མ་རོ་གཅིག་གོ་བའི་རྣལ་འབྱོར་ཚོ་སྐྱིད་དོ། །ཡེ་གྲོལ་རིག་པ་ཀ་དག་སྤྲོས་བྲལ་གྱི་དབྱིངས་སུ། །ཡེ་ཤེས་རང་གསལ་འགགས་མེད་ལྷུན་གྲུབ་ཀྱི་འཆར་ཆ། རིག་རྩལ་ཐུགས་རྗེས་ཀུན་ཁྱབ་ཆོས་ཀུན་གྱི་འབྱུང་གནས། །སྐུ་གསུམ་འདུ་འབྲལ་མེད་པའི་གཤིས་ལུགས་འདི་ཨ་ཧོ། །ངོ་བོ་ཡེ་ནས་སྟོང་པས་རྟག་མཐའ་ལ་མི་གནས། །རང་བཞིན་འོད་དུ་གསལ་བས་ཆད་མཐའ་ཡིས་མ་རེག །གཉིས་སུ་བརྗོད་ཀྱང་གཉིས་མེད་མཉམ་པ་ཡི་ཀློང་དུ། །འཁོར་འདས་ཆོས་ཀུན་མ་བཙལ་ཡེ་རྫོགས་སུ་གནས་སོ། །མེད་ལ་ཡོད་པར་བཟུང་བའི་སྐྱེ་བོ་རྣམས་འཁྲུལ་ལུགས། །སྨིག་རྒྱུའི་ཆུ་ལ་ཆུ་རག་རྒྱབ་པ་ཡི་ངལ་བ། །བརྒྱ་ཕྲག་ཁུར་དུ་ལེན་པའི་དཀའ་ལས་དེས་ཅི་བྱ། །ཡིན་ཚུལ་གནད་ལ་ཕེབས་ན་བཅིང་གྲོལ་ནི་གཉིས་མེད། །མཉམ་ཉིད་ཀློང་དུ་ཕེབས་ན་ལྟ་སྒོམ་གྱི་ཡང་རྩེ། །བློས་བྱས་གྲུབ་མཐའི་འཆིང་བ་བརྒྱ་ཕྲག་ནི་རང་གྲོལ། །ཅིར་སྣང་ཡེ་ཤེས་ཆེན་པོའི་རོལ་པ་ལས་མ་འདས། དགག་སྒྲུབ་ཆེད་འཛིན་མི་དགོས་རྩིས་མེད་དུ་སྐྱུར་ཐོངས། །གནད་འདི་མ་རྟོགས་གསལ་སྟོང་གུད་བཅད་ཀྱི་ཉམས་ལ། །རྫོགས་ཆེན་རིག་ངོར་འཁྲུལ་པའི་བྱིས་པ་ནི་ཁ་ཅིག །ཡིད་མིག་རླུང་གི་ཁུར་བཀལ་རྣམ་རྟོག་ནི་གཙེས་གཙེས། །ཐ་མ་སྲོག་རླུང་སྒྲུབ་པའི་ངལ་བ་དེས་ཅི་བྱ། མང་དག་དྲན་མེད་སྒོམ་གྱི་དངོས་གཞི་རུ་བཟུང་ནས། །ཐོམ་མེ་ཡེ་རེའི་ངང་དུ་མི་ཚེ་ཀུན་ཟད་ཀྱང་། ཁོ་ཐག་ནང་ནས་མ་ཆོད་ཡི་མུག་ནི་སྐྱེ་ཤོམ། །ཐ་མལ་དལ་འབྱོར་སྟོང་ཟད་འགྱུར་ཉེན་རང་ཆེའོ། །ཁ་ཅིག་རྩེ་གཅིག་ཉམས་ཀྱི་བསླུ་བྲིད་ལ་ཞེན་ནས། །ཉིན་མཚན་འོད་གསལ་འཁོར་ཡུག་སྒོམ་མེད་དུ་རློམ་རྣམས། །རྐྱེན་ངན་ཐོག་ཏུ་བབས་ཚེ་ཐ་མལ་ལས་ལོད་པའི། །ཉམས་ལེན་བྱས་ཡུས་འགྲན་ཡང་ཕན་རྒྱུ་ཞིག་བདོག་གམ། །དེ་སོགས་འདུ་བྱེད་སེམས་ཀྱི་ཀུན་རྟོག་གི་སྤྲོས་པ། །ཐ་མལ་ལས་རླུང་གཡོ་བའི་ཆོ་འཕྲུལ་དུ་གདའ་བས། །དེ་ཀུན་དབྱེར་མེད་བོར་ཏེ་གང་ཤར་གྱི་རིག་ངོ་། །མ་བཅོས་སོ་མར་སྐྱོངས་དང་གོལ་འཕྱུག་རང་ཆུང་ངོ་། །དེ་སྐད་ཡིད་ལ་གང་ཤར་ཐོལ་བྱུང་གི་གླུ་ཕྲེང་། །ཕ་རྒོད་བླ་མའི་གཅེས་ཕྲུག་པདྨ་ནི་བི་ཛས། །དོན་མཐུན་རྡོ་རྗེའི་མཆེད་པོ་འགའ་ཞིག་ལ་སྨན་ཕྱིར། །རེ་དོགས་མེད་པའི་སེམས་ཀྱིས་བྱུང་རྒྱལ་དུ་སྨྲས་སོ། །མངྒལཾ།། །།