Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་དགུ་པ།


   
   
   
   
   
   
   
ཉམས་ལེན་གྱི་མདོ་འགགཅུང་ཟད་བཤད་པ།
   
   
   
   
   
   
   
   
   
   
   
   
   
   


 
previousཉམས་ལེན་གྱི་མདོ་འགགཅུང་ཟད་བཤད་པ།next

ཉམས་ལེན་གྱི་མདོ་འགགཅུང་ཟད་བཤད་པ།

༄༅། །ཉམས་ལེན་གྱི་མདོ་འགགཅུང་ཟད་བཤད་པ། རྒྱལ་བ་གཉིས་པ་དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །དེ་ལ་སྐབས་སུ་བབ་པའི་ཉམས་ལེན་གྱི་མདོ་འགག་ཅུང་ཟད་བཤད་ན། ཐོག་མར་བདེ་བའི་སྟན་ལ་ལུས་གནད་རྣམ་སྣང་ཆོས་བདུན་བདེ་ལུགས་སུ་ལྷོད་ཆ་དང་བཅས་པར་བཅའ། ཁྱད་པར་མིག་ཡེ་ཤེས་འཆར་བའི་སྒོ་ཡིན་པས་ཐད་དྲང་གི་ནམ་མཁར་རྟེན་མེད་དུ་ཧ་རེ་བལྟ། ངག་གནད་རླུང་རང་བབས་སུ་འབྱུང་འཇུག་ཡང་སྣ་ནས་མི་བྱ་བར་ཁ་ནས་རབ་ཏུ་དལ་བུས་བྱ་སྟེ། འདི་དག་རེ་རེ་བཞིན་དགོས་པ་ཆེན་པོ་ཡོད་པ་ཡིན་པས་གཡས་ཆུང་དུ་མི་གཏོང་བ་གལ་ཆེའོ། །དེ་ནས་ངེས་འབྱུང་སྐྱོ་ཤས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་སྔོན་དུ་འགྲོ་བས། རང་གི་སྤྱི་བོར་པད་ཟླའི་སྟེར་དུ་རྩ་བའི་བླ་མ་ཉིད་རྒྱན་ཆ་ལུགས་དཀྱུས་མའི་རྣམ་པར་བསྒོམས་ལ། མོས་གུས་མཆི་མ་འཁྲུགས་པའི་སྒོ་ནས་ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་མྱུར་དུ་རང་གི་རྒྱུད་ལ་སྐྱེད་པར་གསོལ་བ་གདབ། དེ་ཡང་ཁ་ཙམ་ཚིག་ཙམ་གྱིས་མི་ཕན་ཏེ། རྫོགས་པ་ཆེན་པོའི་རྟོགས་པ་རྒྱུད་ལ་སྐྱེ་བ་ལ་བརྒྱུད་ལྡན་བླ་མའི་ཐུགས་རྒྱུད་ཀྱི་བྱིན་རླབས་འཕོ་དགོས། དེ་འཕོ་བ་སློབ་མའི་མོས་གུས་ལ་རག་ལས་པའི་ཕྱིར་འདི་ཁོ་ན་གཙོ་ཆེ་བས་བཏོན་བཏོན་སྒྲུབ་སྒྲུབ་མང་པོའི་བྱས་ཡུས་མི་འདྲེན་པར་ཕུར་ཚུགས་སུ་གསོལ་བ་འདེབས་པ་གལ་ཆེ། མཐར་དབང་བཞི་ལེན་པའི་དམིགས་གནད་དང་བཅས་བླ་མ་དང་རང་སེམས་དབྱེར་མེད་དུ་བསྲེས་ཏེ་གཤིས་བདེ་བ་ཆེན་པོ་གསལ་སྟོང་འཛིན་བྲལ་དུ་སྐྱོང་བ་སྟེ། དེའང་ཅི་ཡང་དྲན་མེད་ནག་ཐོམ་ལུང་མ་བསྟན་པ་ཀུན་གཞིའི་ངང་དེ་བསྒོམ་དུ་འདོད་པ་མ་ཡིན། ཀུན་གཞིའི་རྣམ་ཤེས་གསལ་རིག་ཙམ་གནས་ཆ་ཅན་དེའི་ངང་དུ་བསྒོམ་པ་མ་ཡིན། དེ་བཞིན་དུ་མི་རྟོག་པའི་ཉམས་ཧད་དེ་བ་དེའི་ངང་དུ་བསྒོམ་པ་མ་ཡིན། ཡུལ་དུ་ཤར་ཟིན་པའི་རྣམ་རྟོག་མི་འགྱུ་དགུ་འགྱུ་དེ་ཀ་བསྒོམ་དུ་འདོད་པ་མ་ཡིན། འོ་ན་གང་ཞེ་ན། རྣམ་རྟོག་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟ་བ་ལ་བློའི་རྩིས་གདབ་དང་བྲལ་བའི་རང་རིག་ཟང་ཀ་མ་གསལ་སྟོང་ཟུང་འཇུག་ནམ་མཁའ་ལྟ་བུའི་དགོངས་པ་འཆར་བ་དེ། བློ་འདས་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་ཆོས་ཟད་ཟང་ཐལ་རྗེན་པ་ཡིན་པས་དེ་ཉིད་ངོ་ཤེས་པར་བྱས་ལ་རང་བབ་བདེ་ལུགས་སུ་འཇོག་པ་ལ་ཉམས་ལེན་སྐྱོང་བ་ཞེས་བྱའོ། །ལྟ་སྒོམ་སྤྱོད་གསུམ་གང་གི་སྐབས་སུའང་འདི་ཉིད་རྗེན་ལ་འབུད་ཤེས་དགོས། དེ་མ་ཤེས་ན་གཅིག་གིས་སྐྱེ་འགག་གནས་གསུམ་དང་བྲལ་བར་བསྟན། གཅིག་གིས་དེ་ལྟ་བུའོ་སྙམ་དུ་བསམ་པས་མིང་མེད་མིང་དུ་སོང་བ་བཞིན་བློས་བྱས་ཡིད་དཔྱོད་ཀྱི་གཟེབ་ནས་ནམ་ཡང་རྟོགས་པའི་དུས་མི་ཡོང་། བློ་འདས་རིག་སྟོང་རྗེན་པའི་ཆོས་སྐུ་འདི་བརྗོད་པའི་ཚིག་དང་བརྟག་དཔྱད་ཀྱི་བློས་དོན་སྤྱི་ཙམ་ལས་གཏན་ལ་འབེབས་མི་ནུས་ཀྱང་། བླ་མའི་བྱིན་རླབས་དང་རང་གི་སྒོམ་སྟོབས་འཛོམས་པས་ཇི་ཞིག་ན་བྱིས་པས་བསམ་མནོ་རྙེད་པ་བཞིན་སྒྲོ་འདོགས་ནང་ནས་ཆོད་ཡོང་བས་མི་བསྐྱུར་བར་རྒྱུན་དུ་བརྩོན་འགྲུས་ཀྱི་སྒོམ་པ་གལ་ཆེའོ། །ལས་དང་པོ་བའི་སྐབས་སུ་ཧ་ཅང་ཀློད་ཆེས་ན་འཁྲུལ་འབྱམས་སུ་འགྲོ་ཉེན་ཆེ་བས་དྲན་རྫི་མི་བརྗེད་པར་བརྟེན་དགོས། གནས་འགྱུ་རིག་གསུམ་གང་གི་སྐབས་སུའང་རིག་མཁན་གྱི་རིག་པ་སོ་མའི་ངང་དུ་ཅེར་གྱིས་བལྟས་ཏེ་སྒོམ་པ་གནད་གལ་པོ་ཆེའོ། །དེ་ལྟར་སྒོམ་པའི་སྐབས་སུ་རིག་པ་ལྷོད་པའི་རྟགས་སུ་རྣམ་རྟོག་འཕྲོ་རྒོད་དང་ཉོན་མོངས་པའི་རྟོག་ཚོགས་སྔར་བས་མང་བ་སྙམ་པ་དང་། བདེ་གསལ་མི་རྟོག་པ་ལ་སོགས་པའི་ཉམས་ཀྱི་འཆར་སྒོ་མཐའ་ཡས་པ་ཞིག་འཆར་བས་དེ་དག་གང་ལའང་རེ་དོགས་དགག་སྒྲུབ་ཞེན་འཛིན་མི་བྱ་བར་ཤར་མཁན་གྱི་རིག་པ་ལ་ཅེར་གྱིས་བལྟས་ལ་བསྒོམས་པས་དེ་དག་གྲོགས་སུ་འཆར་བ་ཡིན། ཞེན་འཛིན་བྱུང་ན་འཆིང་བར་འགྱུར་རོ། །ཤེས་པ་ཧ་ཅང་བྱིང་རྨུགས་སུ་གྱུར་ཏེ་རིག་པའི་གསལ་ཆ་མ་ཐོན་ན་སྙིང་ཁར་ཨའམ་འོད་ཀྱི་གང་བུ་བསྒོམས་ལ་དེ་ཉིད་སྤྱི་བོ་ནས་རྒྱངས་ཀྱིས་ཐོན་ཏེ་མདའ་གང་ཙམ་གྱི་ནམ་མཁར་ལྡིང་སྟབས་སུ་གནས་པར་སྒོམ་ལ་རླུང་ཕྱིར་བཟུང་བས་སེལ་ལོ། །ཧ་ཀྱང་རྒོད་ཆེས་ན་ལུས་སེམས་ཁོང་ལྷོད་ལྟ་སྟངས་སྨད། སྣ་རྩེར་ཐིག་ལེ་བསྒོམས་པས་སེལ་ལོ། །གཞན་ཡང་། སྐབས་འགར་སྤྲིན་མེད་པའི་ནམ་མཁའ་དྭངས་པའི་ཚེ་ཉི་མ་ལ་རྒྱབ་བསྟན་ནས་མིག་ནམ་མཁའི་དཀྱིལ་དུ་གཏད་ཅིང་རླུང་རབ་ཏུ་དལ་བར་ཕྱིར་བཟུང་བས་སྐད་ཅིག་ལ་རིག་སྟོང་ཟང་ཐལ་རྗེན་པའི་ཆོས་སྐུ་ཁོང་ནས་འཆར་བ་ནི་ནམ་མཁའ་སུམ་ཕྲུགས་ཀྱི་དགོངས་པ་ཞེས་མཆོག་ཏུ་ཟབ་པའི་མན་ངག་གོ །ཡང་ལུས་ཆོས་བདུན། རླུང་རང་བབ། སེམས་རྟོག་མེད་དུ་དར་ཅིག་བཞག་རྗེས། རྐང་ལག་བརྒྱངས་ཏེ་གན་རྐྱལ་དུ་ཉལ་ནས་མིག་ནམ་མཁར་གཏད། ཧ་དྲག་པོ་གསུམ་བརྗོད་ལ་རླུང་ཕྱིར་བཏང་སྟེ་སེམས་རང་སོར་བཞག་པས་རྟོག་བྲལ་ཆོས་ཟད་ཀྱི་དགོངས་པ་འཆར་བ་ཡིན་ནོ། །ཡང་ལུས་གནད་ཆོས་བདུན་སོགས་སྔར་ལྟར་རང་བབ་ཏུ་བཞག་པའི་ཚེ་གང་སྣང་ཡང་སྣང་ཐོག་ཏུ་མི་བཞག་པར་སྟོང་ཐོག་གི་སྟེང་ཕྱི་ནང་བར་མེད་ཧར་སངས་སུ་བུན་ནེ་ཤིག་གེ་ལྟ་སྟངས་བཅུན་ནས་བཞག་པས་སྟོང་པ་ནམ་མཁའ་ལྟ་བུའི་རྟོགས་པ་འཆར་རོ། །ཡང་སྟོང་ཐོག་ཏུ་མི་བཞག་པར་སྣང་བ་རང་གསལ་འཛིན་མེད་ཀྱི་ངང་དུ་བཞག་པས་སྣང་བ་འཛིན་མེད་ཁྲོལ་ཁྲོལ་གྱིས་རྟོགས་པ་འཆར་རོ། །ཡང་རིག་པའི་དྭངས་ནས་འཕྲོ་འདུའི་རྟོག་པ་འཆར་བ་ལ་གཏད་པས། རྟེན་མེད་འཛིན་མེད་དུ་གྲོལ་བ་རྦ་རླབས་ཆུར་ཐིམ་པ་ལྟ་བུའི་རྟོགས་པ་འཆར་རོ། །འདི་དག་ནི་ཉམས་བཙན་ཐབས་སུ་སྐྱེ་བས་ངེས་ཤེས་རྒྱུད་ལ་སྐྱེད་པའི་ཐབས་ཟབ་མོའོ། །མདོར་ན་སྔར་སྨོས་པའི་རིག་པ་རང་གནས་ཀྱི་བསམ་གཏན་ཀ་དག་ཆོས་ཟད་ཀྱི་དགོངས་པ། དགེ་སྡིག་སྐྱོན་ཡོན་ལས་འདས་པ། གྲུབ་བསལ་འཕོ་འགྱུར་དང་བྲལ་བ། གཟུང་འཛིན་བློ་འདས་ཀྱི་ཡེ་ཤེས། དབུ་ཕྱག་རྫོགས་གསུམ་གྱི་དགོངས་པའི་སྐྱེལ་སོ་མཐར་ཐུག་པ་དེ་ཉིད་དུས་ཐམས་ཅད་དུ་ཡོད་པས་ངོ་ཤེས་པར་བྱས་ཏེ་དེའི་ངང་དུ་ཆེད་དུ་རྩོལ་བས་མ་བསྒྲིམས་མ་ཡེངས་པས་ཕྱལ་བར་མ་སོང་བར་རང་བབ་མ་བཅོས་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་སྐྱོང་བ་ལ་ཉམས་ལེན་གྱི་སྙིང་པོ་འདུ་བ་ཡིན། དེའི་སྐབས་སུ་ཚོགས་དྲུག་གི་ཤེས་པ། དུག་ལྔའི་རྟོག་ཚོགས། ཉམས་ཀྱི་འཕེལ་འགྲིབ་གང་དང་ཅི་ཤར་ཡང་ནམ་མཁའ་ལ་འཇའ་ཚོན་ནམ་ཆུ་ལ་རྦ་རླབས་བཞིན་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་ལས་རོལ་པར་ཤར་བ་སྟེ་སྣང་ན་སྣང་བར་མཉམ། སྟོང་ན་སྟོང་པར་མཉམ། བདེན་ན་བདེན་པར་མཉམ། རྫུན་ན་རྫུན་པར་མཉམ། ཐམས་ཅད་རིག་པའི་ཆོ་འཕྲུལ་ལས་གཞན་མེད་པས་དགག་སྒྲུབ་བླང་དོར་སྤང་གཉེན་ཞེན་འཛིན་གང་ཡང་མི་བྱ་བར་ཤར་མཁན་གྱི་རིག་པ་སོ་མའི་ངང་དུ་ཕྱམ་བདལ་འཛིན་མེད་དུ་ཀློད་པས་གང་ཤར་རང་གྲོལ་རྟོགས་པའི་རྩལ་སྦྱང་བར་གཅེས་སོ། །དེའི་ཚེ་གནས་པའི་ཆ་ཞི་གནས་དང་། རིག་སྟོང་ཟང་ཐལ་རྗེན་པར་རྟོགས་པའི་ཆ་ནས་ལྷག་མཐོང་ཞེས་བཏགས་ཀྱང་དོན་ལ་སོ་སོར་དབྱེར་མེད་དོ། །རིག་པའི་ངོ་བོ་སྟོང་པར་རྟོགས་པས་རྟག་པའི་མཐའ་ལས་གྲོལ། རང་བཞིན་གསལ་བར་མཐོང་བས་ཆད་པའི་མཐའ་ལས་གྲོལ། བདེ་གསལ་མི་རྟོག་པའི་ཉམས་ལ་སྒོམ་དུ་མི་རེ་བས་ཁམས་གསུམ་གྱི་ས་ལས་གྲོལ། གཉེན་པོའི་འཛིན་སྟངས་ཞིག་པས་གོལ་སྒྲིབ་གཤིས་ལ་མི་གནས། བློས་བྱས་ཡིད་དཔྱོད་ཀྱི་གཟེབ་ནས་བྱང་ཆུབ་ཕྱི་དུས་ལ་མི་རེ་བར་ད་ལྟ་ཉིད་ནས་སྐུ་གསུམ་རང་ཆས་སུ་གནས་པ་ཉིད་ལམ་དུ་བྱེད་པ་འདི་རྫོགས་པ་ཆེན་པོའི་ཁྱད་པར་གྱི་ཆོས་སོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ་ཅི་ལྟར་གནས་ཀྱང་བློ་བདེ་བའི་ཉི་མ་ཁོང་ནས་འཆར་བ་ལགས་སོ། །གེགས་དང་གོལ་ས་ཐམས་ཅད་རེ་དོགས་བདེན་ཞེན་འཛིན་པ་ལས་བྱུང་བས་གང་ལའང་མི་འཛིན་པ་གལ་ཆེའོ། །ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