Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་དགུ་པ།


   
   
   
   
   
   
   
   
   
   
རྗེ་སྐུ་ཚེ་གཅིག་ལ་མངོན་སངས་རྒྱས།
   
   
   
   
   
   
   
   
   
   
   


 
previousརྗེ་སྐུ་ཚེ་གཅིག་ལ་མངོན་སངས་རྒྱས།next

རྗེ་སྐུ་ཚེ་གཅིག་ལ་མངོན་སངས་རྒྱས།

༄༅། །རྗེ་སྐུ་ཚེ་གཅིག་ལ་མངོན་སངས་རྒྱས། །མཚན་ཐོས་པ་དོན་ལྡན་པྲཛྙཱའི་ཞབས། །ཡོངས་གྲུབ་ཐོབ་ཕྲེང་བའི་ཚོགས་ལ་འདུད། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། དེ་ཡང་ཐར་པ་དོན་དུ་གཉེར་བའི་གང་ཟག་ཁྱད་པར་བ་རྣམས་ཀྱིས་ཉམས་སུ་ལེན་བྱ་ནི། ཐོག་མར་སྲིད་ལས་ངེས་པར་འབྱུང་འདོད་ཀྱི་བློ་དམ་པ་ཞིག་རྒྱུད་ལ་མ་སྐྱེས་ན་སྡུག་རུས་ཀྱིས་སྒོ་གསུམ་དགེ་ལ་བརྩོན་ཁུལ་བྱས་པ་ཐམས་ཅད་ཁ་ཙམ་ཚིག་ཙམ་དུ་འགྲོ་ཕྱིར་དལ་འབྱོར་ལ་སྙིང་པོ་ལེན་དུས་དགའ་སྤྲོ་དང་བཅས་ཏེ་ཉིན་མཚན་མེད་པར་དགེ་ལ་སྦྱོར་བ་དགེ་བཤེས་སྤྱན་སྔ་བ་ལྟ་བུ་ཞིག་དགོས། ཚེ་ལ་རྟག་བརྟན་མེད་ཚུལ་བསམ་དུས། དགྲ་འཆི་བདག་ནམ་འོང་ཆ་མེད་པས། སང་དང་འཇིག་རྟེན་ཕྱི་མ་གཉིས་པོ་གང་སྔ་མི་ཤེས་པ་ལ་བསམ་སྟེ། འཇིགས་སྐྲག་སྔངས་གསུམ་གྱིས་ཚེ་འདིར་སྣང་ལ་བློ་མི་འཇུག་པ་དགེ་བཤེས་ཁ་རག་སྒོམ་ཆུང་ལྟ་བུ་ཞིག་དགོས། དགེ་སྡིག་རྒྱུ་འབྲས་སྨིན་ཚུལ་ལ་བསམ་དུས་ཚེ་ཕྱི་མར་བདེ་སྡུག་གང་མྱོང་ཀུན་སློང་བསམ་པའི་ཁྱད་པར་ལ་རག་ལས་ཕྱིར་དགེ་སྦྱོར་ཐམས་ཅད་ལ་བསམ་ངན་ཕྲ་མོ་ཙམ་ཡང་མ་འདྲེས་པ་དགེ་བཤེས་འབན་གུང་རྒྱལ་ལྟ་བུ་ཞིག་དགོས། འཁོར་བ་ཐམས་ཅད་ཉེས་པའི་རང་བཞིན་ཡིན་ཚུལ་ལ་བསམ་དུས་མེ་ཡི་འོབས་སམ་སྲིན་མོའི་གླིང་ལྟ་བུར་མཐོང་བས་སྲིད་པའི་ཕུན་ཚོགས་ལ་བློ་མི་འཇུག་པ་གཅུང་དགའ་བོས་དམྱལ་གནས་གཟིགས་པ་ལྟ་བུ་ཞིག་དགོས། ཆོས་དང་འཇིག་རྟེན་གྱི་ཕུན་ཚོགས་གང་ལ་རེ་བ་བྱས་ཀྱང་རེ་བ་བཞིན་མི་འགྲུབ་པས་སྡུག་བསྔལ་བསྐྱེད་པའི་ཕྱིར་རེ་བ་སྤངས་དགོས་ཏེ་སེར་སྐྱ་མོ་རེ་ཐག་ཆད་པས་བདེ་བ་བཞིན་ནོ། །ནོར་གྱི་གསོག་འཇོག་དང་ཚོང་ཁེ་འཕེལ་སྐྱེད་སོགས་ཟང་ཟིང་གི་བསྲུང་བསྲེལ་ཐམས་ཅད་སྤང་དགོས་ཏེ་ཆུ་བསྐྱར་གྱིས་ཉ་རོ་བོར་བས་བདེ་བ་འཐོབ་པ་བཞིན་ནོ། །བུད་མེད་ཀྱི་བྱ་བས་གཡེངས་ནས་རྟག་ཏུ་སྡུག་བསྔལ་ཞིང་དགེ་བ་ལས་ཉམས་པར་འགྱུར་བས་ཁྱིམ་ཐབས་སྤང་དགོས་ཏེ་སྦྲུལ་ཚང་ནང་ནས་དོན་པས་བདེ་བ་ཐོབ་པ་བཞིན་ནོ། །ཏིང་ངེ་འཛིན་རང་ཤུགས་ཀྱིས་རྒྱུད་ལ་སྐྱེ་བས་མི་དགེ་བ་འགྲིབ་ཅིང་དགེ་བ་འཕེལ་བའི་ཕྱིར་གནས་དབེན་པ་བསྟེན་དགོས་ཏེ་རྔོན་པས་དབེན་པའི་ཡོན་ཏན་མཐོང་ནས་བསྡད་པས་བསམ་གཏན་སྐྱེས་པ་བཞིན་ནོ། །གནས་དབེན་པར་བསྡད་ཀྱང་སེམས་འདུ་འཕྲོས་མ་དབེན་ན་ལུས་སྒོམ་ཆེན་དང་སེམས་ཚོང་འདུས་པའི་དཔེ་ལྟར་འགྱུར་བས་སེམས་དབེན་བསྟེན་དགོས་ཏེ་མདའ་མཁན་གྱིས་དཔུང་ཚོགས་མ་མཐོང་བ་བཞིན་ནོ། །དམིགས་པ་བརྟན་པོ་ཐོབ་པ་ལ་རང་གཅིག་པུར་གནས་པ་ཞིག་དགོས་ཏེ་གཞོན་ནུ་མས་གདུ་བུ་གཅིག་བཅུག་པས་བྱ་བ་གྲུབ་པ་བཞིན་ནོ། །ཆོས་སྣང་བའི་སྒོ་དད་པ་ཡིན་པས་གྲུབ་མཐའ་གང་ལ་ཡང་ཕྱོགས་རིས་མི་བྱེད་པར་དག་སྣང་སྐྱེད། ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཚུལ་ཁྲིམས་ཡིན་པས་བསྲུང་སྡོམ་རྣམས་མིག་གི་འབྲས་བུ་བཞིན་གཅེས་སྤྲས་སུ་བྱ། ཐེག་པ་ཆེན་པོའི་ལམ་རྩ་གཞན་ཕན་གྱི་བསམ་སྦྱོར་ཡིན་པས། བདག་བས་གཞན་གཅེས་ཀྱི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་སྦྱངས། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ལུང་རྟོགས་གཉིས་ཡིན་པས་ཐོས་བསམ་སྒོམ་གསུམ་དང་བཤད་སྒྲུབ་ལས་གསུམ་ལ་བློ་ནུས་ཅི་ཡོད་ཀྱིས་བརྩོན་དགོས། ཁྱད་པར་རྩ་བའི་བླ་མ་ཉིད་སྐྱབས་གནས་ཀུན་འདུས་སུ་ཐག་ཆོད་པས་ཅི་མཛད་འགྲོ་བ་འདུལ་བའི་ཐབས་མཁས་ཀྱི་ཕྲིན་ལས་སུ་མཐོང་བ། བྱས་པ་གཟོ་བ། བཀའ་དྲིན་དྲན་པ། བློ་སྣ་མོས་གུས་ཀྱིས་འཕྲོག་ཅིང་གདུང་ཤུགས་དྲག་པོས་རིག་པ་བསྒྱུར་ནུས་པ། ཡང་ཡང་མི་བརྗེད་པར་དྲན་པས་ཐ་མལ་གྱི་སྣང་བ་འགོག་ནུས་པ་སྟེ་ཁྱད་པར་བཞི་ལྡན་གྱི་མོས་གུས་དྲག་པོས་ཅི་མཛད་ཁྱེད་ཤེས་ཀྱི་རེ་ལྟོས་ཡིད་བསྒྱུར་དུ་བྱས་ཏེ་གསོལ་བ་ཕུར་ཚུགས་སུ་འདེབས་ནུས་ན་བྱིན་རླབས་འཕྲལ་དུ་འཇུག ཉོན་མོངས་པ་གློ་བུར་དུ་འགག ཡེ་ཤེས་སྐད་ཅིག་འཕེལ་བ་སོགས་སྐྱོན་ཐམས་ཅད་སེལ་ཞིང་ཡོན་ཏན་ཐམས་ཅད་ནམ་ཟླའི་དྲོད་འཕེལ་བ་བཞིན་ཐོག་བ བས་སུ་འཆར་བ་ཆོས་ཉིད་ཡིན་ནོ། །འཁོར་འདས་ལམ་གསུམ་གྱི་རྣམ་བཞག་མདོར་བསྡུ་ན། སྟོང་ངོས་ནས་རང་ངོ་ཀ་དག་ཡིན་པའི་ཕྱིར་བསམ་བརྗོད་རྣམ་དབྱེ་ཅིར་ཡང་མ་གྲུབ་ལ། སྣང་ངོས་ནས་དབྱེ་ན་རིག་པ་བྱང་ཆུབ་ཀྱི་སེམས་ནི་གང་དུའང་མ་གྲུབ་པར་ཀུན་གྱི་འཆར་གཞིར་གནས་པ་ནམ་མཁའ་ལྟ་བུའོ། །རིག་པའི་རྩལ་ནི་འཆར་ཚུལ་གང་ཡང་མ་འགགས་པ་མེ་ལོང་གཡའ་དག་པའི་ངོས་ལྟ་བུའོ། །རོལ་པ་སྣང་སྲིད་སྣ་ཚོགས་སུ་ཤར་བའི་ཆོས་སྒྱུ་མའི་དཔེ་བརྒྱད་ལྟ་བུའོ། །རོལ་པ་འདི་དག་ལ་ལྟོས་ནས་སྣང་བ་དང་སྣང་ཡུལ་བཞག་སྟེ། ཕྱི་ནང་གང་ནའང་མེད་ལ་སྣང་བའི་གཟུགས་བརྙན་སྒྱུ་མའི་དཔེ་བརྒྱད་ལྟ་བུར་ཤར་བ་ལ་ཆོས་དང་ཆོས་ཅན་སོགས་བཏགས་ཀྱང་རང་ལུགས་ལ་མེད་པ་གསལ་སྣང་ཆེན་པོར་འདོད་ཀྱི་སེམས་དང་སེམས་བྱུང་ནི་རིག་པའི་རྩལ་ལས་མ་དག་པའི་རོལ་པར་ཤར་བ་ཡིན་ནོ། །མདོར་ན་རིག་པ་ཉིད་འཁོར་འདས་གང་དུའང་མ་གྲུབ་ལ་ཀུན་གྱི་འཆར་གཞི་མ་འགགས་པར་བཞུགས་ཤིང་། འཁོར་འདས་སུ་སྣང་བ་དེ་རིག་པའི་རྩལ་ཡིན་ལ། རོལ་པ་གསལ་སྣང་སེམས་ནང་སེམས་ལས་གཞན་དུ་མ་གྲུབ་པར་སྟོང་གསལ་གཞི་མེད་ཡིན་ནོ། །དེ་ཕྱིར་གྲོལ་དུས་རྩལ་དང་རོལ་པ་གཞི་མེད་རྩ་བྲལ་ཡིན་པའི་གནད་ཀྱིས་རྨི་ལམ་སད་པ་ལྟར་དངོས་པོ་མཚན་མ་ཐམས་ཅད་རང་སར་དག་ནས་རང་རིག་ཆོས་སྐུར་འགྱུར་མེད་དང་པོའི་རང་མལ་ལས་མི་གཡོ་བར་ཤེས་པར་བྱའོ། །སེམས་ལ་གོམས་འདྲིས་བྱེད་དུས་གནས་ལུགས་ཨེ་ཤེས་ཨེ་མཐོང་མི་ལྟ་བ་དང་། རེ་དོགས་མེད་པར་ཁོང་ལྷོད་དེ་སྡོད་པ་དང་། བཟང་ངན་གང་ཡང་མི་བསྒོམ་པ་གསུམ་རྟག་པ་རྒྱུན་གྱིས་ཉམས་ལེན་གཅེས་གནད་ཡིན་ནོ། །ཡང་སྟོང་པ་མི་བསྒྲུབ་པ་དང་། སྣང་བ་མི་དགག་པ་གཉིས་ལ་མཉམ་རྗེས་ཀྱི་དོན་འདུའོ། །ཁྱད་པར་གནས་ཆ་མི་རྩོལ། འགྱུ་ཆ་མི་འགོག