། ཉོན་མོངས་ཞེན་འཛིན་དགག་སྒྲུབ་རང་མཚན་པ་གང་དང་ཅི་ཤར་ཡང་དེ་ཉིད་ངོས་བཟུང་ལ་བླ་མའི་གསོལ་འདེབས་བྱིན་ཕེབས་པ་གཅིག་བྱས་ཏེ། དགག་སྒྲུབ་ཀྱི་ཤེས་པ་དེ་གང་ནས་བྱུང་གང་ན་གནས་གང་དུ་སོང་སོགས་གོ་སྤྱི་ཙམ་དུ་མ་སོང་བར་ཞིབ་ཏུ་བརྟགས་ཤིང་བཙལ་ན། གང་དུའང་མ་གྲུབ་ཅི་ལའང་མི་གནས། འདི་ཞེས་ཚིག་གིས་མི་མཚོན་པའི་གཟུང་འཛིན་བློ་འདས་གྱི་ཡེ་ཤེས་རིག་སྟོང་རྗེན་པའི་ཆོས་སྐུ་ཁོང་ནས་མི་འཆར་མི་སྲིད་པས། དེ་འཆར་བ་དང་དེ་ཁའི་ངང་བསྐྱངས་པས་གེགས་དང་གོལ་ས་མཐའ་དག་རང་གྲོལ་དུ་འགྲོ་བ་ཡིན་ནོ། །བོགས་འདོན་ཐམས་ཅད་ཀྱི་རྒྱལ་པོ་བླ་མའི་མོས་གུས་ཡིན་པར་ཐ་མལ་མི་རུ་བཟུང་བའི་བློ་སྤངས་ཏེ། སངས་རྒྱས་དངོས་སུ་མཐོང་བའི་དད་མོས་དང་མ་བྲལ་བ་གཅེས་སོ། །གཞན་ཡང་། མི་རྟག་པ་དང་། སྙིང་རྗེ། བསྐྱེད་རིམ། རྫོགས་རིམ་མཚན་བཅས་མཚན་མེད་རྣམས་སྤེལ་མར་བསྒོམ་ན། གཅིག་བོགས་གཅིག་གིས་ཐོན་ཏེ་ཆོད་ཤིན་ཏུ་ཆེ་བ་ཡིན། ཐུན་རྗེས་སུ་བསྔོ་བ་དང་། ཐུན་མཚམས་སུའང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ལྟ་བའི་ལམ་ཁྱེར་དང་མ་བྲལ་བར་བྱ། མཚན་མོ་གཉིད་ཀྱི་རྣལ་འབྱོར་ཡང་ཉལ་ཁ་ལ་གཉིད་འོད་གསལ་དུ་འཆར་བར་གསོལ་བ་བཏབ་རྗེས་བླ་མ་དང་རང་སེམས་བསྲེས་ཏེ་རིག་པ་སོ་མའི་ངང་བསྐྱངས་ལ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་གཉིད་དུ་འགྲོ་བར་བྱའོ། །གཞན་ཡང་ཤེས་པར་བྱ་བའི་གནད་ནི་ལྟ་བས་ལ་མ་ཟློས་ན་གཟུང་འཛིན་བདེན་ཞེན་གྱི་འཆིང་བ་མི་ཞིག་པས་མཉམ་བཞག་གི་སྐབས་སུ་ཆོས་ཐམས་ཅད་མེད་ཕྱལ་ལྷུན་འགྲུབ་གཅིག་པུར་ལ་བཟླ་བ་གཅེས་སོ། །སྒོམ་པའི་ངང་མ་བསྐྱངས་ན་ཡིན་པ་ཙམ་གྱིས་གནད་ཐོག་ཏུ་མི་ཕེབས་པས་བརྩོན་འགྲུས་རྒྱུན་བསྲིང་བ་གལ་ཆེའོ། །སྤྱོད་པས་ཤན་མ་འབྱེད་ན་དགེ་སྟོང་སྡིག་སྟོང་ནག་པོ་ཁ་འབྱམས་སུ་འགྲོ་ཉེན་ཆེ་བས་རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུ་དང་འགྲོགས་ནས་ལས་འབྲས་མི་བསླུ་བའི་ངེས་ཤེས་བརྟན་པོས་ཅི་བྱེད་དགེ་བའི་ལས་སུ་བསྒྱུར་བ་གནད་དོ། །ཐབས་ཤེས་ཡ་བྲལ་དུ་གྱུར་ན་ནམ་ཡང་འཆིང་བས་སྟོང་ཉིད་དང་སྙིང་རྗེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་དུ་འབྲེལ་བ་རྒྱལ་བ་དགྱེས་པའི་ལམ་བཟང་དུ་འཇུག་པ་གལ་ཆེའོ། །འདི་དག་ནི་མཆོག་ཏུ་གཅེས་པའི་ཆིངས་གལ་པོ་ཆེ་ལགས་པས་ཐུགས་ལ་དེ་བཞིན་བཞག་འཚལ། མི་རྟག་སྐྱོ་ཤས་རྒྱུད་ལ་མ་སྐྱེས་ན། །ལྟར་སྣང་ཚེ་འདི་སྒྲུབ་པའི་བྲེལ་དོ་ཡིས། །དམ་ཆོས་གཤའ་མ་འགྲུབ་དུས་མི་གདའ་བས། །བཅོས་མིན་ངེས་འབྱུང་རྒྱུད་ལ་སྐྱེ་བར་ཤོག །སྙིང་རྗེ་བྱང་ཆུབ་སེམས་མཆོག་མ་འབྱོངས་ན། །རང་དོན་ཡིད་བྱེད་འཛིན་པའི་མུན་ཁྲོད་ནས། །ཐེག་ཆེན་ལམ་བཟང་སྣང་དུས་མི་གདའ་བས། །ཡང་དག་བྱང་ཆུབ་སེམས་མཆོག་འབྱོང་བར་ཤོག །འཕགས་ས་མ་ཐོབ་གཞན་དོན་ལྟར་སྣང་ཅན། །གཞན་ལ་མི་ཕན་རང་ཉིད་འཆིང་བའི་རྒྱུ། །རྣམ་གཡེང་འདུ་འཛིའི་མགོ་བོ་མི་འཁོར་བར། །དབེན་པའི་གནས་སུ་སྒྲུབ་ལ་བརྩོན་པར་ཤོག །ཐབས་ཤེས་ཡ་བྲལ་སྐྱེས་བུ་རྐང་ཆག་བཞིན། །རྣམ་མཁྱེན་ས་ལ་འགྲོད་པའི་མཐུ་ཟད་པས། །སྟོང་ཉིད་སྙིང་རྗེ་བསྐྱེད་རྫོགས་ཚོགས་གཉིས་པོ། །ཟུང་འབྲེལ་མ་ནོར་ལམ་ལ་འཇུག་པར་ཤོག །བརྒྱུད་ལྡན་བླ་མའི་བྱིན་རླབས་མ་འཕོས་ན། །སྡུག་བཙིར་བསྒོམས་པས་གནས་ལུགས་མི་རྟོགས་པས། །མོས་གུས་ཚད་དུ་གྱུར་པའི་རྟེན་འབྲེལ་གྱིས། །དགོངས་བརྒྱུད་འཕོ་བའི་དབང་མཆོག་ཐོབ་པར་ཤོག །རང་རིག་འོད་གསལ་བློ་འདས་རྫོགས་པ་ཆེ། །སྐུ་དང་ཡེ་ཤེས་ཡེ་ནས་ལྷུན་གྲུབ་པས། །ཡིན་ལུགས་ཅོག་བཞག་བཞི་ཡི་མན་ངག་གིས། །ཟད་པའི་ས་ལ་གཏན་སྲིད་ཟིན་པར་ཤོག །ནམ་ཞིག་འགྲོ་ལ་ཕན་པའི་གནས་ཐོབ་ཚེ། །གཞན་དོན་མི་སྐྱོ་བཟོད་པའི་གོ་བགོས་ཏེ། །མཁའ་མཉམ་མ་རྣམས་སྲིད་པའི་ཆུ་བོ་ལས། །བདག་ཉིད་གཅིག་པུས་ཡོངས་སུ་བསྒྲལ་གྱུར་ཅིག །རྣལ་འབྱོར་པ་ཡན་པ་བློ་བདེས་གྲོགས་པོ་ཀ་མ་ལའི་མིང་ཅན་ལ་གདམས་པ་ལས་དང་པོ་ལ་སྨན་པའི་ཨུ་པ་དེ་ཤའོ། །རེ་ཞིག་རྫོགས་སོ། །ཨི་ཐི།། །།


previousཉམས་ལེན་གྱི་མདོ་འགགཅུང་ཟད་བཤད་པ།next