རིག་ཆ་མི་བསྒོམ། ཡང་གནས་ན་རང་བབས་སུ་འཇོག་པ་གནད་ཡིན་གྱིས་སྣང་བ་མངོན་གྱུར་མ་བྱེད། འགྱུ་ན་རང་ཡན་དུ་གཏོང་བ་གནད་ཡིན་གྱིས་ཆེད་འཛིན་བཅོས་བཟོ་མ་བྱེད། རིག་ན་རང་གྲོལ་དུ་སྡོད་པ་གནད་ཡིན་གྱིས་རེ་དོགས་གཉེན་པོ་མི་སྣོན་པ་གསུམ་ཡང་གཅེས་བསྡུས་ཡིན་ནོ། །ལར་གནས་འགྱུ་རིག་གསུམ་སྦྱངས་འབྲས་ལོངས་སྤྲུལ་ཆོས་གསུམ་ཡིན་ཕྱིར་དེ་གང་ལ་གོམས་ཀྱང་བཟང་ངན་མེད་ཀྱིས་བླང་དོར་མ་བྱེད། ཡང་དགོས་ལྟ་མཁན་རང་ལྟ་བའི་གནས་སམ་ཡུལ་གཉིས་རེ་མི་རུང་སྟེ། བལྟ་བྱ་མ་ཚོལ་ལྟ་བྱེད་མཁན་པོ་ཚོལ། །ཞེས་སོགས་ཀྱི་དོན་ནོ། །ཡང་གནས་ན་གནས་མཁན་ཁོ་རང་གིས་གཞན་སྒོམ་པ་འདྲ་མོ་མ་བྱེད་པར་གནས་མཁན་ཁོ་རང་གིས་ཁོ་རང་གི་ངོ་བོ་གཅིག་པུ་སྐྱོངས། འགྱུ་ན་འགྱུ་མཁན་ཁོ་རང་གིས་གཞན་སྤྱོད་པ་འདྲ་མོར་མ་བྱེད་པར་འགྱུ་མཁན་ཁོ་རང་གིས་ཁོ་རང་གི་ངོ་བོ་གཅིག་པུ་སྐྱོངས། རིག་ན་རིག་མཁན་ཁོ་རང་གིས་གཞན་ལ་བལྟ་བ་འདྲ་མོ་མ་བྱེད་པར་རིག་མཁན་ཁོ་རང་གིས་ཁོ་རང་གི་ངོ་བོ་གཅིག་པུ་སྐྱོངས། མདོར་བསྡུ་ན་གནས་འགྱུ་རིག་གསུམ་གང་ཡིན་ཀྱང་བལྟ་བྱ་ལྟ་བྱེད་བསྒོམ་བྱ་སྒོམ་བྱེད་སོགས་བློ་རྩེ་གཉིས་རེ་གཏན་ནས་འཚོལ་མི་ཉན་ཏེ་གཉིས་འཛིན་སྒོམ་གྱིས་གྲོལ་སྟོབས་ཆུང་། ཞེས་སོ། །དེས་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་པོ་གཉིས་མེད་གཅིག་དྲིལ་གྱིས་ལ་ཉམས་སུ་ལོངས་དང་གནས་འགྱུ་རིག་གསུམ་ཡེ་ཤེས་སུ་འཆར་བར་འགྱུར་རོ། །ཞེས་པའང་བསླབ་གསུམ་ལྡན་པ་འཇུ་བླ་ཨཱ་ཡུ་དང་མ་ཏི་ཟུང་གི་ཐུགས་དམ་གསལ་འདེབས་སུ་མི་རྒན་ཚེ་རིང་འབྲུག་རྒྱལ་གྱིས་སྣང་བཞི་ཟད་སར་འཁྱོལ་བའི་རྣལ་འབྱོར་པ་གྲུབ་ཆེན་ཤེས་རབ་ཡར་འཕེལ་གྱི་གསུང་རབ་ལས་ཅུང་ཟད་བཏུས་ཏེ་གྲུབ་པ་མཆོག་གི་བསྟི་གནས་བདེ་ཆེན་པདྨ་འོད་གླིང་དུ་སྣང་གསལ་གྱི་ངོགས་སུ་བྲིས་པ་དགེ། སྒོམ་དང་མི་བསྒོམ་གཉིས་ཀ་བཅོས་མ་སྟེ། །རྣལ་མའི་དོན་ལ་བསྒོམ་བྱ་སྒོམ་བྱེད་མེད། །སྒོམ་ཆེན་རྒན་བུ་སྒོམ་གྱིས་མི་འཆི་བར། །སྒོམ་ཆེན་ཆོས་སྐུའི་གཏན་སྲིད་ཟིན་པར་སྨོན། །མངྒལཾ།


previousརྗེ་སྐུ་ཚེ་གཅིག་ལ་མངོན་སངས་རྒྱས།next