Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེན་གཉིས་བསལ་བཞག་དང་བྲལ་བའི་དོན་གྱི་དགོངས་བཤད་གློག་གི་སྒྲོན་མ།
   
   
   


 
previousབདེན་གཉིས་བསལ་བཞག་དང་བྲལ་བའི་དོན་གྱི་དགོངས་བཤད་གློག་གི་སྒྲོན་མ།next

བདེན་གཉིས་བསལ་བཞག་དང་བྲལ་བའི་དོན་གྱི་དགོངས་བཤད་གློག་གི་སྒྲོན་མ།

༄༅། །ཏཌིཏཿཔྲདཱིཔཿརྀཏཱདྭིཨབིནིངྷརབིདྷཱནཾསྱཱརྠསྱཤཡབྷཱཥཾནཱམབིཧརཏིསྨ།
༄༅། །བདེན་གཉིས་བསལ་བཞག་དང་བྲལ་བའི་དོན་གྱི་དགོངས་བཤད་གློག་གི་སྒྲོན་མ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། ཆོས་ཀུན་མཉམ་པ་ཉིད་དུ་ལེགས་གཟིགས་པས། །དག་པ་ཆེན་པོའི་དགོངས་སྤྱོད་མངོན་གྱུར་ནས། །དབྱེར་མེད་བསལ་བཞག་བྲལ་བའི་དགོངས་གནད་མཆོག །སྟོན་མཛད་རྒྱལ་བ་རིག་འཛིན་བརྒྱུད་བཅས་རྒྱལ། །འདིར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བསྡུ་ན། འདུ་བྱེད་འཁོར་བའི་ཆོས་ཐམས་ཅད་ཀྱི་རྩ་བ་མ་རིག་པ་དང་། མྱ་ངན་ལས་འདས་པའི་ཆོས་ཀུན་རིག་པ་ཡེ་ཤེས་ཏེ་དེ་གཉིས་སུ་འདུ་ཞིང་། དེ་གཉིས་ཀའང་དོན་དམ་པར་རང་བཞིན་གཉིས་སུ་མེད་པས་ཟད་འཕེལ་མེད་པའི་ཆོས་ཉིད་མཉམ་པ་ཆེན་པོ་རྒྱལ་བའི་ཡུམ་གྱི་དགོངས་པ་སྒྲ་ཇི་བཞིན་པ་ལས་མ་འདས་ཏེ། ཤེར་ཕྱིན་སྡུད་པ་ལས། འདི་ནི་ཆོས་གཏེར་མཆོག་དང་ཆོས་མཛོད་དམ་པ་ཡིན། །སངས་རྒྱས་རིག་ཡིན་འགྲོ་བའི་བདེ་དང་སྐྱིད་པའི་མཛོད། །འདས་དང་མ་བྱོན་ཕྱོགས་བཅུའི་འཇིག་རྟེན་མགོན་པོ་རྣམས། །དེ་དག་འདི་ལས་འཁྲུངས་ཀྱང་ཆོས་དབྱིངས་ཟད་མི་འགྱུར། །ཤིང་དང་འབྲས་བུ་མེ་ཏོག་ནགས་ཚལ་ཇི་སྙེད་པ། །དེ་དག་ཐམས་ཅད་ས་ལས་ཡང་དག་འབྱུང་ཞིང་འཐོན། །འོན་ཀྱང་ས་ལ་ཟད་པ་མེད་ཅིང་འཕེལ་བ་མེད། །ཡོངས་སུ་མི་ཉམས་རྣམ་པར་མི་རྟོག་སྐྱོ་བ་མེད། །སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང་། །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །ཤེས་རབ་ནམ་ཡང་ཟད་པ་མེད་ཅིང་འཕེལ་བ་མེད། །སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །རྐྱེན་རྣམས་ཚོགས་ནས་སྡུག་བསྔལ་འཁྲུལ་འཁོར་རབ་ཏུ་འབྱུང་། །མ་རིག་འཁྲུལ་འཁོར་འདི་ནི་ཟད་མེད་འཕེལ་བ་མེད། །ཡེ་ཤེས་ཚུལ་སྒོ་ཐབས་དང་རྩ་བ་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །རྐྱེན་རྣམས་ཚོགས་ནས་ཡེ་ཤེས་འཁྲུལ་འཁོར་རབ་ཏུ་འབྱུང་། །ཤེས་རབ་ཕ་རོལ་ཕྱིན་ལ་ཟད་མེད་འཕེལ་བ་མེད། །བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང་འབྲེལ་འབྱུང་བ། །སྐྱེ་མེད་ཟད་པ་མེད་པར་ཤེས་རབ་འདི་ཤེས་ཏེ། །ཉི་མ་སྤྲིན་བྲལ་འོད་ཟེར་འཕྲོ་བས་མུན་བསལ་ལྟར། །མ་རིག་འཐིབ་པོ་བཅོམ་ནས་རང་བྱུང་ཐོབ་པར་འགྱུར། །ཞེས་གསུངས། དེའི་དོན་མན་ངག་གི་དགོངས་པ་བཞིན་ཅུང་ཟད་བཤད་ན། ཤེར་ཕྱིན་ཐེག་པ་ཆེན་པོའི་རྣལ་འབྱོར་གཞུང་བརྒྱ་པ་དངོས་གྲུབ་དཔལ་འབར་གྱིས་རྒྱལ་ཡུམ་སྙིང་པོའི་རྣམ་བཤད་དུ། དངོས་བསྟན་སྟོང་ཉིད་དང་། སྦས་དོན་སེམས་ཀྱི་ལྡོག་ཆ་ནས་སྦྱར་ཏེ། མྱོང་བ་མཚན་ཉིད་བཞི་ལྡན་གྱི་ཚུལ་དུ་ཤར། རྟོགས་པ་ཟབ་མོ་བརྒྱད་ལྡན་དུ་ཐོབ། འཁོར་འདས་ཡུལ་འཛིན་ལས་གྲོལ་པའི་ཚུལ་གྱིས་ཉམས་སུ་ལེན་པར་གསུངས་ཏེ། དེ་ལ་མྱོང་བ་མཚན་ཉིད་བཞི་ལྡན་ནི། གཟུགས་སོགས་ལ་དངོས་འཛིན་དང་བྲལ་བས་སྟོང་ཉིད་དུ་ཉམས་སུ་མྱོང་བ་ནི་གཟུགས་སྟོང་པའོ། །ཞེས་སྣང་མེད་ཀྱི་རྣལ་འབྱོར་དང་། ཉམས་མྱོང་སྟོང་པ་ཉིད་ཡུལ་སྣང་གཟུགས་ཀྱི་རྣམ་པར་ཤར་བ་ནི། སྟོང་པ་ཉིད་གཟུགས་སོ་ཞེས་སྣང་བཅས་ཀྱི་རྣལ་འབྱོར་དང་། དེ་ལྟར་སྣང་སྟོང་གཉིས་གཅིག་སྤངས་ནས་ཅིག་ཤོས་གྲུབ་པ་མེད་པས། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་ཟུང་འཇུག་བགྲོད་པ་གཅིག་པའི་ཉམས་ལེན་བསྟན་ཏེ། དཔེ་ཆུ་ཟླའི་གཟུགས་བརྙན་དང་རྨི་ལམ་བཞིན་ཚོར་བ་སོགས་ཕུང་པོ་ལྷག་མ་བཞི་ལའང་སྦྱར་ཏེ་གསུངས། རྟོགས་པ་ཟབ་མོ་བརྒྱད་ལྡན་ནི། དེ་ལྟར་གཟུགས་སོགས་འཁོར་འདས་ཀྱི་ཆོས་ཐམས་ཅད་མཚན་ཉིད་བཞི་ལྡན་དུ་འདུག་པ་དེ་ལ་ཡུམ་དོན་ཟབ་མོ་སྟོང་པ་ཉིད་ཅེས་བྱ་སྟེ། དེ་ཡང་སེམས་ཉིད་གསལ་རིག་གི་ངོ་བོ་ལ་བལྟས་པས། དང་པོར་སྐྱེ་ས། བར་དུ་གནས་ས། མཐར་འགག་ས་མ་རྙེད་པས་སྐྱེ་འགག་གནས་གསུམ་དང་བྲལ་བ་དེ་ལ། འདི་དང་འདིའོ་ཞེས་ཡིད་ཀྱི་བསམ་མ་ཤེས། མ་ཤེས་པ་དེ་ངག་གིས་སྨྲ་མ་ཤེས། རྒྱུ་མཚན་དེས་སྒྲས་བརྗོད་པ་དང་། རྟོག་པའི་ཡུལ་ལས་འདས་པས་སྟོང་ཉིད་ནམ་མཁའི་རྣལ་འབྱོར་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ཞེས་འདོད་དེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཅེས་སོགས་གསུངས། དེ་ལྟ་བུའི་སྟོང་ཉིད་ཟབ་མོ་དེ། མཚོན་བྱེད་གང་གིས་ཀྱང་མཚོན་དུ་མེད་པས་མཚན་ཉིད་མེད་པ། སྟོང་ཉིད་རྒྱུ་རྐྱེན་གྱིས་འཕྲལ་དུ་མ་བསྐྱེད་པར་ཡེ་ནས་སྟོང་པས་མ་སྐྱེས་པ། སྟོང་ཉིད་རང་གི་ངོ་བོ་མ་སྐྱེས་ཀྱང་རྩལ་ཅི་ཡང་མི་འགག་པས་མ་འགགས་པ། སྟོང་ཉིད་ཟབ་མོའི་གཤིས་ལ་འཁྲུལ་པའི་དྲི་མ་གདོད་ནས་མེད་པས་དྲི་མ་མེད་པ། དྲི་མ་མེད་པ་དེ་ཡང་འཕྲལ་ལ་བསལ་བ་མ་ཡིན་གྱི་ཡེ་ནས་དག་པ་ཡིན་པས་དྲི་མ་དང་བྲལ་བ་མེད་པ། སྟོང་ཉིད་ཟབ་མོའི་གཤིས་ལུགས་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ལ་སྐྱོན་ཡོན་བསལ་བཞག་དང་བྲལ་ཞིང་གང་སྟོང་འཕེལ་འགྲིབ་མེད་པས། བྲི་བ་མེད་པ་གང་བ་མེད་པའོ། །ཞེས་གསུངས། འཁོར་འདས་ཡུལ་འཛིན་ལས་གྲོལ་ཚུལ་ལ་བདུན་ལས། དང་པོ་ཕུང་ལྔའི་གྲོལ་ཚུལ། སྟོང་པ་ཉིད་ཀྱི་གཤིས་ལུགས་ལ། གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད་ཅེས་གཟུགས་སོགས་མེད་པ་སྣང་མེད་ཀྱི་རྣལ་འབྱོར་དངོས་བསྟན་དང་། སྟོང་པ་ཉིད་ཀྱི་འཆར་སྒོ་ལ་འཁོར་འདས་ཀྱི་ཆོས་ཅིར་ཡང་འཆར་བས་གཟུགས་ཡོད་སོགས་སྣང་བཅས་དང་། སྟོང་པ་ཉིད་གཟུགས་སོགས་སུ་སྣང་ཡང་སྟོང་ཉིད་ཁོ་རང་ལས་གཞན་པའི་གཟུགས་མེད་སོགས་ཟུང་འཇུག་བགྲོད་པ་གཅིག་པའི་ཉམས་ལེན་སྦས་དོན་དུ་གསུངས་པ་འགྲེ། གཉིས་པ་དབང་པོ་དྲུག་གི་གྲོལ་ཚུལ། སྟོང་ཉིད་རང་ངོ་འཕྲོད་པས། སྟོང་པ་ཉིད་ཀྱི་གཤིས་ལ། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད་ཅེས་བྱའོ། །གསུམ་པ་ཡུལ་དྲུག་གྲོལ་ཚུལ། དེ་ལྟར་ཡུལ་ཅན་གྱི་དབང་པོ་དྲུག་ཡུལ་ལ་རྒྱུ་བས། ཡུལ་གཟུགས་སྒྲ་སོགས་དྲུག་ཏུ་འཛིན་པ་མེད་དེ། གཟུགས་མེད་པ་ནས་ཆོས་མེད་དོ་ཞེས་སོ། །བཞི་པ་ཁམས་བཅོ་བརྒྱད་གྲོལ་ཚུལ་ནི། དབང་པོ་དྲུག་རྟོག་མེད་དུ་ཤར། ཡུལ་དྲུག་རང་སྣང་དུ་ཤེས། རྣམ་ཤེས་ཚོགས་དྲུག་གི་འཛིན་པ་ཆོད་པས་ཏེ། མིག་གི་ཁམས་མེད་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །ཞེས་སོ། །ལྔ་པ་རྟེན་འབྲེལ་གྱི་གྲོལ་ཚུལ་ནི། དངོས་བསྟན་སྟོང་ཉིད་ཀྱི་གཤིས་ལ། ཀུན་བྱང་གི་རྟེན་འབྲེལ་ཡན་ལག་བཅུ་གཉིས་གྲུབ་པ་མེད་ཀྱང་། སྦས་དོན་སྟོང་ཉིད་ཀྱི་འཆར་སྒོ་ལ། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ལས་འཁོར་བ་འབྱུང་ཚུལ་དང་། རྣམ་བྱང་གི་རྟེན་འབྲེལ་ལས་མྱང་འདས་ཐོབ་ཚུལ་གཉིས་ཀྱི། དང་པོ། སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་རྣམ་དག་གི་སངས་རྒྱས་སུ་ཡེ་ནས་གནས་ཀྱང་ལྷན་ཅིག་སྐྱེས་པའི་མ་རིག་པས་ངོ་མ་ཤེས་པ་མ་རིག་པ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱི་ལས་བསགས་ཏེ། རྣམ་པར་ཤེས་པ་རིག་རིག་པོ་ཤར། རྣམ་པར་ཤེས་པས་ཡུལ་ལ་སྤུ་རིས་བཅད་དེ། འདི་ནི་འདིའོ་ཕ་གི་ནི་ཕ་གིའོ་ཞེས་ཤེས་པར་བྱེད། གང་དུ་ཤེས་ན་མིང་དང་གཟུགས་སུ་ཤེས། གང་གིས་ཤེས་ན་སྐྱེ་མཆེད་དྲུག་གིས་ཤེས། མིང་གཟུགས་ལས་སྐྱེ་མཆེད་མཆེད་པས་ཡུལ་དབང་ཕྲད་པའི་རེག་པ་བྱུང་། རེག་པས་ཚོར་བ་ཉམས་སུ་མྱོང་། མྱོང་བས་སྲེད་པ་སྐྱེས། སྲེད་པས་མངལ་དུ་ཞུགས། ཞུགས་པས་སྲིད་པ་འཁོར་བར་ལུས་ལེན། ལུས་བླངས་པས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པ་འཁོར་བ་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་བྱུང་ངོ་། །གཉིས་པ་རྣམ་བྱང་གི་རྟེན་འབྲེལ་ཀྱང་། བླ་མ་དམ་པའི་མན་ངག་གིས། གནས་ལུགས་ཟབ་མོ་ངོ་སྤྲོད་པ་ལས། མ་རིག་པ་ཡུལ་མེད་དུ་དགའདུ་བྱེད་རྩ་བ་བྲལ། རྣམ་ཤེས་རང་སྟོང་དུ་ཡལ་ཏེ་མིང་དང་གཟུགས་སུ་མ་བཟུང་བས་སྐྱེ་མཆེད་དྲུག་རང་སྣང་དུ་དག་དག་པས་ཡུལ་ལ་རང་རྒྱུད་དུ་མ་རེག མ་རེག་པས་ཚོར་བ་ཉམས་སུ་མི་མྱོང་། མ་མྱོང་བ་ལ་སྲེད་པ་མི་སྐྱེ། མ་སྲེད་པས་མངལ་དུ་མི་ཞུགས་ཏེ་སྲིད་པ་འཁོར་བར་ལུས་མི་ལེན། ལུས་མ་བླངས་པས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་གྲོལ་བའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །འདིར་སྲིད་པའི་འོག་ཏུ་ལེན་པ་བཤད་པ་འགལ་ཞེ་ན་མི་འགལ་ཏེ། སྲིད་པའི་སྒྲ་འཇུག་པའི་ཡུལ་ལ། འཁོར་བ་འགྲུབ་བྱེད་ཀྱི་ལས་ལ་སྲིད་པར་བཤད་པ་དང་། སྲིད་པ་འཁོར་བ་ཞེས་འཁོར་བ་སྤྱི་ལ་བཤད་པ་གཉིས་ལས། འདིར་ཕྱི་མའི་དབང་དུ་བྱས་པས་སྐྱོན་མེད་དོ་གསུངས། དྲུག་པ་བདེན་བཞི་ལས་གྲོལ་ཚུལ། ཟབ་མོ་སྟོང་པ་ཉིད་ཀྱི་གཤིས་ལ། སྡུག་བསྔལ་གསུམ་ཅི་རིགས་པས་བསྡུས་པའི་སྡུག་བསྔལ་བ་དང་། ཟག་བཅས་ལས་ཉོན་གྱིས་བསྡུས་པའི་ཀུན་འབྱུང་བ་དང་། སྡུག་ཀུན་འགག་པའི་འགོག་པ་དང་། འགོག་པ་ཐོབ་ཕྱིར་དུ་བརྩོན་པའི་ལམ་མེད་ཀྱང་། སྟོང་ཉིད་ཀྱི་འཆར་སྒོར། སྡུག་ཀུན་རྒྱུ་འབྲས་ཀྱིས་བསྡུས་པའི་འཁོར་བ་དང་། འགོག་ལམ་རྒྱུ་འབྲས་ཀྱིས་བསྡུས་པའི་མྱང་འདས་འཆར་ཞེས་སོ། །བདུན་པ་སྐུ་དང་ཡེ་ཤེས་ཀྱི་གྲོལ་ཚུལ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ངང་དུ་རིག་པ་ཡེ་ཤེས་ཐིམ་ནས་ཤེས་བྱ་ཤེས་བྱེད་ཀྱི་རྟོག་པ་ལས་འདས་ཏེ། མཁྱེན་པའི་ཡེ་ཤེས་རང་རྒྱུད་པ་མེད་པས་ཡེ་ཤེས་མེད་ཅེས་དང་། དེ་ལྟར་རང་སྣང་འཁྲུལ་པ་གྲོལ་ཙམ་ལས་ལོགས་སུ་སངས་རྒྱས་ཞེས་ཁ་མིག་རྣ་བ་ཅན་ཐོབ་རྒྱུ་མེད་པས་ཐོབ་པ་མེད་ཅེས་དང་། དེ་ལྟ་ན་ཡང་སྨོན་ལམ་གྱི་དབང་གིས་གཞན་སྣང་ལ་གཟུགས་ཀྱི་སྐུ་མཁྱེན་པའི་ཡེ་ཤེས་དང་ལྡན་པ་གདུལ་བྱ་ལ་མི་འགག་པར་སྣང་བས་ན་མ་ཐོབ་པ་ཡང་མེད་དོ་ཞེས་སོ། །དེ་ཐམས་ཅད་སྦས་དོན་གསལ་རིག་སེམས་ཀྱི་ལྡོག་པ་ནས་བཤད་ན། སྔར་གྱི་དོན་ཚན་དེ་རྣམས་འདི་ལྟར་སྦྱར་ཏེ། གཟུགས་སེམས་སོ། །སེམས་ཉིད་གཟུགས་སོ། །གཟུགས་ལས་སེམས་གཞན་མ་ཡིན་ནོ། །སོགས་དང་། ཆོས་ཐམས་ཅད་སེམས་ཉིད་དེ། མཚན་ཉིད་མེད་པ་སོགས་སུ་སྦྱར་ཏེ། དེའི་དོན་ཡང་། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་སུ་འདུས་ཏེ། སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སོགས་ནས། སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོ། །སེམས་གསལ་རིག་གི་ངོ་བོ་ལ་ངོས་བཟུང་མེད་པས་ཆོས་ཐམས་ཅད་སྟོང་ཉིད་དུ་རོ་གཅིག་སྟེ། ཀླུས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །སྟོང་གསལ་སེམས་ཀྱི་འཆར་སྒོ་ལ་འཁོར་འདས་ཀུན་འབྱུང་བ་ཡང་འཐད་དེ། ཆོས་མངོན་པའི་མདོར། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་སོགས་གསུངས་ཏེ། དེ་ལྟ་བུའི་གནས་ལུགས་ཟབ་མོ་གཅིག་ངོ་འཕྲོད་པས། ཕྱི་ན་འདྲེ་མེད། ནང་ན་ལྷ་མེད། འཁོར་འདས་མགོ་སྙོམས། སྤང་གཉེན་གྱི་རྫུན་ཕུག་སྡིབ། གང་ཤར་ཆོས་སྐུའི་རོལ་པ་ལས་གཡོ་མ་ཤེས་པའི་དགའ་བ་ལ་ཨང་གསུངས། ཡང་ཤེར་ཕྱིན་དུས་གསུམ་རྒྱལ་བའི་ཡུམ་ཡིན་པ་ནི། ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ཞེས་པ། ཐོག་མ་མེད་པའི་དུས་ནས་ཡོད་པའི་ཆོས། གསལ་སྟོང་ཟུང་དུ་འཇུག་པའི་དབྱིངས་འཁོར་འདས་འཆིང་གྲོལ་ཀུན་གྱི་གཞི། སྐྱོན་ཡོན་བསལ་བཞག་དང་བྲལ་བའི་སྤྲོས་བྲལ། སྐྱེ་འགྲོ་མཐའ་དག་གི་རྒྱུད་ཀྱིས་མ་བསྡུས་པའི། རིག་སྟོང་གཉིས་སུ་མེད་པའི་ཟག་མེད་ཀྱི་ཡེ་ཤེས་ཉིད་ལ་འཇོག་གི། སྐྱེ་འགྲོ་སོ་སོའི་རྒྱུད་ཀྱིས་བསྡུས་པའི་ཆོས་ཉིད་ཙམ་ལ་མི་འཇོག་སྟེ། དེ་ནི་ཕྱོགས་རིས་སུ་ཆད་པ་དང་། བརྟན་གཡོ་ཀུན་ལ་མ་ཁྱབ་པ་དང་། འདས་མ་འོངས་ཀྱི་རྒྱལ་བ་ཐམས་ཅད་ཀྱི་ཡུམ་དུ་བཞག་ཏུ་མི་རུང་བའི་ཕྱིར་རོ། །ཡུམ་ཤེར་ཕྱིན་དེ་ཉིད་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཡུམ་ཡིན་པ་དང་། ཡུམ་དེ་ཉིད་རྟེན་གྱི་གང་ཟག་ཀུན་ལ་ཁྱབ་ཀྱང་སོ་སོའི་རྒྱུད་ཀྱིས་མ་བསྡུས་པས་ཕྱོགས་རིས་དང་བྲལ་ཞིང་གཅིག་ཏུ་གྲུབ་པ་དང་། ནམ་མཁས་ཕྱོགས་ཀུན་ཁྱབ་ཀྱང་ནམ་མཁའ་ལ་དབྱེ་བ་མེད་པ་བཞིན་དུ། གསལ་སྟོང་ཟུང་འཇུག་གི་ཡུམ་གྱིས་བརྟན་གཡོ་ཀུན་ལ་ཁྱབ་ཀྱང་གསལ་སྟོང་གི་ཆོས་དབྱིངས་ལ་དབྱེ་བ་མེད་པ་དང་། ཙན་དན་དང་ཤུག་པ་ལ་སོགས་པའི་ལྗོན་པ་སྣ་ཚོགས་པ་དང་ལྡན་པའི་ནགས་ཚལ་ལ། ཤར་ནས་ཉི་མ་ཤར་བའི་ཚེ་རང་རང་གི་ངོ་སྐལ་གྱི་གྲིབ་མ་མི་འདྲ་བར་སྣང་ཡང་། ནུབ་རིར་ཉི་མ་ནུབ་པའི་ཚེ་གྲིབ་མ་ཞེས་པར་རོ་གཅིག་པ་བཞིན་དུ། སྐྱེ་འགྲོ་མཐའ་དག་གི་རྒྱུད་ལ་ཡུམ་གྱི་དོན་ཆ་འདྲ་ཚང་བའི་གསལ་སྟོང་གི་ཆོས་ཉིད་ཉི་ཚེ་བ་རེ་ཡོད་པ་ཡུམ་དོན་ལ་ངོ་འཕྲོད་པའི་ཚེ། ཀུན་ཁྱབ་ཆོས་ཀྱི་དབྱིངས་གཅིག་ཉིད་དུ་རོ་གཅིག་པ་དང་། དེའི་རྒྱུན་གོམས་ཤིང་ཉམས་སུ་བླངས་པ་ལས། གློ་བུར་གྱི་དྲི་མ་མ་ལུས་པ་དང་བྲལ་བའི་ཚེ། སྤངས་རྟོགས་མཐར་ཐུག་གི་འདྲེན་པ་ཆེན་པོ་སངས་རྒྱས་ཐོབ་ཅེས་པའི་ཐ་སྙད་འདོགས་ཤིང་། དེ་ལྟ་ནའང་རྗེ་བཙུན་གྱིས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པ་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར་སྔར་སློབ་པའི་གནས་སྐབས་ཀྱི་ཀུན་ཁྱབ་ཆོས་དབྱིངས་ཀྱི་ཡུམ་དང་། ཕྱིས་མི་སློབ་པའི་གནས་སྐབས་ཀྱི་ཀུན་ཁྱབ་ཆོས་དབྱིངས་ཀྱི་ཡུམ་གཉིས་བཟང་ངན་དུ་འགྱུར་བ་ནི་ཅུང་ཟད་ཀྱང་མེད་དོ། །ཞེས་དེ་དག་གི་དོན་ཤེར་ཕྱིན་སྡུད་པའི་ལུང་དང་སྦྱར་ཏེ་རྒྱ་ཆེར་གསུངས་པ་དང་། ཚུལ་འདི་ལྟ་བུའི་འཆད་ཚུལ་ནི། དེང་སང་གི་མདོ་དོན་སྨྲ་བ་དག་གི་བློ་ཡུལ་དུ་ཤོང་བ་དཀའ་མོད། དེ་ལྟ་ནའང་ཤེར་ཕྱིན་ཟབ་མོའི་བརྗོད་དོན་ཉམས་སུ་ལེན་པ་ལ་མེད་དུ་མི་རུང་བའི་ཆོས་ཤིག་ཡིན་པས་བློ་གྲོས་དང་ལྡན་པ་དག་གིས་གཅེས་སྤྲས་སུ་བྱོས་ཤིག ཅེས་དང་། ཟབ་མོའི་ཉམས་ལེན་གྱི་གནད་བསྡུས་བསྟན་པ་ལ། མཉམ་བཞག་ཏིང་ངེ་འཛིན་གསུམ་ལྡན་དུ་བསྒོམ་པ་དང་། རྗེས་ཐོབ་བགྲོད་པ་གཅིག་པའི་ཁྱེར་སོ་གཉིས་ཀྱི། དང་པོ་ལ་སྟོང་མཚན་སྨོན་མེད་གསུམ་ལས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི། སེམས་ཀྱིས་སེམས་ལ་བལྟས་པས། སེམས་དེ་ཅིར་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུ་ཡིན་ཏེ། ཇི་ལྟར་འདྲ་ན། དང་པོ་སྐྱེ་བས་སྟོང་སྟེ་བྱུང་ས་མེད། ཐ་མ་འགགས་པས་སྟོང་སྟེ་འགྲོ་ས་མེད། བར་དུ་གནས་པས་སྟོང་སྟེ་ངོས་བཟུང་མེད་པས་ནམ་མཁའ་ལྟ་བུའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ནི། དེ་ལྟར་སེམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་འདུག་པས་སྒོམ་པའི་ཚེ་ན། དམིགས་པ་ཅན་ནམ་མཚན་མ་ཅན་དུ་སྒོམ་དུ་མེད་དེ། གཤིས་སྤྲོས་བྲལ་གྱི་སྟེང་དུ་བློ་བྲལ་དུ་འཇོག་པ་ཡིན་ནོ། །དེ་ཇི་ལྟར་སྒོམ་སྙམ་ན། བསྒོམ་བྱའི་བློ་དང་བྲལ། སྒོམ་བྱེད་ཀྱི་མཁན་པོ་མེད། བསྒོམ་པ་དང་མི་སྒོམ་པའི་རྩིས་བཏབ་དང་བྲལ་ནས། སེམས་མ་བཅོས་པར་རྗེན་ནེ་བཞག་པར་བྱའོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་ནི། དེ་ལྟར་སེམས་ཀྱི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བ། སྨྲ་བསམ་བརྗོད་མེད་ཀྱི་དེ་ཁོ་ན་ཉིད་ལ་ཤེར་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱ། རྫོགས་པའི་བྱང་ཆུབ་བྱ་བ་ཡང་དེ་ལ་ཟེར་བ་ཡིན་གྱི། དེ་བས་གཞན་པའི་ཡར་ལ་འབྲས་བུ་ཐོབ་བྱ་སྨོན་པ་གཞན་མེད་དོ། །དོན་དེ་རྟོགས་ན་འཁོར་བར་ལྷུང་མཁན་མེད་དེ་ཀུན་འབྱུང་བ་མེད་སྡུག་བསྔལ་བ་མེད་ཅེས་སོ། །དེ་ལྟ་བུའི་དོན་རྟོགས་ནས་ལམ་ཅིག་ཆར་དུ་ཆོད་ཅིང་རིམ་པར་བགྲོད་མི་དགོས་ཏེ། ལམ་མེད་འགོག་པ་མེད་ཅེས་སོ། །མདོར་ན་ཐམས་ཅད་སེམས་ཀྱི་རང་སྣང་དུ་རྟོགས་པས་ཕྱི་ཡི་སྒྲོ་འདོགས་ཆོད། སེམས་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་པ་སྟོང་པ་ཉིད་དུ་རྟོགས་པས་ནང་གི་སྒྲོ་འདོགས་ཆོད། སྟོང་པ་ཉིད་ལ་ལྟ་རྒྱུ་དང་ཉམས་སུ་ལེན་རྒྱུ་ཅི་ཡང་མ་རྙེད་པས་རིག་པ་རང་བབས་སུ་ཁྲོལ་ལེ་བཞག་པས་གསང་བའི་སྒྲོ་འདོགས་ཆོད། དོན་དེ་ཉིད་ལས་མ་གཏོགས་པའི་བསྒྲུབ་བྱ་གཞན་ན་མེད་པས་མཐར་ཐུག་གི་སྒྲོ་འདོགས་ཆོད། སྒྲོ་འདོགས་ཐམས་ཅད་དང་བྲལ་བའི་སེམས་དེ་མཐའ་བྲལ་དུ་གནས་པ་ཉམས་ལེན་གྱི་མཆོག་ཡིན་ནོ། །དེ་ལྟ་བུའི་ངང་ལ་མ་ཡེངས་པར་གནས་པ་ནི་མཉམ་བཞག་ཅེས་བྱ་ཞིང་། མཉམ་པར་བཞག་རྒྱུ་མེད་པའི་ངང་ལ་མཉམ་པར་བཞག་སྟེ། བདག་ནི་མཉམ་པར་བཞག་ཅེའམ་ལངས་ཞེས་རློམ་སེམས་མེད། ཅིའི་ཕྱིར་ཞེ་ན་ཆོས་ཀྱི་རང་བཞིན་ཡོངས་ཤེས་ཕྱིར། ཞེས་སོ། །རྗེས་ཐོབ་བགྲོད་པ་གཅིག་པའི་ལམ་ཁྱེར་ནི། དེ་ལྟར་མཉམ་བཞག་ལས་ལངས་པའི་རྗེས་ཐོབ་ཀྱི་ཚེ། གཟུགས་སོགས་སྣང་བ་ཐམས་ཅད་སྣང་སྟོང་ཞེན་པ་དང་བྲལ་བ་སྒྱུ་མ་ལྟ་བུར་ལམ་དུ་ཁྱེར། སྒྲ་གྲགས་ཐམས་ཅད་གྲགས་སྟོང་ཞེན་པ་དང་བྲལ་བ་བྲག་ཆ་ལྟ་བུར་ལམ་དུ་ཁྱེར། དྲན་སྣང་རྟོག་པའི་རི་མོ་ཐམས་ཅད་རིག་སྟོང་དབྱེར་མེད་རྨི་ལམ་ལྟ་བུར་ལམ་དུ་ཁྱེར་རོ། །ཞེས་གསུངས་ཤིང་། གཞན་ཡང་སྔགས་ཀྱི་ལམ་ཁྱེར་དང་སྦྱོར་ཚུལ་དང་། གོང་གི་དོན་དེ་རྣམས་ལ་ཤེར་ཕྱིན་སྡུད་པ་སོགས་དང་སྦྱར་ཏེ་ལུང་ཁུངས་མང་དུ་ཡོད་ཀྱང་འདིར་མ་བྲིས་སོ། །ཚུལ་འདི་ཀུན་མཁྱེན་རོང་སྟོན་ཆེན་པོའི་སློབ་མའི་ཁྱུ་མཆོག་གཞུང་བརྒྱ་པའི་གསུང་མན་ངག་གི་གནད་དང་ལྡན་པས་ཟུང་འཇུག་གི་གནད་ལ་གོ་སྐྱེད་ཆེ་བར་མཐོང་ནས་ཅུང་ཟད་བསྡུས་ཏེ་བཀོད་པ་ཡིན་ནོ། །མདོར་ན་དོན་དམ་པར་ཆོས་ཐམས་ཅད་དབྱེ་གཞི་ཟད་པའི་ཆོས་ཉིད་མཉམ་པ་ཆེན་པོ་ལས་མ་འདས་ཀྱང་། ཐ་སྙད་ཙམ་དུ་འཕགས་པ་རྣམས་ཀྱི་རྗེས་ཐོབ་ཀྱི་གཟིགས་པ་དང་མཐུན་པར་ཤེས་བྱ་བདེན་གཉིས་སུ་འཇོག་པར་མཛད་དེ། ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁྱེན་པའི་བདེན་པ་འདི་གཉིས་ཏེ། །ཁྱེད་ཀྱིས་གཞན་ལས་མ་གསན་རང་གིས་རིག །དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་གསུངས། དེ་གཉིས་ཀྱི་ཁྱད་པར་ལ། གནས་སྐབས་རྣམ་གྲངས་པའི་དོན་དམ་འཕགས་པའི་རྗེས་ཐོབ་ཀྱི་གཟིགས་པ་ལྟར་ན། མགོན་པོ་ཨ་ཏི་ཤས། ཀུན་རྫོབ་ཇི་ལྟར་གནས་པ་འདི། །རིགས་པས་དཔྱད་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་གསུངས་པས། ཆོས་ཐམས་ཅད་ལ་བརྟགས་ན་རང་བཞིན་གྱིས་མ་གྲུབ་པའི་སྟོང་པའི་ཆ་དེ་ལ་དོན་དམ་དང་། སྟོང་བཞིན་དུ་མ་འགགས་པར་སྣ་ཚོགས་སུ་སྣང་བའི་ཆ་ལ་ཀུན་རྫོབ་ཅེས་དབྱེ་བ་མཛད་དེ། འདི་གཉིས་ཀྱང་ཀུན་རྫོབ་ཏུ་ངོ་བོ་གཅིག་པ་དང་དོན་དམ་པར་ཐ་དད་ན་སྐྱོན་བཞི་བཞི་གསུངས་ཏེ། ཐ་སྙད་དུ་ངོ་བོ་གཅིག་ན། འདུ་བྱེད་མཐོང་བས་དོན་དམ་མཐོང་བར་ཐལ་བ། དོན་དམ་ཉོན་མོངས་སྐྱེ་བའི་དམིགས་རྐྱེན་དུ་ཐལ་བ། དོན་དམ་དང་ཀུན་རྫོབ་ལ་དབྱེ་བ་མེད་པར་ཐལ་བ། དོན་དམ་ཐོས་བསམ་སོགས་ལ་མི་ལྟོས་པར་ཐལ་བའི་སྐྱོན་བཞི་དང་། དོན་དམ་པར་ངོ་བོ་ཐ་དད་ན། དོན་དམ་རྟོགས་པའི་བློས་ཀུན་རྫོབ་ཀྱི་བདེན་ཞེན་མི་སེལ་བར་ཐལ་བ། དོན་དམ་དེ་ཀུན་རྫོབ་དེའི་ཆོས་ཉིད་མ་ཡིན་པར་ཐལ་བ། ཀུན་རྫོབ་རང་བཞིན་མེད་པ་ཙམ་དོན་དམ་མ་ཡིན་པར་ཐལ་བ། བདེན་གཉིས་སོ་སོར་གཟིགས་པའི་འཕགས་པ་རྣམས་ལ་བཅིངས་གྲོལ་དུས་གཅིག་ཏུ་ཐལ་བའི་སྐྱོན་བཞིས་གནོད་པས་ཆོས་ཐམས་ཅད་གཅིག་ཐ་དད་དང་བྲལ་བའི་ངོ་བོ་དབྱེར་མེད་དུ་འདོད་དེ། དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་གསུངས། དེས་ན་ཐ་སྙད་དུ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་གསུངས་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་ཇི་བཞིན་ནོ། །ཞེས་སོ། །དེ་བཞིན་ཆོས་ཅན་རྣམ་ཤེས་དང་ཆོས་ཉིད་ཡེ་ཤེས་གཉིས་ཀྱང་ངོ་བོ་ཐ་དད་དང་ལྡོག་པས་ཐ་མི་དད་གང་རུང་དུ་ཁས་བླངས་ན། གོང་བཤད་ཀྱི་སྐྱོན་རྣམས་རང་སར་གནས་པ་ཡིན་ཞིང་། མཐར་ཐུག་གི་དོན་ལ་དེ་ཐམས་ཅད་དབྱེ་གཞི་ཟད་པའི་དབྱེར་མེད་ཆེན་པོར་ལ་བཟླ་དགོས་པས། དེའི་ཚུལ་གྱིས། དོན་དམ་རྣམ་གྲངས་མིན་པའི་དབང་དུ་བྱས་ཏེ་བདེན་གཉིས་སུ་རྣམ་པར་བཞག་ན། དབུ་མ་འཇུག་པར། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་ཉིད་དེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་པ་ལྟར། ཤེས་བྱ་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ལ། གནས་ཚུལ་ཡང་དག་པའི་ཡེ་ཤེས་ཀྱིས་མཐོང་བ་དོན་དམ་དང་། བློ་རྫུན་པ་འཁྲུལ་པས་མཐོང་བ་ཀུན་རྫོབ་སྟེ། གནས་སྣང་མཐུན་པའི་ཡུལ་ལ་དོན་དམ་དང་། མི་མཐུན་པར་འཛིན་པའི་ཡུལ་ལ་ཀུན་རྫོབ་ཏུ་གསུངས་པས། མཐར་ཐུག་སངས་རྒྱས་ཀྱི་གཟིགས་པ་ནི་དེ་ལས་གོང་དུ་བོགས་དབྱུང་དུ་མེད་པས། དེའི་ངོར་གཟིགས་པ་ནི་གནས་ཚུལ་མཐར་ཐུག་ཏུ་གྲུབ་པས། དེས་ཇི་ལྟར་གཟིགས་ན། མདོ་རྒྱ་ཆེ་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་ཀྱི་ནང་དུ་གནས་པ་སྙམ། །ཚིག་བྲལ་ངག་གི་ལམ་གྱིས་མི་མཚོན་པའི། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱི་རྒྱུ་བ་རྣམ་སྤངས་ན། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །ཞེས་སོགས་གསུངས་པ་ལྟར་སྤྲོས་པ་མཐའ་དག་ཉེ་བར་ཞི་བའི་རྣམ་གྲངས་མ་ཡིན་པའི་དོན་དམ་ཉིད་ཡིན་པས། དེའི་ངོར་ཡོད་མེད་དང་སྣང་སྟོང་གི་ལྡོག་པ་ཙམ་དུ་ཡང་དབྱེ་བ་མེད་པས་དབྱེ་གཞི་ཟད་པའི་དབྱེར་མེད་མཉམ་པ་ཉིད་དེ། འཇུག་པར། བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར། །དེ་དག་རྟག་པ་མ་ཡིན་ཆད་མ་ཡིན། །ཞེས་སོ། །དེའི་ངང་དུ་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་དེ་དང་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པའམ་ངོ་བོས་ཐ་མི་དད་ཕྱིར། གོང་གི་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་བརྟགས་པའང་གནས་སྐབས་རྣམ་གྲངས་པའི་དོན་དམ་ལ་འབྱུང་གི་རྣམ་གྲངས་མ་ཡིན་པའི་དོན་དམ་འདི་ལ་ཇི་ལྟར་འབྱུང་སྟེ། སྤྲུལ་པའི་སློབ་དཔོན་མཁས་པ་ཆེན་པོ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས། འོ་ན་བདེན་པ་གཉིས་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། དེ་ནི་འཁྲུལ་པ་ཅན་སྐྲག་གིས་དོགས་པའི་ཕྱིར། འཁྲུལ་པའི་དབང་དུ་ཐ་སྙད་ཙམ་དུ་བཏགས་པ་ཡིན་གྱི། ཡང་དག་པར་ན་ངེས་པའི་དོན་དུ་གང་ཅི་ཡང་མ་ཡིན་པའི་སེམས་ཀྱི་ཡུལ་ལས་འདས་པ་ལ་བདེན་པ་གཉིས་སུ་ལྟ་ག་ལ་ཡོད། ཅེས་དང་། གྲུབ་མཆོག་ཀརྨ་པཀྵིས་མཛད་པའི་མ་མོ་རྦོད་གཏོང་གི་བསྟན་པ་རྒྱ་མཚོ་མཐའ་ཡས་པ་ལས། རྒྱུད་ཀྱི་གླེང་གཞི་དང་གླེང་སློང་སྟོན་འཁོར་བསྟན་པ་སོགས་ཐམས་ཅད་གདུལ་བྱ་འདུལ་བྱེད་དུ་སྣང་བ་ལ་ཡིན་གྱི་དོན་དམ་པར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དགོངས་པ་མཉམ་པ་ཉིད་ལ་དེ་དག་ཏུ་སྣང་བ་གང་ཡང་མེད་པར་གསུངས་ནས། དེ་བཞིན་བདེན་པ་གཉིས་ཀྱང་ཀུན་རྫོབ་ཅེས་བྱ་ཤེས་པ་འཁྲུལ་པས་བཏགས་པར་གྱུར་པས་ན་དེ་དྲངས་པའི་ཕྱིར་དོན་དམ་དུ་བཏགས་ཀྱི། ཀུན་རྫོབ་ལ་ཞེན་པ་མེད་པས་དོན་དམ་ཞེས་གསུངས་པའང་མེད། སེམས་ཅན་དང་སངས་རྒྱས་ཀྱང་སེམས་ཅན་འཁྲུལ་པ་ཅན་དྲངས་པའི་ཕྱིར་སངས་རྒྱས་ཞེས་བསྟན་གྱི་སེམས་ཅན་འཁྲུལ་པ་མེད་པས་སངས་རྒྱས་ཀྱང་མེད་སོགས་རྒྱུ་འབྲས་ཚོགས་གཉིས་ཆོས་ཅན་ཆོས་ཉིད་འཁོར་འདས་སོགས་ཐམས་ཅད་ལ་སྦྱར་ཏེ་གསུངས། མདོར་ན་མ་མོའི་རྒྱུད་ལས། འཁོར་བ་རྟོགས་པའི་ཕ་རོལ་ན། །སངས་རྒྱས་སྐུ་ལྔ་གཞན་ན་མེད། །དེ་བཞིན་སངས་རྒྱས་སེམས་ཅན་དང་། །ཆོས་ཅན་ཆོས་ཉིད་བདེན་གཉིས་དང་། །སངས་རྒྱས་སྐུ་དང་ཕྱག་མཚན་སོགས། །མིང་ནི་གཉིས་སུ་བཏགས་པ་རྣམས། །སེམས་ཅན་ཡོད་ཀྱི་བར་དུ་སྣང་། །གདུལ་བྱ་འདུལ་བྱེད་གཅིག་རྫོགས་ན། །གཉིས་སུ་སྣང་དང་བཏགས་པ་ཟད། །གཅིག་གི་འཛིན་པའང་ཡོད་མ་ཡིན། །ཞེས་གསུངས་ཤིང་། མདོར་ན་པཎ་ཆེན་བི་མ་ལས་མཛད་པའི་མུ་ཏིག་ཕྲེང་བའི་རྒྱུད་འགྲེལ་ལས། བདེན་པ་གཉིས་ཀྱང་དོན་དམ་པའི་ངོས་ན་འབྲེལ་བ་མེད་དེ་རང་བཞིན་གང་དུའང་མ་གྲུབ་པའི་ཕྱིར་རོ། །འཇིག་རྟེན་པའི་ངོས་ནས་ཀུན་རྫོབ་ཙམ་དུ་བདེན་པ་སྟེ། ཡང་དག་པ་ཉིད་ལ་དོན་དམ་དང་ཀུན་རྫོབ་གཉིས་ལ་འབྲེལ་བ་མེད་དོ། །ཅིའི་ཕྱིར་ན། ཀུན་རྫོབ་རྣམ་པ་དང་ཡུལ་འཁྲུལ་པ། དོན་དམ་མ་འཁྲུལ་པ་ཡང་དག་པ་ཡིན་པས་སོ། །ཞེས་གསུངས། དེས་ན་རྣམ་གྲངས་མིན་པ་ཁོ་ན་དོན་དམ་དང་། ཐ་སྙད་ཤེས་བརྗོད་འཇུག་གསུམ་གྱི་ཡུལ་དུ་གྱུར་པ་ཐམས་ཅད་ཀུན་རྫོབ་ཏུ་བྱས་ཏེ། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་གསུངས་པ་ལྟར་བདེན་གཉིས་སུ་འཇོག་པའི་སྐབས་གཞལ་བྱ་ཡུལ་གྱི་ངོས་ནས་ཟུང་འཇུག་སྤྲོས་བྲལ། གཞལ་བྱེད་ཡུལ་ཅན་གྱི་ངོས་ནས་གཅིག་པ་བཀག་པའི་ཐ་དད་དུ་འགྱུར་ཏེ། ཐ་སྙད་རྣམས་དོན་དམ་དུ་མི་གནས་པའི་ཕྱིར་རོ། །དེས་ན་རྒྱུད་བླ་སོགས་སུ་དོན་གྱི་དགོངས་ཆེན་བཤད་པའི་སྐབས། ཡང་དག་མཐའ་ནི་འདུས་བྱས་ཀྱིས། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་ཉིད་དུ་འརྗོད། །ཉོན་མོངས་སྤྲིན་འདྲ་བྱ་བ་ཡིན། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་རྣམ་པར་སྨིན། །ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །སྔར་ནི་དེ་ལྟར་རྣམ་བཞག་ནས། །སླར་ཡང་བླ་མའི་རྒྱུད་འདིར་ནི། །ཉེས་པ་ལྔ་དག་སྤང་བའི་ཕྱིར། །ཁམས་ཡོད་ཉིད་ཅེས་བསྟན་པ་ཡིན། །ཞེས་གསུངས་པ་ལྟར། མཐར་ཐུག་རྣམ་གྲངས་མ་ཡིན་པའི་དོན་དམ་ཡང་དག་པའི་མཐའ་ཉིད་ཟག་བཅས་ལས་ཉོན་རྣམ་སྨིན་སོགས་གློ་བུར་གྱི་ཆོས་འདུས་བྱས་ཀྱི་མཚན་མ་ཀུན་གྱིས་སྟོང་པའི་ཕྱིར། སྔར་འཁོར་ལོ་བར་བའི་སྐབས་སུ་ཟག་བཅས་འཁོར་བའི་ཆོས་ཐམས་ཅད་སྤྲིན་དང་རྨི་ལམ་སོགས་བཞིན་དོན་ལ་ཡོད་མ་མྱོང་བར་གཞི་མེད་རྩ་བྲལ་དུ་གཏན་ལ་ཕབ་ནས་སླར་འཁོར་ལོ་ཐ་མར་གནས་ཚུལ་ཇི་བཞིན་པར་སྟོན་པར་མཛད་པ་སྟེ། དོན་ལ་ད་ལྟ་སེམས་ཅན་གྱི་ཁམས་སུ་སངས་རྒྱས་ཀྱི་རིགས་རྣམ་པར་དག་པ་ཉིད་མེད་ཅེས་སྨྲ་བ་རྣམས་ཀྱིས་ད་ལྟའི་མ་དག་འཁྲུལ་སྣང་འདི་ཉིད་ཚད་མར་བྱས་ཏེ་རྟགས་སུ་བཀོད་པ་ལས་སྒྲུབ་བྱེད་གཞན་མེད་ན། འཁྲུལ་སྣང་འདི་རྨི་ལམ་གྱི་སྣང་བ་ལྟར་སྔོན་མེད་ཕྱིས་མེད་པར་འདིར་མེད་བཞིན་སྣང་ཡང་གཞི་རྩ་མེད་པས་དོན་ལ་ཡོད་མ་མྱོང་བར་རྒྱལ་བའི་ཡུམ་སོགས་ལས་ལེགས་པར་གཏན་ལ་ཕབ་པའི་དངོས་ཤུགས་ཀྱིས་རང་བཞིན་དག་པ་ཆེན་པོར་བསྟན་པའི་དོན་ཉིད་མ་སྦས་པར་འཁོར་ལོ་ཐ་མར་བསྟན་ཏེ་བདེན་གཉིས་ཐ་སྙད་དུའང་མ་འདྲེས་པས་དབྱེར་མེད་ན་དོན་དམ་པར་ལྟ་ཅི་སྨོས་ཏེ་དབྱེ་གཞི་ཟད་པའི་དབྱེར་མེད་རྣམ་དག་ཆེན་པོ་ཉིད་རྩལ་འདོན་དུ་མཛད་པ་དང་དོན་གྱི་གནད་གཅིག་པས་བཀའ་འཁོར་བར་ཐ་དང་དེའི་དགོངས་འགྲེལ་རྗེ་བཙུན་བྱམས་མགོན་དང་ཤིང་རྟ་ཆེན་པོ་ཀླུ་ཐོགས་རྣམ་གཉིས་རྗེས་འབྲང་དང་བཅས་པའི་དགོངས་པ་བུ་རམ་གྱི་རོ་གཟུགས་བཞིན་འགལ་མེད་དོན་གཅིག་ཏུ་ཤེས་སོ། །དེས་ན་ཐ་སྙད་ཚད་མས་གཞལ་ན་ཆོས་ཐམས་ཅད་ལ་གནས་སྣང་མི་མཐུན་པ་དང་མཐུན་པ་གཉིས་བྱུང་བའི་དབང་གིས། སེམས་ཅན་དང་སངས་རྒྱས། འཁྲུལ་པ་དང་གྲོལ་བ། གཞི་ལམ་འབྲས་བུའི་རྣམ་བཞག་སོགས་ཀུན་འཐད་ཀྱི། དེ་ལྟར་མ་ཡིན་པར་གཞན་དུ་གནས་ཚུལ་འབའ་ཞིག་པར་ཀུན་ལ་སྣང་ན་འཁྲུལ་པ་གཏན་མི་སྲིད་ལ། སྣང་ཚུལ་འཁྲུལ་པ་འདི་ལས་གཞན་དུ་གནས་ཚུལ་ཡང་དག་བཙལ་དུ་མེད་ན་སུ་ཡང་གྲོལ་མི་སྲིད་ཅིང་ལམ་ལ་འབད་པ་དགོས་མེད་དུ་ཐལ་ལོ། །ཡང་སངས་རྒྱས་ཀྱི་གཟིགས་ཚུལ་དང་སེམས་ཅན་གྱི་སྣང་ཚུལ་གཉིས་གནས་སྣང་མཐུན་མི་མཐུན་ཙམ་མིན་པར་ངོ་བོས་སམ་དོན་དམ་པར་ཐ་དད་ན་འཁོར་འདས་གཉིས་ལྟེ་ཆད་དུ་འགྱུར་ཏེ་དེ་གཉིས་འབྲེལ་བ་མེད་པའི་ཕྱིར་རོ། །དེ་ལྟ་ན་ཀ་བུམ་བཞིན་ཕན་ཚུན་གཅིག་ལ་གཅིག་མི་ལྟོས་པའི་ཕྱིར་གཞི་ལམ་འབྲས་བུ་གང་དུའང་བཞག་ཏུ་མེད་པའི་སྐྱོན་དུ་འགྱུར་རོ། །དེས་ན་གནས་སྣང་མཐུན་མི་མཐུན་ཡོད་པའི་དབང་གིས་སངས་རྒྱས་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གནས་སྣང་ཐམས་ཅད་མ་འདྲེས་པར། དོན་དམ་པར་དག་པ་ཆེན་པོའི་རང་བཞིན་དུ་སེམས་ཅན་དང་སངས་རྒྱས་མཉམ་པར་ཡང་གཟིགས། ཀུན་རྫོབ་ཏུ་བློ་འཁྲུལ་པ་ཅན་གྱིས་དེ་ལྟར་མ་ཤེས་པའི་དབང་གིས་མི་མཉམ་པ་འཁྲུལ་སྣང་རྨི་ལམ་ལྟ་བུར་སྡུག་བསྔལ་གྱིས་ཉམ་ཐག་པར་ཡང་གཟིགས། འཁྲུལ་པ་དེ་སེལ་བྱེད་ཀྱི་ལམ་དང་དེ་ལྟར་བསྟན་པ་ལ་དགོས་པ་ཡོད་པར་ཡང་མཁྱེན་ནས། སྔོན་གྱི་ཐུགས་རྗེ་ཆེན་པོའི་རྒྱུ་ལས་འཇིག་རྟེན་ན་མཆོག་གི་སྤྲུལ་པའི་སྐུ་ཐུབ་པ་ཆེན་པོ་སོགས་སུ་སྣང་བར་མཛད་ནས་ཆོས་བསྟན་པས་སེམས་ཅན་དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་རྒྱུན་མི་ཆད་པར་མཛད་པ་ཡིན་ཏེ། རྒྱུད་བླ་མར། ཡང་དག་རྫོགས་སངས་ཆོས་ཉིད་ཕྱིར། །སེམས་ཅན་ཁམས་ནི་གཏེར་དང་འདྲ། །གློ་བུར་ཁྱབ་དང་མ་གྲུབ་ཕྱིར། །དེ་ཡི་ཉོན་མོངས་སྤྲིན་ཚོགས་བཞིན། །དེ་འཐོར་བ་ནི་ཉེར་གནས་ཕྱིར། །ཐུགས་རྗེ་མི་ཟད་རླུང་དང་འདྲ། །གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་གསུངས། དེ་ཉིད་དཔེས་ཕྱོགས་ཙམ་མཚོན་ན། འཇིག་རྟེན་འདི་ན་སྨན་པ་མཁས་པ་རང་ཉིད་མིག་སྐྱོན་དང་བྲལ་བས་དུང་གི་ཁ་དོག་དཀར་པོ་དངོས་སུ་མཐོང་བ་ཞིག་གིས། གཞན་སེམས་ཅན་མཁྲིས་ནད་དམ་བད་ཀན་སོགས་ཀྱི་མིག་སྐྱོན་ཅན་དུང་ལ་སེར་པོར་མཐོང་ཞིང་དེ་ལྟར་དུ་བདེན་པར་འཛིན་པ་ཞིག་མཐོང་ན། ཀྱེ་མ་འདི་ནི་མཁྲིས་ནད་སོགས་ཀྱི་རྒྱུ་ལས་མིག་ལ་སྐྱོན་བྱུང་བར་ཟད་ཀྱི། ད་ནི་བདག་གིས་འདི་ཡི་མིག་ནད་དེ་བསལ་ནས་དུང་གི་ཁ་དོག་འདི་ཡི་གནས་ཚུལ་དཀར་པོ་ཉིད་ཇི་བཞིན་པར་མཐོང་ནུས་པར་བྱའོ་སྙམ་དུ་བསམ་ཞིང་། དེ་ཡང་དང་པོ་ནས་ཁ་དོག་དཀར་པོའོ་ཞེས་བརྗོད་ཀྱང་དེས་ཇི་བཞིན་དུ་མི་མཐོང་བས་ཡིད་མི་ཆེས་པ་ལ། ཐོག་མར་སྨན་དང་དཔྱད་སོགས་ཀྱིས་ནད་དེ་རིམ་པར་སྦྱང་བ་ན། མཐར་དེའི་མིག་སྐྱོན་དེ་ཡོངས་སུ་དག་པའི་དབང་གིས་དུང་གི་ཁ་དོག་དཀར་པོ་གནས་ཚུལ་ཇི་ལྟ་བ་བཞིན་མཐོང་སྟེ། སྨན་པ་དང་ནད་པ་གཉིས་ཀའི་མཐོང་ཚུལ་ལ་ཁྱད་མེད་པར་གྱུར་ནས་ཤིན་ཏུ་ངོ་མཚར་བ་དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རང་ངོར་འཁྲུལ་པ་མི་མངའ་ཞིང་བདག་དང་སེམས་ཅན་སོགས་ཆོས་ཐམས་ཅད་མཉམ་ཉིད་ཕྱོགས་ལྷུང་མེད་པར་རང་བཞིན་དག་པའི་ཆོས་ཉིད་དུ་གཟིགས་ཀྱང་། སེམས་ཅན་རྣམས་ཀྱིས་དེ་ལྟར་མ་རྟོགས་པའི་དབང་གིས་འཁྲུལ་པ་མེད་སྣང་གློ་བུར་བ་རྨི་ལམ་བཞིན་དུ་གནས་དོན་ལུས་གསུམ་གྱི་སྣང་བ་མུ་མེད་པར་ཤར་ཏེ་སྡུག་བསྔལ་གྱིས་ཉམ་ཐག་པར་གཟིགས་ནས། ཐུགས་དམིགས་པ་མེད་པའི་བརྩེ་བའི་སྙིང་རྗེ་ཆེན་པོ་སྐྱེས་ཏེ། དེ་དག་ལ་ཐོག་མ་ནས་རང་བཞིན་དག་པའི་སྙིང་པོའི་ཁམས་བསྟན་ན་དེ་དག་གིས་མི་རྟོགས་ཤིང་དོན་དུ་མི་འགྱུར་བས། དང་པོར་མི་རྟག་པ་སོགས་བདེན་བཞི་དང་རྟེན་འབྲེལ་བདག་མེད་པའི་དོན་ཅན་གྱི་ཆོས་འཁོར་དང་པོ་གཉིས་བསྐོར་བར་མཛད་ནས། མཐར་འཁོར་ལོ་ཐ་མར་རང་བཞིན་འོད་གསལ་སྐུ་དང་ཡེ་ཤེས་ཀྱིས་བརྒྱན་པའི་དབྱིངས་ཟག་མེད་ཉིད་སྒྲ་ཇི་བཞིན་པར་སྟོན་པར་མཛད་ནས་དེའི་སྒྲིབ་པ་གློ་བུར་པ་རྣམས་བསལ་བྱེད་ཀྱི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་པོ་ལ་བསླབ་ཏུ་བཅུག་པས། མཐར་འཁྲུལ་པ་མ་རིག་པ་གཉིད་འཐུག་པོ་ལྟ་བུ་དེ་སངས་པའི་རྒྱུ་ལས་རྨི་ལམ་ལྟ་བུའི་འཁྲུལ་སྣང་མཐའ་དག་གཞི་མེད་དུ་སངས་ནས་ཆོས་ཉིད་མཉམ་པ་ཆེན་པོའི་དོན་དེ་ཡང་དག་པར་མངོན་དུ་བྱེད་པ་ཡིན་ཏེ། འཇུག་པར། འདི་ན་ཇི་ལྟར་སད་བཞིན་ཇི་སྲིད་དུ། །མ་སད་དེ་བཞིན་དེ་ལ་གསུམ་པོ་ཡོད། །སད་པར་གྱུར་ན་གསུམ་ཆར་ཡོད་མིན་ལྟར། །གཏི་མུག་གཉིད་སད་ལའང་དེ་བཞིན་ནོ། །ཞེས་གསུངས། དེ་ལྟར་འཁྲུལ་པ་མཐའ་དག་དབྱིངས་སུ་ཐིམ་པའམ་དག་པའི་ཚེ་སངས་རྒྱས་དང་སེམས་ཅན་རང་བཞིན་མཉམ་ཞིང་གཉིས་སུ་བྱར་མེད་དེ་ཟད་འཕེལ་མེད་པའི་ཆོས་ཉིད་མཉམ་པ་ཆེན་པོའི་ཀློང་དུ་དགོངས་པ་འདུ་འབྲལ་མེད་པར་གནས་པ་ཙམ་སྟེ། གནུབས་ཀྱི་མདོ་འགྲེལ་ལས། རང་རིག་པ་འོད་གསལ་བའི་དགོངས་པ་ལ་ནི་སངས་རྒྱས་སེམས་ཅན་མ་དམིགས་པའི་ཕྱིར་རོ། །ཞེས་དང་། རྒྱལ་བ་རིལ་གྱི་སྐུ་གྲུབ་ཀྱང་དེ་ཁོ་ན་ཉིད་ལ་མང་ཞིང་རགས་པ་མེད་ལ། སྡུག་བསྔལ་ཅན་གྱི་འགྲོ་བ་ཇི་སྙེད་དུ་ཤར་ཡང་ཉུང་བ་དང་ཕྲ་བ་མེད་དོ། །ཞེས་དང་། གཞི་ཉིད་ཡེ་ཆོས་སྐུ་ཆེན་པོར་གྲུབ་པ་ལ་དངོས་པོ་གཉིས་པའི་རྣམ་པ་མེད་དེ། སྐྱིད་པ་ཆེན་པོའི་ལྷུན་ལ་བཞུགས་པ་ལ། སྐྱེ་ཤི་འཕོ་འགྱུར་མི་མངའ་བའི་ཕྱིར་འཕེལ་འགྲིབ་བྲལ་ལོ། །ཞེས་གསུངས་པ་དང་མཐུན་པར། དཀོན་མཆོག་བརྩེགས་པ་ལས། བསྐལ་པ་བྱེ་བ་བསམ་ཡས་སུ། །ང་ཡི་ཆོས་འདི་གནས་གྱུར་ལ། །ཉིན་རེ་བཞིན་དུ་དུས་གསུམ་དུ། །ཁམས་གསུམ་སེམས་ཅན་ཇི་སྙེད་པ། །སངས་རྒྱས་ས་ལ་འགོད་བྱེད་ཀྱང་། །སེམས་ཅན་ཁམས་ལ་དབྲི་བ་མེད། །ཅེས་དང་། ཤེར་མདོ་སོགས་ལས། བྲི་བ་མེད། གང་བ་མེད་སོགས་གསུངས་པའི་དོན་དེའོ། །དེའི་ཚེ་སངས་རྒྱས་དང་སེམས་ཅན་འཁོར་བ་དང་མྱང་འདས་ཆོས་ཅན་དང་ཆོས་ཉིད་གཅིག་ཐ་དད་ལ་སོགས་པའི་གཉིས་ཆོས་ཀྱི་སྤྲོས་པ་མཐའ་དག་ཉེ་བར་ཞི་བས་ངོ་བོ་གཟིགས་བྱ་གཟིགས་བྱེད་ལས་འདས་པའི་ཕྱིར་སངས་རྒྱས་ཀྱིས་ཀྱང་སྤྲོས་པའི་རྣམ་པར་མི་གཟིགས་ཏེ། རང་བྱུང་ཡེ་ཤེས་ཆེན་པོ་ཉག་གཅིག་གི་ཀློང་དུ་ལམ་དང་འབྲས་བུའི་ཆོས་ཀུན་རྫོགས་པས་མཐར་ཕྱིན་པ་ཡིན་ཏེ། རྒྱུད་གསང་སྙིང་ལས། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་གསུངས་པ་བཞིན་ནོ། །དེས་ན་འཁོར་ལོ་བར་ཐ་དང་ངེས་གསང་རྒྱུད་ཀྱི་དགོངས་པ་མཐའ་དག་དོན་གྱི་གནད་གཅིག་ཅིང་གནས་སྐབས་སྒྲ་མཐུན་དོན་དཔག་གི་ཚུལ་དུ་ཤེས་པར་བྱས་ཏེ་ལམ་གྱི་གནད་ཚོལ་བ་ལ་མཁས་པར་བྱ་དགོས་པས། འདིར་ནམ་མཁའ་རིན་པོ་ཆེའི་མདོ་དང་། གཤེད་དམར་གྱི་རྒྱུད་དང་དགོངས་འགྲེལ་མངོན་རྟོགས་རྒྱན་དང་རྒྱུད་བླ་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་ཚིག་མཐུན་པར་གསུངས་པའི། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་པའི་ཚིགས་སུ་བཅད་པ་གཅིག་པོ་འདི་ལ་སྒྲ་མཐུན་དོན་དཔག་གི་ཚུལ་དུ་ཅུང་ཟད་བཤད་ན། ཕར་ཕྱིན་དང་མཐུན་པའི་ཚིག་སྤྱི། སྔགས་བླ་མེད་དང་མཐུན་པའི་སྦས་དོན། ཐེག་རྩེ་ཨ་ཏི་དང་མཐུན་པའི་མཐར་ཐུག་གི་དོན་གསུམ་དང་། དང་པོ་ལ་བཀའ་འཁོར་བར་ཐ་ལྟར་གཉིས་སུ་དབྱེ་བས་བཞི་ལས། དང་པོ་འཁོར་ལོ་བར་པ་ལྟར་ཆོས་ཉིད་མཉམ་པའི་ངོས་ནས་གཞལ་ན། དཔལ་མགོན་འཕགས་པ་ཀླུས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་ཅིང་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་དབུ་མ་རྩ་བའི་མཆོད་བརྗོད་དུ་གསུངས་པ་ལྟར། རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་བྱུང་བའི་ཀུན་བྱང་གི་ཆོས་ཐམས་ཅད་མ་བརྟགས་ཉམས་དགའ་ཙམ་དུ་སྣང་ཡང་། དོན་དམ་པར་རང་བཞིན་གྱིས་གྲུབ་པ་མེད་པས། གང་སྣང་བའི་གཟུགས་སོགས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་གཟུགས་སྟོང་པ་དང་། གནས་སྐབས་རྟེན་འབྲེལ་གྱི་སྣང་བ་མ་འགགས་པར་ཤར་བས་སྟོང་པ་ཉིད་གཟུགས་དང་། སྣང་ཙམ་ཉིད་ན་ངོ་བོ་སྟོང་ཉིད་ལས་མ་གཡོས་པས་གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་པ་དང་། ངོ་བོ་སྟོང་ཉིད་ལས་མ་གཡོས་པར་གཟུགས་སོགས་སུ་སྣང་བས་སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་པ་སྟེ་སྟོང་ཉིད་བཞི་སྦྱོར་གྱི་དགོངས་པ། ཀླུས། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ཏེ། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་གསུངས་ཏེ། དེ་ཡང་གཞལ་བྱ་ཡུལ་གྱི་སྒོ་ནས་ཆོས་དབྱིངས་མཉམ་པ་ཆེན་པོ་ལ་དབྱེ་གཞི་ཟད་པས་སྔར་མ་འདྲེས་པ་ལ་ད་གསར་དུ་འདྲེ་བར་བྱ་བ་ཅུང་ཟད་ཀྱང་མེད་དེ་གདོད་ནས་དབྱེར་མེད་ཡིན། གཞལ་བྱེད་ཡུལ་ཅན་གྱི་ངོས་ནས་གཞལ་ན། ད་ལྟ་ཚོགས་སྦྱོར་གྱི་སྐབས་སུ་ཐོས་བསམ་གཙོ་བོར་གྱུར་པས་སྒྲོ་འདོགས་ཡིན་ལུགས་སུ་བཅད་སྟོབས་ཀྱིས། ནམ་ས་དང་པོའི་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ནི་མཉམ་བཞག་ཏུ་ཡུལ་ཡུལ་ཅན་གཉིས་མེད་དུ་འདྲེས་ཤིང་རྟོགས་ལ་མཐར་ཕྱིན་པ་ནི་སངས་རྒྱས་ཀྱི་ས་སྟེ་མཉམ་རྗེས་དབྱེར་མེད་རོ་མཉམ་དུ་གྱུར་པའོ། །དེས་ན་ཆོས་ཐམས་ཅད། ངོ་བོ་སྟོང་པ་ཉིད། རང་བཞིན་མཚན་མེད། འབྲས་བུ་སྨོན་པ་མེད་པ་སྟེ་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ཅན། མཐའ་བྲལ་དབུ་མ་ཆེན་པོའམ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ། དོན་དམ་པའི་དབྱིངས་སྲིད་ཞི་མཉམ་པ་ཉིད། མཐར་ཐུག་དམ་པའི་དོན་གྱི་བདེན་གཅིག འཕགས་པ་རྣམས་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཟབ་ཞི་སྤྲོས་བྲལ་འོད་གསལ་བའི་ཡེ་ཤེས་སྨྲ་བསམ་བརྗོད་མེད་བློ་འདས་ཆེན་པོ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ་ནི་རྟོགས་བྱ་མཐར་ཐུག་གཏན་ལ་དབབ་བྱའི་གཞི་རྣམ་གྲངས་མ་ཡིན་པའི་སྟོང་ཉིད་རྣམ་ཀུན་མཆོག་ལྡན་ཏེ། ཤེར་ཕྱིན་སྡུད་པར། གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། །བྱིས་པ་རྣམས་ཀྱིས་དེ་བརྟགས་ཡོད་དང་མེད་པར་བྱེད། །ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །བྱང་ཆུབ་སེམས་དཔའ་གང་གིས་འདི་ཤེས་ངེས་པར་འབྱུང་། །གང་འདིར་ཕུང་པོ་ལྔ་དང་སྒྱུ་མ་འདྲར་ཤེས་ཤིང་། །སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་མི་བྱེད་ལ། །སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། མདོ་དགོངས་འགྲེལ་ལས། སོ་སོ་རང་རིག་མཚན་ཉིད་སྤྱོད་ཡུལ་དེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་དང་། དཀོན་མཆོག་ཏ་ལ་ལས། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་པ་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་དང་། ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུལ་ལ་ཕྱག་འཚལ་ལོ། །ཞེས་དང་། མངོན་རྟོགས་རྒྱན་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་གསུམ་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དེ་ལ་དེ་སྒྲ་ཡིན། །ཞེས་དང་། དབུ་མ་རྩ་བར། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མི་འགག་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་དང་། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་དང་། འཇུག་པ་ལས། སོ་སོའི་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་གྱུར་པས། །རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་པ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུངས། །ཞེས་སོ། །ཚུལ་འདི་ལ་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པ་འཁོར་བའི་ཕྱོགས་རྩ་བ་ཆོས་དང་གང་ཟག་གི་བདག་ཏུ་འཛིན་པ་དང་། དེས་བསྐྱེད་པའི་ལས་ཉོན་རྣམ་སྨིན་སོགས་འདུ་བྱེད་ཟག་བཅས་ཀྱི་ཆོས་རྣམས་གནས་སྐབས་ཕྱིན་ཅི་ལོག་ཏུ་ཞེན་པས་སྒྲོ་བཏགས་པ་ཙམ་ལས་དོན་ལ་གྲུབ་པ་ནི་ཅི་ཡང་མེད་དོ། །རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཆོས་བདག་མེད་པ་གཉིས་ཀྱིས་བསྡུས་པའི་ལམ་དང་འབྲས་བུའི་ཆོས་བཞག་པར་བྱ་བའང་ཅུང་ཟད་མེད་དེ་དེ་གཉིས་ཀའང་རང་བཞིན་གདོད་ནས་མ་སྐྱེས་པས་ཆོས་ཉིད་མཉམ་པ་ཉིད་དེ། རྒྱལ་སྲས་ཞི་བ་ལྷས། འགྲོ་བ་འདི་དག་ཐམས་ཅད་ནི། །རྟག་ཏུ་མ་སྐྱེས་མི་འགག་ཉིད། །འགྲོ་བ་རྨི་ལམ་ལྟ་བུ་སྟེ། །རྣམ་པར་དཔྱད་ན་ཆུ་ཤིང་འདྲ། །མྱ་ངན་འདས་དང་མ་འདས་པ། །དེ་ཉིད་དུ་ནི་ཁྱད་པར་མེད། །ཅེས་གསུངས། དེ་ལྟ་བུའི་གནས་ཚུལ་ཡང་དག་པའི་དོན་ཉིད་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་ཡང་དག་པར་བལྟ་བ་སྟེ། ཡུལ་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་ལ་ཡུལ་ཅན་གོམས་བྱེད་ཀྱི་བློ་ཡང་སྤྲོས་པ་དང་བྲལ་བར་འཕགས་པའི་མཉམ་བཞག་དང་རྗེས་སུ་མཐུན་པར་གཉིས་སྣང་མེད་པའི་ཚུལ་དུ་གོམས་པར་བྱ་བ་སྟེ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་མདོ་ལས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣམ་པར་རྟོག་པའི་མཚན་མའི་རྣམ་པ་ཐམས་ཅད་ཡིད་ལ་མི་བྱེད་པས་ཡོངས་སུ་སྤོང་བ་ན། དེ་ལྟར་རྣམ་པར་མི་རྟོག་པའི་དབྱིངས་ལ་ཤིན་ཏུ་བརྩོན་པ་ཡིན་ཏེ། རེ་ཞིག་རྣམ་པར་མི་རྟོག་པའི་དབྱིངས་ལ་ནི་མ་རེག་མོད་ཀྱི། རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་པར་འགྱུར་བའི་ཚུལ་བཞིན་པའི་ཏིང་འཛིན་ནི་ཡོད་དོ། །ཞེས་དང་། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་བདེ་བར་གཤེགས་པས་གསུངས། །ཞེས་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། ཀུན་ཏུ་རྟོག་པས་མ་བརྟགས་པ། །རབ་ཏུ་མི་གནས་པ་ཡི་ཡིད། །དྲན་པ་མེད་ཅིང་ཡིད་བྱེད་མེད། །དམིགས་པ་མེད་ལ་ཕྱག་འཚལ་ལོ། །ཞེས་དང་། ཏིང་རྒྱལ་ལས། དམིགས་པ་མེད་ཅིང་མཚན་མ་མེད། །རྣམ་རྟོག་མེད་ཅིང་སྤྲོས་པ་མེད། །སྐྱེ་མེད་དེ་ནི་དེ་བཞིན་ཉིད། །ཅེས་དང་། ལང་གཤེགས་ལས། ཅི་ཙམ་སེམས་ཀྱི་སྤྱོད་ཡུལ་བ། །ཡོད་དང་མེད་པ་མཐའ་གཉིས་ཏེ། །སྤྱོད་ཡུལ་རྣམ་པར་སྤང་བ་ན། །སེམས་ཀྱང་ཡང་དག་འགག་པར་འགྱུར། །ཞེས་དང་། ཡོད་མིན་མེད་མིན་ཡོད་མེད་མིན། །དེ་ལྟར་འཇིག་རྟེན་ནམ་མཐོང་ན། །དེ་ཚེ་སེམས་ཀྱང་རྣམ་ལྡོག་སྟེ། །བདག་མེད་པ་ཡང་མཐོང་བར་འགྱུར། །ཞེས་དང་། དབུ་མ་རྩ་བ་ལས། གང་དག་རང་དངོས་གཞན་དངོས་དང་། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀཱ་ཏ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་དགག་པར་མཛད། །ཅེས་དང་། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་བལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་དང་། རྒྱལ་སྲས་ཞི་བ་ལྷས། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱིས་ནས་སྤོང་བར་འགྱུར། །གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང་། ཨ་ཏི་ཤས། ཆོས་ཉིད་སྤྲོས་དང་བྲལ་བ་ལ། །ཤེས་པའང་སྤྲོས་དང་བྲལ་བར་བཞག །ཅེས་དང་། དེ་ཉིད་ཀྱིས་དབུ་མའི་མན་ངག་བཀྲལ་བ་ལས། ཅིར་ཡང་མི་འཛིན་པ་ནི་གཟུང་བ་དང་འཛིན་པའི་རྟོག་པ་དང་བྲལ་བས་སོ། །དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་པ་ནི་འདས་པ་དང་མ་འོངས་པ་ལ་དམིགས་པའི་རྟོག་པ་སྤང་བའོ། །ཞེས་དང་། སློབ་དཔོན་བྷ་བྱའི་དབུ་མ་རིན་ཆེན་སྒྲོན་མེར། སྐབས་དེར་ཤེས་པ་ཅི་ལ་ཡང་མི་གནས། ཅིར་ཡང་མི་རྟོག ཅིར་ཡང་སེམས་པ་མེད་པ། མཐའ་ཐམས་ཅད་ལ་མི་གནས་པ། ཤེས་པ་ཅིའི་ངོ་བོར་ཡང་མ་སྐྱེས་པ་ཅི་ཡང་མ་ཡིན་པ་བསྒོམ་པར་བྱའོ། །ཞེས་དང་། འཇམ་མགོན་ས་སྐྱ་པཎ་ཆེན་གྱིས། བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ཁྲིད་ཡིག་ཏུའང་དེ་དང་མཐུན་པར། འཁོར་བ་ནི་བློ་འཁྲུལ་པ་ལ་སྣང་ཡང་ཤེས་རབ་ཀྱིས་བརྟགས་ན་ངོ་བོར་གྲུབ་པ་ཅི་ཡང་མེད། དེས་ན་འདས་པ་ལ་སེམས་མི་གཞུགམ་འོངས་པ་ལ་སེམས་མི་འཇུག ད་ལྟར་བ་ལ་རྣམ་པར་ཤེས་པ་མི་འཇུག་པ་གཅིག་གོ་བར་བྱས་ནས། ཆོས་ཐམས་ཅད་སྤྲོས་བྲལ་དུ་ཤེས་པར་བྱའོ། །ཞེས་གསུངས་ཤིང་། རྗེ་བཙུན་གྲགས་པས། ལམ་འབྲས་གཞུང་ཁྲིད་ཚིགས་བཅད་མར། སྐྱེ་དང་འགགས་དང་གནས་པ་ཡོད་མིན་ན། །བརྗོད་བྲལ་འདི་ལ་ཅི་ཞིག་བསམ་པར་བྱ། །བརྗོད་མེད་རྗོད་པ་འདི་ལ་དོན་མེད་ཅིང་། །བསམ་མིན་བསམ་པར་བྱ་བའི་གནས་མིན་ལ། །བསྒོམ་དུ་མེད་པ་འདི་ལ་ཅི་ཞིག་སྒོམ། །དེ་ལྟར་ཤེས་ན་འཛིན་པ་མེད་པར་འགྱུར། །ཞེས་དང་། རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པས། མཉམ་བཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་དང་། །རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་པ་གཉིས། །བསྒོམས་ནས་ཐབས་ཤེས་ཟུང་དུ་འབྲེལ་བ་ཡི། །རྒྱལ་སྲས་སྤྱོད་པའི་ཕ་རོལ་འགྲོ་བ་བསྔགས། །ཞེས་སོགས་གསུངས་པ་ལྟར་མཉམ་བཞག་ཏུ་ནམ་མཁའ་ལྟ་བུའི་སྟོང་ཉིད་དོན་སྤྱིའི་ཚུལ་དུ་བསྒོམས་ཤིང་། རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་རྩིས་ཟིན་པའི་སྒོ་ནས་ཚོགས་གཉིས་ཟུང་འབྲེལ་དུ་བསླབས་པས། རིམ་གྱིས་སྒྲིབ་པ་བྱང་སྟོབས་ཀྱིས་སྤྲོས་བྲལ་མཉམ་པ་ཆེན་པོའི་དོན་མཐོང་མེད་ཚུལ་གྱིས་མཐོང་བར་འགྱུར་ཏེ། སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་ཏུ་བརྗོད། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་བདེ་བར་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་དང་། འཇུག་པ་ལས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམས་རྟེན་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་པ་དེ་ཡི་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བརྟེན་ནས་རིག་པ་ཡིན། །ཞེས་དང་། དེའི་འགྲེལ་པར། དེ་ལྟར་ཡེ་ཤེས་ཀྱི་ཡུལ་དེ་ཁོ་ན་ཉིད་ལ་རྣམ་པ་ཐམས་ཅད་དུ་ཡུལ་ཅན་སེམས་དང་སེམས་ལས་བྱུང་བ་རྣམས་མི་འཇུག་པས་སྐུ་ཁོ་ནས་མངོན་དུ་མཛད་པར་ཀུན་རྫོབ་ཏུ་རྣམ་པར་བཞག་གོ །ཞེས་དང་། ཨ་ཏི་ཤས། སྟོང་པ་ཉིད་ལ་ཐ་དད་ནི། །ཅུང་ཟད་ཡོད་པ་མ་ཡིན་ཏེ། །རྟོགས་མེད་ཚུལ་གྱིས་རྟོགས་པས་ན། །སྟོང་ཉིད་མཐོང་ཞེས་ཐ་སྙད་བཏགས། །ཞེས་གསུངས། དེ་ལྟ་བུའི་གནས་ལུགས་ཡང་དག་པའི་དོན་མཐོང་ན་སྲིད་ཞིའི་འཆིང་བ་ཀུན་ལས་རྣམ་པར་གྲོལ་བར་འགྱུར་ཏེ། རྒྱལ་བའི་ཡུམ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང་འབྲེལ་འབྱུང་བ། །སྐྱེ་མེད་ཟད་པ་མེད་པར་ཤེས་རབ་འདི་ཤེས་ན། །ཉི་མ་སྤྲིན་མེད་འོད་ཟེར་འཕྲོ་བས་མུན་བསལ་ལྟར། །མ་རིག་ཐིབས་པོ་སངས་ནས་རང་བྱུང་ཐོབ་པར་འགྱུར། །ཞེས་དང་། འཇུག་པར། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་ཀྱི་སྐུ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་སྟེ་སྐུ་ཡི་མངོན་སུམ་མཛད། །ཅེས་དང་། དེའི་འགྲེལ་པར། རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཞི་བ་ཡིན་ཏེ་མེ་བཞིན་དུ་འདས་པ་ནི་མ་ཡིན་ནོ། །ཞེས་གསུངས་པས་རང་བྱུང་ཡེ་ཤེས་ཀྱི་སྐུ་སྤྲོས་པ་དང་བྲལ་བའི་མཚན་ཉིད་ཅན་མངོན་དུ་མཛད་ནས་འཁོར་བ་མ་སྟོང་བར་དུ་རྟོག་མེད་ལྷུན་གྲུབ་ཀྱི་ཕྲིན་ལས་གདུལ་བྱའི་ཡུལ་ལ་འཇུག་པ་ཡིན་ཏེ། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་བཞིན་དུ་རྣམ་མི་རྟོག །འགྲོ་སྒྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་སོ། །གཉིས་པ་འཁོར་ལོ་ཐ་མའི་བསྟན་དོན་ཆོས་ཉིད་དག་པ་ཆེན་པོའི་ངོས་ནས་གཞལ་ན། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལས། དྲི་མེད་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛད། །གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཡིན་ནོ། །ཞེས་གསུངས་པས། དཔེ་ཇི་ལྟར་ན་ཉི་མ་རང་བཞིན་གྱིས་འོད་གསལ་ཞིང་མུན་སོགས་ཀྱི་དྲི་མ་མེད་ཀྱང་རྐྱེན་གློ་བུར་བ་སྤྲིན་སོགས་ཀྱིས་བསྒྲིབས་ཏེ་མི་སྣང་བ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ནས་དག་པའི་ཆོས་ཉིད་ཟག་པ་མེད་པའི་ཆོས་རྣམས་དང་རྣམ་དབྱེར་མེད་པ་བདེ་བར་གཤེགས་པའི་སྙིང་པོ་གནས་པ་ནི་གང་རྟོགས་པར་བྱ་བ་ཁམས་སམ་རང་བཞིན་གནས་པའི་རིགས་དང་། ཉི་མ་སྤྲིན་སྦུབས་ལས་གྲོལ་ཏེ་སྒྲིབ་བྱེད་ཐམས་ཅད་དང་བྲལ་བ་བཞིན་ཁམས་དེ་གློ་བུར་གྱི་སྒྲིབ་པའི་སྦུབས་ལས་གྲོལ་ཏེ་དག་པ་གཉིས་ལྡན་མཐར་ཐུག་པ་ནི་གང་ཐོབ་པར་བྱ་བ་བྲལ་འབྲས་བྱང་ཆུབ་དང་། ཉི་མ་དེ་སྤྲིན་གྱིས་བསྒྲིབས་པ་དང་མ་བསྒྲིབས་པའི་གནས་སྐབས་ཀུན་ཏུ་རང་གི་ངོ་བོ་ལ་ཁྱད་པར་མེད་པ་བཞིན། བྱང་ཆུབ་ཆེན་པོ་དང་འབྲེལ་བའི་སྟོབས་སོགས་ཀྱི་ཡོན་ཏན་རྣམས་ཀྱང་དྲི་མས་བསྒྲིབས་མ་བསྒྲིབས་ཙམ་ལས་དོན་ལ་ཁྱད་པར་མེད་པར་ད་ལྟ་ནས་རིགས་ཁམས་ལ་ཆོས་ཉིད་ཀྱི་ཚུལ་དུ་འབྲལ་མི་ཤེས་པར་གནས་པ་ནི་རྟོགས་པ་དེའི་ཡོན་ཏན་དང་། ཉི་མ་ལ་རྣམ་རྟོག་མེད་ཀྱང་འཇིག་རྟེན་ན་མུན་པ་སེལ་བ་དང་མེ་ཏོག་གི་ཁ་འབྱེད་པ་བཞིན་དུ། སངས་རྒྱས་ལ་འབད་རྩོལ་གྱི་རྣམ་རྟོག་དང་སྤྲོས་པ་མི་མངའ་ཡང་ལྷུན་གྲུབ་རྒྱུན་མི་ཆད་པའི་ཕྲིན་ལས་གདུལ་བྱའི་ཡུལ་ལ་རྟག་པར་འཇུག་པས་གནས་སྐབས་དང་མཐར་ཐུག་གི་རྒུད་པ་སེལ་ཞིང་རྣམ་གྲོལ་གྱི་པདྨོ་བཞད་པར་མཛད་པ་ནི་ཡོན་ཏན་རྣམས་ཐོབ་པའི་ནུས་པ་སྟེ་བཞི་ལས། སྔ་མ་དག་བྱ་རྒྱུ་དང་། ཕྱི་མ་གསུམ་དག་བྱེད་རྐྱེན་ཏེ་གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ་ནི་དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཡིན་གྱི་ཕལ་པས་བསམ་གྱིས་མི་ཁྱབ་སྟེ་གང་ཟག་ལས་དང་པོ་པ་རྣམས་ཀྱིས་དད་པས་རྟོགས་པར་བྱ་བ་ཙམ་མོ། །དེའི་ཕྱིར་གཞུང་དེ་ཉིད་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །ཞེས་དང་། རང་བྱུང་རྣམས་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་དང་། མདོ་ལས། དོན་དམ་པ་ནི་དད་པས་རྟོགས་པར་བྱའོ། །ཞེས་གསུངས། དེས་ན་རྟོགས་བྱ་ཁམས་ཟག་མེད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ནི་སྔར་སྨོས་པ་བཞིན་ཟུང་འཇུག་རྣམ་གྲངས་མིན་པའི་དོན་དམ་དབྱེ་གཞི་ཟད་པའི་དབྱེར་མེད་རྣམ་དག་ཆེན་པོ་ཉིད་ཡིན་པས་སྟོང་པའི་དབྱིངས་དང་འོད་གསལ་བའི་ཡེ་ཤེས་གཉིས་ཀྱང་སྣང་སྟོང་རིས་སུ་ཆད་པ་མེད་དེ་མཉམ་པ་ཉིད་དོ། །དེའི་ངོར་དབྱིངས་འདི་ལ་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པ་གསུམ་གྱིས་བསྡུས་པའི་ཟག་བཅས་འཁོར་བའི་ཆོས་གློ་བུར་པ་ཐམས་ཅད་ནི་དོན་ལ་མེད་པའི་བློ་འཁྲུལ་བ་ཙམ་ཡིན་པས་གཤིས་ལ་ཡེ་ནས་མ་ཞུགས་པས་ད་གསར་དུ་བསལ་བར་བྱ་རྒྱུ་ནི་ཅི་ཡང་མེད་དེ། འཇམ་དཔལ་རྣམ་པར་རོལ་པ་ལས། སྲིང་མོ་གང་རང་བཞིན་གྱིས་འོད་གསལ་བ་ལ་གློ་བུར་གྱི་ཉོན་མོངས་པ་བྱུང་ཡང་རང་བཞིན་གྱིས་འོད་གསལ་བ་དེ་ནི་གློ་བུར་གྱི་ཉོན་མོངས་པ་དེས་ཀུན་ནས་ཉོན་མོངས་པར་བྱེད་མི་ནུས་སོ། །ཞེས་གསུངས། དེའི་དོན་ཡང་། ད་ལྟ་འཁྲུལ་སྣང་འདི་རྟེན་གཞིའི་རྩ་བ་དང་བྲལ་བས་སམ་དྲི་མ་དེ་གདོད་ནས་མ་གྲུབ་པ་ནི་གོང་དུ་འཁོར་ལོ་བར་བའི་སྐབས་སུ་གཏན་ལ་ཕབ་ཟིན་པ་བཞིན་ནོ། །མྱ་ངན་ལས་འདས་པའི་ཆོས་སྐུ་དང་ཡེ་ཤེས་སོགས་སངས་རྒྱས་ཀྱི་ཡོན་ཏན་གདྒཱའི་ཀླུང་གི་བྱེ་མའི་གྲངས་ལས་འདས་པ་ནི། ཆོས་ཀྱི་དབྱིངས་དང་ངོ་བོ་དབྱེར་མེད་ཅིང་ཐ་མི་དད་པའི་ཕྱིར་ད་གསར་དུ་སྒྲུབ་སྟེ་བཞག་པར་བྱ་བ་ཅུང་ཟད་ཀྱང་མེད་དེ་ཆོས་དབྱིངས་དེའི་རང་བཞིན་ཡིན་པའི་ཕྱིར། མདོ་ལས། སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་དྲི་མ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་དྲི་མ་མེད་པའི་དབྱིངས། སངས་རྒྱས་ཀྱི་དབྱིངས། མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པའི་དབྱིངས་ཡོད་དེ། དཔེར་ན་ཆུ་དང་འབྲུ་མར་བསྲེས་པ་མི་མངོན་པ་དེ་བཞིན་དུ། སངས་རྒྱས་ཀྱི་དབྱིངས་ཀྱང་ཉོན་མོངས་པ་བྱེ་བས་གཡོགས་མོད་ཀྱི་ཉོན་མོངས་པ་དང་སངས་རྒྱས་ཀྱི་དབྱིངས་འདྲེས་པར་གྱུར་པའི་གནས་མེད་དོ། །དབྱིངས་ཀྱང་ཉོན་མོངས་པ་བྱེ་བའི་ནང་ན་འདུག་མོད་ཀྱི་བུམ་པའི་ནང་ན་མར་མེ་འདུག་པ་བཞིན་དུ་བུམ་པ་བཅག་ན་མར་མེ་རབ་ཏུ་འབར་ཞིང་མཛེས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པ་ནི་སངས་རྒྱས་སོ། །ཞེས་དང་། རྒྱུད་བླ་མར། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང་། ཀླུས་ཆོས་དབྱིངས་བསྟོད་པར། ཇི་ལྟར་མར་མེ་བུམ་ནང་ན། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་ན། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཕྱོགས་ནི་གང་དང་གང་དག་ནས། །བུམ་པར་བུ་ག་བཏོད་གྱུར་པའི། །དེ་དང་དེ་ཡི་ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ཉིད་བཅག་གྱུར་པ། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་པར་ནི་སྣང་བར་བྱེད། །ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཞེས་ཆོས་དབྱིངས་ཡེ་ཤེས་དྲི་བྲལ་དུ་གསུངས་ཤིང་། མདོ་རྒྱན་ལས་ཀྱང་། ཆོས་ཉིད་སེམས་ལས་གཞན་པའི་སེམས་རྣམས་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་གསུངས་པས་ད་ལྟའི་སེམས་ཀྱི་རང་བཞིན་ནམ་ཆོས་ཉིད་འོད་གསལ་བའི་ཡེ་ཤེས་འདུས་མ་བྱས་ཉིད། ཆོས་ཅན་འཁྲུལ་སེམས་ཚོགས་བརྒྱད་ཀྱིས་བསླད་དུ་མེད་པའི་རང་བཞིན་རྣམ་དག་ཡིན་པའི་གནད་ཀྱིས་སྒྲིབ་པ་སྦྱང་རུང་དང་། ཡོན་ཏན་སྣང་རུང་དུ་སྒྲུབ་པ་ཡིན་ཏེ། ལང་གཤེགས་ལས། ཆོས་ཐམས་ཅད་ཀྱི་དོན་དམ་པ་འཕགས་པའི་ཡེ་ཤེས་ཆེན་པོ་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཐོབ་པ་ནི་ལྟ་བ་དང་ཉེས་པ་ཐམས་ཅད་ཀྱི་བག་ཆགས་ཀྱིས་སྟོང་སྟེ། འདི་ནི་ཆོས་ཐམས་ཅད་ཀྱི་དོན་དམ་པ་འཕགས་པའི་ཡེ་ཤེས་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །ཞེས་གསུངས། གཞན་དུ་སེམས་མེད་ལ་སྒྲིབ་པ་མེད་མོད་དེ་སྒྲིབ་པ་དང་བྲལ་ཡང་དེས་ཅིའང་མཁྱེན་མི་སྲིད་པས་དགོས་ནུས་དབེན་པའི་ཕྱིར་ནམ་མཁའ་སྟོང་པར་སྒྲུབ་པའི་ངལ་བ་བཞིན་ནོ། །གཞན་ཡང་ཆོས་དབྱིངས་དེ་མེད་དགག་གི་སྟོང་པ་ཕྱོགས་གཅིག་ཏུ་བཟུང་ན་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་སོགས་ཀྱང་མེད་པར་འགྱུར་བ་དང་། དེར་བརྟེན་པའི་ཚོགས་བསགས་པ་དང་སྒྲིབ་པ་སྦྱང་བ་རྣམས་ཀྱང་མེད་པར་འགྱུར་ཞིང་། རྒྱུ་དང་འབྲས་བུའི་ཐེག་པ་དག་གིས་གཞི་གང་དུ། ལམ་གང་གིས་དྲི་མ་སྦྱོང་བའི་ཐབས་ཇི་སྙེད་བསྟན་པ་རྣམས་ཀྱང་ཉམས་པར་འགྱུར་ཏེ། སྦྱང་གཞི་མེད་པས་སྦྱོང་བྱེད་ཀྱི་དགོས་པ་མེད་པ་དང་། ཡེ་ཤེས་ཀྱིས་སྟོང་པས་གཞན་དོན་མཛད་པ་དང་མཁྱེན་པར་མི་འགྱུར་བ་དང་། བཅིང་པ་དང་གྲོལ་བའི་གཞི་མེད་པ་དང་། སོ་སོ་རང་གིས་རིག་པར་བྱ་བའི་ཆོས་མེད་པར་འགྱུར་བ་སོགས་ཀྱི་སྐྱོན་མང་བའི་ཕྱིར། དཀོན་མཆོག་བརྩེགས་པ་ལས། གང་ཟག་ཏུ་བལྟ་བ་རི་རབ་ཙམ་དུ་གནས་པ་སླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་བལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་དང་། ཅི་ཡང་མེད་པ་ཞེས་བྱ་བ་ནི་གཅེར་བུ་པ་རྣམས་ལའང་ཡོད་མོད་ཀྱི་ཐར་པ་ནི་དེ་ལྟར་མ་ཡིན་ནོ། །ཞེས་དང་། ཡུམ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་དང་། ཀླུས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་པར་འགྱུར། །ཞེས་སོགས་དང་། ཀུན་མཁྱེན་བླ་མས། བྲལ་གཞི་མི་ཤེས་སྲིད་རྩེའི་ལྟ་བ་ཅན། །སོགས་གསུངས་པའི་དོན་ཡང་དེ་ཡིན་ནོ། །དེའི་ཕྱིར་ཆོས་ཐམས་ཅད་རང་བཞིན་མེད་པར་དགག་པའི་ཤུལ་དུ་དངོས་སྨྲ་བའི་ལུགས་ལྟར་ཀ་བུམ་སོགས་དགག་གཞི་དངོས་པོ་རང་མཚན་པ་ཞིག་འཇོག་རྒྱུ་མེད་མོད་ཀྱང་ཐ་སྙད་དུ་ཕྱང་ཆད་ནམ་མཁའ་ལྟ་བུ་ཅི་མེད་ཅང་མེད་མ་ཡིན་པར་སྐུ་དང་ཡེ་ཤེས་སོགས་སངས་རྒྱས་ཀྱི་ཆོས་རྣམས་འཆར་རུང་གི་དབྱིངས་ཟག་མེད་རྣམ་ཀུན་མཆོག་ལྡན་འདི་ལ་མ་ཡིན་དགག་གི་སྒྲས་བསྟན་པ་ཡིན་ཏེ། སྟོང་ཚུལ་འདི་ནི་བཀའ་འཁོར་བར་པ་ནས་ཀྱང་གསུངས་པ། ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། ཆོས་ཀྱི་གནས་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བའི་དེ་བཞིན་ཉིད་དང་། གཞན་མ་ཡིན་པའི་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ནི་དེ་བཞིན་ཉིད་དུ་གནས་པ་སྟེ། དེ་ལྟར་ཆོས་ཉིད་དེ་དག་གཞན་གྱིས་སྟོང་པ་གང་ཡིན་པ་དེ་ནི་གཞན་གྱི་དངོས་པོས་སྟོང་པ་ཉིད་ཅེས་བྱ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོའོ། །ཞེས་གསུངས། ལུང་ཚིག་འདི་ལ་བརྟེན་ནས་ཀུན་མཁྱེན་དོལ་པོ་སོགས་ཀྱིས་གཞན་སྟོང་ཞེས་མཚན་གསོལ་བ་ནི། དཔེར་ན་ཤེར་སྙིང་ལས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་སོགས་གསུངས་པ་ལ་བརྟེན་ནས་ཕ་དམ་པས་དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་མཚན་གསོལ་ཏེ་སྤྱི་མིང་སྒེར་དུ་ཐོགས་པ་བཞིན་ནོ། །མདོར་ན། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྟོག་མེད་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་དང་། ཕྱོགས་ཀྱི་གླང་པོས། རྣམ་པར་རྟོག་ལས་མ་གཏོགས་པ། །འཁོར་བ་ཞེས་བྱ་གང་ཡང་མེད། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རབ་ཏུ་མྱ་ངན་འདས། །ཞེས་འཇམ་དཔལ་གྱི་བསྟོད་པར་གསུངས་པ་དང་། ས་ཆེན་གྱིས། ཡེ་ཤེས་རྣམ་པར་རྟོག་པ་ཡི། །དབང་དུ་གྱུར་ན་གྲོལ་བ་མེད། །རྣམ་པར་རྟོག་པ་ཡེ་ཤེས་ཀྱིས། །དབང་དུ་གྱུར་ན་འཁོར་བ་མེད། །ཅེས་གསུངས་པ་སོགས་ཀྱང་དོན་གྱི་གནད་འདི་ལ་དགོངས་སོ། །དེས་ན་དེ་བཞིན་གཤེགས་པ་རྣམས་བྱོན་ཀྱང་རུང་། མ་བྱོན་ཀྱང་རུང་། བསྟན་ཀྱང་རུང་། མ་བསྟན་ཀྱང་རུང་། རྟོགས་ཀྱང་རུང་། མ་རྟོགས་ཀྱང་རུང་སྟེ། གནས་ཚུལ་ཡང་དག་པའི་དོན་ལ་ཆོས་ཉིད་ཡེ་ནས་རྣམ་དག་ཡིན་པས། ཚུལ་དེ་ལ་ལས་དང་པོ་པས་དད་པ་དང་མོས་པར་བྱས་ཏེ། ཡིད་ཆེས་པའི་ལུང་ལས་བྱུང་བ་བཞིན་ཡང་དག་པའི་ཤེས་རབ་ཀྱི་མིག་གིས་བལྟ་ཞིང་། བསལ་བཞག་དང་བྲལ་བའི་དོན་དང་རྗེས་སུ་མཐུན་པར་མཉམ་པར་བཞག་པ་སོགས་མཉམ་རྗེས་སུ་གོམས་པའི་ཚོགས་གཉིས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་ནས། ཡང་དག་པའི་དོན་ཟུང་འཇུག་འཕགས་པའི་ཡེ་ཤེས་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་མངོན་སུམ་དུ་མཐོང་ནས་དེ་ལ་ཡང་ཡང་གོམས་པས་སྒོམ་པའི་ལམ་མཐར་ཕྱིན་ཏེ། རྒྱུན་མཐའི་ཡེ་ཤེས་རྡོ་རྗེ་ལྟ་བུས་མ་རིག་བག་ཆགས་ཀྱི་ས་སོགས་བཅོམ་ནས་ཕྲ་བའི་རྟེན་འབྲེལ་འགག་པ་ན། རྣམ་པར་གྲོལ་བའི་འབྲས་བུ་སངས་རྒྱས་བདེ་ཆེན་རྡོ་རྗེའི་སྐུ་མངོན་དུ་མཛད་པ་སྟེ། དེ་ཕན་བརྟེན་ནས་བཏགས་པའི་ཆོས་ཙམ་ལས་ཀྱང་འདས་མོད་གདུལ་བྱར་སྔོན་གྱི་སྨོན་ལམ་དང་ཚོགས་གཉིས་ཀྱི་ལྷན་ཅིག་བྱེད་རྐྱེན་གྱིས། རང་བྱུང་ཟག་པ་མེད་པའི་ཡེ་ཤེས་ཉིད་རྣམ་པ་ཐམས་ཅད་པར་འཆར་བའི་ཚུལ་གྱིས་སྐུ་སོགས་སྣང་བ་ནི། བརྒྱ་བྱིན་གཟུགས་བརྙན་ས་གཞིར་སྣང་བ་སོགས་དཔེ་དགུས་བསྟན་པ་བཞིན་ཏེ། རྒྱུད་བླ་མར། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དང་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་འཐོབ། །ཅེས་དང་། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །འགྲོ་བར་གཟུགས་བརྙན་འཆར་ནུབ་རྙོག་མེད་དང་། །རྙོག་པའི་རང་བཞིན་རབ་འཇུག་དབང་གིས་འཇུག །ཇི་ལྟར་འཇིག་རྟེན་དག་ན་གཟུགས་སྣང་ལྟར། །དེ་བཞིན་ཡོད་དང་ཞིག་ཅེས་དེ་མི་བལྟ། །ཞེས་གསུངས། གཞན་དག་སངས་རྒྱས་ཀྱི་གཟུགས་སྐུ་ངོ་བོས་མི་རྟག་ལ་རྒྱུན་གྱིས་རྟག་པར་འདོད་པ་དང་འདི་མི་མཚུངས་ཏེ། འདིར་ནི་གཞན་སྣང་གདུལ་བྱའི་ངོར་ཆུ་སྣོད་ཀྱི་ཟླ་གཟུགས་བཞིན་རང་རང་གི་སྐལ་བར་འཆར་ནུབ་ལྟར་སྣང་ཡང་། འཆར་གཞི་ནམ་མཁའི་ཟླ་བ་ལྟ་བུ་སངས་རྒྱས་རང་གི་ངོ་བོ་ནི་ཆོས་སྐུ་མཉམ་པ་ཉིད་ལས་ནམ་ཡང་གཡོ་མི་སྲིད་དེ། རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་མཐོང་ཞིང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །འདྲེན་པ་རྣམས་ནི་ཆོས་ཉིད་ལྟ། །ཆོས་ཉིད་ཤེས་བྱ་མ་ཡིན་པས། །ཀུན་གྱིས་ཤེས་པར་ཡོངས་མི་ནུས། །ཞེས་དང་། རྒྱུད་བླར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་གསུངས་པས། རང་བྱུང་ཟག་པ་མེད་པའི་ཡེ་ཤེས་ཆོས་ཉིད་འདུས་མ་བྱས་ཀྱི་རང་བཞིན་ཡིན་པའི་ཕྱིར་ངོ་བོས་རྟག་ལ་གདུལ་བྱའི་སྣང་ངོར་རྒྱུན་གྱིས་མི་རྟག་པར་འཇོག་པའི་ཁྱད་པར་ཏེ་ཞིབ་པར་འཁོར་ལོ་ཐ་མའི་མདོ་སྡེ་རྣམས་དང་སྔགས་རྒྱུད་རྣམས་ནས་གསལ་བར་བསྟན་པ་བཞིན་ནོ། །དེས་ན་ཚུལ་འདིར་དད་ཅིང་མོས་པ་ཙམ་ཡང་བསོད་ནམས་བསམ་མི་ཁྱབ་པའི་འབྱུང་གནས་ཡིན་ཏེ། རྒྱུད་བླ་མར། བློ་ལྡན་རྒྱལ་བའི་ཡུལ་དེ་ལ་མོས་པ། །སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་གྱུར་ཏེ། །བསམ་མེད་ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ནོ། །གསུམ་པ་སྦས་དོན་རྡོ་རྗེ་ཐེག་པ་སྔགས་བླ་མེད་ཀྱི་དགོངས་པ་བཞིན་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་ངོས་ནས་གཞལ་ན། སྤྱིར་ནང་རྒྱུད་སྡེ་གསུམ་གྱིས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་འདོད་ཀྱང་གཞི་གཏན་ལ་དབབ་ཚུལ་གྱི་ལྟ་བའི་ཁྱད་པར་གྱིས། མ་ཧཱ་ཡོ་གའི་གཞུང་གིས་ནི། གནས་ཚུལ་དུ་དག་པ་ལྷ་ཡི་རང་བཞིན་དུ་གནས་ཀྱང་། སྣང་ཚུལ་དུ་འཁྲུལ་པ་ཅན་ལ་དེ་ལྟར་སྣང་མ་ནུས་པར་འདོད་དེ། ཐ་སྙད་དུ་ཡོངས་སུ་དག་པའི་ལྷ་དང་མ་དག་པའི་འཁོར་བ་གཉིས་སུ་འབྱེད་པའི་ཚུལ་གྱིས་སྣང་བའི་རང་བཞིན་ལྷར་སྒྲུབ་པའོ། །དེ་ཡང་སྨིན་གླིང་ལོ་ཆེན་རིན་པོ་ཆེས། གཤེགས་པ་གཤེགས་མ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོ་ལ་གདན་གསུམ་ཟེར་བ་གཉུག་མའི་ཕུང་ཁམས་སྐྱེ་མཆེད་ལྷའི་རང་བཞིན་དུ་བཞུགས་པས་རང་བཞིན་གཉིས་སུ་མེད་པ་ཡིན་གྱི། གཟུགས་ཕུང་ལ་རྣམ་སྣང་གནས་པ་ལྟ་བུའི་རྟེན་བརྟེན་པར་མི་འདོད་དེ། མ་དག་པའི་གཟུགས་ནི་རྟེན་འབྲེལ་གྱི་འཆར་སྒོ་མ་འགགས་པ་ཙམ་ལས་བདེན་པར་མ་གྲུབ་པ་གཉུག་མའི་ལུས་རྣམ་སྣང་དུ་བཞུགས་པ་ནི་གཤིས་ལུགས་ཡིན་པས་བདེན་པའོ། །དེས་ན་དེ་གསུམ་ལ་གདན་གསུམ་གྱི་ཐ་སྙད་འདོགས་པ་ནི་འཇིག་རྟེན་པའི་ཁ་སྐད་དུ་དཔོན་སློབ་ཐམས་ཅད་གདན་འཛོམས་པ་ཞེས་པ་དང་འདྲའོ་གསུངས། འདི་ནི་ལས་དང་པོ་པའི་ངོར་ཚད་མས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་གཉིས་སྣང་གི་བློ་ཅན་རྟོག་གེ་བའི་རྒོལ་བ་རྣམས་ལ་ཡང་རིགས་པའི་སྟོབས་ཀྱིས་སྒྲུབ་ནུས་པ་ཡིན་ནོ། །ལུང་གི་གཞུང་ལས། ཆོས་ཐམས་ཅད་དབྱིངས་ཡེ་གཉིས་མེད་བདེ་བ་ཆེན་པོའི་རང་བཞིན་དུ་གནས་པའི་ཕྱིར་རྒྱ་མཚོ་ལས་རླབས་ལྟར་བདེ་ཆེན་གཅིག་ཉིད་དུ་མའི་རོལ་པར་ཤར་བ་ལ་ཁྱད་མེད་པས། སྐྱེ་བ་རྒྱུ་ཡི་སངས་རྒྱས་ལ་སོགས་པའི་ཚུལ་དུ་སེམས་ཅན་ཐམས་ཅད་རང་བཞིན་གྱིས་སངས་རྒྱས་སུ་འདོད་པ་ནི། སྣང་སྲིད་ཡེ་སངས་རྒྱས་པ་ལྟ་བའི་ལུང་ཞེས་བྱ་སྟེ། རྣལ་འབྱོར་ཅན་ལ་ལམ་གྱི་སྟོབས་ལས་དེ་ལྟར་བསླུ་མེད་དུ་གྲུབ་པ་ཡིན་ནོ། །ཨ་ཏིའི་གཞུང་ལས། རིག་པ་རང་བྱུང་གི་ཡེ་ཤེས་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་མཐར་ཐུག་པ་ཡིན་ལ། དེ་ངོས་ཟིན་པའི་ཚེ་ཇི་ལྟར་སྣང་བ་ཐམས་ཅད་དེའི་རྩལ་དུ་ཤར་ཞིང་དོན་གྱི་ངོ་བོ་དེ་དང་གཉིས་སུ་མེད་པའི་ཕྱིར། སྣང་ཚུལ་ལ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་སུ་སྣང་ཡང་རུང་། སེམས་ཅན་གྱི་ལུས་དང་ཉོན་མོངས་པར་སྣང་ཡང་རུང་། དེ་གཉིས་ཀ་ངོ་བོ་ཡེ་ནས་འཁོར་འདས་མིང་མེད་ཀྱི་ཡེ་ཤེས་ཆེན་པོར་རྣམ་པར་དག་པའི་ཕྱིར། དེ་ལྟ་བུའི་ཡེ་ཤེས་ཅན་གྱི་ངོར་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་ཅིང་རང་གྲོལ་བ་ལས། གནས་སྣང་འབྱེད་པ་དང་། དག་མ་དག་ཅེས་རིས་སུ་ཆད་པ་མེད་པས་ན། ཐ་མལ་གྱི་སྣང་བ་འདི་རྣམས་མདོག་མ་བརྗེས། སྤུ་མ་བསྒྱུར་བར་སངས་རྒྱས་སུ་གནས་པ་ཞེས་བྱ་སྟེ། ཇི་ལྟར་སྣང་བ་དེ་ཉིད་ཡེ་ནས་རྣམ་པར་དག་པ་ཀུན་བཟང་བདེ་བ་ཆེན་པོའི་གནས་ཉིད་ཡིན་གྱི། དེ་ལས་གཞན་ཞིག་ཏུ་དག་པ་ཞེས་བྱ་བ་རྡུལ་ཙམ་མེད་པར་འདོད་དོ། །འདི་ནི་རིག་པ་རང་སྣང་གི་བློ་ཅན་གྱི་ངོར་ཆོས་ཉིད་ཀྱི་སྟོབས་ལས་མངོན་སུམ་དུ་གྲུབ་པའི་ཕྱིར་ལམ་ཐམས་ཅད་ཀྱི་དགོངས་པའི་སྐྱེལ་སོ་ཡིན་ནོ། །ཞེས་བཀའ་བརྒྱད་རྣམ་བཤད་ཆེན་མོ་ལས་གསུངས་ཏེ། ཞིབ་པར་འོག་ཏུ་སྟོན་ཏོ། །འདིར་སྐབས་ཀྱི་བསྟན་བྱ་ནི། སྤྱིར་བདེན་གཉིས་དབྱེར་མེད་ཙམ་མདོ་ནས་ཀྱང་བསྟན་མོད་ཀྱི། འདིར་ནི་དོན་དམ་དཀོར་བདུན་དང་། ཀུན་རྫོབ་སྐུ་དང་ཡེ་ཤེས་ཏེ་ལྷག་པའི་བདེན་པ་དབྱེར་མེད་ཀྱི་དོན་ཉིད་སྟོན་པ་ཡིན་པས། དེའི་ཚུལ་ཡང་། ལོ་ཆེན་རིན་པོ་ཆེས་དྲིས་ལན་དུ། བདེན་གཉིས་གཏན་ལ་འབེབས་ལུགས་འདི་ནི་རྒྱུད་འདིའི་ཁྱད་ཆོས་ཏེ། དེང་སང་གི་ཀློག་པ་པོ་རྣམས་ཀྱི་ཐུགས་ལ་ཤོང་དཀའ་བར་གདའ་སྟེ། ཅིའི་ཕྱིར་ན། དེང་སང་བདེན་གཉིས་ཀྱི་རྣམ་གཞག་མཛད་པ་ཕལ་ཆེར་འཁོར་ལོ་བར་པའི་དངོས་བསྟན་ཐལ་རང་གི་བཤད་སྒྲོས་ཁྱབ་ཆེ་བར་སྣང་བའི་རྒྱུ་མཚན་གྱིས་སོ། །དེས་ན་རྒྱུད་འདིའི་ལུགས་ལ། ཆོས་ཐམས་ཅད་རང་རང་གིས་སྟོང་པའི་མེད་དགག་དེ་ལ་རྣམ་གྲངས་པའི་དོན་དམ་དང་། སྣང་ལ་དོན་བྱེད་ནུས་མི་ནུས་ཀྱིས་དབྱེ་བའི་ཡང་ལོག་གི་ཀུན་རྫོབ་ཐམས་ཅད་མ་དག་པ་ལས་སྣང་ལོག་པའི་ཀུན་རྫོབ་ཏུ་བཞག་ནས། གནས་ལུགས་བདེན་གཉིས་ཟུང་འཇུག་དེ་ལ་ལྷག་པའི་སྒྲ་སྦྱར་ཏེ། ལྷག་པ་དོན་དམ་བདེན་པ་ནི་མ་ཡིན་དགག་གི་སྟོང་ཉིད་དེ། ཆོས་ཐམས་ཅད་སེམས་སུ་འདུ་ལ། ཆོས་ཉིད་ཅི་ཡང་མ་ཡིན་པ་དེ་ལ་དབྱིངས། དེ་ཉིད་རང་གསལ་སྒྲིབ་གཡོགས་དང་བྲལ་བའི་ཆ་དེ་ཡེ་ཤེས། དེ་ལས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་འཆར་བའི་ནུས་པ་ཡེ་ནས་ལྷུན་གྲུབ་ཏུ་བཞུགས་པ་འབྲས་ཆོས་ཏེ། རིམ་པ་བཞིན། རང་བཞིན་དོན་དམ། ཡེ་ཤེས་དོན་དམ། འབྲས་བུའི་དོན་དམ་ལ་ལྔར་ཕྱེས་པས་དཀོར་བདུན་ཞེས་གསུངས་ཏེ། དཔེར་ན། མེ་ལོང་དང་། དེའི་གདངས་དང་། དེ་ལ་གཟུགས་བརྙན་འཆར་རུང་གི་ནུས་པ་ཡོད་པ་ལྟ་བུས་མཚོན་ནོ། །ལྷག་པ་ཀུན་རྫོབ་ཀྱི་བདེན་པ་ནི། དོན་དམ་སྟོང་རྐྱང་དུ་མ་སོང་བར་སྐུ་དང་ཡེ་ཤེས་འཆར་རུང་དུ་ཡོད་པའི་མཐུས་དེའི་རྩལ་སྣང་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ལ་བཞག་སྟེ། དཔེར་ན་མེ་ལོང་ལ་ཤར་བའི་གཟུགས་བརྙན་བཞིན་ནོ། །ལྷག་པ་བདེན་པ་དབྱེར་མེད་ནི། བདེན་པ་གཉིས་པོ་དེ་སྣང་སྟོང་གི་ཕྱོགས་གང་དུའང་མ་ལྷུང་བར་ངོ་བོ་དབྱེར་མི་ཕྱེད་པར་མཉམ་པ་ཉིད་དུ་གནས་ཤིང་། དེར་འཛིན་གྱི་བསམ་བརྗོད་དང་བྲལ་བས་ན། ཐ་སྙད་ཙམ་དུ་ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཞེས་གསུངས་སོ། །དེས་ན་གནས་ལུགས་བདེན་གཉིས་ཟུང་འཇུག་འདི་ནི་དོན་དམ་རྟེན་འབྲེལ་ལས་འདས་པའི་ཟུང་འཇུག་ཅེས་དང་། སྤྱིར་གྲགས་པའི་སྣང་ལུགས་བདེན་གཉིས་ཟུང་འཇུག་དེ་ལ་ཀུན་རྫོབ་རྟེན་འབྲེལ་ལས་མ་འདས་པའི་ཟུང་འཇུག་ཅེས་བཤད་ན། ཀུན་མཁྱེན་ཇོ་ནང་པའི་དགོངས་པའི་གནས་ལུགས་གཞན་སྟོང་དང་། སྣང་ལུགས་རང་སྟོང་དུ་བྱས་པའི་ཟུང་འཇུག་གི་དོན་དང་ཡང་གནད་གཅིག་ཏུ་འབབ་བམ་སྙམ་པའི་གོ་ཕྱོགས་འཆར་བར་སྣང་། ཞེས་གསུངས་ཤིང་། གཞན་ཡང་། སྤྱིར་གློ་བུར་པའི་ཆོས་མེད་སྣང་འདི་ཙམ་ལ་དགོངས་ནས་ཀླུ་སྒྲུབ་ཀྱིས་བཀའ་བར་པའི་དགོངས་འགྲེལ་རྣམས་སུ་སྟོང་ཉིད་མེད་དགག་ཙམ་མཐར་ཐུག་གི་དོན་དུ་གསུངས་ཀྱང་། ཐ་མའི་དགོངས་འགྲེལ་རྣམས་སུ་ནི། བར་པར་སྦས་དོན་གྱི་ཚུལ་དུ་ཡོད་པའི་མྱ་ངན་ལས་འདས་པའི་ཆོས་ཀྱི་སྒྲུབ་གཞི་ཟུང་འཇུག་འོད་གསལ་བའི་ཡེ་ཤེས་ཉིད་རྩལ་དུ་བཏོན་ནས་གསུངས་པས་སློབ་དཔོན་གྱི་དགོངས་པའི་མཐར་ཐུག་པ་ནི་འདི་ཡིན་པའི་གནད་ཀྱིས་འཕགས་ཡུལ་གྱི་མཁས་པའི་ཁྱུ་མཆོག་ཤནྟི་པས་ཀྱང་ཤིང་རྟའི་སྲོལ་འབྱེད་གཉིས་པོ་གྲུབ་མཐའ་གཅིག་ཏུ་བྱས་པའི་དབུ་མའི་བསྟན་བཅོས་མཛད་པ་ཡིན། དེས་ན་སྔ་འགྱུར་གྱི་རིང་ལུགས་འཛིན་པ་རྣམས་ཀྱི་ལྟ་བ་ཐོགས་མེད་སྐུ་མཆེད་ཀྱི་གཞུང་དང་གཙོ་བོར་མཐུན་ཞེས་པ་རང་བྱུང་འོད་གསལ་གྱི་དོན་རྩལ་དུ་བཏོན་ནས་ཉམས་ལེན་གྱི་མཐིལ་དེ་ལ་གཏུགས་ནས་མདོ་སྔགས་ཀྱི་གཞུང་ཐམས་ཅད་སྤྲོས་བྲལ་མཐར་ཐུག་ཞེན་མེད་གཅིག་པོ་ལ་མཛད་པས་ན་དེ་ལྟར་གསུངས་པ་ཡིན་ནོ། །ཞེས་དགེ་མང་མཁན་ཡོན་དགས་གསུངས། མདོར་ན་དབང་བཞིའི་ལམ་རྫོགས་པར་སྟོན་པའི་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་དཔལ་གསང་བ་སྙིང་པོ་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིང་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་འདོར། བཅིང་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་དང་། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་གསུངས་པས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སེམས་དང་ཡེ་ཤེས་ཀྱི་རང་སྣང་ཙམ་སྟེ། དོན་ལ་དག་མཉམ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའམ་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་གནས་ཀྱང་། སེམས་ཅན་འཁྲུལ་པ་ཅན་རྣམས་ལ་གསང་བ་བཞིས་ཆོད་དེ་ཇི་བཞིན་པར་མ་རྟོགས་པ་ནི། ལྷག་པ་དོན་དམ་བདེན་པ་དཀོར་བདུན་ངོ་བོ་ཉིད་དུ་ཡེ་ནས་ལྷུན་གྱིས་གྲུབ་པར་གནས་ཀྱང་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པས་ངོ་མ་ཤེས་ཏེ་ཡེ་ནས་གསང་། ལྷག་པ་ཀུན་རྫོབ་ཀྱིི་བདེན་པ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་ཆས་སུ་གནས་ཀྱང་རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པས་རང་སྣང་ལ་མཚན་མར་བཟུང་ནས་འཁྲུལ་ཏེ་རང་བཞིན་གྱིས་གསང་། དེ་གཉིས་དབྱེར་མེད་ཀྱི་བདེན་པ་ངོ་བོ་ཉིད་དམ་རང་བྱུང་དུ་གནས་ཀྱང་དེ་ལྟར་ངོ་མ་ཤེས་པར་སྣང་སྟོང་ཐ་དད་དུ་བཟུང་བས་ངོ་བོ་ཉིད་ཀྱིས་གསང་། དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་དེ་རང་ལ་གནས་ཀྱང་གཞན་དུ་བཙལ་ཞིང་ཡུལ་ཡུལ་ཅན་ཐ་དད་དུ་བཟུང་བས་ཤིན་ཏུ་གསང་སྟེ་ཉམ་ཐག་པར་གྱུར་ཀྱང་། རང་བཞིན་དོན་དམ་པའི་ཆོས་ཉིད་ལས་མ་འདས་པས། དག་མཉམ་ཆོས་སྐུ་ཆེན་པོར་གྲུབ་པས་ན། འཁྲུལ་པ་བརྟགས་པའི་ཞེན་སྣང་སྟེ་འཁོར་འདས་གཉིས་སུ་སྣང་ཞིང་ཞེན་པའི་གཉིས་འཛིན་གྱི་བློ་དེ་གཉིས་མེད་ཡེ་ཤེས་སུ་གཏན་ལ་འབེབས་པའི་ཆེད་དུ་གཉིས་འཛིན་གྱི་ཞེན་པ་དེ་ཉིད་གཞལ་བྱར་བྱས་ནས། སྣང་སྤྱོད་ཐམས་ཅད་སྐུ་དང་ཡེ་ཤེས་ཆེན་པོར་གཏན་ལ་འབེབས་བྱེད། རྒྱུ་གཅིག་པ་དང་། ཡིག་འབྲུའི་ཚུལ་དང་། བྱིན་གྱིས་བརླབས་དང་། མངོན་སུམ་པའི་གཏན་ཚིགས་ཀྱིས། ཆོས་ཉིད་སྐྱེ་མེད། རོལ་པ་འགགས་མེད། ངོ་བོ་དབྱེར་མེད། མཚན་ཉིད་བློ་བྲལ་ཡུལ་མེད་རང་གསལ་དུ་རང་རིག་པའི་མངོན་སུམ་གྱི་ཚད་མས་གཏན་ལ་ཕབ་ནས་སྣང་སྲིད་ཡེ་སངས་རྒྱས་པའི་རང་བཞིན་དུ་མི་ཕྱེད་རྡོ་རྗེའི་གྲུབ་པའི་མཐའ་ཆེན་པོ་འཆར་བ་སྟེ། སྤྱིར་རྟོགས་པ་བཞིའི་གཏན་ཚིགས་འདི་ལ་སྦྱོར་ཚུལ་མང་སྟེ། ཐུན་མོང་བ་གྲུབ་མཐའ་བཞི་དང་སྦྱོར་ན། ཆོས་ཐམས་ཅད་སེམས་དང་ཡེ་ཤེས་ཀྱི་རང་སྣང་དུ་རྒྱུ་གཅིག་པས་ཕྱི་པས་དོན་གྱི་བདེན་ཞེན་འགོག་པ་སེམས་ཙམ། སེམས་ཉིད་ཡིག་འབྲུ་ལས་མཚོན་ཏེ་ཆོས་ཐམས་ཅད་སྐྱེ་མེད་སྤྲོས་བྲལ་དུ་གཏན་ལ་འབེབས་པ་དབུ་མ། སེམས་ཉིད་དག་པ་མཐའ་བཞིར་རྟོགས་པའི་བྱིན་རླབས་ཀྱིས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སོགས་སུ་སྣང་བ་སྔགས་ཕྱི་རྒྱུད། ཆོས་ཐམས་ཅད་བདག་ཉིད་ཆེན་པོ་རང་བྱུང་གི་ཡེ་ཤེས་སུ་མངོན་སུམ་པར་རྟོགས་པ་སྔགས་ནང་རྒྱུད་བླ་མེད་ཀྱི་དགོངས་པའོ། །ཐུན་མིན་རང་གི་ལྟ་བ་གཏན་ལ་འབེབས་བྱེད་ལ་གཉིས་ཀྱི་ཅིག་ཆར་བ་ལྟར་ན་ཆོས་ཀུན་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་རྟོགས་པའི་སྐད་ཅིག་མ་གཅིག་ལ་ལྡོག་ཆས་དབྱེ་བ་ཙམ་ཡིན་ལ། རིམ་གྱིས་པ་ལྟར་ན། སྔ་མ་སྔ་མས་གཞལ་འབྲས་ཕྱི་མ་ཕྱི་མས་གཞལ་བྱར་བྱས་ཏེ་རིམ་གྱིས་མངོན་སུམ་པར་གཏན་ལ་འབེབས་པའོ། །ལམ་དང་སྦྱར་ན། བསྐྱེད་རིམ་པས། དེ་ཏིང་སྟོང་ཆེན། ཀུན་ཏིང་སྒྱུ་མ། ཟུང་འཇུག་གཅིག་སྤྲོས་རྣམས་ལ་བརྟན་པ་ཐོབ་ནས། ཚོགས་སྒྲུབ་ཀྱིས་ཟག་མེད་ཉིད་མངོན་དུ་བྱེད་པའོ། །རྫོགས་རིམ་ལ། སྟེང་སྒོ་ལྟར་ན། སྙིང་དབུས་མི་ཤིགས་པའི་ཐིག་ལེ་ནི་ཆོས་ཀུན་འབྱུང་བའི་གཞིར་གྱུར་པས་རྒྱུ་གཅིག་པ། དེ་ཉིད་ཀྱི་གདངས་རྩ་ཁམས་ཡི་གེ་སྤྲིན་དུ་གནས་པ་ནི་ཡིག་འབྲུའི་ཚུལ། དེ་ལ་གནད་དུ་བསྣུན་པས་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་འཆར་བ་ནི་བྱིན་གྱིས་བརླབས་དང་། མཐར་བདེན་གཉིས་དབྱེར་མེད་ཀྱི་དོན་མངོན་སུམ་ཡུལ་མེད་དུ་རྟོགས་པར་བྱེད་པ་ནི་མངོན་སུམ་པའོ། །འོག་སྒོ་དང་སྦྱར་ན། ཡུམ་མཁའ་ཆོས་འབྱུང་རྡོ་རྗེ་བཙུན་མོའི་བྷ་ག་ནི་ཆོས་ཀུན་འབྱུང་བའི་དབྱིངས་ཡིན་པས་རྒྱུ་གཅིག་པ་དང་། ཐབས་བདེ་བ་ཆེན་པོ་ཡབ་ཀྱི་བྱང་སེམས་ཝཾ་ཡིག་གི་རྣམ་པར་གནས་པ་ནི་ཡིག་འབྲུའི་ཚུལ། དེ་གཉིས་མཉམ་པར་སྦྱོར་བའི་ཐབས་མཁས་ཀྱིས་བདེ་བ་ཆེན་པོའི་ཡེ་ཤེས་རང་ལ་གསལ་བ་ནི་བྱིན་གྱིས་བརླབས་དང་། ཡས་བབས་མས་བརྟན་གྱི་དགའ་བཞི་ལུགས་འབྱུང་ལྡོག་གི་མཐར་མ་དག་སྙིགས་མའི་རླུང་སེམས་འགགས་ནས་དཔེ་དང་དོན་གྱི་ཡེ་ཤེས་མངོན་དུ་བྱེད་པ་ནི་མངོན་སུམ་པའི་གཏན་ཚིགས་སོ། །གཞན་ཡང་ཨ་ནུའི་དབྱིངས་ཡེ་དབྱེར་མེད་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་མངོན་སུམ་པར་རྟོགས་པ་དང་། ཨ་ཏིའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པའི་ཆོས་ཉིད་བྱང་ཆུབ་སེམས་སུ་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་རྟོགས་པ་རྣམས་ཀྱང་དོན་གྱིས་གནད་གཅིག་གོ །གང་ལྟར་ཡང་། བཀའ་འཁོར་བར་པར་ཆོས་ཉིད་མཉམ་པ་ཆེན་པོ་བསྟན་ཀྱང་དག་པ་ཆེན་པོ་ཉིད་སྦས་ནས་མ་བསྟན། བཀའ་འཁོར་ཕྱི་མར་སྐུ་དང་ཡེ་ཤེས་ཀྱིས་བརྒྱན་པའི་ཆོས་ཉིད་དག་པ་ཆེན་པོའི་རང་བཞིན་རྩལ་འདོན་དུ་བསྟན་ཀྱང་ཆོས་ཅན་འཁྲུལ་པའི་དྲི་མ་རྣམས་སྦྱང་བྱ་གློ་བུར་པར་བསྟན་གྱི་རང་བཞིན་དག་པར་མ་བསྟན། སྔགས་ཕྱི་རྒྱུད་རྣམས་སུ་ཆོས་ཉིད་དག་པ་མཐའ་བཞི་དང་བྲལ་བར་རྟོགས་པའི་བྱིན་རླབས་ལས་ཀུན་རྫོབ་རིགས་གསུམ་སོགས་ཀྱི་ལྷའི་འཁོར་ལོར་ཤར་བའམ་དག་པར་བསྟན་ཀྱང་ད་ལྟ་ནས་སངས་རྒྱས་ཀྱི་ངོ་བོར་མ་བསྟན། དེས་ན་དེ་རྣམས་ཀྱི་གྲུབ་པའི་མཐའ་འདིའི་གཏན་ཚིགས་དང་པོ་གསུམ་གྱི་ཁོངས་སུ་ཅི་རིགས་པ་འདུ་བ་ཡིན་ལ། འདིར་ནི་རྟོགས་རུང་མ་རྟོགས་རུང་བདེན་པ་གཉིས་ཀའི་གནས་ཚུལ་དུ་ཡེ་ནས་སངས་མ་རྒྱས་པའི་ཆོས་གཅིག་ཀྱང་མི་འདོད་པས་དག་པའི་ངོས་ནས་མཉམ་པ་དང་མཉམ་པའི་ངོས་ནས་དག་པ་སྟེ་བདེན་གཉིས་དབྱེར་མེད་དུ་འདོད་པས་སྔ་མ་རྣམས་ལས་ཁྱད་པར་དུ་འཕགས་ཏེ། སློབ་དཔོན་སངས་རྒྱས་གསང་བའི་ལམ་རིམ་དུ། སྒྱུ་འཕྲུལ་རྒྱས་པའི་ལུང་ཚིག་དྲངས་པ་ལས། བླ་མེད་ཐེག་པའི་ནང་དུ་ནི། །དོན་དམ་དུ་ནི་དབྱེར་མེད་པ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས། དེས་ན་བདེན་གསུམ་དབྱེར་མེད་པའི་དོན་འདི་ལ་མ་དག་པའི་ཕུང་ཁམས་སྐྱེ་མཆེད་སོགས་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་ཕྱོགས་ནི་ཅི་ཡང་མེད་དེ་སྣོད་བཅུད་རྒྱུད་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་ཡེ་ནས་དག་པས་སྡུག་བསྔལ་བྱང་ཆུབ་དང་ཀུན་འབྱུང་ལམ་བདེན་དུ་ཤར་བས་སངས་རྒྱས་ཉིད་ལས་གཞན་པའི་ཆོས་མ་དག་རང་མཚན་པ་གཞན་གྱིས་ལྟ་ཅི་སངས་རྒྱས་རང་ཉིད་ཀྱིས་སྤྱན་ལྔ་རྣམ་པར་དག་པས་བཙལ་ཀྱང་མི་རྙེད་པའི་ཕྱིར། གསང་སྙིང་ལས། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་དང་། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་གསུངས། རྣམ་པར་བྱང་བའི་ཆོས་གསར་དུ་བཞག་པའམ་བསྣན་པར་བྱ་བའང་ཅུང་ཟད་ཀྱང་མེད་དེ། དོན་དམ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངོ་བོར་རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་སོགས་འབྲས་བུའི་ཆོས་ཀུན་ཡེ་ནས་གནས་པའམ་རྫོགས་པའི་བྱང་ཆུབ་སེམས་ཀྱི་རང་རྩལ་ལམ་ཆོ་འཕྲུལ་དུ། ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་གཞན་ནས་བཙལ་བ་མེད་པར་རང་སྣང་བའི་ཕྱིར། རྒྱུད་དེ་ཉིད་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་དང་། མན་ངག་ལམ་རིམ་ལས། ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པས། །དོན་དམ་དུ་ནི་དཀོར་བདུན་ལ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཡང་དག་སྐྱེས་མཆོག་དམ་པ་ཡིས། །དོན་དམ་ཀུན་རྫོབ་དབྱེར་མེད་པར། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །མཉམ་པ་ཉིད་ལས་མ་གཡོས་བཞིན། །ཐབས་ཀྱི་ཕྱག་རྒྱ་ཆེན་པོར་སྟོན། །ཐབས་དང་ཤེས་རབ་རྣམ་པར་དག །ཐམས་ཅད་དག་ཅེས་བྱ་བའང་། །དངོས་པོ་བསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ནས་རྣམ་པར་དག །དེ་ཕྱིར་ཀུན་རྫོབ་རྫུན་མི་བལྟ། །ཞེས་དང་། འདུས་མ་བྱས་ཉིད་འདུས་བྱས་སྣང་། །འདུས་བྱས་སྣང་བ་རྡོ་རྗེ་ཉིད། །རྒྱལ་འགྲོས་མ་མཛད་མ་བཅོས་པར། །རང་བཞིན་ངང་གིས་དབྱེར་མེད་པའང་། །དེ་མི་ཞེན་པ་གྲོལ་ཕྱིར་ལས། །ཐ་སྙད་གཉིས་པར་བསམ་བརྗོད་འདས། །ཞེས་དང་། གཤེགས་སྐུ་སྒྱུ་མར་སྣང་བ་དང་། །ལོག་རྟོག་སྒྱུ་མར་སྣང་བ་གཉིས། །གཞི་རྩ་མེད་དེ་རང་བཞིན་སྟོང་། །རིགས་དང་རྒྱུད་དང་བརྟག་ཏུ་མེད། །རིགས་དང་ཁ་དོག་དབྱིབས་མེད་པས། །ཕྱི་ནང་སྣོད་བཅུད་ཐམས་ཅད་སྣང་། །སྣང་བ་ཉིད་ན་ཆོས་ཀྱི་སྐུ། །ཅིར་ཡང་འགྱུར་ཞིང་ཐམས་ཅད་འགྲུབ། །ཅེས་གསུངས། མདོར་ན་གནུབས་ཀྱི་མདོ་འགྲེལ་ལས། སེམས་ཀྱི་དཀྱིལ་འཁོར་རང་བཞིན་གྱིས་འོད་གསལ་བ་དེ་ཁོ་ན་ཉིད་ཇི་བཞིན་པ་བརྟགས་ན་མེད་ལ་མ་བསམས་ན་སྣང་སྟེ་མཚན་ཉིད་ཡོངས་སུ་ལྡན་པར་མི་ཟིན་པས། ལམ་པའི་བསམ་པས་རེག་དཀའ་བའི་ཡེ་ཤེས་ཆེན་པོ་ལ་དུས་གསུམ་དུ་གཡོ་བ་མེད་པ་འདི་ནི། ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ལྷུན་གྱིས་རྫོགས་པས་དགོངས་པ་འདུས་པ་ཞེས་ཀྱང་བརྗོད་དེ་རྒྱལ་བ་རིལ་དགོངས་པ་དེ་ལས་མི་འདའ་བའི་ཕྱིར་རོ། །ཞེས་གསུངས་པས། དེ་ལྟ་བུའི་གནས་ལུགས་ཡང་དག་པའི་དོན་ཡེ་ནས་བཅིང་གྲོལ་དང་བྲལ་བ་དེ་ཉིད་བླ་མ་མཚན་ལྡན་གྱིས་སློབ་བུ་སྣོད་ལྡན་ལ་བརྡ་ཐབས་རྟེན་འབྲེལ་དུ་མས་དབང་དུས་སོགས་སུ་བཙན་ཐབས་སུ་ངོ་སྤྲད་པའི་མངོན་སུམ་གྱི་དོན་ལ་ཡང་དག་པར་བལྟ་ཞིང་གོམས་པར་བྱེད་པ་སྟེ། དེ་ལྟར་ལམ་ལ་སློབ་པའི་ཚུལ་ཡང་། རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པ་ལྟར། རྒྱུ་ཤེས་པའི་མཚན་ཉིད་བདེན་གསུམ་དབྱེར་མེད་ཀྱི་དོན་ལ་ཐོས་བསམ་གྱི་ལྟ་བས་སྒྲོ་འདོགས་བཅད། རྐྱེན་འཇུག་པའི་མཚན་ཉིད་ཐབས་གྲོལ་གྱི་ལམ་རིམ་པ་གཉིས་ལ་བརྩོན་པས། འབྲས་བུ་རིག་འཛིན་བཞིའི་གོ་འཕང་བགྲོད་ནས་མཐར་འབྲས་ལ་དངོས་སུ་སྦྱོར་བ་སྟེ། དེ་ཡང་ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ཏེ། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པས། གསང་སྔགས་ཀྱི་དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་རང་བཞིན་གྱིས་འོད་གསལ་བ་རྣམ་པར་རྟོག་པ་མཐའ་དག་གིས་བསླད་མི་ནུས་པ། བློས་བྱས་ཀྱི་བསྒོམས་པས་ཇི་ལྟར་འབད་ཀྱང་ཇི་ལྟ་བ་བཞིན་མཐོང་བར་མི་ནུས་པ་དེ། རང་བཞིན་བསལ་བཞག་མེད་པ་གདོད་མའི་ཆོས་ཉིད་ཀྱི་གནད་ལས་མཐོང་བར་བྱེད་པའི་མན་ངག་ཟབ་མོ་བསྟན་པའི་ཕྱིར་འདི་ལྟ་བུའི་ཐབས་ནི་སྔགས་བླ་མེད་ཀྱི་གཞུང་ན་ཡོད་མོད་ཀྱི་མདོ་ལམ་ན་མེད་པའི་ཕྱིར། མདོ་ལམ་དུ་སྟོང་ཉིད་དོན་སྤྱིའི་ཚུལ་དུ་གཏན་ལ་ཕབ་ནས་གོམས་ཚུལ་ལས་ད་ལྟ་སོ་སྐྱེའི་སར་དོན་རང་མཚན་སྒོམ་པ་མེད་ཀྱང་། སྔགས་སུ་ཐབས་མ་སྦས་པར་གསལ་བར་བསྟན་པས། གང་ཟག་གི་སྐལ་བའི་ཁྱད་པར་གྱིས་ད་ལྟ་མངོན་དུ་བྱེད་ནུས་མི་ནུས་དང་། དེ་ཡང་དབང་རབ་ཅིག་ཅར་བ་དབང་དུས་སུ་ངོ་འཕྲོད་པའམ་གཏན་ཚིགས་བསྟན་པ་ཙམ་གྱིས་རྟོགས་ནུས་པ་དང་། དབང་འབྲིང་ལ་རྩ་མདུད་འགྲོལ་བའི་དམིགས་གནད་སོགས་གོམས་སྟོབས་ཀྱིས་རིམ་གྱིས་རྟོགས་པ་དང་། དབང་རྟུལ་བསགས་སྦྱང་སོགས་བརྒྱུད་ནས་རྟོགས་ཚུལ་སོགས་ཀྱི་དབྱེ་བ་ཡོད་མོད་ཀྱི། སྤྱི་ལྡོག་ཏུ་ད་ལྟ་ཚོགས་སྦྱོར་གྱི་ལམ་དུའང་ཆོས་ཉིད་རང་མཚན་མངོན་སུམ་དུ་མཐོང་བ་ནི་ཡོད་དེ། ཞི་བྱེད་ཆུ་ཀླུང་རོལ་པ་ལས། རང་གི་བསགས་པ་རབ་ཏུ་གྱུར་པ་དང་། བླ་མ་དམ་པ་བསྟེེན་ལ་མཁས་པ་དང་། །རྣལ་འབྱོར་རིག་པ་དྭངས་པའི་མངོན་སུམ་དུ། །མཐོང་ལམ་ཆེ་ཆུང་སྐྱེ་བ་ཁོ་ནར་བཤད། །ཅེས་དང་། ངེས་དོན་འདུས་པའི་རྒྱུད་ལས། ད་ལྟ་ཆོས་སྐུར་མ་ཤེས་ན། །གསང་སྔགས་མན་ངག་ཅི་ལ་ཆེ། །དེ་ཕྱིར་བསྟན་ཤེས་སྒོམ་མ་དགོས། །ཞེས་གསུངས། དེ་ལས་གཞན་དུ་ན། གསང་སྔགས་འབྲས་བུའི་ལམ་མ་ཡིན་ཞིང་རྒྱུ་ལ མ་བྱེད་དང་ཁྱད་མེད་དུ་ཐལ་བ་དང་། ཆོས་ཉིད་ངོ་སྤྲོད་ཀྱི་མན་ངག་རྒྱུན་ཆད་པར་ཐལ་བ་དང་། རང་རིག་པའི་ཚད་མ་རྒྱུན་ཆད་པར་ཐལ་བ་དང་། མངོན་སུམ་རྟོགས་བྱེད་ཀྱི་རིགས་པའི་གཏན་ཚིགས་རྒྱུན་ཆད་པར་ཐལ་བའི་སྐྱོན་བཞིས་གནོད་ཅིང་། མཐོང་ཚུལ་ཡང་གསལ་བ་མཐར་ཕྱིན་མ་ཕྱིན་གྱི་བྱེ་བྲག་གིས། དཔེར་ན་དབང་པོའི་ཡུལ་དུ་མཐོང་ཡང་ཐག་ཉེ་རིང་གིས་གསལ་བ་མཐར་ཕྱིན་མ་ཕྱིན་ཡོད་པ་བཞིན། ལམ་རིམ་ལས། དབང་པོ་དྭངས་པའི་སྤྱོད་ཡུལ་ལས། །ཉེ་རིང་དྲུང་ཕྱིན་སྟོབས་འཕེལ་བས། །རྒྱུ་རྐྱེན་གོང་འོག་འབྲས་བུ་བགྲོད། །གསལ་བས་བྱེ་བྲག་རིམ་པར་འགྲོ། །ཞེས་གསུངས་པ་བཞིན་ཀཿཐོག་ཤཱཀ་རྡོར་བཞེད། དེས་ན་ཡེ་ནས་གནས་པའི་ཆོས་ཉིད་དེ་ཆོས་ཅན་སེམས་ཀྱི་ཐོག་ཏུ་ད་ལྟ་ནས་ངོ་སྤྲད་ཅིང་གོམས་སུ་ཡོད་པས་ན་འབྲས་བུ་ལམ་བྱེད་དང་རྡོ་རྗེ་ཐེག་པའི་ངེས་ཚིག་ཀྱང་གྲུབ་སྟེ། གལ་པོ་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་ཡིས། །སེམས་ཅན་སངས་རྒྱས་རྒྱུ་རུ་ཤེས། །འབྲས་བུ་རྡོ་རྗེ་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་ཉིད་དུ་སྒོམ། །རྒྱུ་དང་འབྲས་བུ་གང་ཡིན་པའི། །ཕྱོགས་ཀྱང་རབ་ཏུ་ཤེས་པར་བྱ། །ཞེས་སོ། །དེས་ན་གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡེ་ནས་འཆིང་གྲོལ་ལས་འདས་པ་ཉིད། ལམ་རྒྱུད་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་ཡང་དག་པར་མཐོང་ཞིང་གོམས་པར་མཐར་ཕྱིན་པར་བྱས་ན། འབྲས་རྒྱུད་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་སོགས་རྣམ་པར་གྲོལ་བའི་ཆོས་རྣམས་རང་བྱུང་ཡེ་ཤེས་བདེ་བ་ཆེན་པོའི་ངང་དུ་གཞན་ནས་བཙལ་བ་མེད་པར་ཡེ་ནས་ལྷུན་གྱིས་གྲུབ་པའི་ཚུལ་དུ་རྫོགས་པར་འགྱུར་ཏེ། གསང་སྙིང་ལས། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་རྣལ་འབྱོར་གྱིས། །རང་བྱུང་ཀུན་ངོམས་ལྷུན་གྱིས་གྲུབ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །འདའ་བར་མི་མཛད་དམ་ཚིག་མཆོག །ཅེས་གསུངས། དེ་ཡང་སྔགས་ཕྱི་རྒྱུད་སོགས་སུ་མཐར་ཕྱིན་སངས་རྒྱས་རྣམས་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་གཅིག་ཀྱང་སྦྱངས་པའི་ཡེ་ཤེས་ཐ་དད་པས་ཤིང་སྣའི་མེ་དཔུང་བཞིན་དུ་འདོད་མོད། འདིར་ནི་བདག་ཉིད་ཆེན་པོ་རང་བྱུང་གི་ཡེ་ཤེས་ཉག་གཅིག་གི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་རྫོགས་པས་གཅིག་ཐ་དད་སོགས་གཉིས་ཆོས་ཀྱི་སྤྲོས་པ་མཐའ་དག་ཞི་བ་སྟེ་མ་འདྲེས་ཡོངས་རྫོགས་ཀྱིས་ཁྱད་པར་དུ་བྱས་པ་ཡིན་ནོ། །བཞི་པ་མཐར་ཐུག་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཉག་གཅིག་ཏུ་ལ་བཟླ་བའི་ཚུལ་གྱིས་བཤད་ན། ཀློང་ཆེན་ལས། ཐེག་པའི་ཁྱད་པར་ཇི་སྙེད་དུ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །ཀློང་ཆེན་གཅིག་གི་ཡོན་ཏན་ཏེ། །གདུལ་བྱ་རྣམས་ལ་བསྟན་པར་ཟད། །ཅེས་གསུངས་ཏེ། དེ་ཡང་དབུ་ཕྱག་རྫོགས་གསུམ་གྱི་ཁྱད་པར་ལ་བཞེད་པ་མང་ཡང་དོན་གྱི་སྙིང་པོ་གནད་བསྡུས་པ། སྨིན་གླིང་ལོ་ཆེན་རིན་པོ་ཆེས་དྲིས་ལན་དུ། དབུ་མ་ལ། དགེ་ལྡན་པ་ལྷག་མཐོང་ཐོས་བསམ་གྱི་དཔྱད་སྒོམ་ལ་གཙོ་བོར་མཛད་པ་དང་། སྔར་གྱི་རྔོག་བཙན་ལུགས་སོགས་ཀྱི་བཞེད་པ་ལྟར་བོད་འདིར་དབུ་མ་པ་གཞན་རྣམས་ཐོག་མར་དཔྱད་པས་ལྟ་བའི་བག་ཆགས་བཞག་ནས། སྒོམ་དུས་འཇོག་སྒོམ་ལ་གཙོ་བོར་མཛད་འདུག ཕྱག་ཆེན་ལའང་དབང་བཞི་པའི་མན་ངག་གི་དབང་དུ་བྱས་ན་བླ་མ་དང་ལྷའི་བྱིན་རླབས་དང་བྱེད་བཅིང་གི་གནད་སོགས་ཀྱིས་ཡེ་ཤེས་འབེབས་པས་མདོའི་དབུ་མ་དང་མི་འདྲ། ཡང་དབང་སོགས་ལ་མ་ལྟོས་པའི་དེང་སང་གནས་ལུགས་ཕྱག་ཆེན་དུ་གྲགས་པ་ལྟར་ན་རྒྱུད་བླའི་མན་ངག་ཡིན་པར་བཞེད་པས་དབུ་མ་དང་འདྲ་དགོས་པར་མངོན། ཕྱག་རྫོགས་ཀྱི་ཁྱད་པར། ཕྱག་ཆེན་པ་ལྟ་བས་ཡུལ་ལ་ཕར་རྒྱས་བཏབ་ནས་གསལ་སྟོང་དུ་གཏན་ལ་འབེབས། རྫོགས་ཆེན་པས་ཆོས་ཐམས་ཅད་སེམས་ཀྱི་རོལ་པར་བསྡུས་ནས་ཡུལ་རིག་སྟོང་དུ་གཏན་ལ་འབེབས་པ་ཡིན། རྫོགས་ཆེན་སྡེ་གསུམ་ཀ་ཡུལ་སྣང་བ་དང་བཅས་པ་ཡུལ་ཅན་རིག་པའི་ཀློང་དུ་རྫོགས་པར་འདྲ་ཡང་སེམས་སྡེས་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་བརྗོད་བྲལ་དུ་འདོད། ཀློང་སྡེས་སེམས་ཉིད་རྩལ་སྣང་དང་བཅས་པ་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་མེད་པར་ཡེ་གྲོལ་རང་དག་ཏུ་འདོད། མན་ངག་སྡེས་ཡེ་ནས་ཟུང་འཇུག་བློ་འདས་རང་བྱུང་གི་ཡེ་ཤེས་རྩོལ་བྲལ་དུ་འདོད་པས། མདོར་ན་བསྐྱེད་རྫོགས་གསུམ་གྱི་དབང་བཞི་པའི་ཡེ་ཤེས་ལུས་རྫོགས་པར་སྟོན་པ་ལ་སྡེ་གསུམ་རིམ་གྱིས་འབྱུང་ངོ། །བསྐྱེད་ཚུལ་ཡང་རིག་པ་རང་བྱུང་གི་ཡེ་ཤེས་ཇི་ལྟར་གཏན་ལ་ཕབ་པའི་ངང་ལ། བསལ་བཞག་དང་། བྱ་རྩོལ་དང་། སྤང་བླང་བྲལ་བའི་ཆོས་ཉིད་ཀྱི་ངང་དུ་སྐྱེལ་བ་ཡིན་ནོ་གསུངས། གཞན་ཡང་སྔགས་མཚན་བཅས་ཐུན་མོང་བའི་ལམ་གྱིས་རླུང་དབུ་མར་གཞུག་པའི་ཐབས་ལས་དཔེ་དོན་གྱི་ཡེ་ཤེས་འདྲེན་པར་བྱེད་པ་ལའང་། གྲོལ་ལམ་བླ་མའི་མན་ངག་རྫོགས་པ་ཆེན་པོའི་ངོ་སྤྲོད་ལ་བརྟེན་དགོས་ཏེ། དེ་ལས་གཞན་དུ་རླུང་དབུ་མར་ཞུགས་ཀྱང་ཡེ་ཤེས་ངོས་མི་ཟིན། དེ་མ་ཟིན་ན་རླུང་དབུ་མར་ཞུགས་ཀྱང་ཅི་ཞིག་ཕན། དོན་འོད་མཚོན་པའི་སྒོར་མ་གྱུར་ན་རྩ་རླུང་ཐིག་ལེ་སོགས་ཟག་བཅས་འཇིག་རྟེན་པའི་ལམ་ཕྱི་རོལ་པ་སོགས་དང་ཁྱད་མེད་པར་རྒྱ་གར་གྱི་སློབ་དཔོན་ཨིནྡྲ་བོ་དྷི་དང་བོད་ཀྱི་རོག་བདེ་གཤེགས་ཆེན་པོ་སོགས་གསུངས། དེས་ན་ཐབས་ལམ་པ་དག་གིས་མི་ཤེས་སུ་མི་རུང་བའི་གནད་ནི། སློབ་དཔོན་ཤྲཱི་སེངྷ་ནས་བཻ་རོ་ལ་བརྒྱུད་པའི་གཤིན་རྗེའི་རྫོགས་རིམ་མཐར་ཐུག་ཐབས་ལམ་གནད་ཀྱི་ལྡེའུ་མིག་ལས། རྟེན་གཞལ་ཡས་ཁང་ལུས་གནས་རྩ་ཡི་ཕོ་བྲང་ན་ནང་གི་མཁའ་འགྲོ་རྩ་ཡིག་གི་ཚུལ་དུ་བཞུགས། རྩ་གནས་ཡི་གེའི་ཕོ་བྲང་ན་དེ་ཁོ་ན་ཉིད་སྟོང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་སྲོག་མི་ཤིགས་པའི་ཐིག་ལེ་བཞུགས་སོ། །དེ་ཡང་ལུས་གང་ན་གནས་པ་ན་རྩ་གནས། རྩ་གང་ན་གནས་པ་ན་རླུང་གནས། རླུང་གང་དུ་གནས་པ་ན་ཐིག་ལེ་གནས། ཐིག་ལེ་གང་དུ་གནས་པ་ན་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གནས་སོ། །ཞེས་སོགས་ལུས་གནས་རྩ་ཡི་ཆགས་ཚུལ། རྩ་གནས་ཡི་གེ་སྤྲིན་གྱི་འཁོར་ལོ། དེ་ན་ལྷ་གཙོ་འཁོར་སོགས་ཇི་ལྟར་གནས་པའི་ཚུལ་རྣམས་གསལ་བར་གསུངས་ཤིང་། དེ་ལས་རྩ་ཐམས་ཅད་སྲོག་ཤིང་གི་རྩ་གསུམ་ལ་འདུས་ཤིང་། དེ་ཡང་རང་བཞིན་གཉུག་མའི་ཨ་བ་ངྷཱུ་ཏི་གཉིས་མེད་སྟོང་པའི་རྩ་ཡིན་ཏེ་ཅིར་ཡང་མ་གྲུབ་པ་སྤྲོས་བྲལ་ཆོས་ཀྱི་སྐུ། བཤད་ཚོད་ཀྱི་ཨ་བ་ངྷཱུ་ཏི་ལུས་དཀྱིལ་སྒལ་ཚིག་མདུན་སྲོག་ཤིང་ཀ་བ་ལྟར་གནས་ཏེ་དབྱིབས་དཀར་འཚེར་རླུང་དང་ཐིག་ལེ་གང་གིས་ཀྱང་དབེན་པ། དེའི་གཡས་སུ་རོ་མ་དམར་མོ་རྡུལ་དང་། གཡོན་རྐྱང་མ་དཀར་མོ་ཁུ་བས་གང་བ། རྩ་གསུམ་པོ་དེའང་སྐུ་གསུང་ཐུགས་རྡོ་རྗེ་སྟེ། རྐྱང་མ་སྐུ། རོ་མ་གསུང་། ཀུན་འདར་མ་ཐུགས་རྡོ་རྗེར་གསུངས་པ་དང་། སྐུ་སོགས་དེ་ཐམས་ཅད་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཕྱོགས་གཅིག་ཏུ་མ་ངེས་ཏེ། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུའང་མ་ལྷུང་བའི་གནད་ཀྱིས་སྣང་ཚུལ་ཡང་ངེས་མེད་དུ་ཤར་བས་ཕྱོགས་གཅིག་ཏུ་ཆད་པ་མེད་པ་དང་། རྩ་ཡིག་དེ་རྣམས་ཀྱང་རང་རང་གི་བག་ཆགས་དང་མཐུན་པར་ཤར་ཏེ། རྒྱ་གར་ལ་རྒྱ་ཡིག བོད་ལ་བོད་ཡིག ལྷ་ལ་ལྷའི་ཡི་གེ་སོགས་སུ་གནས་པར་བཤད། གཞན་ཡང་རླུང་དང་ཐིག་ལེའི་རྣམ་གཞག་རྒྱས་པར་གསུངས་ཤིང་། དེ་ཁོ་ན་ཉིད་སྟོང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོའི་བཞུགས་ཚུལ་ཡང་། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་རྟེན་བྱེད་པས་སྐུ་རྡོ་རྗེ། རྩ་ལ་གནས་པའི་ཡི་གེ་རྣམས་ནི་བརྡ་སྤྲོད་པས་གསུང་། ཡི་གེའི་ཕོ་བྲང་ན་རླུང་དང་ཐིག་ལེ་དཀར་དམར་ཐམས་ཅད་རང་གསལ་བར་བྱེད་པས་ཐུགས་རྡོ་རྗེ། དེས་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་ལུས་ལ་རྫོགས་པར་གནས་པ་ལས་གཞན་གུད་ན་མེད་དོ་ཞེས་དང་། དེ་ལས་རླུང་ལ། འཕེན་པ་ལས་ཀྱི་རླུང་ནི་དྭངས་མ་ཕྲ་བའི་སྲོག་འཛིན་གྱི་རླུང་གིས་ཡིད་ཀྱི་རྣམ་ཤེས་ཀྱི་རླུང་བསྐྱེད། ཁ་ནང་དུ་བལྟས་ནས་རང་རྒྱུད་ཀྱི་རྩ་ལ་རྒྱུས་པས་ང་བདག་ཏུ་འཛིན་པ་སྐྱེ། ཉོན་མོངས་པའི་ཚུབ་ལང་། ཁ་ཕྱིར་བལྟས་ཏེ་རྟོག་ངན་སྣ་ཚོགས་འགྱུས་ནས་ལས་སྣ་ཚོགས་བསགས་པས་འཁོར་བར་འཕེན་པར་བྱེད། གསལ་བ་ཡེ་ཤེས་ཀྱི་རླུང་ནི་རིག་པའི་རླུང་ཡིན་ཏེ། རིག་པ་གསལ་བ་ཅིར་ཡང་མ་འགགས་པར་གསལ་ལ་གང་གིས་ཀྱང་སྒྲིབ་པ་མེད་པར་གསལ་བ་སྟེ། གནས་ནི་ཀུན་འདར་མ་ན་གནས་ཏེ་མཉམ་རྒྱུའི་སྐབས་རིག་པ་རྟོག་མེད་དྭངས་ཆ་དང་བཅས་ཏེ་འགྱུ་བ་ཡིན། དེ་ངོས་བཟུང་བ་ལ་འབྱུང་བ་མཉམ་པར་གནས་པ་གཅིག་ལ། རླུང་ཕྱིར་འགྲོའི་ནང་འགྲོའི་ཁུག་པ་གཅིག་ལ་གཅིག་ཏུ་བགྲང་བའི་ཉིན་ཞག་ཕྲུགས་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་བཅུ་རྒྱུ་བ་ལས། གཡས་ནས་གཡོན་དུ་འཕོ་བ་དང་། གཡོན་ནས་གཡས་སུ་འཕོ་བའི་སྐབས་འཕོ་མཚམས་བཅུ་གཉིས་སུ་མཉམ་གནས་ཀྱི་རླུང་རྒྱུ་བས་བཅུ་གཉིས་པོ་སྙིགས་མའི་རླུང་ཡིན། བཅུ་གསུམ་པ་མཉམ་གནས་ཡེ་ཤེས་ཀྱི་རླུང་དབུས་ཀུན་འདར་མ་ན་རྒྱུ་བ་ཡིན་ནོ། །རིག་པའི་རླུང་ལ་དྭངས་སྙིགས་གཉིས་ལས། དྭངས་མའི་རླུང་ནི། གནས་དྭངས་མ་ལྔ་འདུས་ཀྱི་དབུས་ངོ་བོ་སྲོག་མི་ཤིགས་པའི་ཐིག་ལེ། བྱང་ཆུབ་ཀྱི་སེམས་སྤྲོས་བྲལ་ཆོས་ཀྱི་སྐུ། ལམ་ཀུན་འདར་མ་ནས་རྒྱུ། དུས་འཕོ་མཚམས་བཅུ་གསུམ་པ་ལའོ། །སྙིགས་མའི་རླུང་གནས་གསང་འཁོར། ངོ་བོ་རྣམ་ཤེས་ཚོགས་བརྒྱད། ལམ་རྩ་འདབ་བརྒྱད་འཁོར་བརྒྱད་ཁྲི་བཞི་སྟོང་དུ་གསུངས། དེ་ལས་དྭངས་མའི་རླུང་འཕོ་མཚམས་བཅུ་གསུམ་པ་ངོས་བཟུང་བ་ནི། རླུང་གཡས་གཡོན་གཉིས་ནས་མཉམ་དུ་ཤ་ར་ར་རྒྱུ་དུས། རིག་པ་གསལ་སྟོང་རྟོག་པ་མེད་པ། ངོས་བཟུང་ཅིས་ཀྱང་སྟོང་པ། སྤྲོས་མེད་ནམ་མཁའ་ལྟ་བུའི་ཉམས་སྔར་བས་ལྷག་པའི་ཤེས་པ་གཅིག་ཤར་བ། དེ་ནི་ནང་གི་སྒྲ་གཅན་འཛིན་རྩ་དབུ་མའི་ནང་དུ་ཉི་ཟླ་རོ་རྐྱང་གཉིས་ཀྱི་རླུང་ཚུད་ནས་རྒྱུ་བའི་རྟགས་ཡིན། དེ་ནི་སངས་རྒྱས་ཀྱི་དགོངས་པ་དངོས་སུ་ཤར་བ་ཡིན། སེམས་ཅན་ཐམས་ཅད་ལ་ཉིན་ཞག་ཕྲུགས་གཅིག་ལ་ཐེངས་རེ་མི་འཆར་མི་སྲིད་ཀྱང་བླ་མའི་མན་ངག་མེད་པས་ངོས་མི་ཟིན། ཡུན་ཡང་འགའ་ཞིག་ལ་སེ་གོལ་བདུན་གྱི་ཡུན་ཙམ་ལས་མི་འཆར་བའང་ཡོད། བསོད་ནམས་བསགས་པ་འགའ་ཞིག་ལ་ཟན་རེ་ཟ་ཡུན་ཙམ་ལ་འཆར། སྲོག་རྩོལ་ལ་གནད་དུ་བསྣུན་པའི་རྣལ་འབྱོར་པ་ལ་ཉི་མ་ཕྱེད་དང་ཟླ་བ་དང་ལོ་ལ་སོགས་པར་མི་གཡོ་བའི་ཉམས་ཤར་ནས་བརྟན་པ་ཐོབ་པ་ཡོད། དུང་བ་སྒོམ་པ་དང་བདེ་བ་སྒོམ་པ་དང་། དེ་བཞིན་དུ་སྒྱུ་ལུས། ཞི་གནས། འོད་གསལ་སྒོམ་པ་སོགས་ཐམས་ཅད་འདི་ངོས་ཟིན་ཅིང་རྟོགས་པར་བྱ་བ་ལས་མེད། འདི་ངོས་ཟིན་ཅིང་རྟོགས་པའི་དུས་རླུང་ཨ་བ་དྷཱུ་ཏིར་ཆུད་པ་ཡིན། འདི་ནི་གསང་བའི་ངེས་པའོ། །ནང་གི་ངེས་པ་ནི་རླུང་གཡས་གཡོན་གཉིས་ནས་མཉམ་དུ་རྒྱུ་བའི་དུས་སོ། །ཕྱིའི་ངེས་པ་ནི། ཟླ་བ་གཟས་ཟིན་པའི་དུས་དྭངས་མ་ཀུན་འདར་གྱི་རླུང་རྒྱུ་བའོ། །དེ་ལྟར་ཕྱི་ནང་གསང་བའི་རྟགས་གསུམ་གྱིས་ཡེ་ཤེས་ཀྱི་རླུང་ངོས་བཟུང་ནས། ལུས་གནད་བསྲང་། མ་ནིང་གི་རླུང་དལ་ལ་འཇམ་པར་བཟུང་། མ་སྒོམ་པའི་མངོན་སུམ་གསལ་བའི་ཡེ་ཤེས་ཀྱི་རླུང་ཐུག་ཕྲད་གསུམ་དུ་ཤར་བ་དེ། སྒོམ་པའི་མངོན་སུམ་བཞག་ཐབས་གསུམ་གྱིས་ཀློང་ལ་བཞག་གོ །འདིའི་གནད་ངོས་ཟིན་ན་བསྐལ་པར་བསགས་པའི་སྒྲིབ་པའང་སྐད་ཅིག་གཅིག་གིས་འདག་ལ། སངས་རྒྱས་ཀྱི་དགོངས་པ་ཡང་འདིས་མངོན་སུམ་དུ་གཏན་ལ་ཕབ་པ་ཡིན་ནོ་གསུངས། དེས་ན་གནད་འདི་ངོས་ཟིན་ན་རིག་པ་རང་བབས་སུ་བཞག་པས་རླུང་དབུ་མར་མི་ཞུགས་པ་མ་ཡིན་ཏེ། དུས་འཁོར་གྱི་སོར་བསམ་དང་རྫོགས་ཆེན་གྱི་བཞག་ཐབས་རྣམས་བཞིན་ནོ། །དེ་བཞིན་ཐབས་ལམ་དངོས་གཞིའི་ཉམས་ལེན་སྐབས་མེད་དུ་མི་རུང་བའི་མན་ངག་གི་ངོ་སྤྲོད་དྲུག་གསུངས་ཏེ། དང་པོ་མི་བཏང་བ་གསུམ་གྱིས་སྲོག་བཟུང་བ་ནི། ཐིག་ལེ་རྡོ་རྗེའི་ཁ་ནས་མི་བཏང་། ཡིད་ཆགས་པའི་དབང་དུ་མི་བཏང་། ལྟ་སྒོམ་བློ་ཡུལ་དུ་མི་བཏང་བའོ། །གཉིས་པ་བཅད་པ་གསུམ་གྱི་འཁོར་བའི་རྒྱུན་ལམ་བཅད་པ་ནི། འཇིག་རྟེན་པའི་རིགས་རྒྱུད་བཅད། འདོད་ཆགས་ཀྱི་གཞི་རྩ་བཅད། འཁོར་བའི་རྒྱུན་ལམ་བཅད་པ་སྟེ། དེ་གསུམ་རིམ་པར་ཐིག་ལེ་མ་ཤོར་བ། ཆགས་རྟོག་རང་སར་གྲོལ་བ། རང་བྱུང་གི་ཡེ་ཤེས་མངོན་དུ་རྟོགས་པས་སྐྱེ་ཤི་འཁོར་བ་ལས་གྲོལ་བའོ། །གསུམ་པ་དགའ་བཞི་ངོས་བཟུང་བ་ལ་དབྱེ་ན་བཅུ་དྲུག་ལས། གོ་རིམ་ལ་ལྟོས་པའི་དགའ་བ་བཞི་ནི། ཐབས་ཤེས་ཀྱི་འདོད་ཡོན་ལྔ་ལ་སློབ་པའི་དུས་སུ་གཟུགས་ནས་རེག་པའི་བར་གྱི་བདེ་ཉམས་ཅི་སྐྱེས་ཐམས་ཅད་དགའ་བ། མཁའ་གསང་རྩེ་སྤྲད་དུས་ཀྱི་བདེ་བ་ཆེར་འབར་བ་མཆོག་དགའ། ནང་སྤྲད་སྲུབ་པའི་དུས་ཀྱི་བདེ་བ་ལྷན་ཅིག་སྐྱེས་དགའ། ཁ་སྦྱོར་བཞི་འཛོམས་པའི་དུས་བདེ་བ་ལ་མི་རྟོག་པ་དང་ལྡན་པ་དགའ་བྲལ་གྱི་ཡེ་ཤེས་སོ། །གནས་ལ་ལྟོས་ནས་བཞག་པའི་དགའ་བཞི་ལའང་གཉིས། ཕྱིའི་གནས་ལ་ལྟོས་པ། ལུས་ཁོལ་བུར་བདེ་བ་སྐྱེས་པ་དགའ་བ། ལུས་ཕལ་ཆེར་ལ་ཁྱབ་སྙམ་བྱེད་པ་མཆོག་དགའ། ལུས་ཐམས་ཅད་ལ་བདེ་བ་སྐྱེས་པ་དགའ་བྲལ། ཕྱི་ནང་གི་དངོས་པོ་གར་བལྟས་ཀྱང་བདེ་ཉམས་འབའ་ཞིག་སྐྱེས་པ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སོ། །ནང་གི་དགའ་བ་ལ་ལྟོས་ནས། ཡབ་ཡུམ་སྙོམས་པར་ཞུགས་པའི་སྐབས། ཐིག་ལེ་སྤྱི་བོ་ནས་མགྲིན་པར་བབས་དུས་ཀྱི་བདེ་བ་ཅི་སྐྱེས་དགའ་བ། དེ་བཞིན་སྙིང་གར་བབས་པ་མཆོག་དགའ། ལྟེ་བར་དགའ་བྲལ། གསང་བར་ལྷན་ཅིག་སྐྱེས་དགའ་འོ། །སྤང་བྱ་ལ་ལྟོས་ནས་བཞག་པའི་དགའ་བཞི། བདེ་བ་ལ་སེམས་ཟིན་ཏེ་གཟུང་འཛིན་གྱི་རྟོག་པ་རགས་རིམ་འགགས་པ་དགའ་བ། དེ་བཞིན་བདག་འཛིན་གྱི་རྟོག་པ་རགས་རིམ་འགགས་པ་མཆོག་དགའ། རང་དང་ཕྱག་རྒྱར་འཛིན་པའི་རྣམ་རྟོག་འགགས་པ་དགའ་བྲལ། ཉམས་ཐམས་ཅད་རང་སྣང་རང་སྟོང་རང་རིག་ཏུ་རྟོགས་ཏེ་ཟག་བཅས་ཀྱི་དགའ་བདེ་རང་ཁ་མའི་འཛིན་རྟོག་འགགས་པ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སོ། །རང་གི་ངོ་བོའི་སྒོ་ནས་བཞག་པ་ནི། བདེ་ཉམས་ཆུང་བ་དགའ་བ། ཆེར་འཕེལ་བ་མཆོག་དགའ། བདེ་བ་ལ་མི་རྟོག་པ་དགའ་བྲལ། བདེ་སྟོང་གཉིས་མེད་རང་རིག་ཡེ་ཤེས་སུ་རྟོགས་པ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སོ། །བཞི་པ་དབང་གསུམ་གྱིས་ལམ་དུ་གཞུག་པ། གསང་དབང་གིས་བདེ་སྟོང་གཉིས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་སྣང་དུ་ངོས་ཟིན་པ། ཤེར་དབང་གིས་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་རང་སྣང་མཐའ་དབུས་མེད་པར་ཡུལ་མེད་རང་གསལ་དུ་ཤར་ཏེ་རྟོགས་ཤིང་ཡིད་ཆེས་ཐག་ཆོད་པ། བདེ་བ་ཆེན་པོའི་དབང་གིས་དེ་ལྟར་རྟོགས་པ་དེ་ཉམས་སུ་མྱོང་བ་སྟེ། བདེ་སྟོང་གཉིས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་རིག་པས་མངོན་སུམ་དུ་རྟོགས་ཤིང་ཉམས་སུ་མྱོང་ནས་ཡེ་ཤེས་རང་གནས་ཀྱི་དགོངས་པ་དེ་བདེ་བ་ཆེན་པོ་ལ་གནས་པའོ། །མདོར་ན་ཡབ་ཡུམ་སྙོམས་འཇུག་གི་བདེ་བ་རང་སྣང་དུ་ངོས་ལྷང་གིས་ཟིན་པ་གསང་དབང་། བདེ་བ་རང་སྟོང་དུ་ངོས་ཟིན་པ་ཤེར་དབང་། བདེ་སྟོང་གཉིས་སུ་མེད་པར་ངོས་ཟིན་པ་བདེ་བ་ཆེན་པོའི་དབང་ངོ་། །ལྔ་པ་བསྒྱུར་བ་གསུམ་གྱིས་ཉམས་སུ་བླང་བ་ནི། བདེ་བ་རང་སེམས་རང་སྣང་དུ་བསྒྱུར་བ་བདེ་བ་གང་སྐྱེས་དེ་ཀ་སེམས་ཉིད་རང་གྲོལ་དུ་ངོ་སྤྲད་ལ་ཉམས་སུ་བླང་། རང་སྣང་འོད་གསལ་སྟོང་ཉིད་དུ་བསྒྱུར་བ་རང་སྣང་དུ་ཉམས་སུ་མྱོང་བ་དེ་རང་གསལ་སྒྲིབ་གཡོགས་དང་བྲལ་བར་གཞི་རྩ་མེད་པར་ངོས་བཟུང་ནས་ཅིར་སྣང་སྟོང་པར་ངོ་སྤྲད་ལ་ཉམས་སུ་བླང་། སྟོང་ཉིད་རང་གྲོལ་བདེ་བ་ཆེན་པོར་བསྒྱུར་བ། བདེ་སྟོང་དབྱེར་མེད་རང་གྲོལ་བདེ་བ་ཆེན་པོར་ངོ་སྤྲད་དེ་ཉམས་སུ་བླང་བའོ། །དེས་བདེ་སྟོང་གཉིས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་གྲོལ་མངོན་སུམ་དུ་རྟོགས་ཤིང་ཉམས་སུ་མྱོང་བའོ། །དྲུག་པ་ཐུག་ཕྲད་གསུམ་གྱིས་ངོ་སྤྲད་པ་ལ། གཞི་ལྷུན་གྲུབ་རྣམ་གསུམ། དགའ་བ་སྔ་མ་གཉིས་སུ་རང་བྱུང་ཡེ་ཤེས་ཀྱི་རང་སྣང་སྒྱུ་མ། དགའ་བྲལ་གྱིས་རང་སྟོང་སྤྲོས་བྲལ། ལྷན་ཅིག་སྐྱེས་དགས་རང་རིག་རང་གསལ་ལྷུན་གྲུབ་སྟེ། ལྷུན་གྲུབ་རྣམ་གསུམ་མ་འདྲེས་ཡོངས་རྫོགས་བདེ་བ་ཆེན་པོའོ། །དེ་བཞིན་དུ་ལམ་ཐུག་ཕྲད་རྣམ་གསུམ་གསལ་བ་སྟོང་པ་གཉིས་མེད་རང་གསལ་ཏེ་མ་སྒོམ་པའི་མངོན་སུམ་ཐུག་ཕྲད་དེ་སྒོམ་པས་ཉམས་སུ་བླང་བའོ། །འབྲས་བུ་སྐུ་གསུམ་ལྷུན་གྲུབ་ཀྱི་དགོངས་པ་མངོན་དུ་འཆར་ཏེ། སྐུ་གསུམ་དེ་མཐའ་དང་བྲལ་ཚུལ། སྤྲུལ་སྐུ་བདེ་བ་ཆེན་པོར་མ་འགགས་པས་སྟོང་པ་ཕྱང་ཆད་ཀྱི་མཐའ་དང་བྲལ། ཆོས་སྐུ་སྤྲོས་བྲལ་གྱིས་དངོས་པོ་རྫས་གྲུབ་ཀྱི་མཐའ་དང་བྲལ། དེ་གཉིས་དུས་སྔ་ཕྱི་མེད། རང་བཞིན་བཟང་ངན་མེད། འདུག་ས་ཐ་དད་མེད་པར་རིག་པ་རང་གསལ་གྱི་ལོངས་སྐུ་ངོ་བོ་ཐ་དད་ཀྱི་མཐའ་དང་བྲལ། སྣང་བ་ཅིར་ཡང་སྣང་། སྟོང་པ་ཅིར་ཡང་སྟོང་། རིག་པ་ཅིར་ཡང་རིག་པས་སྐུ་གསུམ་མཚན་ཉིད་མ་འདྲེས་ལ་ཡོངས་སུ་རྫོགས་པ་མཐའ་བྲལ་མཉམ་པ་ཉིད་དུ་ཉམས་སུ་མྱོང་བར་རང་ལུགས་རྩོལ་མེད་དུ་བཞག་པའི་ངང་ལས་མི་འདའ་བས་སོ་མ། གཉེན་པོ་མི་བརྟེན་པས་རང་བཏང་། དགག་སྒྲུབ་མེད་པར་ལྷུག་པ། དེ་ལྟར་བཞག་ཐབས་གསུམ་གྱི་ངང་དུ་ལྷོད་ཀྱིས་ཀློད་ལ་ཙེན་གྱིས་བཞག་གོ །ཞེས་དང་། ཐབས་འདིས་ཡབ་ཡུམ་གྱི་ལུས་ལྷ་སྐུ་སྒྱུ་མ་ལྟ་བུ་ལ། རང་གི་རྩ་འཁོར་རྟེན་གཞལ་ཡས་ཁང་དུ་བརྟེན་པ་ལྷ་ཡབ་ཡུམ་བླ་མ་བཀའ་བརྒྱུད་ཀྱི་ཚོགས་དང་བཅས་པ་ལ་བདེ་བ་ཆེན་པོའི་མཆོད་པ་རྒྱུན་མི་ཆད་པར་ཕུལ་བས་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་། འཕེན་པའི་ལས་རླུང་ཚར་ཆོད་ནས་འབྱུང་བ་དྭངས་སྙིགས་ཕྱེད། རིག་པ་ཡེ་ཤེས་ཀྱི་རླུང་སྐུ་གསུམ་ལྷུན་གྲུབ་ཏུ་ངོ་འཕྲོད་ཡིད་ཆེས་ཐག་ཆོད་པས་ཡེ་ཤེས་ཀྱི་ཚོགས་རྫོགས། ཡིད་ཆེས་ཀྱི་ངང་དུ་དུས་རྒྱུན་ཆད་མེད་པར་གནས་པ་ནི་མི་ནུབ་པའི་རྒྱལ་མཚན་ཚུགས་པའོ། །ཞེས་དང་། ཡང་ཐིག་ལེ་གསང་བ་ནས་ཡར་དྲངས་ཏེ་ལྟེ་བར་བརྟན་པའི་ཚེ་རང་ལུས་བདེ་སྟོང་དུ་རྟོགས་པ་ཙམ་སྟེ། དགའ་བ་བཞི་ལས་དགའ་བའི་དགའ་བ། ལྷུན་གྲུབ་གསུམ་ལས་བདེ་ཉམས་ཤས་ཆེ་བས་རྣམ་པ་སྒྱུ་མ་ལྷུན་གྲུབ། ཐུག་ཕྲད་གསུམ་ལས། བཞི་པ་དང་པོའི་བདེ་བ་ཡིན་པས་སྤྲུལ་སྐུ་ཐུག་ཕྲད། སྐུ་གསུམ་ལས་བདེ་ཉམས་ཐམས་ཅད་ཀྱི་འཆར་གཞི་ཡིན་ཞིང་དེ་ལས་སྤྲུལ་པས་སྤྲུལ་སྐུའོ། །དེ་བཞིན་དུ། སྙིང་ཁར་བརྟན་པས་རང་དང་སྣང་བའི་དངོས་པོ་ཐམས་ཅད་བདེ་སྟོང་དུ་རྟོགས་པ་དེ་མཆོག་དགའི། བདེ་བའི་རང་བཞིན་སྟོང་པར་ཤར་བས་རང་བཞིན་སྤྲོས་བྲལ་ལྷུན་གྲུབ། སྟོང་པ་ཆོས་སྐུ་ཐུག་ཕྲད། བདེ་སྟོང་གི་ཉམས་དང་ལྡན་པས་ཆོས་སྐུ་སྤྲོས་བྲལ། མགྲིན་པར་བརྟན་པས་མྱང་འདས་ཀྱི་ཆོས་ཐམས་ཅད་བདེ་སྟོང་གཉིས་མེད་དུ་འཆར་བ་དེ་ལྷན་ཅིག་སྐྱེས་དགའི། བདེ་སྟོང་གཉིས་མེད་ཀྱི་ཉམས་ཤར་བས་མཚན་ཉིད་རང་རིག་ལྷུན་གྲུབ། གཉིས་མེད་དུ་ཤར་བས་ལོངས་སྐུ་ཐུག་ཕྲད། དེ་ལས་རིག་པ་རང་རིག་གི་མཚན་ཉིད་རང་གསལ་དུ་རྟོགས་ཤིང་རིག་པས་ལོངས་སྤྱོད་པས་ལོངས་སྐུ། སྤྱི་བོར་བརྟན་པའི་ཚེ་འཁོར་འདས་ཐམས་ཅད་ལ་ཁྱབ་པའི་བདེ་སྟོང་གཉིས་མེད་དགའ་བྲལ་གྱི་ཞེས དགའ་བྲལ་ཏེ། སྐུ་གསུམ་ལྷུན་གྲུབ་མ་འདྲེས་ཡོངས་རྫོགས་ལྷུན་གྱིས་གནས་པའི་བདེ་ཆེན་སྤྲོས་བྲལ་ནམ་མཁའ་ལྟ་བུ་སྨྲ་བསམ་བརྗོད་དུ་མེད་པ་བརྡ་ཐ་སྙད་ལས་འདས་པའི་སྐུ་དང་ཡེ་ཤེས་ཡིན་ནོ། །ཞེས་དང་། བདེ་སྟོང་གཉིས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་ལ་བདེན་པར་བཟུང་ངམ་སྙམ་པར་མི་བྱ་སྟེ། སྡུག་བསྔལ་ཡོད་ཀྱི་བར་ལ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བསྟན་གྱི། དེ་ཁོ་ན་ཉིད་ཀྱི་དོན་དུ་ན། སྡུག་བསྔལ་མཚན་མའི་དངོས་པོ་མ་གྲུབ་པས། བདེ་སྟོང་དབྱེར་མེད་དུའང་བདེན་པར་བཟུང་དུ་མེད་དོ། །སྨྲ་བསམ་བརྗོད་དུ་མེད་པ་མིང་དང་ཐ་སྙད་ཐམས་ཅད་ལས་འདས་པར་རིག་པར་བྱའོ། །ཞེས་སོགས། ཐབས་ལམ་པ་ཆེན་པོ་གྲགས་པ་ཤེས་རབ་ཀྱི་གསུངས། རྡོ་རྗེ་ལུས་ཀྱི་གནས་ལུགས། དེ་ལ་གནད་དུ་བསྣུན་པའི་མན་ངག་ལག་ཁྲིད། གེགས་སེལ་བོགས་འདོན། དྲོད་རྟགས་ཡོན་ཏན་བཞིའི་ཁོངས་སུ་བསྡུས་ཏེ་ཤིན་ཏུ་གསལ་རྒྱས་སུ་བཞུགས་པ་ཐབས་ལམ་ཚུལ་བཞིན་བསྟེེན་པའི་སྔགས་པ་ཚད་ལྡན་འདྲ་སྲིད་ན་ལྟ་རྟོག་ཐེམས་པ་ཅིས་ཀྱང་གལ་ཆེ་བར་མངོན་ནོ། །དེ་ལ་རྫོགས་ཆེན་གྱི་ཐོག་མའི་སྤྱི་གཞི་ནི། རིག་པ་རང་ཤར་གྱི་རྒྱུད་ལས། ང་མེད་པའི་སྔོན་རོལ་ན། གཞིའི་གནས་ལུགས་འདི་ལྟར་གནས་ཏེ། གཞི་ཀ་དག་ཆེན་པོ་ཞེས་བྱ་བ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་སོ། །ཞེས་སོགས། རྒྱ་ཆེར་གསུངས་པ་བཞིན། རྟོགས་ཏེ་སངས་རྒྱས་མ་བྱུང་བས་མྱང་འདས་སུ་རྒྱ་མ་ཆད། མ་རྟོགས་ཏེ་འཁྲུལ་པ་མ་བྱུང་བས་འཁོར་བར་ཕྱོགས་སུ་མ་ལྷུང་བའི་ཡེ་ཐོག་གཞིའི་སྐབས་སུ། གཞིའི་ཆོས་ཉིད་ངོ་བོ་སྟོང་པས་སྤྲོས་མཚན་ཀུན་བྲལ་ཀ་ནས་དག་པ། རང་བཞིན་གསལ་བས་ཆོས་ཀུན་གྱི་འབྱུང་གཞིར་ལྷུན་གྱིས་གྲུབ་པ། ཀུན་ཁྱབ་ཐུགས་རྗེའི་རང་རྩལ་མཁྱེན་ཆ་མ་འགགས་པར་འཆར་གཞིར་གནས་པ་ནི་གཞི་གནས་ཀྱི་ཡེ་ཤེས་གསུམ་སྟེ། དེ་ཉིད་རྟོགས་ན་མྱང་འདས་དང་། མ་རྟོགས་ན་འཁོར་བ་འབྱུང་རུང་གི་ཆར་གནས་པས་གཉིས་ཀའི་སྤྱི་གཞི་ལུང་མ་བསྟན་ཞེས་བྱ་སྟེ། སྒྲོན་མ་སྣང་བྱེད་ལས། སྔོན་བྱུང་ཐོག་མ་ཀ་དག་གཞི། །ངོ་བོ་རང་བཞིན་ཐུགས་རྗེ་ནི། །ཡེ་ཤེས་གསུམ་གྱི་བདག་ཉིད་དོ། །ཞེས་གསུངས་པས་འཁོར་འདས་ཀྱི་ཆོས་ཀུན་དེ་ལས་མ་གཡོས་པའོ། །དེ་ལས་འཁྲུལ་པ་ཇི་ལྟར་འབྱུང་སྙམ་ན་ལུང་སྔ་མའི་འཕྲོར། དེ་ལས་མ་ངེས་ལྷུན་གྲུབ་གཞི། །མ་རིག་གསུམ་དང་རྐྱེན་བཞི་དང་། །ཤེས་པ་སྦགས་པས་འཁྲུལ་པའོ། །ཞེས་གསུངས་པས། མ་རིག་པ་གསུམ་ནི། ཐོག་མའི་སྤྱི་གཞི་མཉམ་པ་ཆེན་པོའི་ངོ་བོ་མི་རྟོག་པའི་ཆ་དེ་རང་ངོ་མ་ཤེས་ན་འཁྲུལ་པ་འབྱུང་རུང་གི་ཆ་ཙམ་མ་འགགས་པ་དེ་ལ་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཞེས་བྱ་སྟེ་གཞི་མཉམ་པ་ཆེན་པོོ་ལས་མ་གཡོས་པའི་ཕྱིར་འདི་ལ་ཐོག་མ་བཞག་ཏུ་མེད་དེ། རྒྱུད་བླ་མར། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །ཞེས་གསུངས། དེ་ནས་ཀ་དག་སྟོང་པ་ཆེན་པོས་འཆར་གཞིའི་གོ་ཕྱེས་ཏེ། ལྷུན་གྲུབ་འོད་གསལ་གྱི་འཆར་ཆ་མ་འགགས་པའི་གདངས་དེ། ཐུགས་རྗེའི་རྩལ་བསྐྱོད་བྱེད་ཡེ་ཤེས་ཀྱི་རླུང་གིས་རྟ་བྱས་ཏེ། འཆར་ལུགས་དྲུག་སྒོ་གཉིས་དང་བརྒྱད་ཀྱི་ཆ་ནས་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ཞེས་བྱ་སྟེ་གཞི་སྣང་ཡེ་ཤེས་ཆེན་པོའི་བཀོད་པ་རང་ཤར་བའི་ཚེ། གཞི་གཞི་སྣང་གཉིས་ཀའི་ངོ་བོ་ལ་འཁྲུལ་པ་མེད་ཀྱང་། སྔར་གྱི་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་མ་སྤངས་མི་ལྡན་པའི་ཚུལ་གྱིས་ཡོད་པའི་དབང་གིས། རང་བཞིན་འོད་གསལ་གྱི་སྣང་ཆ་དེ་རང་རྩལ་དུ་མ་ཤེས་པ་ནི་སྣང་བ་དེ་དང་དུས་སྔ་ཕྱི་མེད་པར་བྱུང་བས་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱ། དེའི་ཚེ་མ་ཤེས་པ་ཙམ་དུ་མི་སྡོད་པར་ཤེས་པ་སྤུན་པོ་ཕ་ཀི་ལས་བདག་བྱུང་ངམ། བདག་ལས་ཕ་ཀི་བྱུང་སྙམ་དུ་ཐུགས་རྗེ་རང་རིག་ཏུ་མ་ཤེས་པའི་གཟུང་འཛིན་གྱི་ཆ་ཤིན་ཏུ་ཕྲ་བ་བྱུང་བ་ནི་ཀུན་ཏུ་བརྟགས་པའི་མ་རིག་པ་ཞེས་བྱ་སྟེ། ཀུན་མཁྱེན་ཆོས་རྗེས་གཞི་སྣང་ཡེ་ཤེས་སྒྲོན་མེར། བདག་ཉིད་གཅིག་པ་ཡེ་ལྡན་གྱི་ཚུལ། ལྷན་ཅིག་སྐྱེས་པ་དུས་མཉམ་གྱི་ཚུལ། ཀུན་ཏུ་བརྟགས་པ་ཕྱིས་འབྱུང་གི་ཚུལ་དུ་རང་མ་རིག་པའི་ཆ་ལས་སོ་སོར་བཏགས་སོ། །ཞེས་གསུངས། རྐྱེན་བཞི་ནི་རྒྱུའི་རྐྱེན་མ་རིག་པ་གསུམ་མམ་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་མ་ཤེས་པ། དམིགས་པའི་རྐྱེན་འོད་སྣང་སོགས་སྣ་ཚོགས་སུ་སྣང་བ། བདག་པོའི་རྐྱེན་རང་སྣང་དུ་མ་ཤེས་ཏེ་གཞན་དུ་བཟུང་བས། དེ་མ་ཐག་རྐྱེན་གཟུང་འཛིན་གྱི་འཁྲུལ་པ་ཇེ་རགས་སུ་སོང་བས་རང་སྣང་ཡེ་ཤེས་ཉིད་བསྒྲིབས་ཏེ་འཁྲུལ་པའི་སྦུབས་སུ་ཆུད་དེ་འཁྲུལ་སྣང་མུ་མེད་པར་ཤར་བ་ཡིན་པས། ད་ལྟ་སེམས་གྱི་གཞི་རྩ་བཅད་དེ་འཁྲུལ་པ་འདི་གཞི་ལ་བཟློག་ནུས་ན། གཞི་ཆོས་ཉིད་རང་མལ་ནས་མ་གཡོས་པའི་གནད་ཀྱིས་འཁྲུལ་པའི་གཞི་རྩ་སྟོང་ཞིང་ཅིར་སྣང་ཡེ་ཤེས་ཆེན་པོའི་རོལ་པ་ལས་མ་འདས་པའི་ཕྱིར། ཇི་ལྟར་སྣང་ཡང་ངོ་བོ་ལ་མ་གྲོལ་བ་མེད་པས་བློས་ཕར་མི་གཟུང་། གང་ལྟར་རིག་ཀྱང་རྟོག་པ་ལ་ངོས་བཟུང་མེད་པས་རང་གྲོལ་འཛིན་པས་མི་བསླད་དེ་བློས་ཚུར་མི་མཐུད། སྣང་རིག་རང་གྲོལ་དུ་ཤར་བས་ཡིན་མིན་གྱི་རྩིས་གདབ་མེད་པའི་ངང་ལས་སོ་མར་གློད་པས། དེའི་ཚེ་ཡེ་གྲོལ་དུ་འདུག་པས་བསྐྱར་ནས་གྲོལ་རྒྱུ་མེད་པར་ངོ་ཤེས། རང་གྲོལ་དུ་འདུག་པས། གང་ཤར་སྤང་བླང་མི་དགོས་པར་ཡིད་ཆེས། ཡོངས་གྲོལ་དུ་འདུག་པས། རྗེས་བསྙག་གཉེན་པོ་མི་དགོས་པར་ཐག་ཆོད། ཅེར་གྲོལ་དུ་འདུག་པས་དུས་མཉམ་སྔ་ཕྱི་མེད་པར་གདེང་འཆོས་པ་སྟེ། དོན་ལ་དུས་གསུམ་གྱི་རྟོག་པ་སེམས་སེམས་བྱུང་ཐམས་ཅད་ཆོས་ཉིད་མཉམ་པ་ཆེན་པོར་གྲོལ་བའི་དུས་བཞི་མཉམ་པ་ཉིད་གནས་ལུགས་བཞི་ཆ་གསུམ་བྲལ་རང་བྱུང་ཡེ་ཤེས་ཉིད་མངོན་སུམ་དུ་རྟོགས་ཤིང་གོམས་པ་མཐར་ཕྱིན་པ་ན། དེ་དང་འཛིན་སྟངས་འགལ་བའི་ཀུན་བརྟགས་དང་ལྷན་སྐྱེས་ཀྱི་མ་རིག་པ་གཉིས་དངོས་སུ་བཅོམ་པའི་མཐུས། རྒྱུ་བདག་ཉིད་གཅིག་པའི་མ་རིག་པའང་ཤེས་བྱ་གཤིས་ལ་མ་ཞུགས་པས་སྣང་བས་མུན་པ་བཞིན་དུ་ཡུལ་ཕྱུང་ནས་ས་བོན་རྩ་སྟོང་དུ་སོང་བས། སེམས་སེམས་བྱུང་གི་རྒྱུ་བ་མཐའ་དག་ཐོག་མར་གང་ལས་བྱུང་བའི་གཞི་ཀ་དག་མཉམ་པ་ཆེན་པོར་ལྡོག་པའམ་ཐིམ་ནས་སླར་མི་སྐྱེ་བ་ས་བོན་མེས་ཚིག་པའམ་འབྲུམ་ནད་ལན་གཅིག་བྱང་བའི་སྐྱེས་བུ་བཞིན་དགོངས་པའི་བཙན་ས་ཟིན་པའོ། །དེ་ལྟར་གྲོལ་བ་རྣམས་ཀྱང་རྐྱེན་བཞིའི་དབང་གིས་ཏེ། རྒྱུའི་རྐྱེན་རིག་པ་རང་བྱུང་གི་ཡེ་ཤེས་རང་ལ་གསལ་བ། དམིགས་པའི་རྐྱེན་འོད་སྣང་སོགས་སྣ་ཚོགས་སུ་ཤར་བ། བདག་པོའི་རྐྱེན་དེ་ཉིད་རང་སྣང་དུ་ཤེས་པ། དེ་མ་ཐག་རྐྱེན་རང་བྱུང་ཡེ་ཤེས་ཆེན་པོ་དེས་མ་དག་འཁྲུལ་པའི་ས་བོན་གཏན་བཅོམ་དུ་སོང་ནས་གདོད་མའི་གཞི་དབྱིངས་ཀ་དག་གི་ཀློང་དུ་གྲོལ་བ་ལ་སྔ་ཕྱིར་གྲོལ་བ་དང་ད་ལྟ་དང་བར་དོ་སོགས་སུ་གྲོལ་བ་ལ་ཁྱད་མེད་དུ་གསུངས་ཏེ། ཐོད་རྒལ་གྱི་རྒྱབ་ཡིག་ཉི་ཟླ་གཟའ་སྐར་ལས། ཀུན་ཏུ་བཟང་པོའི་གྲོལ་ཚུལ་ནི། གཞི་སྣང་ཤར་བ་ངོ་ཤེས་པའི་སྐད་ཅིག་ལ་གདོད་མར་གྲོལ་ཏེ། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ་ནང་གསལ་ཆོས་ཉིད་ཀྱི་དགོངས་པར་བཞུགས་པ་ནི། ངེས་དོན་འདུས་པའི་རྒྱུད་ལས། དེ་ཚེ་ཀུན་བཟང་ཆོས་དྲུག་གིས། །རང་ངོ་ཤེས་པས་གཞི་ལ་ཕྱིན། །ཅེས་པས། ཆོས་དྲུག་ནི། དབྱིངས་སྣང་ཤར་དུས། རྒྱུའི་རྐྱེན་ལྷན་ཅིག་སྐྱེས་པའི་རིག་པ། ཡུལ་གྱི་རྐྱེན་འོད་དང་སྐུར་སྣང་བ། མཚུངས་པ་དེ་མ་ཐག་པའི་རྐྱེན་སྣང་རིག་དུས་མཚུངས་པ་གསུམ་གྱི་ཚེ། རྒྱུ་ལས་མ་བྱུང་བའི་འབྲས་བུ་ཡེ་ནས་རང་རིག་པ་སངས་རྒྱས་སུ་གྲུབ་པ། སེམས་ལས་མ་བྱུང་བའི་སངས་རྒྱས་རིག་པ་ཡེ་ཤེས་སུ་སྣང་བ། ལུང་ལས་མ་བྱུང་བའི་མན་ངག་རང་གིས་རིག་པས་སངས་རྒྱས་སོ། །འདི་ལྟ་བུའི་ཡེ་ཐོག་དང་པོར་བྱུང་བ་ནི་འཁོར་འདས་སྤྱིའི་དཔལ་དམ་པ་ཀུན་ཏུ་བཟང་པོ་ཡིན་ལ། དབྱིངས་སྣང་ལས་གྲོལ་བ་ཐམས་ཅད་ཀྱང་ཡིན་ལ། ཁྱད་པར་བར་དོའི་གཞི་སྣང་ཤར་བ་ལ་གྲོལ་ཚད་ལུགས་འདི་ཡིན་ནོ། །ཞེས་གསུངས། དེ་ཕན་ཅིར་སྣང་ཡེ་ཤེས་ཆེན་པོའི་དགོངས་པ་ལས་མི་གཡོ་བ་རིན་ཆེན་གསེར་གླིང་དུ་ཕྱིན་པ་ལྟ་བུའོ། །དེ་ལྟར་གདོད་མའི་སྤྱི་གཞི་ལས་གྲོལ་འཁྲུལ་གྱི་སྒོ་ཇི་ལྟར་འབྱུང་ཚུལ་ཡང་། ད་ལྟའི་གཉིད་དང་འཆི་བའི་འོད་གསལ་འདི་ཉིད་ཀྱིས་མཚོན་ནུས་ཏེ། གཉིད་ཀྱི་སྐབས། སྒོ་ལྔ་ཉོན་ཡིད་དང་བཅས་པ་ཡིད་ཤེས་ལ་ཐིམ། ཡིད་ཤེས་ཀུན་གཞིའི་རྣམ་ཤེས་ལ། དེ་ཀུན་གཞི་རྟོག་མེད་ལ། དེ་ཆོས་དབྱིངས་སུ་ཐིམ་པས་ཕྲ་རགས་ཀྱི་འཛིན་པ་ནུབ་ལ་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཆོས་ཉིད་འཆར་བས་དེ་ངོས་ཟིན་ན་འཁྲུལ་པར་ཟློག་སྟེ། གསང་བ་རིན་པོ་ཆེའི་རྒྱུད་ལས། ཚོགས་བདུན་ཀུན་གཞིའི་རྣམ་ཤེས་སུ། །ཐིམ་པས་ཀུན་གཞི་དབྱིངས་སུ་དག །དེ་ཚེ་གདོད་མའི་ལྷན་ཅིག་སྐྱེས། །སྟོང་གསལ་རང་བྱུང་ཡེ་ཤེས་སོ། །དེ་ཉིད་རྣལ་འབྱོར་པས་ཤེས་བྱ། །ཞེས་གསུངས། དེ་ལས་སླར་མཆེད་པའི་ཚེ། ཆོས་དབྱིངས་ལས་ཀུན་གཞི། དེ་ལས་ཀུན་གཞིའི་རྣམ་ཤེས། དེ་ལས་ཡིད་ཤེས་གཅིག་པུ་ལངས་པས་རྨི་ལམ་འཆར་བ་དང་། དབང་པོ་སོ་སོར་བརྟེན་པའི་རྩར་རླུང་ཞུགས་པས་གཉིད་སད་དེ་ཉིན་སྣང་གི་ཡུལ་ལ་གཟུང་འཛིན་རགས་པ་འཆར་བར་ཤིང་རྟ་ཆེན་མོར་གསུངས། འདིས་གྲོལ་འཁྲུལ་དང་ཁྱད་པར་སེམས་ཕྲ་བ་ནས་རིམ་གྱིས་མཆེད་ཚུལ་མཚོན། དེ་བཞིན་ཆོས་དྲུག་པ་རྣམས། སེམས་ཅན་རྣམས་འཆི་བའི་ཚེ་ས་ཆུ་མེ་རླུང་རྣམས་རིམ་པས་ཐིམ་མཐར། རླུང་རྣམ་ཤེས་ལ་ཐིམ་སྟེ། ཕྱི་དབུགས་ཆད་པའི་བར་རགས་པ་ཐིམ་པ་དང་། དེ་ནས་ནང་དབུགས་གནས་པའི་དང་པོར། རྟོག་པ་ཐིམ་པའི་རིམ་པ་ཕྱི་རྟགས་ཟླ་བ། ནང་རྟགས་དུ་བ། ༡ སྣང་བའི་སྐབས། དེ་མཆེད་པ་ལ་ཐིམ། ཞེ་སྡང་གི་རྟོག་པ་སོ་གསུམ་འགག ཕྱི་རྟགས་ཉི་མ། ནང་རྟགས་མེ་ཁྱེར། ༢ མཆེད་པའི་སྐབས་དེ་སྣང་བ་ཉེར་ཐོབ་ལ་ཐིམ། འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགག ཕྱི་རྟགས་ནག་ལམ་སྒྲ་ག ཅན་གྱི་སྣང་བ། ནང་རྟགས་བུམ་ནང་གི་མར་མེ། ༣ སྣང་བ་ཉེར་ཐོབ་དེ་འོད་གསལ་ལ་ཐིམ། གཏི་མུག་གི་རྟོག་པ་བདུན་འགག ཕྲ་བ་ཐིམ། ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། ནང་རྟགས་སྟོན་གནམ་དྲི་མེད། ༤ བཞི་པ་འོད་གསལ་དེ་འཆི་སྲིད་ཀྱི་དངོས་གཞིར་བཞེད་ཅིང་། དེ་ངོས་ཟིན་པ་རྣམས་འོད་གསལ་དེ་ལ་ཇི་ཙམ་འདོད་པར་གནས་ཤིང་། དེ་ནས་ཟུང་འཇུག་གི་སྐུར་ལངས་པར་བཞེད་པས་འདིས་གྲོལ་ཚུལ་དང་། ངོ་མ་ཤེས་པ་རྣམས་དེ་ལས་རིམ་པར་ལུགས་བཟློག་ཏུ། གཏི་མུག་གི་རྟོག་པ་བདུན་ལངས། ཉེར་ཐོབ་ཤར། དེ་ནས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་ལངས། མཆེད་པ་ཤར། དེ་ནས་ཞེ་སྡང་གི་རྟོག་པ་སོ་གསུམ་ལངས། སྣང་བ་ཤར། དེ་ནས་ཁྱབ་བྱེད་ཀྱི་རླུང་གིས་འདུ་བྱས་ཏེ་རྣམ་པར་ཤེས་པ་སྔར་གྱི་ཕུང་པོ་རྙིང་པའི་སྒོ་དགུ་གང་རུང་གི་ལམ་ལས་འཕོས་ནས་བར་དོའི་སྲིད་པ་འགྲུབ་པར་གསུངས་ཏེ་འདིས་ཐོག་མའི་འཁྲུལ་ཚུལ་མཚོན་ནུས། ཁྱད་པར་ཐུན་མིན་རྫོགས་ཆེན་སྐབས། རྣམ་ཤེས་ནམ་མཁའ། ནམ་མཁའ་འོད་གསལ། འོད་གསལ་ཟུང་འཇུག་ལ་ཐིམ་པའི་སྐབས་སོགས་སུ་རང་སྣང་ལོངས་སྐུའི་སྣང་བ། རིགས་ལྔའི་ཚོམ་བུ། ཡེ་ཤེས་བཞི་སྦྱོར། ལྷུན་གྲུབ་སྒོ་བརྒྱད་སོགས་ཆོས་ཉིད་བར་དོའི་སྣང་བ་རྣམས་འཆར་ཚུལ་དང་། ལམ་གོམས་སྟོབས་དང་བསྟུན་རིམ་པར་གྲོལ་ཚུལ་སོགས་སྙན་བརྒྱུད་སྐོར་གསུམ་སོགས་ཀུན་མཁྱེན་བླ་མའི་གསུངས་ལས་ཤེས་པར་བྱ་བ་ཁོ་ན་སྟེ། དོན་ལ་གདོད་མའི་གཞི་སྣང་སྐབས་གྲོལ་བ་དང་། ཆོས་ཉིད་བར་དོའི་སྐབས་རང་སྣང་དུ་ངོ་ཤེས་པ་ལ་ཁྱད་མེད་དེ་གཉིས་ཀ་གཞི་ཀ་དག་གི་གྲོལ་སར་སྔ་ཕྱི་ཁྱད་མེད་པའི་གནད་ཀྱིས་སོ། །མདོར་ན་སེམས་ཅན་རིས་བཅད་ཅན་གྱི་བློ་ངོར་འཁྲུལ་པའི་སྣང་བ་འདི་དོན་ལ་མེད་ཀྱང་རྨི་ལམ་བཞིན་དུས་གློ་བུར་དུ་བྱུང་ཞིང་མཐར་གཞི་མེད་དུ་དྭངས་ཙམ་ལ་འཁྲུལ་གྲོལ་གྱི་ཐ་སྙད་བཏགས་པ་ཡིན་གྱི། གཞན་དུ་དངོས་སྨྲ་བའི་འདོད་པ་ལྟར་ཐོག་མའི་སྤྱི་གཅིག་ལས་འཁྲུལ་ཞིང་སླར་དེར་ཐིམ་པ་ལྟ་བུའི་དངོས་པོ་རང་རྒྱུད་པར་གྲུབ་པ་ནི་ཅིའང་མེད་དེ། རྗེ་བཙུན་བྱམས་མགོན་གྱིས། འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདི་གློ་བུར་བྱུང་བ་སྟེ། །ཞེས་དང་། དེ་ཕྱིར་ཐར་པ་ནོར་ཙམ་ཟད་པའོ། །ཞེས་དང་། ཀླུས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་པར་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཡིན་ནོ། །ཞེས་གསུངས་པ་དང་མཐུན། དོན་ལ་རིག་པ་ཡེ་ཤེས་ངོ་མ་ཤེས་ཏེ་འཁྲུལ་པས་མ་རིག་པ་ནས་རྒ་ཤིའི་བར་གྱི་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་བྱུང་ཡང་། རྩ་བ་རིག་པའི་ཡེ་ཤེས་ངོས་ཟིན་པའི་སྐད་ཅིག་ལ་མ་རིག་པ་ཡུལ་ཕྱུང་། འདུ་བྱེད་རྩ་བ་སྟོང་། སྡུག་བསྔལ་རབ་ཆད་ནས་ལུགས་བཟློག་སྟོང་པ་བཅུ་གཉིས་སུ་ཤར་ནས་སྲིད་པའི་ས་བོན་སྟོང་པར་ཤེས་པར་བྱ་བ་གལ་ཆེའོ། །དེ་ལྟར་འཁྲུལ་གྲོལ་སོགས་ཀྱི་རྣམ་བཞག་ཀུན་འཐད་པ་ནི་ཆོས་ཉིད་ཅི་ཡང་མ་ཡིན་པ་ལས་ཅི་ཡང་འཆར་ཤེས་པ་ཟུང་འཇུག་མཉམ་པ་ཆེན་པོའི་གནད་ཀྱིས་ཏེ་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་རིགས་པས་གཞལ་ན་ངེས་ཤེས་སྐྱེ་བར་འགྱུར་གྱི། གཞན་དག་འགལ་བར་འཛིན་པ་རྣམས་ཀྱིས་ནི་རིགས་པའི་རྒྱལ་པོ་འདིའི་ཟབ་གནད་གར་སོང་གི་རྗེས་མགོ་ཙམ་ཡང་མ་རྙེད་པའི་རྣམ་འགྱུར་རོ། །དེས་ན་རིག་པ་ཡེ་ཤེས་ལ་བདག་ཏུ་བཟུང་བའི་དབང་གིས་འཁྲུལ་སེམས་གཟུང་འཛིན་འདི་གློ་བུར་བྱུང་ཞིང་མཐར་རིག་པ་ཡེ་ཤེས་ཀྱི་སྟོབས་ཀྱིས་རང་སར་འགག་པར་བྱེད་པས་ན། ཡེ་ཤེས་ཀྱི་རྩལ་ལ་བདག་ཏུ་བཟུང་བས་སེམས་བྱུང་གིས་སེམས་ལས་ཡེ་ཤེས་གསར་དུ་བྱུང་བ་ནི་མ་ཡིན་ཏེ། ཀུན་གསལ་ལས། སེམས་ནི་ཡེ་ཤེས་རྩལ་ཡིན་ཏེ། །སེམས་ཀྱི་གཞི་མ་ཡེ་ཤེས་ཡིན། །ཞེས་གསུངས། དེས་ན་ད་ལྟའི་སེམས་ཀྱི་ཆོས་ཉིད་དམ་རང་བཞིན་རྟོགས་ན་རང་བྱུང་ཡེ་ཤེས་དེ་ཡིན་པས་གཞན་དུ་བཙལ་མི་དགོས་ཏེ། རྒྱུད་ལས། ཉོན་མོངས་ཡེ་ཤེས་དབྱེར་མི་ཕྱེད། །མ་ཤེས་པ་ལ་ཁམས་གསུམ་སྟེ། །དེ་ཤེས་པ་ལ་སྐུ་གསུམ་ཀློང་། །ཡེ་ནས་ཡིན་པས་བཙལ་མི་དགོས། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། སེམས་ཀྱི་རང་བཞིན་ཤེས་པས་ནི། །ཕྱིར་ཡང་ཡེ་ཤེས་འབྱུང་བར་འགྱུར། །ཞེས་གསུངས། དེ་རྣལ་འབྱོར་པས་ཇི་ལྟར་རྟོགས་པའི་ཚད་ཀྱང་། ས་ཆེན་གྱིས་དབང་བཞི་ངོ་སྤྲོད་དུ། རང་བྱུང་ཡེ་ཤེས་སྐྱེས་པ་ལ། །རྟོག་པ་ཀུན་ཀྱང་ཡེ་ཤེས་སུ། །ངོ་བོ་ཉིད་ཀྱིས་འཆར་བ་ཡིན། །ཞེས་དང་། རྗེ་མི་ལས། རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །ཞེས་སོགས་གསུངས་པ་བཞིན་ཏེ་ཆོས་ཉིད་ཀྱི་བདེན་པ་གཟིགས་པ་རྣམས་དོན་གྱི་དགོངས་པ་གཅིག་པར་ཤེས་པར་བྱའོ། །དེའི་ཕྱིར་ཐེག་པ་དང་གྲུབ་མཐའ་ཐམས་ཅད་ཀྱི་མཐར་ཐུག་གི་དགོངས་པའི་སྐྱེལ་སོ་རང་བཞིན་རྫོགས་པ་ཆེན་པོ་ཡིན་པས་དེ་ཉིད་ཀྱི་དགོངས་པ་སྒྲ་ཇི་བཞིན་པ་ནི། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། སེམས་ལས་མ་བྱུང་སངས་རྒྱས་རྙེད། །རྒྱུ་ལས་མ་བྱུང་འབྲས་བུ་རྟོགས། །ལུང་ལས་མ་བསྟན་ཆོས་རྣམས་ཤེས། །ཐེག་དགུའི་ཆོས་རྣམས་དེ་ལས་མེད། །དུག་ལྔ་མྱ་ངན་འདས་པར་དག །ཐུགས་ཀྱི་ཀློང་རྡོལ་ཆོས་ཀྱི་སྐུ། །ཞེས་གསུངས་པས། སེམས་ལས་མ་བྱུང་བའི་སངས་རྒྱས། རྒྱུ་ལས་མ་བྱུང་བའི་འབྲས་བུ། ལུང་ལས་མ་བྱུང་བའི་གདམས་ངག་སྟེ་ཆེ་བ་གསུམ་གྱིས་རྩོལ་བཅས་ཀྱི་ཐེག་པ་ཀུན་ལས་འཕགས་སོ། །དེ་ཡང་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་ཤིང་དུས་གསུམ་འཕོ་འགྱུར་མེད་པར་ཡེ་ནས་གནས་པའི་ཕྱིར། ཡུལ་ཡུལ་ཅན་མེད་པར་སྣང་སྲིད་ཆོས་སྐུར་སངས་རྒྱས་པས། ཐེག་པ་གཞན་དག་སེམས་ལས་སངས་རྒྱས་འབྱུང་བར་འདོད་དེ་འབད་རྩོལ་གྱིས་སྒྲུབ་པ་ལས་དཔགས་པའི་ཆེ་བ་ནི། ངེས་དོན་འདུས་རྒྱུད་ལས། སེམས་ལས་མ་བྱུང་སངས་རྒྱས་ནི། །རང་བྱུང་ཡེ་ཤེས་ཆོས་སྐུ་དེ། །སངས་རྒྱས་ཀུན་གྱི་ངེས་པའི་དོན། །རྣལ་འབྱོར་ཀུན་གྱི་དམ་པའི་ལམ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག །ཅེས་དང་། ཐོག་མཐའ་ཆོད་ན་དུས་གསུམ་གཅིག །ཆོས་སྐུ་གཅིག་ཕྱིར་འཕོ་འགྱུར་མེད། །སྔ་ཕྱི་མེད་པར་རང་བྱུང་སྐུ། །སེམས་ལས་མ་བྱུང་སངས་རྒྱས་ཡིན། །ཞེས་དང་། ཚོགས་བསགས་སྒྲིབ་སྦྱངས་ཀུན་བཏགས་པའི། །སེམས་བྲལ་རང་བྱུང་ཆོས་ཀྱི་སྐུ། །སེམས་ལས་མ་བྱུང་སངས་རྒྱས་འདི། །ཐེག་པ་ཀུན་ལས་ཁྱད་པར་འཕགས། །ཞེས་དང་། ལ་ཤན་ལས། རྣམ་པ་ཀུན་ལྡན་སྟོང་ཆེན་པ། །སངས་རྒྱས་བས་ཀྱང་སྔར་སངས་རྒྱས། །ཞེས་སོ། །དེ་ལྟར་ཆོས་ཀུན་རང་བྱུང་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པ་དེ་ཉིད། རྒྱུ་ལས་མ་བྱུང་། རྐྱེན་གྱིས་མ་བསྐྱེད། གཉེན་པོས་མ་བཅོས་པར། འདུས་མ་བྱས་ཀྱི་ཡོན་ཏན་མངོན་དུ་རྟོགས་ཤིང་སངས་རྒྱས་ཀྱི་ཆེ་བའང་། མདོ་བཅུ་ལས། རྒྱུ་ལས་མ་བྱུང་འབྲས་བུ་ནི། །བྱང་ཆུབ་སེམས་ཀྱི་འབྲས་བུ་སྟེ། །རྒྱུ་ལས་མ་བྱུང་འབྲས་བུ་ཡིན། །ཞེས་དང་། ངེས་དོན་འདུས་པ་ལས། རང་བྱུང་ཡེ་ཤེས་རྒྱུས་མ་བསྐྱེད། །རྐྱེན་མེད་རང་གསལ་རྒྱུན་མི་ཆད། །གཉེན་པོ་རྐྱེན་གྱིས་བཅོས་སུ་མེད། །རྒྱུ་ལས་མ་བྱུང་འབྲས་བུ་ཡིན། །ཞེས་དང་། སྐྱེ་མེད་རང་བྱུང་དོན་རྟོགས་ན། །ཚོགས་གཉིས་མ་བསགས་ཁྱད་པར་འཕགས། །དེ་ཕྱིར་ཚོགས་སོག་རྩེད་མོ་འདྲ། །ཞེས་སོ། །དེ་ཡང་ཀུན་ཏུ་བཟང་པོ་དགེ་བ་སྤུ་ཙམ་མ་བྱས་པར་སངས་རྒྱས་ཞེས་བརྗོད་ཀྱང་ལེགས་པར་བརྟགས་ན། ཟག་མེད་རང་ངོ་ཤེས་པ་དེ་འདུས་བྱས་ཀྱི་དགེ་རྩ་གང་གིས་ཀྱང་མི་མཚོན་ཞིང་ཐམས་ཅད་ཀྱང་དེ་རྟོགས་པའི་ཐབས་འབའ་ཞིག་ཏུ་ཟད་པས། དོན་ལ་སྒྲིབ་གཉིས་མ་སྤངས་ཡེ་སངས། ཚོགས་གཉིས་མ་བསགས་ཡེ་རྫོགས་སུ་གྱུར་པར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་རྟོགས་ལྡན་ཤཱཀ་རྡོར་སོགས་བཞེད་ཅིང་། ཆོས་མངོན་པ་ལས་ཀྱང་། སྙིང་པོའི་རང་བཞིན་ལ་དོན་དམ་པའི་དགེ་བ་དང་ཡོད་པའི་དགེ་བ་ཞེས་བཤད། དེ་ལྟར་ཆོས་ཀུན་རང་བྱུང་ཡེ་ཤེས་སུ་སངས་རྒྱས་ཤིང་ཅིར་སྣང་ཆོས་ཉིད་ཅེར་མཐོང་ཡིན་པས་ཚིག་དང་རྟོག་དཔྱོད་མ་ཡིན་པར་སྣང་བ་གང་སྣང་འདིས་རིག་པའི་རང་ངོ་བསྟན་ནས་རྟོགས་ཏེ་ཉམས་སུ་མྱོང་བའི་ཆེ་བའང་། མདོ་བཅུ་ལས། ལུང་ལས་མ་བྱུང་གདམས་ངག་ནི། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན། །སྤྲུལ་པ་གང་ཟག་སྐལ་ལྡན་གྱིས། །ཅི་ལྟར་རྟོགས་ཤིང་རིག་པ་དེ། །ལུང་ལས་མ་བྱུང་གདམས་ངག་ཡིན། །ཞེས་དང་། ངེས་དོན་འདུས་པ་ལས། ཡེ་ནས་རིག་པ་རང་ལ་ཤར། །དུས་དེ་ཉིད་དུ་མ་རིག་སངས། །དེ་ཕྱིར་ལུང་ལས་མ་བྱུང་བའི། །ངེས་དོན་སྙིང་པོའི་ཆོས་ཞེས་བྱ། །ཞེས་གསུངས། དེ་ཡང་རང་བྱུང་ཡེ་ཤེས་ཉིད་ཕྱི་འབྱུང་བ་ལྔ་དང་འདོད་ཡོན་ལྔ་ལ་སོགས་པར་སྣང་ཞིང་རང་གི་ཡེ་ཤེས་མངོན་སུམ་དུ་ཕྱུང་ནས་ཚིག་དང་ཡི་གེ་མ་ཡིན་པར་དོན་མངོན་སུམ་དུ་ངོ་སྤྲོད་ཅིང་གཉིས་སུ་མེད་པར་གཏན་ལ་འབེབས་ཏེ། ངེས་དོན་འདུས་པ་ལས། སྣང་བ་ཆོས་དབྱིངས་བླ་མ་ནི། །འབྱུང་ཆེན་ལྔ་ཡི་བླ་མ་སྟེ། །འདོད་ཡོན་ལྔ་སོགས་ཆོས་རྣམས་ནི། །ཚིག་དང་ཡི་གེས་མི་མཚོན་པར། །ལྡེམ་དགོངས་རང་གི་ངོ་བོ་ནི། །སྣང་བ་ཆོས་ཀྱི་དབྱིངས་སུ་བསྟན། །ཞེས་དང་། ཀློང་ཆེན་ལས། སྟོང་པ་བས་ཀྱང་སྣང་བ་གཙོ། །སྣང་བ་རང་ཤར་ངེས་མེད་ཀྱིས། །སྟོང་པ་འཛིན་མེད་གཏན་ལ་འབེབས། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བར་ཡིད་ཀྱང་ཆེས། །ཞེས་དང་། ཀུན་བྱེད་ལས། བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ། །སྟོན་པ་ས་ཡི་སྐུར་བྱུང་ནས། །ཚིག་དང་ཡི་གེས་མི་མཚོན་ཏེ། །རང་གི་རང་བཞིན་སྟོན་བྱེད་པ། །བདག་ཏུ་མི་རྟོག་གཞན་མི་རྟོག །མི་རྟོག་མཉམ་པའི་དངོས་པོ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །ཞེས་སོགས་འབྱུང་ལྔས་ཆོས་སྟོན་ཅིང་རང་གི་ངོ་བོས་གཏན་ལ་འབེབས་པར་གསུངས་པ་དང་། ཁྱད་པར་ནང་ཉོན་མོངས་སོགས་སུ་རང་བྱུང་ཡེ་ཤེས་ཉིད་མངོན་དུ་སྣང་ནས་གཉིས་སུ་མེད་པར་ངོ་སྤྲོད་ཅིང་རང་གྲོལ་དུ་གཏན་ལ་འབེབས་ཏེ། སེམས་ཅན་སངས་རྒྱས། སྡུག་བསྔལ་བདེ་ཆེན། ཉོན་མོངས་ཡེ་ཤེས་སུ་ངོ་སྤྲོད་ཅིང་གཏན་ལ་འབེབས་པ་ནི། ཀློང་ཆེན་ལས། སངས་རྒྱས་བས་ཀྱང་སེམས་ཅན་གཙོ། །སེམས་ཅན་དངོས་སུ་མཐོང་བ་ཡིས། །དངོས་མེད་སངས་རྒྱས་གཏན་ལ་འབེབས། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བར་ཡིད་ཀྱང་ཆེས། །ཞེས་དང་། བདེ་ཆེན་བས་ཀྱང་སྡུག་བསྔལ་གཙོ། །སྡུག་བསྔལ་ཞེན་ཆགས་མཚན་མ་ཡིས། །བདེ་ཆེན་ཆགས་མེད་གཏན་ལ་འབེབས། །གཉིས་སུ་མེད་པར་ཐག་ཆོད་པས། །རང་སར་གྲོལ་བར་ཡིད་ཀྱང་ཆེས། །ཞེས་དང་། ཡེ་ཤེས་བས་ཀྱང་ཉོན་མོངས་གཙོ། །ཉོན་མོངས་འཆིང་བའི་ཞགས་པ་ཡིས། །རང་བྱུང་ཡེ་ཤེས་གཏན་ལ་འབེབས། །ཉོན་མོངས་ཡེ་ཤེས་དབྱེར་མེད་དེ། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བར་ཡིད་ཀྱང་ཆེས། །ཞེས་དང་། ནམ་མཁའ་ཀློང་ཡངས་ལས། དུག་ལྔ་སྤངས་པའི་ཕ་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །དེ་ཉིད་རྟོགས་ན་སངས་རྒྱས་ཡིན། །ནོར་བུ་རིན་ཆེན་རྙེད་པའི་མི། །འཇིག་རྟེན་སོ་ནམ་མི་དགོས་བཞིན། །མ་སྒོམ་སེམས་ཀྱི་དོན་རྟོགས་ན། །དེ་ལས་མི་འདའ་དམ་ཚིག་ཡིན། །ཞེས་གསུངས། དེས་ན་ད་ལྟའི་རིག་པ་རང་བྱུང་གི་ཡེ་ཤེས་གཤིས་གང་དུའང་མ་གྲུབ་ལ་གདངས་འཆར་ཚུལ་མི་འགགས་པ། ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེ་འགགས་མེད་ཀུན་ཁྱབ་ཀྱི་ཆོས་ཉིད་ཡེ་སངས་རྒྱས་པའི་དགོངས་པ་ཡེ་ནས་གནས་པའི་དོན་འདི་ལ་ངོ་བོ་སྟོང་པའི་ངོས་ནས་གཞལ་ན། འཁོར་བ་དང་མྱང་འདས། བཅིང་བ་དང་གྲོལ་བ། བླང་བྱ་དང་དོར་བྱ། ཉོན་མོངས་དང་ཡེ་ཤེས། མཐའ་དབུས་དང་ཕྱོགས་ཆ་སོགས་གཉིས་ཆོས་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བས་མཐའ་བྲལ་ཙམ་དུའང་བཞག་ཏུ་མེད་པའི་ཕྱིར་གང་བསལ་བར་བྱ་བ་ལས་ཉོན་སྡུག་བསྔལ་སོགས་ཤེས་བྱ་ལ་མ་གྲུབ་ཅིང་མི་སྲིད་པས་ཅི་ཡང་མེད་དེ། ཡི་གེ་མེད་པའི་རྒྱུད་ལས། རང་བྱུང་གི་ཡེ་ཤེས་ལ་དཔྱད་པའི་ཡུལ་མེད་དོ། །སྔར་འདས་པ་མེད་དོ། །ཕྱིས་འབྱུང་བ་མེད་དོ། །ད་ལྟ་སྣང་བ་མེད་དོ། །ལས་མེད་དོ། །བག་ཆགས་མེད་དོ། །མ་རིག་པ་མེད་དོ། །སེམས་མེད་དོ། །ཤེས་རབ་མེད་དོ། །འཁོར་བ་མེད་དོ། །མྱ་ངན་ལས་འདས་པ་མེད་དོ། །རིག་པ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། ཡེ་ཤེས་སུ་སྣང་བ་གང་ཡང་མེད་དོ། །ཞེས་གསུངས། རང་བཞིན་འོད་གསལ་གྱི་ངོས་ནས་སྐུ་དང་ཡེ་ཤེས་སོགས་སངས་རྒྱས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་དང་། ཐུགས་རྗེའི་ངོས་ནས་མཁྱེན་ཆ་མ་འགགས་པར་ཡེ་ནས་ལྷུན་གྲུབ་ཏུ་གནས་པས་ད་གསར་དུ་སྒྲུབ་ཅིང་བཞག་པར་བྱ་བའང་ཅུང་ཟད་མེད་དེ། རྒྱུད་ཉི་ཟླ་ཁ་སྦྱོར་ལས། རང་བཞིན་གྱི་སྣང་བ་ལས་ནི་སྐུ་ལྔ་དང་། རིགས་ལྔ་དང་། ཡེ་ཤེས་ལྔ་དང་། རླུང་ལྔ་དང་། ཤེས་རབ་ལྔ་དང་། འོད་ལྔར་ཡེ་ནས་ཤར་རོ། །ཞེས་དང་། ཐུགས་རྗེ་རིག་པའི་ཆ་ནས་ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་གནས་སོ། །ཞེས་གསུངས། དེ་དག་ཀྱང་སོ་སོ་མ་ཡིན། གཅིག་པ་མ་ཡིན། གྲུབ་མཐའི་རྟོག་དཔྱོད་དང་། ཞེན་པའི་ཡུལ་དང་། ཡིད་དཔྱོད་ཀྱི་ཡུལ་ལས་འདས་པའི་རང་བཞིན་མཐའ་གྲོལ་ཀློང་ཡངས་ཆེན་པོར་ཡེ་ནས་གནས་སོ། །དེའི་ཕྱིར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་དགོངས་པ་གཤིན་རྗེའི་རྫོགས་རིམ་སེམས་ཕྱོགས་མན་ངག་སྙན་བརྒྱུད་མར། འཁྲུལ་མ་འཁྲུལ་མེད་པར་གནས་ལུགས་ཡིན། རྟོགས་མ་རྟོགས་མེད་པར་གནས་ལུགས་ཡིན། བསྒོམས་མ་སྒོམ་མེད་པར་གནས་ལུགས་ཡིན་ཏེ། འཁྲུལ་མ་འཁྲུལ་གཉིས་བྱུང་ན་གནས་ལུགས་གཞན་དབང་དུ་འགྲོ། རྟོགས་ན་གནས་ལུགས་མ་རྟོགས་ན་གནས་ལུགས་མིན་ན་གནས་ལུགས་ཀྱི་ལྟ་བ་ཀུན་བརྟགས་སུ་འགྲོ། བསྒོམས་ཙ་ན་གནས་ལུགས་མ་སྒོམ་ན་གནས་ལུགས་མིན་ན་སྒོམ་པས་འདུས་བྱས་སུ་འགྲོ། ལྟ་བ་ལ་རྟོགས་དགོས་ན་ལྟ་བ་ཀུན་བརྟགས། ལྟ་བ་དྲན་དགོས་ན་ཀུན་ཏུ་བཟང་པོ་ལམ་པ་རུ་འགྲོ། བསྒོམ་པ་ལ་སྒོམ་དགོས་ན་སྒོམ་པ་འདུས་བྱས། སྒོམ་པ་དྲན་དགོས་ན་ཀུན་ཏུ་བཟང་པོ་ལམ་པར་འགྲོ་བས། བལྟར་མེད་སྒོམ་མེད་ཀྱི་ངང་ལ་བློ་རང་ལུགས་སུ་བཞག་གོ །ཞེས་དང་། རང་བཞིན་སྤྲོས་བྲལ་ལྷུན་གྲུབ་སེམས་ཀྱི་རང་བཞིན་སྤྲོས་བྲལ་མཚན་རྟོག་ངེས་བཟུང་ཐམས་ཅད་ཀྱིས་སྟོང་པ། རྣམ་པ་སྒྱུ་མ་ལྷུན་གྲུབ་ཡེ་ཤེས་རང་འོད་མ་འགགས་པར་ཤར་བ་ཚོགས་བརྒྱད་ཀྱི་ཡུལ་མ་འགགས་ལ་དེར་འཛིན་གྱི་རྣམ་རྟོག་དང་བྲལ་བ། རང་རིག་ལྷུན་གྲུབ་ངོ་ཤེས་མཁན་གྱི་རིག་པ་རིག་བྱ་རིག་མཁན་གཉིས་མེད་རང་རིག་རང་གསལ། ཉམས་སུ་མྱོང་དུ་མེད་པའི་ཚུལ་གྱིས་མྱོང་། རིག་ཏུ་མེད་པའི་ཚུལ་གྱིས་རིག་པའོ། །དེ་ལ་སེམས་ཀྱི་སྟོང་ཆ་ལ་རང་བཞིན་སྤྲོས་བྲལ་ལྷུན་གྲུབ་ཅེས་བྱ་སྟེ་སེམས་ཡོད་པ་དངོས་པོའི་མཐའ་སེལ། སྣང་ཆ་ལ་སྒྱུ་མ་ལྷུན་གྲུབ་ཅེས་བྱ། དེས་མེད་པ་སྟོང་པའི་མཐའ་སེལ། རིག་ཆ་ལ་མཚན་ཉིད་རང་རིག་ལྷུན་གྲུབ་ཅེས་བྱ། དེས་རིག་མེད་བེམ་པོའི་མཐའ་སེལ་ལོ། །ལྷུན་གྲུབ་གསུམ་པོ་སྣང་ཚུལ་ནས་མ་འདྲེས་ལ་ངོ་བོ་ཡོངས་སུ་རྫོགས་པས་མ་འདྲེས་ཡོངས་རྫོགས་བདེ་བ་ཆེན་པོ་ཞེས་བྱའོ། །ཞེས་དང་། དངོས་གཞིའི་ངོ་སྤྲོད་སྐབས་རང་བཞིན་སྤྲོས་བྲལ་ལྷུན་གྲུབ་མ་བརྟགས་པར་སྟོང་། རྣམ་པ་སྒྱུ་མ་ལྷུན་གྲུབ་མ་བལྟས་པར་གསལ། མཚན་ཉིད་རང་རིག་ལྷུན་གྲུབ་མ་བསམས་པར་མཁྱེན་ཏེ། གནས་སྐབས་རྣལ་འབྱོར་མངོན་སུམ་ལ་བརྟེན་ཏེ་བསྒོམས་པས། ཡིད་ཀྱི་མངོན་སུམ་སྤྲོས་པའི་རང་བཞིན་ཆོས་ཉིད་དུ་ངོ་འཕྲོད་ནས་མ་བུ་མཇལ་བའི་དུས་ན་སྤྲོས་བྲལ་ཆོས་སྐུར་ངོ་སྤྲད། དབང་པོའི་མངོན་སུམ་དུ་སྒོ་ལྔ་ཡུལ་གྱི་རང་བཞིན་སྣང་བ་རང་སར་གྲོལ་བའི་དུས་སུ། ཡེ་ཤེས་ཀྱི་རྣམ་པ་སྒྱུ་མ་སྤྲུལ་སྐུར་ངོ་སྤྲད། རང་རིག་མངོན་སུམ་དུ་རིག་པ་རང་ས་ཟིན་པའི་དུས་ན་རང་རིག་ལོངས་སྤྱོད་རྫོགས་སྐུར་ངོ་སྤྲད་དོ། །དེ་ཡང་གཞི་ལྷུན་གྲུབ་གསུམ་མ་འདྲེས་ཡེ་ཤེས་རང་གསལ་གྱི་ངང་དུ་རྫོགས། ལམ་ཐུག་ཕྲད་གསུམ་ལ་མ་འདྲེས་ལ་རྟོགས་པ་རང་གསལ་གྱི་ངང་དུ་རྫོགས། འབྲས་བུ་སྐུ་གསུམ་མ་འདྲེས་ལྷུན་གྱིས་གྲུབ་པའི་ངང་དུ་ཡོངས་སུ་རྫོགས་པ་ཐིག་ལེ་ཉག་གཅིག་ཡུལ་མེད་རང་གསལ་དུ་ངོ་སྤྲད་དོ། །ཞེས་དང་། མཉམ་བཞག་རང་གི་ངོ་བོ། མ་སྒོམ་པའི་མངོན་སུམ་པས་མངོན་སུམ་ཡུལ་མེད་རང་གསལ་དུ་མཐོང་བ་ལྷག་མཐོང་། བསྒོམས་པའི་མངོན་སུམ་གྱིས་རིག་པ་ཀློང་དུ་ཕེབས་པ་ཞི་གནས། བཞག་ཐབས་གསུམ་གྱིས་ཡིན་དོན་ལས་མ་འདས་ཙམ་དུ་གནས་པ་ཟུང་འབྲེལ་ལོ། །ཞེས་གསུངས། གཞན་ཡང་། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་ཅོག་བཞག་ཆེན་མོར། སེམས་ཀྱི་རང་བཞིན་ནི་ཆོས་ཉིད་ཡོད་མེད་ལ་སོགས་པའི་ངོ་བོ་ཉིད་ཐམས་ཅད་དང་བྲལ་བ། སྣང་སྐད་ཅིག་ཀྱང་མ་མྱོང་སྟེ་ནམ་མཁའ་བཞིན་ནོ། །སེམས་ཀྱི་མཚན་ཉིད་ནི་རྣམ་པར་རྟོག་པའི་ངོ་བོར་གནས་ཏེ། དཔེར་ན་མེའི་རང་བཞིན་ཆོས་ཉིད་ལ་ཚ་བ་མེད་ཀྱང་ཆོས་ཅན་མཚན་ཉིད་སྲེག་པ་བཞིན་ནོ། །མཚན་ཉིད་ཀྱིས་རང་བཞིན་བསྒྲིབས་ཏེ་རྒྱ་མཚོ་རླབས་ཀྱིས་རྙོགས་པ་བཞིན་ནོ། །མཚན་ཉིད་རྟོག་པའི་བག་ཆགས་མཐུ་བརྟས་པས་བག་ཆགས་ཀྱི་སེམས་ཉིད་རྟོག་པའི་དབང་གིས་ཕྱི་ནང་གི་དངོས་པོ་འདྲ་བར་སྣང་སྟེ་མིག་སྐྱོན་ཅན་གྱི་སྣང་བའམ་ལྷོ་སྤྲིན་བཞིན་ནོ། །སེམས་ཀྱི་རང་བཞིན་ཆོས་ཉིད་ནི་མི་འགྱུར་བས་བྱང་ཆུབ་ཀྱི་སྙིང་པོ་ཆོས་ཀྱི་སྐུ་ཡིན་ལ། མཚན་ཉིད་ཆོས་ཅན་ནི་ཀུན་རྫོབ་སྟེ་རྫུན་པ་བསླུ་བ་ཡང་དག་མ་ཡིན་པས་སྤང་དུ་བཏུབ་བོ། དེ་ལྟར་བག་ཆགས་ཀྱི་སེམས་ཉིད་སྣང་བའི་གཞི་དེ་ལ་ཡང་ལོག་རྟོག་གིས་ཕྱིན་ཅི་ལོག་ཏུ་འཁྲུལ་ཏེ། སེམས་ལས་གཞན་དུ་སངས་རྒྱས་དང་སེམས་ཅན་སྐྱེས་པ་དང་བུད་མེད་ས་ཆུ་མེ་རླུང་སོགས་མཚན་མ་སྣ་ཚོགས་རང་བྱུང་དུ་བདག་ཉིད་སོ་སོར་ཡོད་པར་བརྟགས་ནས་སེམས་ཅན་རྣམས་རང་གིས་བརྟགས་པའི་མཚན་མ་ལ་རང་སྤྱོད་དེ་དཔེར་ན་ཐོ་ཡོར་ལ་མིར་འཁྲུལ་ནས་མིར་བལྟ་བ་བཞིན། དེ་ནི་ཀུན་བརྟགས་ཡིན་ཏེ་སེམས་ཅན་གྱི་ཤེས་པའི་ཡུལ་ཡིན་ན། དེ་ལྟ་བུར་མཚན་མ་ལ་དམིགས་ནས་ཉོན་མོངས་སྐྱེ། དེའི་དབང་གིས་དགེ་སྡིག་སོགས་ལས་བསགས། དེ་རྣམས་ཀྱི་དབང་གིས་འབྲས་བུ་ཕུང་པོ་ལྔ་གྲུབ་སྟེ་འཁོར་བར་སྣང་ངོ་། །སེམས་ཀྱི་རང་བཞིན་མངོན་དུ་གྱུར་ཅིང་། མཚན་ཉིད་ཀྱིས་བསྡུས་པ་སྤངས་པ་ལ་ནི་སངས་རྒྱས་ཞེས་བྱ་སྟེ། དེ་ཙ་ན་ཡང་སྤངས་ཤིང་བོར་བའམ་སྔ་ན་མེད་པ་ཐོབ་པའི་རྒྱུ་ཅི་ཡང་མེད་དོ། །སེམས་ཀྱི་རང་བཞིན་བྱུང་ཆུབ་ཀྱི་སྙིང་པོ་དེ་མཚན་ཉིད་རྟོག་པ་དང་བྲལ་བ་ལ་སྤངས་པ་ཐོབ་ཅེས་བྱ་སྟེ། དཔེ་ནམ་མཁའ་སྤྲིན་དང་བྲལ་བ་བཞིན་ནོ། །དེའི་ཚེ་གཟུགས་སྐུ་རྣམས་དང་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱང་ཐུགས་རྗེ་དང་སྨོན་ལམ་གྱི་དབང་གིས་རང་བཞིན་གྱིས་འབྱུང་སྟེ་དཔག་བསམ་གྱི་ཤིང་དང་འདྲའོ། །དེ་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་རང་བཞིན་ཡིན་ཏེ། དེ་ཡང་དངོས་པོ་སོ་སོར་སྣང་ཞིང་བྱ་བ་བྱེད་ནུས་པ་ནི་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་ནི་རྣམ་པར་རྟོག་པ་ཉིད་སྣང་བས་སྤང་བར་བྱ་བའོ། །སོ་སོར་སྣང་ཡང་གང་ལའང་རང་བཞིན་མེད་པས་གང་ཅི་ཡང་མ་ཡིན་པ་སྟེ། སེམས་ཀྱིས་བསམ་དུ་མེད་ཅིང་། ཚིག་གིས་བརྗོད་དུ་མེད་པ་ནི་ཆོས་ཉིད་དེ་དོན་དམ་པའི་བདེན་པའོ། །དངོས་སུ་ན་ཀུན་རྫོབ་རང་བཞིན་མེད་པ་ཉིད་དོན་དམ་པའི་བདེན་པའོ། །དེ་མངོན་དུ་གྱུར་པ་ནི་སངས་རྒྱས་སོ། །ཞེས་དང་། ཆོས་ཐམས་ཅད་ཀྱི་རྩ་བ་ནི་སེམས་ཀྱི་སྣང་བ་ཡིན་ཏེ། དེ་ཡང་སེམས་དེ་ཇི་སྲིད་དུ་རྟོག་པ་དང་བཅས་པ་ལས་ནི་འཁོར་བ་སྣང་ལ། སེམས་དེ་རྟོག་པ་དང་བྲལ་བ་ལས་ནི་རྟོག་མེད་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འགྱུར་རོ། །དེ་ལས་ནི་མྱ་ངན་ལས་འདས་པའི་ཆོས་རྣམས་སྣང་ངོ་། །དེ་བས་ན་འཁོར་བ་ནི་རྣམ་པར་རྟོག་པའི་གཟུགས་བརྙན་ལ། མྱ་ངན་འདས་པ་ནི་ཡེ་ཤེས་ཀྱི་གཟུགས་བརྙན་ཡིན་ནོ། །འོ་ན་འཁོར་བ་རྟོག་པ་ལས་ཇི་ལྟར་སྣང་ཞེ་ན། དེ་ཡང་སེམས་ཀྱི་རང་བཞིན་ཆོས་ཉིད་ནི་སྣང་སྐད་ཅིག་ཀྱང་མ་མྱོང་སྟེ། དཔེར་ན་རྒྱ་མཚོ་དྭངས་པ་དང་ནམ་མཁའ་བཞིན་ནོ། །སྣང་བ་འདི་ནི་ཐོག་མ་མེད་པ་ནས་སེམས་ཀྱི་མཚན་ཉིད་ཆོས་ཅན་རྟོག་པའི་ངོ་བོར་གནས་པའི་རྟོག་པའི་བག་ཆགས་ཉིད་སྣང་བ་ཡིན་ཏེ། དཔེར་ན་རྒྱ་མཚོ་རྦས་རྙོགས་པའམ་ནམ་མཁའ་ལྷོ་སྤྲིན་བཞིན་ནོ། །གཞི་དེ་ལས་ལོག་སྟེ་འཁྲུལ་པས་དཔེ་ཐ་གུ་ལ་སྦྲུལ་དུ་འཁྲུལ་ནས་སྦྲུལ་དུ་ལྟ་བ་བཞིན་དུ། རྒྱུ་འབྲས་བདེ་སྡུག་སོགས་མཚན་མའི་དངོས་པོ་རང་རྒྱུད་པར་བརྟགས་པས་སོ་སོར་བདེན་ཞིང་བྱ་བ་བྱེད་ནུས་པར་རྟོག་པས་བརྟས་པར་མངོན་དུ་སྣང་ངོ་། མཚན་མ་དེ་ལ་དམིགས་ནས་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་སྐྱེ་ལ། དེའི་སྐྱོན་གྱིས་ལས་དགེ་སྡིག་སོགས་སྤྱད་པས། འབྲས་བུ་ཕུང་པོ་ལྔར་གྲུབ་སྟེ་འཁོར་བ་ནི་དེ་ལྟར་སྣང་ངོ་། །འོ་ན་འཁོར་བའི་རྒྱུ་རྟོག་པ་ཅི་ལྟར་སྤོང་ཞེ་ན། དེ་ནི་དོན་རབ་འབྱེད་པ་དང་། དེ་བཞིན་ཉིད་ལ་དམིགས་པ་དང་། དེ་བཞིན་གཤེགས་དགེའི་བསམ་གཏན་གསུམ་བསྒོམས་ནས་སྤོང་སྟེ། དེ་ཡང་དང་པོས་ནི་ལྷག་མཐོང་བསྐྱེད། གཉིས་པས་ནི་ཞི་གནས་སྐྱེ། གསུམ་པས་ནི་ཟུང་འབྲེལ་དུ་བསྒོམ་པའོ། །ཞེས་དང་། མཉམ་བཞག་དངོས་གཞིའི་སྐབས། ཕྱི་ནང་གི་དངོས་པོ་ཡོད་པར་བརྟགས་ན་རྟག་པའི་སྐྱོན། མེད་པར་བརྟགས་ན་ཆད་པའི་སྐྱོན། དབུས་ཙམ་དུ་བརྟགས་ན་མཐའ་བཞི་ལས་མ་གྲོལ་བའི་སྐྱོན། སེམས་བཀག་ནས་དྲན་པ་རྒྱུན་བཅད་ན་འདུ་ཤེས་མེད་པའི་སྙོམས་འཇུག སེམས་དམིགས་ཤིང་མཚན་མ་རྩེ་གཅིག་པར་བྱེད་ན་མཚན་མ་རྩེ་གཅིག་པ། དྲན་པ་དང་རྟོག་པའི་རྗེས་སུ་འབྲངས་ན་སོ་སོའི་སྐྱེ་བོ། ཞི་བ་ལ་ཆགས་ན་འཇིག་རྟེན་གྱི་བསམ་གཏན། བྱུང་ཚོར་སྣ་ཚོགས་ཀྱི་རྗེས་སུ་འབྲངས་ན་རྒོད་པའི་སྐྱོན། ཇི་བཞིན་པའི་དོན་མི་གསལ་བའམ་སེམས་རློང་ནས་དྲན་པ་མེད་ན་བྱིང་བའི་སྐྱོན་ནོ། །གཞན་ཡང་སྣང་ལ་རང་བཞིན་མེད་པའོ་སྙམ་དུ་རྟོག་ན་ཡོད་མེད་དང་རྟག་ཆད་ཀྱི་མཐའ་སྟེ། དེ་ཡང་སྣང་བར་རྟོག་པ་ནི་ཡོད་ཅིང་རྟག་པའི་སྐྱོན། རང་བཞིན་མེད་པར་རྟོག་ན་ནི་མེད་པའམ་ཆད་པའི་སྐྱོན་ནོ། །གཞན་ཡང་ཆོས་ཐམས་ཅད་རང་བཞིན་མེད་པ་དང་། སྟོང་པ་ཉིད་དང་། སྐྱེ་བ་མེད་པ་ལ་སོགས་པར་རྟོག་ནའང་ཅི་ཡང་མཐོང་བ་མེད་པའི་དོན་ལ་སྒྲོ་འདོགས་པ་སྟེ། དེ་ཡང་། ཆོས་རྣམས་རང་བཞིན་མ་སྐྱེས་རྟོགས་པའི་མཁའ་ལ་སྐྱེ་མེད་སྟོང་པར་སྒྲོ་མི་འདོགས། །ཞེས་འབྱུང་ངོ་། །གཞན་ཡང་ཐ་ན་མཐོང་བ་མེད་པའི་དོན་ནི་འདི་ཙམ་མོ། །འདི་ཡིན་ནོ་སྙམ་ན་ཡང་འདུ་ཤེས་དང་བཅས་པའི་མཐའ་སྟེ། མི་རྟོག་ཟབ་མོ་ཉམས་མྱོང་བ། །མྱོང་བ་ཡོད་ཕྱིར་དེ་ཉིད་མིན། །ཞེས་འབྱུང་ངོ་། །མདོར་ན་དེའི་ཚེ་རང་གི་སེམས་ལ་སྣང་བའམ་གཡོ་བའམ་ཉམས་སུ་མྱོང་བའམ་རྟོག་དཔྱོད་ཀྱི་བག་ཆགས་ཅི་ཡང་མེད་པར་བློ་དྭངས་མ་ཡིད་ནམ་མཁའ་བཞིན་དུ་རྒྱང་ཅད་ལ། དེའི་ངང་དུ་ཡུན་རིང་བཞག་གོ །ཞེས་དང་། དེ་ལྟར་རྣམ་པར་མི་རྟོག་པའི་ཏིང་འཛིན་བསྒོམ་པ་ལ་གཞན་གྱིས་བརྒལ་བའི་ལན་དུ། འདིར་ནི་རྒྱུ་འབྲས་ལ་སོགས་པ་ཡོད་པར་ཤེས་ཤིང་ཡོད་མེད་ལ་སོགས་པའི་མཐའ་གང་ལའང་མི་གནས་པས་མུ་སྟེགས་རྟག་ཆད་ཀྱི་ལྟ་བར་མི་འགྱུར་རོ། །རང་རིག་པའི་ཡེ་ཤེས་གསལ་བར་གནས་པས་མི་དྲན་པ་གཏི་མུག་གམ་སེམས་མེད་པའི་སྐྱོན་ཡང་མེད་དོ། །རྣམ་ཤེས་དྲུག་པོ་མི་འགོག་པས་འགོག་པ་དང་འདུ་ཤེས་མེད་པའི་མཐར་ཡང་མི་ལྟུང་ངོ་། །ཐབས་སྙིང་རྗེའི་སྤྱོད་པ་མི་གཏོང་བས་ཞི་བ་ཕྱོགས་གཅིག་པའམ་འདུས་མ་བྱས་ཀྱི་མུར་ཡང་མི་ལྟུང་ངོ་། །སྟོང་པའི་མཐར་ཡང་མི་ལྟུང་སྟེ། དེ་ནི་ཆོས་ཀུན་སྟོང་ཉིད་དུ་དམིགས་ཤིང་དེ་ལ་འཛིན་པ་ཡིན་ན། འདིར་ནི་ཆོས་ཀུན་རང་བཞིན་མེད་པར་རྟོགས་ནས་ཅིར་ཡང་མི་རྟོག་པས་སྐྱོན་དེ་ཡང་མེད་དོ། །ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་རང་བཞིན་དུ་གནས་ཤིང་བྱིང་རྨུགས་ཀྱི་དབང་དུ་མི་གཏོང་བས་འཇིག་རྟེན་པའམ་ལུང་མ་བསྟན་པར་མི་འགྱུར་རོ། །གོ་རིམ་ལོག་པའི་སྐྱོན་ཡང་མེད་དེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས། དང་པོ་སེམས་བསྐྱེད་པ་ཉིད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བསླབ་པར་བྱའོ། །དེ་ནི་ཆོས་ཐམས་ཅད་དམིགས་སུ་མེད་པའོ། །ཞེས་འབྱུང་ངོ་། །གཞན་ཡང་མདོ་ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་མང་བཤད་ཀྱང་། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཚིག་གཅིག་བསྒོམ་པར་གྱུར་ན་ནི། །དེ་དག་ཐམས་ཅད་བསྒོམ་པར་འགྱུར། །ཞེས་དང་། མང་དུ་ཐོས་པ་ཞེས་བྱ་བ་ནི་དོན་ལ་མཁས་པ་ལ་བྱ་ཡི་ཚིག་ལ་མཁས་པ་ལ་མི་བྱའོ། །ཞེས་བྱ་བ་ལ་སོགས་པ་མདོ་སྡེ་མང་པོ་ནས་འབྱུང་ངོ་། །ཞེས་དང་། ཡང་དེ་ཉིད་ཀྱིས་མཛད་པའི་སེམས་ཀྱི་མུན་སེལ་སྒྲོན་མེར། སེམས་དོན་རྣམ་པ་བཅུས་བསྟན་ཏེ། ༡ སེམས་ཀྱི་རང་བཞིན་ནི་ཡེ་ནས་རྣམ་པར་དག་ཅིང་འོད་གསལ་བ་གསང་སྔགས་ཀྱི་རང་བཞིན། ༢ སེམས་ཀྱི་ངོ་བོ་ནི་རིག་ཅིང་གསལ་བ་མ་བསྒྲིབས་ལུང་མ་བསྟན་བག་ཆགས་དང་བཅས་པ། ༣ སེམས་ཀྱི་དཔེ་ནི་ནམ་མཁའ་དང་འདྲ་སྟེ་དབྱི བས་དང་ཁ་དོག་སོགས་སུ་གྲུབ་པ་མེད། ༤ སེམས་དེ་གང་གིས་མི་རྟོག་ན། ཉོན་མོངས་རང་ཁ་མར་བཟུང་བས་སོ་སྐྱེས་མི་རྟོགས། རྟག་ཆད་དུ་འཛིན་པས་མུ་སྟེགས་པས་མི་རྟོགས། གཟུང་འཛིན་རྡུལ་ཕྲན་དངོས་པོར་གྲུབ་པར་འདོད་པས་ཉན་ཐོས་ཀྱིས་མི་རྟོགས། སེམས་དངོས་པོར་བཟུང་བས་སེམས་ཙམ་པས་མི་རྟོགས། བརྟགས་པས་མ་བརྟགས་པ་ཐོབ་པར་འདོད་པས་དབུ་མ་པས་མི་རྟོགས། མཚན་མ་གཙོ་བོར་འཛིན་པས་བསྐྱེད་རིམ་པས་མི་རྟོགས། ཐ་སྙད་ཀྱིས་བརྗོད་བྲལ་མི་རྟོགས་པས་ཚད་མ་པས་མི་རྟོགས་སོ། །༥ སེམས་རྟོགས་པའི་ཡོན་ཏན་ནི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ་སངས་རྒྱས་ཀྱི་ཆེ་ཡོན་ཐམས་ཅད་སེམས་ལས་འབྱུང་། ༦ སེམས་མ་རྟོགས་པའི་སྐྱོན་ལ། ཡེངས་པ། གོལ་བ། ནོར་བའོ། །ཡེངས་པ་ལ་གསུམ། ཆགས་པ་ཅན་རྩ་རླུང་ལ་ཡེངས། ཤེས་རབ་ཅན་རྟོག་དཔྱོད་ལ་ཡེངས། མཚན་མ་ཅན་ལྷ་ལ་ཡེངས་པའོ། །གོལ་ས་གསུམ་ནི། སེམས་རྟག་ཆད་དུ་བལྟས་ན་མུ་སྟེགས་སུ་གོལ། རང་ཁ་མར་བཟུང་ན་སྐྱེ་བོར་གོལ། དངོས་པོར་བཟུང་ན་སེམས་ཙམ་དུ་གོལ་ལོ། །འཆོར་བ་གསུམ་ནི་ཐ་སྙད་ལ་དགའ་ན་བཤད་པར་འཆོར། ཞེན་པ་ལ་དགའ་ན་གསོག་འཇོག་ཏུ་འཆོར། གཏི་མུག་ལ་དགའ་ན་རང་ག་མར་འཆོར་རོ། ༧ སེམས་རྟོགས་པའི་ཐབས་ནི་ལུང་མན་ངག་རང་གི་ཉམས་མྱོང་གསུམ་གྱིས་གཏན་ལ་འབེབས། ༨ སེམས་ཀྱི་བཞག་ཐབས་ནི་བླ་མའི་ཞལ་ལས་ཤེས། ༩ སེམས་རྟོགས་པའི་ཚད་ནི་སེམས་དང་ཆོས་སུ་འདྲེས་པ། ༡༠ སེམས་རྟོགས་པའི་འབྲས་བུ་ནི་སྒོམ་པ་ཀློང་དུ་གྱུར་ཏེ་སངས་རྒྱས་པའོ་གསུངས། ཡང་། ལྟ་བའི་ལྡེའུ་མིག་ཏུ། གང་གིས་བརྟག་པར་བྱ་བའི་གང་ཟག་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་འདོད་པས་བརྟག གང་ལ་བརྟག་པའི་གཞི་ཉོན་མོངས་པ་སྤྱི་དང་བྱེ་བྲག་ལ་བརྟག་སྟེ། སྤྱི་ལ་བརྟག་པ་མ་བརྟགས་ཉམས་དགའ་ཙམ་དུ་ཉོན་མོངས་རང་བཞིན་གྱིས་སྐྱེ་ཞིང་། དེའི་འབྲས་བུ་སྨིན་ཏེ་ཆགས་པར་བྱ་བའི་ཡུལ་དུ་གྱུར་པ་དེ་ལ་འཁོར་བ་ཞེས་བྱ་སྟེ་དེ་ལ་བརྟག་གོ །བྱེ་བྲག་ཏུ་བརྟགས་ན། ཡུལ། ཤེས་པ། ཐར་པ་གསུམ་མོ། །དཔེ་ནི་ཡུལ་སྒྱུ་མ། ཤེས་པ་རྨི་ལམ། ཐར་པ་ཆུ་ཟླ་དང་འདྲའོ། །བརྟག་ཐབས་ནི། དང་པོ་ཡུལ་ལ་བརྟགས་ཏེ་གཟུང་བར་བྱ་བའི་ཡུལ་ནི། སྒྱུ་མ་ལྟ་བུ་མེད་བཞིན་དུ་སྣང་ལ་མི་རྟག་པ། མི་བརྟན་པ། རང་བཞིན་མེད་པར་བརྟག་གོ །གཉིས་པ་ཤེས་པ་ལ་བརྟག་པ། ཤེས་པ་རྨི་ལམ་དང་འདྲ་སྟེ་རྨི་ལམ་གྱི་དུས་ན་བདེ་སྡུག་བསམ་གྱིས་མི་ཁྱབ་ཀྱང་། སད་ནས་གང་ལའང་མ་གྲུབ་པ་ལྟར། སེམས་སྣ་ཚོགས་སུ་སྣང་བ་ལ་བརྟགས་ན། དབྱིབས། ཁ་དོགའདུག་ས། ངོ་ཏི་གང་ཡང་མ་རྙེད་པར་འོད་གསལ་ནམ་མཁའ་ལྟར་དག་པ་རང་བཞིན་གང་ཡང་མེད་པའོ། །འོ་ན་སེམས་དེ་ལྟར་ཡིན་ན་མི་གྲོལ་བ་ཅི་ཞེ་ན། རྣམ་རྟོག་གློ་བུར་པས་བསྒྲིབས་ཏེ་འཁོར་རོ། །རྣམ་རྟོག་དེ་ཅིས་བསལ་ཞེ་ན། ལྟ་སྒོམ་ཕྱིན་ཅི་མ་ལོག་པས་སོ། །སངས་རྒྱས་དང་སེམས་ཅན་གྱི་ཁྱད་པར་ཅི་ཞེ་ན། གང་སེམས་རྣམ་རྟོག་གི་སྒྲིབ་པ་དང་བཅས་པ་དེ་ནི་ཉོན་མོངས་པའི་ཡིད་ཅེས་བྱ་སྟེ་རང་ཁ་མའོ། །གང་རྣམ་རྟོག་དག་ནས་སེམས་སྒྲིབ་པ་མེད་པ་དེ་ནི་རྡོ་རྗེའི་ཡིད་ཅེས་བྱ་སྟེ་སངས་རྒྱས་སོ། །འོ་ན་དེ་ལྟ་བུའི་སངས་རྒྱས་དེ་གང་ལས་འབྱུང་། ཉོན་མོངས་པ་སྤངས་པ་ལས་འབྱུང་ངམ་ཞེ་ན། སྤོང་བས་མི་སྤངས་ཏེ། རང་བཞིན་ཤེས་པ་ལས་འབྱུང་ངོ་། །གསུམ་པ་ཐར་པ་ལ་བརྟག་པ། སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་ཐམས་ཅད་ཆུ་ཟླ་ལྟར་གསལ་ལ་རྟོག་པ་མེད་པར་བརྟག་པར་བྱའོ། །རྟོགས་པའི་ཚད་ནི་སྒྱུ་མ་ལ་སོགས་པ་དཔེ་ཙམ་མ་ཡིན་པར་འགོ་སྙོམས་པའོ། །འབྲས་བུ་ནི་སངས་རྒྱས་པའོ། །ཞེས་གསུངས། ཉོན་མོངས་མི་སྤོང་བར་ཇི་ལྟར་ལམ་དུ་ཁྱེར་སྙམ་ན། འཇམ་དཔལ་རྫོགས་པ་ཆེན་པོའི་དབང་གཞུང་ངོ་སྤྲོད་སྐབས། ཉོན་མོངས་རང་ཁ་མའི་རྗེས་སུ་འབྲངས་ན་སོ་སྐྱེ། དེ་ཉིད་དགྲ་ལྟར་སྤོང་ན་ཉན་ཐོས། དེ་འགེགས་ན་རང་རྒྱལ། སྦྱངས་ན་བྱང་ཆུབ་སེམས་དཔའི་ཐེག་པ། དེ་ལྟར་བསྒྱུར་ན་སྔགས་ཕྱི་བ། དེ་ལུང་རིགས་ཀྱིས་བཙལ་ཏེ་རིག་པའི་རྩལ་དུ་འདོད་ན་མ་ཧཱ། དེ་བཙལ་བས་མ་རྙེད་པ་ཆོས་དབྱིངས། མ་རྙེད་པར་ཤེས་མཁན་དེ་ཡེ་ཤེས་སུ་བྱས་ན་ཨ་ནུ། ཉོན་མོངས་རང་ཁ་མར་སྤྱད་ན་ལྷུན་གྲུབ་ཁ་འབྱམས། ཉོན་མོངས་ཡེ་ཤེས་ཐ་དད་དུ་འདོད་ན་དག་པ་ཕྱོགས་གཅིག་པ། དེས་ན་ཉོན་མོངས་གང་སྐྱེས་དེའི་རང་བཞིན་གང་དུའང་མི་རྟོག་པ་རང་གསལ་བ་ཞིག་ཡོད་པས། དེ་ལྟར་བསྒོམས་པས་རང་གསལ་དུ་ཤར་བ་དང་། མ་བསྒོམས་ཀྱང་རང་གསལ་བར་གནས་པ་དང་། གཞི་རང་གསལ་དུ་ཡོད་པ་གསུམ་དབྱེར་མེད་པར་མཉམ་དྲིལ་{དཀྲིལ} གྱིས་རྟོགས་པ་ནི་མཚན་ཉིད་རང་རིག་པའི་ཡེ་ཤེས་སོ། །ཞེས་གསུངས་ཏེ་སེམས་ཕྱོགས་ཀྱི་དགོངས་པ་ཡི་གེ་རྙིང་པ་དག་ལས་ཅུང་ཟད་བཏུས་ཏེ་བཀོད་པ་ཡིན་ལ། ཐུན་མིན་མན་ངག་སྡེའི་ཟབ་གནད་སེམས་རིག་ཤན་འབྱེད་སོགས་ནི་ཀུན་ཏུ་བཟང་པོ་དྲི་མེད་འོད་ཟེར་གྱི་དགོངས་པའི་གསང་མཛོད་ལོན་དགོས་པས་ཞིབ་པར་ཡང་ཏིག་རྣམ་པ་གསུམ་དང་མཛོད་ཆེན་བདུན་སོགས་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པ་དང་ཁྱད་པར་བླ་མ་མཚན་ལྡན་གྱི་དགོངས་བརྒྱུད་ཡེ་ཤེས་འཕོ་བ་ཁོ་ན་ལ་རག་ལས་པས་ལྟར་སྣང་རྟོག་གེའི་དཔྱད་སྐམ་ཙམ་གྱིས་གར་ཡང་མི་ཕྱིན་མོད། འདིར་ལས་དང་པོ་ལ་གོ་གཞི་སྐྱེད་བྱེད་ཙམ་དུ་དངོས་དང་འདྲ་མཚུངས་གི་ཁྱད་པར། རྡོ་གྲུབ་རིན་པོ་ཆེའི་ཞལ་སློབ་གཞོན་ནུ་ཆོས་ཀྱི་བློ་གྲོས་སམ་གཅོད་སྨྱོན་ཡེ་ཤེས་རྡོ་རྗེས་འདི་ལྟར་གསུངས་ཏེ། དེ་ཡང་མདོ་ལམ་གསུམ་འབྲས་བུ་ཕྱི་དུས་ལ་རེ་ཞིང་སྔགས་ཕྱི་རྒྱུད་གསུམ་ཡང་སྤྲོས་པས་འཆིང་། ཡོ་ག་འོག་མ་གཉིས་ཀྱང་འབད་རྩོལ་ལས་མ་འདས་པས། འདིར་དབང་བཞི་པའི་དོན་གྱི་འོད་གསལ། ཡེ་ནས་ཕྱག་རྒྱ་ཆེན་པོའི་རང་བཞིན། དབུ་མ་རབ་ཏུ་མི་གནས་པའི་ཡིན་ལུགས་ཨ་ཏི་བྱ་རྩོལ་ལས་འདས་པའི་དོན་ལ་མཉམ་པར་འཇོག་པ་འདི་ཁོ་ན་གཙོ། དེ་ཡང་དབྱིངས་དང་རིག་པ་གཉིས་སུ་འདུ་བས་འདིར་གཞི་ལམ་འབྲས་གསུམ་གྱི་ཚུལ་དུ་ཞུ་བ་ལ། གཞི་དབྱིངས་སྙིང་ཁ་ན་འོད་ལྔའི་ཕུང་པོ་ཡེ་ནས་རང་བཞིན་གྱིས་གནས་པ་དང་། གཞིའི་རིག་པ་ནི་ལུ་གུ་རྒྱུད་ཀྱི་གདངས་འོད་རྩར་གནས་པ་དེའོ། །ལམ་གྱི་དབྱིངས་ནི་འོད་ལྔའི་དྲྭ་བ། ལམ་གྱི་རིག་པ་ནི་དབྱིངས་སྣང་ལྷ་སྐུར་སྨིན་པའོ། །འབྲས་བུའི་དབྱིངས་ནི་ཀ་དག་གི་རང་སྣང་ནམ་མཁའ་སྤྲིན་མེད་པ་ལྟ་བུ། འབྲས་བུའི་རིག་པ་ནི་ནང་གསལ་ཐིམ་ལ་མ་རྨུགས་པ་འཆར་གཞི་ཙམ་དུ་གནས་པའོ། །དེ་ལྟར་གཞི་དེ་ལས་གཞི་སྣང་གཡོས་པའི་སྐད་ཅིག་ལ་རིག་པ་ཆུ་ལ་རི་མོ་བྲིས་པ་ལྟར་གཞི་ཐོག་ཏུ་གྲོལ་བས་རྟོགས་པ་སངས་རྒྱས་དང་། མ་རིག་པ་ཆུ་མེར་བ་ལྟར་འཁྲུལ་རྐྱེན་གྱི་འབྱུང་ཁུངས་སུ་གྱུར་པ་མ་རྟོགས་པ་སེམས་ཅན་ཞེས་གཞི་གཅིག་ལམ་གཉིས་སུ་གྱེས་པ་ནི་རིག་མ་རིག་གི་ཁྱད་པར་ཡིན། འདི་གསར་མའི་ཀུན་གཞི་རྒྱུ་རྒྱུད་རང་བཞིན་འོད་གསལ་བ་བདེ་བར་གཤེགས་པའི་སྙིང་པོ་རྟོགས་ན་སངས་རྒྱས་ཀྱི་རྒྱུ་དང་། མ་རྟོགས་ན་སེམས་ཅན་གྱི་རྒྱུ་ཞེས་འཆད་པ་དང་ཁ་གསལ་མི་གསལ་ཙམ་ལས་དོན་གཅིག་པ་ཡིན་ནོ། །ལམ་ཉམས་སུ་ལེན་པའི་གནས་སྐབས་ན་འདི་བཞིན་མ་འཁྲུལ་པའི་ངོ་བོ་སྐྱོང་བ་ལ་འདྲ་མཚུངས་ཀྱི་སྐྱོན་ཞུགས་ཉེན་ཆེ་བས་སྤང་བླང་གི་གནད་འདི་ལྟར་ཤེས་དགོས་ཏེ། ངོ་བོ་དབྱིངས་གཅིག་ལས་མ་འདས་ཀྱང་། རིག་པ་ཡིན་ལུགས་ཆུ་དང་འདྲ་བའི་རྩལ་ལས་སེམས་ཀྱི་འཆར་ཚུལ་ཆུ་བུར་འདྲ་བ་ཤར་དུས་སེམས་ལས་རིག་པ་མ་བྱུང་བས་རིག་པ་སེམས་ཀྱི་དབང་དུ་མ་གྱུར་པ་ཤེས་དགོས། རིག་པ་གཅིག་ལ་ཤེས་རབ་ནི་རང་རྩལ་ཕྱིན་ཅི་མ་ལོག་པ་གཟུང་འཛིན་ལས་གྲོལ་བ། ཡིན་ནི་རྩལ་ཕྱིན་ཅི་ལོག་གཟུང་འཛིན་དུ་སྐྱེས་པ་སྟེ་འདྲ་གཞི་མཚུངས་ལ་དོན་མི་མཚུངས་པའི་ཁྱད་པར་ཤེས་དགོས། དབྱིངས་གཅིག་ལ་ཀུན་གཞི་ལུང་མ་བསྟན་གྱི་རྟོག་མེད་དང་ཆོས་སྐུ་ཡེ་ནས་སྤྲོས་པ་དང་བྲལ་བའི་ངོ་བོ་གཉིས་ངོ་བོ་རྟོག་མེད་ཙམ་དུ་འདྲའོ་སྙམ་ཡང་མ་ཡིན་ཏེ་ཀུན་གཞི་ལས་ཁྱད་ཆོས་དྲུག་གིས་གཞི་ལས་འཕགས་པ། རང་ངོར་སྣང་བ། རང་སར་གནས་པ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་ཏུ་གྲོལ་བ། གཞན་ལས་མ་བྱུང་བ་སྟེ་ཀུན་བཟང་ཆོས་དྲུག་གོ །མཆན། འཕགས་པ་ནི་ཆོས་སྐུ་ཡིན་པར་ཤེས་དགོས། འཁྲུལ་གྲོལ་གཉིས་གཞི་རིག་པའི་ངང་དུ་གཅིག་ཀྱང་གཉིད་དུ་སོང་བ་དང་སད་པ་ལྟ་བུའི་ཁྱད་པར་ཤེས་དགོས། འཁྲུལ་སྣང་དང་གཞི་སྣང་གཉིས་རིག་པའི་ངང་དུ་སྣང་ཚུལ་འདྲ་ཡང་གཞི་སྣང་ཉིན་མོ་དང་། འཁྲུལ་སྣང་མཚན་མོ་ལྟ་བུའི་ཁྱད་པར་ཤེས་དགོས། རྟོགས་མ་རྟོགས་གཉིས་རིག་པར་གཅིག་ཀྱང་འཁྲུལ་པའི་ཞེན་འཛིན་སངས་མ་སངས་ཀྱི་ཁྱད་པར་ཤེས་དགོས། ཤེས་རབ་དང་བག་ཆགས་གཉིས་རིག་པའི་རྩལ་དུ་འདྲ་ཡང་སྤང་གཉེན་གྱི་ཁྱད་པར་རྩྭ་དང་མེ་ལྟ་བུ་ཤེས་དགོས། ཆོས་ཉིད་མ་བུ་ཞེས་པ་རིག་པ་མ་ལྟ་བུ་གཞི་ལ་ཡེ་ཤེས་བུ་ལྟ་བུ་ཟུང་དུ་འཇུག་པ་སྟེ། དེ་ཡང་རིག་པའི་གདངས་གཅིག་ཀྱང་གཞི་ལ་གནས་ཚེ་ཡེ་ཤེས་དང་། རྩལ་དུ་ཤར་བ་ལ་འོད་ཅེས་རྗོད་བྱེད་ལ་ཁྱད་འཇུག་པའི་རྒྱུ་མཚན་དེ་ཡང་ཤེས་དགོས། མཉམ་བཞག་གི་རིག་པ་སྟོང་གསལ་དུ་གནས་པ་དང་སེམས་རང་སར་ལྷན་ནེར་གནས་པ་གཉིས་རང་བཞིན་གྱི་གནས་ཚུལ་འདྲ་ཡང་རིག་པ་དྭངས་ལ་ཡུལ་མེད་དང་སེམས་ཡུལ་ཅན་འཛིན་པས་བཅིང་བའི་ཁྱད་པར་ཤེས་དགོས། དེ་བཞིན་སེམས་རིག་ཡུལ་ཐོག་ཏུ་སྒོམ་པའི་རྗེས་ཐོབ་ལ། སེམས་རྟོག་མེད་དང་རིག་པ་རྟོག་མེད་གཉིས་མི་རྟོག་པ་འདྲ་ཡང་། རིག་པ་ཟང་ཐལ་ཡུལ་ལ་འཇུག་པའི་རྒྱུ་མེད་པ་དང་སེམས་ཡུལ་ཐོག་ཏུ་ལྷན་ནེར་སྡོད་པའི་ཁྱད་ཡོད། རིག་པ་རང་གནས་ཀྱི་བསམ་གཏན་དང་རྩ་རླུང་འཛིན་རྩོལ་གྱི་སྒོམ་པ་གཉིས་ཡིད་རྩེ་གཅིག་ཏུ་གནས་ཚུལ་འདྲ་ཡང་། རང་བབས་ཀྱི་བསམ་གཏན་ནི་ཆོས་ཉིད་ཀྱི་ངང་དྭངས་དུས་རྟག་ཏུ་ཡོད་ལ་རྩ་རླུང་གི་སྒོམ་པ་ནི་བྱིངས་རྒོད་ཤས་ཆེ་ལ་རྩོལ་བའི་རྐྱེན་ཁ་ན་ཡོད་པའི་ཁྱད་ཡོད་རིག་པ་རང་ཤར་ཡུལ་ལ་སྣང་བ་དང་རྣམ་རྟོག་རང་གར་ཤོར་བ་གཉིས་ཡུལ་ལ་འཕྲོ་ཡུལ་འདྲ་ཡང་། རིག་པ་ཐལ་བྱུང་དུ་ཤར་ནས་འཛིན་མེད་དུ་གྲོལ་བ་དང་། རྣམ་རྟོག་གཟུང་འཛིན་དུ་ཞེན་ཅིང་ཡུལ་ཕྱིར་འབྲང་བའི་ཁྱད་ཡོད། རིག་པའི་སྣང་ཡུལ་རང་ཤར་དང་འཁྲུལ་སྣང་སྣ་ཚོགས་སུ་ཤར་བ་གཉིས་མ་དག་པའི་དངོས་པོར་སྣང་ཚུལ་ཙམ་དུ་འདྲ་ཡང་། རྣལ་འབྱོར་པ་ལ་ཆུ་ཟླ་དང་རྨི་ལམ་ལྟར་ངང་གིས་བདེན་མེད་དུ་ཤར་བས་མི་འཆིང་ལ་ཕལ་པ་རྣམས་འཆིང་བའི་ཁྱད་ཡོད། འོད་གསལ་ཡེ་གདངས་ཀྱི་ཐིག་ལེ་དང་རླུང་སེམས་བཟུང་བའི་འཇའ་ཐིག་གཉིས་སྟོང་གཟུགས་ཤར་ཙམ་དུ་འདྲ་ཡང་། རང་བཞིན་རྣམ་དག་གི་ཐིག་ལེ་དབྱིངས་རིག་གི་སྣང་ཆ་ཡིན་པས་རྩ་རླུང་འཛིན་རྩོལ་ལ་མི་ལྟོས་ཤིང་རྟོག་བྲལ་དྭངས་མ་རང་གནས་བསམ་གཏན་གྱིས་བརྒྱན་པ། རྩ་རླུང་གི་རྟགས་རྣམས་ནི་རླུང་གི་རྩོལ་བའི་རྗེས་སུ་བྱེད་པས་འཕེལ་འགྲིབ་མང་ཞིང་རྟོག་པ་དང་བཅས་པ་བསམ་གཏན་ལ་བརྟན་པ་མི་ཐོབ་པ་སོགས་ཁྱད་པར་ཤིན་ཏུ་ཆེ། ཕྱི་མ་འདི་ནི་ལམ་འབྲས་རྒྱུད་གསུམ། གསང་འདུས་ཕྲ་ཐིག་སྦྱོར་དྲུག་སོགས་སྒོམ་པའི་སྐབས་འཆར་ཡང་སྙིང་ཐིག་གི་མངོན་སུམ་དང་ཁྱད་ཤིན་ཏུ་ཆེ་བ་དེ་ལྟར་ཡིན། རིག་པའི་སྐུ་དང་རྟོག་པའི་སྐུ་གཉིས་ལྷ་སྐུ་འཆར་ཙམ་དུ་འདྲ་ཡང་རྒྱ་ཆེ་ཆུང་དང་རྟག་མི་རྟག་རྟོག་པ་གོམས་རྗེས་བྱེད་དགོས་མི་དགོས་ཀྱི་ཁྱད་ཡོད། ཐེག་པ་འོག་མའི་ཡིད་དཔྱོད་ཀྱི་ལྟ་སྒོམ་དང་རིག་པ་མངོན་སུམ་ལྟ་སྒོམ་གཉིས་མིང་འདྲ་ཡང་དབང་པོ་དང་རིག་པ་ལ་སྣང་མི་སྣང་གི་ཁྱད་ཡོད། རང་བཞིན་རྫོགས་པ་ཆེན་པོའི་སྣང་བ་བཞི་ལ་བརྟན་པ་ཐོབ་པས་རང་སྣང་ཆོས་ཉིད་ཀྱི་བར་དོ་དང་། རྟོག་བཅས་ལྷའི་སྒྱུ་ལུས་གཉིས་ལྷ་སྐུར་སྣང་བ་ཙམ་དུ་འདྲ་ཡང་རང་སྣང་དུ་ཤེས་དུས་གྲོལ་མི་གྲོལ་དང་སྣང་བ་རྒྱ་ཆེ་ཆུང་གི་ཁྱད་ཡོད། དེ་ཡང་ཆོས་ཉིད་ཀྱི་བར་དོ་རིག་གདངས་སུ་སྣང་ལ། ལྷའི་སྒྱུ་ལུས་རྟོག་པ་གོམས་རྗེས་སུ་སྣང་བ་འདི་གཉིས་ཀྱི་ཁྱད་ཡིན། ཕྱེད་སྤྲུལ་ལོངས་སྐུའམ་རང་བཞིན་སྤྲུལ་སྐུའི་ཞིང་སྣང་དང་། མས་བགྲོད་སངས་རྒྱས་ནས་དག་པའི་ཞིང་དུ་མཛད་པ་སྟོན་པ་གཉིས་ལོངས་སྐུའི་སྣང་ཆ་ལས་དག་པའི་ཞིང་ཁམས་འཆར་ཚུལ་འདྲ་ཡང་རང་སྣང་དང་གཞན་སྣང་གི་ཁྱད་ཡོད། དེ་ཡང་རང་བཞིན་སྤྲུལ་སྐུའི་ཞིང་རང་སྣང་ལྷུན་གྲུབ་ཀྱི་སྒོ་ལས་ཤར་བ་ཡིན་ལ་ཅིག་ཤོས་འཁྲུལ་སྣང་དང་རྗེས་སུ་མཐུན་པར་སྣང་བ་འདི་གཉིས་ཀྱི་ཁྱད་ཡིན། མཐར་ཐུག་གི་གྲོལ་ས་ཡེ་སྟོང་བསམ་གྱིས་མི་ཁྱབ་པའི་ཀ་དག་དང་། ངེས་མེད་གཞིའི་ལྷུན་གྲུབ་གཉིས་རིག་པའི་ཡོན་ཏན་ངོ་བོ་རང་བཞིན་ཐུགས་རྗེ་སོགས་འདྲ་ཡང་འཁྲུལ་གཞི་བྱེད་མི་བྱེད་དྲི་མ་དག་མ་དག་གི་ཁྱད་ཡོད། འདི་མ་ཤེས་ན་འབྲས་བུ་གཞི་ཐོག་ཏུ་གྲོལ་བ་ཡིན་ཞེས་བབ་ཅོལ་དུ་སྨྲ་བ་ལས་ཆ་མེད་པ་ཡིན། དེ་ལྟ་ན་ཀ་དག་ལ་གྲོལ་ས་དང་ལྷུན་གྲུབ་ལ་གྲོལ་གཞིར་ཤེས་དགོས། གྲོལ་སའི་དབྱིངས་ཀ་དག་དང་ཉམས་སུ་ལེན་དུས་ཀྱི་ཕྱི་ནང་གི་དབྱིངས་ཀ་དག་གཉིས་རིག་པ་རྒྱ་ཆད་ཕྱོགས་ལྷུང་མེད་པ་དང་ཡུལ་སྣང་དག་པ་ཙམ་དུ་འདྲ་ཡང་། ད་ལྟའི་ཀ་དག་ནང་རླུང་སེམས་མ་དག་པའི་རྐྱེན་དབང་རེས་འགའ་བ་དང་དྲི་མ་དང་བཅས་པས་མཉམ་རྗེས་རེས་འཇོག་ཅན་ཡིན། གྲོལ་ས་ལ་རླུང་སེམས་ཀྱི་ཆ་དག་ཟིན་པས་འཁོར་འདས་ཀ་དག་ཏུ་གནས་པ་སྟེ་ཁྱད་ཤིན་ཏུ་ཆེ། རིག་པ་ནང་གསལ་རྗེན་ལ་བུད་དུས་མི་འགག་པར་སྣ་ཚོགས་སུ་སྣང་ཞིང་འཆར་བ་དང་། སེམས་སེམས་བྱུང་གི་རྟོག་པ་སྣ་ཚོགས་སུ་འཕྲོ་བ་གཉིས་སྣང་སེམས་ཤར་ཚུལ་ཙམ་དུ་འདྲ་ཡང་། རིག་པ་ངང་དྭངས་ཟང་ཀ་མ་ཐལ་བྱུང་ཤར་གྲོལ་རིས་མེད་དུ་གནས་པས་རྐྱེན་དབང་དུ་མི་འགྲོ་ལ། བྱུང་ཚོར་སེམས་ཀྱི་རང་བཞིན་ནི་རྟོག་པ་ཡུལ་ལ་ཡེངས་ནས་ཐ་མལ་རང་ཁར་འགྲོ་བའི་ཁྱད་ཡོད། སྒོམ་བྱུང་གི་ཤེས་རབ་རང་རྩལ་རྫོགས་པ་དང་ཀུན་རྟོག་ཡུལ་གྱི་སྟེང་དུ་འཕྲོ་བ་གཉིས་འཆར་ལུགས་ཙམ་འདྲ་ཡང་། ཤེས་རབ་ནི་ཟང་ཐལ་ཐད་ཀར་ཞིག་ནས་ཕན་ཚུན་འཁོར་རྒྱུའི་རྟོག་པ་མ་གྲུབ་ལ། ཀུན་རྟོག་ནི་ཕྱི་རོལ་དུ་ཡུལ་འཛིན། ནང་ལོག་ཏུ་གཅིག་ལ་གཅིག་མཐུད་ཀྱི་གཟུང་འཛིན་རང་ཁ་མར་འགྲོ་བའི་ཁྱད་ཡོད། འདི་མ་ཤེས་ན་སོ་སོར་རྟོགས་པའི་ཤེས་རབ་ཡིད་ཀྱི་རྣམ་ཤེས་དང་ནོར་ནས་ལྟ་བ་ཐམས་ཅད་བཅོས་མར་གྱུར་ཏེ་ངོས་མི་ཟིན་པ་འདི་འོང་། ལར་རྫོགས་པ་ཆེན་པོ་ཐད་དྲང་དུ་བསྟན་པའི་དོན་དམ་མ་སྐྱེས་མི་འགག་དང་། གྲུབ་མཐའ་འོག་མར་དགོངས་གཞི་རེེ་ལ་ལྟོས་ནས་སྐྱེ་མེད་འགག་མེད་སོགས་གསུངས་པ་སྟོང་གསལ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སུ་བཤད་པ་འདྲ་ཡང་། རྫོགས་ཆེན་པས་མངོན་སུམ་གནད་ལ་ཕབ་པའི་དོན་ཁོང་ནས་འཆར་བས་ཡིད་དཔྱོད་ཀྱི་ལྟ་བ་ལ་མ་ལྟོས། རྣམ་པར་ཤེས་པ་ཚོགས་བརྒྱད་གྱི་རྟོག་པ་སྐྱེ་མེད་ཀྱི་དབྱིངས་སུ་འགོགས་པ་དང་། གྲུབ་མཐའ་གཞན་གྱིས་དོན་དམ་དེ་འདྲ་ཞིག་ཡིན་སྙམ་ནས་རྟོག་པས་ཡིད་དཔྱོད་བྱས་པ་གཉིས། སྟོང་སྒོམ་མུན་རྡོ་དང་མ་བྲལ་པ་དང་བྲལ་ནས་འོད་གསལ་རྡོ་རྗེ་སྙིང་པོའི་ལྟ་བ་རང་བྱུང་གི་ཡེ་ཤེས་ཚིག་ལམ་གྱིས་མི་མཚོན་པ་མངོན་སུམ་དུ་བསྟན་པའི་ཁྱད་པར་ཤིན་ཏུ་ཆེ། འདི་མ་ཤེས་ན་ལམ་སྔགས་སུ་ཞུགས་ཀྱང་འབྲས་བུ་ཡེ་ཤེས་ལམ་བྱེད་ཀྱི་རྒྱུས་མེད་པར་ལྟ་སྒོམ་རྒྱུ་ལམ་བྱེད་ལས་ཅུང་ཟད་ཀྱང་འཕགས་མ་ནུས་ནས་ལུང་མ་བསྟན་སྒྲུབ་ལོ་དང་རྟོགས་ལོ་ཡིན་ལོའི་ངང་དུ་མི་ཚེ་ཆུད་འཛའ་བ་འདི་འོང་། ཁྱད་པར་གསང་ཆེན་རྡོ་རྗེ་སྙིང་པོའི་རྣལ་འབྱོར་གྱིས་ཡུལ་དང་རིག་པ་ལུས་ཀྱི་གནད་བཅུན་པས་རིག་པ་མངོན་སུམ་དུ་གཞལ་བ་དང་གསང་སྐོར་སོགས་ཟུང་འཇུག་གི་གྲུབ་མཐའ་གཞན་པ་དག་གིས་དཔེ་དོན་རྟགས་གསུམ་གྱིས་རིག་པ་གཞལ་བ་ཉིད་གཞལ་ལུགས་འདྲ་ཡང་མིག་ཡོད་མེད་གཉིས་ཀྱིས་དུང་གི་ཁ་དོག་གཞལ་བ་ཙམ་གྱི་ཁྱད་ཡོད་པ་སོགས་ཤེས་པར་མ་བྱས་ན་ལམ་རྫོགས་ཆེན་དུ་རློམ་པ་ཙམ་གྱིས་གང་ཟག་རྫོགས་པ་ཆེན་པོར་གཏན་ནས་འགྲོ་བ་མ་ཡིན་ཞེས་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་ཞལ་གསུང་ཚད་མའོ། །ཞེས་གསུངས་འདུག་པ་རྣམས་འདུས་གསལ་ལྟ་བདེར་འདུག་པས་འདིར་ཡིག་ཚོགས་ལ་མ་འཛེམ་པར་བྲིས་པའོ། །མདོར་ན་འཁྲུལ་པ་རྨི་ལམ་ལྟ་བུ་འདི་དོན་ལ་ཡོད་མ་མྱོང་བས་གཤིས་ལ་དྲི་མ་མེད་དེ་སྤང་བྱ་ཡེ་ནས་ཟད་པའམ་སངས་པ་ནི་སྤངས་པ་ཕུན་ཚོགས་དང་། ཡོན་ཏན་མ་བཙལ་ལྷུན་གྱིས་རྫོགས་ཤིང་རང་བྱུང་ཡེ་ཤེས་ཀྱི་ངོ་བོར་རྒྱས་པ་ནི་རྟོགས་པ་ཕུན་ཚོགས་ཏེ། ཡེ་ནས་སྤངས་རྟོགས་འབྲལ་མི་ཤེས་པའི་ཆོས་ཉིད་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་དགོངས་པ་དེ་རང་ལ་རང་ཆས་སུ་ད་ལྟ་ནས་འཕེལ་འགྲིབ་མེད་པར་གནས་པ་ནི། ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། སེམས་ཅན་མ་འཁྲུལ་སངས་རྒྱས་མེད་པའི་གོང་། །ངོ་བོ་ཉིད་ཀྱི་སྐུ་ལ་རང་བྱུང་སེམས། །དེ་ཉིད་མ་འཁྲུལ་གནས་ལུགས་ཡིན་པའི་ཕྱིར། །དེ་རྟོགས་ཆོས་སྐུ་མྱ་ངན་འདས་པའི་ཆོས། །ཀུན་ཏུ་བཟང་པོ་རང་བྱུང་ཡེ་ཤེས་ཐུགས། །རང་སེམས་རང་གིས་རིག་པ་ཆོས་ཀྱི་རྗེ། །ཞེས་དང་། ཀུན་བྱེད་ལས། མ་བཅོས་རྣལ་མ་ཀུན་གྱི་ཆོས་ཉིད་དེ། །ཆོས་ཉིད་ལས་ནི་སངས་རྒྱས་གུད་ན་མེད། །སངས་རྒྱས་མིང་དུ་བཏགས་པ་བླ་དྭགས་ཙམ། །ཆོས་ཉིད་ཅེས་བྱ་གཞན་མེད་རང་སེམས་ཏེ། །རང་སེམས་མ་བཅོས་ཆོས་ཀྱི་སྐུ་རུ་བཤད། །མ་བཅོས་པ་ལ་ཡེ་ནས་སྐྱེ་མེད་པས། །སྐྱེ་མེད་དོན་དེ་བཙལ་ཞིང་སྒྲུབ་ཏུ་མེད། །བཙལ་ཞིང་སྒྲུབ་པས་བྱར་མེད་མཐོང་མི་འགྱུར། །ཞེས་དང་། གུ་རུ་རིན་པོ་ཆེས་མཛད་པའི་གསང་སྔགས་ལམ་རིམ་གྱི་རང་འགྲེལ་ལས། གཤིས་ལ་འཁྲུལ་པ་མེད་པས་སྤངས་པ་ཕུན་ཚོགས། ངོ་བོ་གཉིས་མེད་དུ་ཡོངས་པས་རྟོགས་པ་ཕུན་ཚོགས། དེ་ལྟར་ཡེ་ནས་སངས་རྒྱས་མ་ཡིན་ན་བསྒོམས་ཀྱང་སངས་རྒྱས་སུ་མི་འགྱུར་ཏེ། ས་ལེ་སྦྲམ་ཡེ་ནས་གསེར་མ་ཡིན་ན་བྱས་ཀྱང་གསེར་དུ་མི་འགྲོ་བ་བཞིན་ནོ། །ཞེས་དང་། གཞན་ཡང་གནུབས་ཀྱི་མདོ་འགྲེལ་ལས། གང་རྒྱུ་རྐྱེན་ལས་འཕྲལ་དུ་མ་གྲུབ་པའི་ཡེ་ཤེས་བྱེད་པ་པོ་ཀ་ནས་དག་པས་རྒྱུ་རྐྱེན་ལ་རག་མ་ལས་པར་ཇི་སྙེད་པའི་ཆོས་སུ་མ་འགགས་པར་རང་ཤར་བ་སྟེ་འགྲེ་ལྡོག་སྤྱི་ཚུགས་གར་འདྲེས་ཀྱང་སྙིང་པོ་བྱང་ཆུབ་ཉིད་ཡིན་པའི་ཕྱིར། ཞེས་དང་། གལ་ཏེ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་དག རྒྱུ་འབྲས་ཀྱི་ཆོས་རྣམས་གློ་བུར་བ་མ་ཡིན་ན། དེ་ཁོ་ན་ཉིད་ཀྱང་དྲི་མ་ཅན་བས་མཚན་ཉིད་བཤད་པ་བཞིན་མི་འགྱུར་ན། དེ་བས་དེ་བཞིན་ཉིད་དུ་བརྗོད་པའང་ཕྱི་མོའི་ཆོས་ཉིད་མི་འགྱུར་བའི་བླ་དྭགས་སོ། །ཞེས་དང་། རྟོག་པ་བཟང་ངན་གཉིས་ལ་སངས་རྒྱས་དང་སེམས་ཅན་དུ་བརྟགས་པས། ཞེན་པ་གཉིས་ཀྱིས་དེ་ལྟར་མཐོང་གི་ངོ་བོ་ལ་གཉིས་པ་མེད་པར་བཀའ་སྩལ་ཏེ། ཞེས་དང་། ཆོས་ཀུན་རྩ་བ་སེམས་འདི་ཉིད་ལ་འདུས། །སེམས་ཉིད་གནས་གྱུར་ཡེ་ཤེས་ལྔར་སྣང་བ། །ཞེས་པ་དངོས་པོ་གཉིས་ཀྱི་གཞི་རྩ་ནི་རང་གི་རིག་པ་ཁོ་ན་བས། སེམས་ཚོགས་བརྒྱད་ཀྱི་དངོས་པོ་ཡེ་ནས་ཡེ་ཤེས་ལྔ་ཡིན་པ་ཉིད་རིག་པ་ལ་ཤར་བའི་བླ་དྭགས་གནས་གྱུར་ཞེས་བརྗོད་དོ། །དོན་དེ་ལ་རང་གི་བློ་ཡིད་ལ་བྱ་བསམ་མེད་པར་འདུག་ན། ཡེ་ཤེས་ལྔ་དེ་ཁོ་ན་ལས་གཞན་ན་མེད་དོ། །དེ་ལྟ་བུའི་རིག་པ་གཅིག་དུ་མ་དང་བྲལ་བའི་མཚན་ཉིད་ལྔ་མ་འགགས་གསལ་བ་དང་ཡེ་ཤེས་ལྔ་ངོ་བོ་ཐ་དད་མེད་པས་རང་རིག་པ་ཉིད་ལ་འདུས་པའོ། །སེམས་ཀྱི་ཆོས་ཉིད་ཇི་བཞིན་པར་རྟོགས་ན། བརྡལ་ཁྱབ་ས་ཉིད་ནོན་པས་འདུས་པར་གསུངས། ཞེས་པ། རང་རིག་པའི་ཆོས་ཉིད་དེ་ཁོ་ན་བ་དེ་ཇི་ལྟ་བར་མཐོང་བ་ནི་ཤེས་ཤིང་རིག་པའོ། །དེ་ལྟར་གྱུར་ན་སེམས་འཕྲལ་དུ་སངས་རྒྱས་མིན་པ་ལས་ཡིན་པར་བཟོས་ཤིང་མ་བསྒྱུར་ཏེ། ཡེ་ནས་འཁྲུལ་པ་མེད་པའི་དོན་མ་བསླད་པར་གནས་པས། གཞན་དུ་བགྲོད་པ་མེད་{མོད}པའི་ཕྱིར་ཀུན་ཏུ་བཟང་པོ་དབྱེ་བ་མེད་པ་ཉིད་ཆེད་དུ་མ་མནན་པར་ནོན་པར་སེམས་རིལ་འདུས་པར་སྟོན་པས་བཀའ་སྩལ་པའོ། །ཞེས་གསུངས། དེ་ལྟ་བུའི་གནས་ལུགས་ཡང་དག་པའི་དོན་ཉིད་ལ་ཡང་དག་པའི་བརྒྱུད་པའི་མན་ངག་གི་གནད་དང་ལྡན་པས་མངོན་སུམ་རང་གནས་ཀྱི་ཡེ་ཤེས་རང་གསལ་འཛིན་ཞེན་དང་བྲལ་བའི་མིག་གིས་དབྱིངས་རིག་དབྱེར་མེད་ཀྱི་དོན་ལ་བལྟ་ཞིང་གོམས་པར་བྱེད་པ་སྟེ། དེའི་ཚུལ་ཀུན་མཁྱེན་བླ་མས། ཡངས་དོག་མཐོ་དམན་མེད་པའི་རིག་པ་ལ། །འདི་ཞེས་ངོས་བཟུང་མ་བྱེད་ནམ་མཁའི་ངང་། །མ་སྐྱེས་རྣམ་པར་དག་པའི་ཆོས་ཉིད་དེ། །ཡིན་མིན་བློ་ལས་འདས་པའི་རང་བཞིན་ལ། །དུས་གསུམ་ཡིད་ཀྱིས་ཚོལ་སྤྲོ་མ་བྱེད་ཞོག །ཇི་སྲིད་ཕྱོགས་རིས་ཞེན་པའི་སེམས་ཡོད་པར། འདག་འཛིན་ཉིད་དེ་མ་རིག་མུན་པའི་ཀློང་། །གནས་ལུགས་རྟོགས་པའི་ནུས་མེད་འཆིང་བྱེད་ཉིད། །དེ་བས་ཆེད་དུ་དམིགས་པ་ཡོད་ན་ཐོངས། །གང་ལ་དམིགས་པ་འཆིང་བའི་གཟེབ་ཡིན་ཏེ། །གཉིས་སུ་འཛིན་པས་རྣལ་མའི་དོན་མི་མཐོང་། །ཡིན་མིན་བློ་ཡིན་དགག་སྒྲུབ་ཞེན་པ་ཡིན། །དེ་ལ་དོན་དུ་འཛིན་པས་མ་འཆིང་ཀྱེ། །ཞེས་དང་། འདི་ལྟར་སྣང་བ་བག་ཆགས་འཁྲུལ་པའི་གཟུགས། །སེམས་ལ་སྣང་ཡང་སེམས་སུ་མ་གྲུབ་པ། །སེམས་ལས་གཞན་དུའང་ཅུང་ཟད་མེད་པ་སྟེ། །ཇི་ལྟར་ངྷ་དུ་ར་ཡི་སྣང་བའམ། །བད་ཀན་དབང་གིས་ཉ་ལྕིབས་སྐྲ་ཤད་བཞིན། །གང་ནའང་མེད་ལ་སྣང་བར་ཤེས་པར་མཛོད། །འཁྲུལ་སྣང་འཁྲུལ་འཛིན་འཁྲུལ་པའི་སེམས་ལས་བྱུང་། །སེམས་ནི་དངོས་མེད་ནམ་མཁའི་རང་བཞིན་དུ། །གཞི་རྩ་རྟེན་མེད་འབྱུང་བའི་ས་མེད་པར། །ཡེ་སྟོང་སྤྲོས་དང་བྲལ་བར་མཁྱེན་འཚལ་ལོ། །བཙལ་བའི་ཡུལ་མེད་སྟོང་ལ་དངོས་པོ་མེད། །ཚོལ་བའི་སེམས་མེད་མ་སྐྱེས་རྣམ་པར་དག །གཟུང་འཛིན་གཉིས་མེད་བདག་མེད་ཡངས་པའི་ཀློང་། །མཁའ་མཉམ་བསམ་བརྗོད་འདས་པའི་རང་བཞིན་དུ། སྣ་ཚོགས་འཁོར་འདས་ཆོས་རྣམས་ཕྱམས་གདལ་བས། །ཡེ་བབས་རང་བཞིན་གཉུག་མའི་ཡེ་ཤེས་ནི། །མཁའ་འདྲ་འཕོ་འགྱུར་ཕྱོགས་རིས་མེད་པའི་དོན། །ད་ལྟའི་དུས་ནས་གནས་པར་མཁྱེན་འཚལ་ལོ། །ཞེས་དང་། སེམས་འགག་ཆ་ནི་ཁྲེགས་ཆོད་དང་། །ཡེ་ཤེས་རང་གསལ་ཐོད་རྒལ་གཉིས། །ཟུང་འཇུག་རང་བྱུང་ཡེ་ཤེས་ཏེ། །སྙིང་ཏིག་གསང་བའི་ལམ་དུ་བཤད། །གང་ཚེ་སྤྲོས་ཀུན་ཉེར་ཞིའི་ཚེ། །རང་རིག་ཡེ་ཤེས་མངོན་པར་སྣང་། །དེ་ཕྱིར་དོན་འདི་ཤེས་པར་བྱ། །དེང་སང་དུས་ཀྱི་སྒོམ་ཆེན་ཕལ། །རྟོག་པར་ཁོལ་བུར་འཆིང་འཆིང་ནས། །མི་རྟོག་ཡེ་ཤེས་ངོས་མ་ཟིན། །སེམས་གནས་བཟང་ཡང་གོང་མ་ཡི། །བསམ་གཏན་གཟུགས་མེད་རྣམ་བཞིར་གོལ། །སྙིང་ཏིག་བསྒོམ་པར་འདོད་པ་ཡི། །རྣལ་འབྱོར་ཕལ་ཡང་དེ་དང་འདྲ། །ཡང་ན་ཆད་པ་ནམ་མཁའ་འདྲ། །ལེགས་ཀྱང་གཟུགས་མེད་ཞི་གནས་ཙམ། །ཡང་ན་རྟག་པ་ཐེར་ཟུག་པ། །འདོད་ལ་ཞེན་པས་བསམ་གཏན་དུ། །གོལ་བའི་རིགས་ཀྱང་ཤིན་ཏུ་མང་། །དེས་ན་རྟག་ཆད་ལས་གྲོལ་བའི། ཡེ་ཤེས་མཆོག་འདི་ཤེས་པར་མཛོད། །ཅེས་དང་། ཁྱད་པར་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གང་ལ་གནད་མེད་སྤྲོས་བྲལ་ཚིག་ཏུ་ཤོར། །རྟོག་པའི་བཟོ་རྒྱས་མཐའ་བྲལ་གདེང་བཅས་ཏེ། །རྣམ་རྟོག་ཅི་སྐྱེས་སྐྱེ་འགག་གྲངས་འདེབས་ཀྱང་། །གནས་ལུགས་དོན་དང་རྒྱང་རིང་གནམ་ས་བཞིན། །ཟང་ཐལ་ཆིག་རྫོགས་འབྲེལ་ཐག་ཆད་པ་ཡི། །སལ་ལེ་ཧྲིག་གེ་བར་མཚམས་ངོས་བཟུང་ནས། །དོན་མཐོང་འདོད་པས་དོན་མེད་ཕྱིན་ཅི་ལོག །སྐད་ཅིག་ཡུད་ཙམ་ངོས་བཟུང་འགྱུར་བའི་ཕྱིར། །སྔ་ཕྱི་སྒོམ་གྱི་བར་དེར་སུ་ཡིས་བཅུག །དེ་འདྲའི་ལམ་ངན་མདོ་རྒྱུད་དང་འགལ་བས། །ཐར་པ་འདོད་ན་རིང་དུ་སྤང་བར་བྱ། །ཞེས་སོགས་གསུངས་པས། ཀུན་གཞི་ལུང་མ་བསྟན་དང་། ཀུན་གཞིའི་རྣམ་ཤེས་གསལ་རིག་ཙམ་དང་སྟོང་ཉམས་ལ་ཞེན་པས་གུད་དུ་བཅད་པའི་འདུ་བྱེད་སེམས་ཀྱི་ཀུན་རྟོག་ལ་རྫོགས་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་སུ་མི་རློམ་པར། ཀུན་ཏུ་བཟང་པོ་ཡེ་ཤེས་ཟང་ཐལ་གྱི་དགོངས་པ་དུས་གསུམ་གྱི་རྟོག་པའི་སེམས་སེམས་བྱུང་གི་སྤྲོས་པ་མཐའ་དག་དབྱིངས་སུ་ཞི་བའི་དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་བཞི་ཆ་གསུམ་བྲལ་ཉིད་ཇི་ལྟ་བར་མངོན་སུམ་རང་ཐོག་ཏུ་ཕེབས་པས་ངོ་རང་ཐོག་ཏུ་འཕྲོད། ཡུལ་གྱིས་མ་བསྒྱུར། འཛིན་པས་མ་བསླད། སྤང་གཉེན་མ་ཞུགས་པའི་རིག་པ་དེ་ཉིད་ཇི་ལྟར་འདུག་ཀྱང་ཆོས་སྐུ་རང་བྱུང་གི་ཡེ་ཤེས་ལས་མ་འདས་པར་ཐག་གཅིག་ཐོག་ཏུ་ཆོད། ཅིར་སྣང་ཅིར་ཤར་ཐམས་ཅད་དང་པོ་ཆོས་ཉིད་ཀྱི་རྩལ་ལས་བྱུང་། ད་ལྟ་ཆོས་ཉིད་ཀྱི་ངང་དུ་གནས། མཐར་ཆོས་ཉིད་ཀྱི་ངང་དུ་ཐིམ་པས་གདེང་གྲོལ་ཐོག་ཏུ་བཅའ་བ་གསུམ་གྱིས་ཉམས་སུ་ལེན་དགོས་ཏེ། རིག་འཛིན་དགའ་རབ་རྡོ་རྗེས། ཡིན་པར་གྲུབ་པ་མེད་པའི་རིག་པ་འདི། །སྣ་ཚོགས་འཆར་ཚུལ་ཅིར་ཡང་མི་འགག་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཀློང་དུ་གྲོལ། །ཞེས་གསུངས། དེས་ན་རྫོགས་པ་ཆེན་པོ་ཡེ་གྲོལ་ཀ་དག་གི་གནས་ལུགས་ཡང་དག་པའི་དོན་དེ་ཉིད་མཐོང་ན་གཉེན་པོ་གཞན་ལ་ལྟོས་མི་དགོས་པར་གཟུང་འཛིན་གྱི་མཚན་མ་ཐམས་ཅད་རྣམ་པར་གྲོལ་བ་ཡིན་ཏེ། རིག་པ་རང་ངོ་ལ་འཁོར་ཆོས་གང་གིས་ཀྱང་མ་གོས་པས་སྲིད་པ་ཉེར་ལེན་གྱི་རྒྱུ་ཟད་པས་ཡེ་གྲོལ། གཉེན་པོ་གང་གིས་ཀྱང་མ་བཅོས་པར་གང་ཤར་ཐམས་ཅད་སྦྲུལ་མདུད་རང་གྲོལ་བ་བཞིན་དུ་འགྲོལ་བྱེད་གཞན་ལ་མ་ལྟོས་པས་རང་གྲོལ། ཚོགས་བརྒྱད་ཀྱི་ཤེས་པ་ཐམས་ཅད་ཡུལ་ཡུལ་ཅན་གཉིས་སུ་མེད་པ་སྐད་ཅིག་ཉིད་ལ་ཐོག་བབས་ཆེན་པོར་རང་བཞིན་གྱིས་གྲོལ་བས་གཅེར་གྲོལ། དུས་གསུམ་གྱི་ཤེས་བྱ་གང་དུའང་མི་གནས་པས་མཐའ་གྲོལ་ཏེ་གྲོལ་ལུགས་ཆེན་པོ་བཞིའི་གདེང་ཆོས་ཏེ་འཁྲུལ་སེམས་གཟུང་འཛིན་གྱི་རྟོག་པ་དབྱིངས་སུ་འགག ཅིར་སྣང་རང་བྱུང་ཡེ་ཤེས་ཆེན་པོ་ཐིག་ལེ་ཉག་གཅིག་གི་ཀློང་དུ་རྫོགས་ནས་དགོངས་པ་ལ་འཕོ་འགྱུར་མེད་པ་ཀུན་ཏུ་བཟང་པོའམ་ཀུན་བྱེད་རྒྱལ་པོའི་དོན་ལ་མངའ་འབྱོར་བར་འགྱུར་ཏེ། ཀུན་བྱེད་ལས། ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཉིད་ནི། །མ་བཅོས་རྣལ་དུ་བཞག་པའི་དཀྱིལ་འཁོར་གསུམ། །མ་བཀོད་དུས་གཅིག་རྫོགས་པའི་དོན་རྟོགས་ན། །ལྷུན་གྲུབ་སྙིང་པོའི་དོན་ལ་འཇུག་པར་བྱེད། །ཅེས་དང་། དེ་ཕྱིར་སེམས་དཔའ་རྡོ་རྗེ་ཁྱོད་ཉིད་ཀྱང་། །སྒྲ་ལ་མ་དགའ་དོན་ཉིད་རྟོགས་པར་གྱིས། །གང་གིས་དེ་ལ་རྟོགས་པ་སྐྱེས་མ་ཐག །ཀུན་བྱེད་རྒྱལ་པོའི་དོན་ལ་དབང་འབྱོར་འགྱུར། །ཞེས་དང་། བྱར་མེད་འདི་ལ་གང་གནས་པ། །ལུས་ནི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །ཞེས་སོ། །འོ་ན་རྣལ་འབྱོར་པ་དང་སངས་རྒྱས་གཉིས་ཡོན་ཏན་ལའང་ཁྱད་མེད་དམ་སྙམ་ན་དེ་ནི་མ་ཡིན་ཏེ། ཨ་རོས་མཛད་པའི་ཅིག་ཅར་བའི་སྒོམ་རིམ་ལས། དཔེར་ན་གནམ་སྟོང་གི་དུས་ན་ཟླ་བ་མེད་པ་མ་ཡིན་ཡང་ཉི་མ་ལ་སོགས་པའི་རྐྱེན་གྱིས་མི་མཐོང་ངོ་། །དེ་ཚེས་པ་དང་ཉ་བའི་ཚེས་ཆེ་ཆུང་ཡོད་པས་ཡོན་ཏན་མི་མཉམ་ཡང་ཟླ་བ་ཡིན་པར་གཅིག་གོ །དེ་བཞིན་དུ་སངས་རྒྱས་དངོས་ནི་ཆོས་ཉིད་ཡིན་ནོ། །དེ་ནི་ལོག་རྟོག་གིས་བསྒྲིབས་པས་སེམས་ཅན་གྱི་དུས་ན་མི་མཐོང་ངོ་། །རྣལ་འབྱོར་པས་བདག་དང་ཕྱི་ནང་གི་དངོས་པོ་ཀུན་ཆོས་ཉིད་དུ་མཐོང་ནས་དེའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་ན། སངས་རྒྱས་དང་རྟོགས་པ་ཆེ་ཆུང་ཡོད་ཀྱང་ཆོས་ཉིད་ཀྱི་གནས་པར་གཅིག་གོ །དེ་ལ་དགོངས་ནས་ནོར་ཅན་གྱི་མདོ་ལས། དགེ་བསྙེན་ཙུནྡ་ལུས་མ་རབས་ཀྱང་སེམས་སངས་རྒྱས་སོ། །ཞེས་གསུངས། ཡོན་ཏན་ནི་ཁྱད་ཞུགས་ཏེ། སངས་རྒྱས་ཀྱིས་ནི་རྣམ་པར་རྟོག་པ་རྩད་ནས་བཅོམ་པས་ན། བདག་ཏུ་འཛིན་པ་དང་ཡུལ་ལ་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་གཏན་དུ་སྤངས་པའོ། །རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པས་ན་མཉམ་པར་བཞག་པ་དང་བཞེངས་པ་མི་མངའོ། །མི་རྟོག་པའི་ངང་ལས་ཀྱང་མཛད་པ་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡང་རང་བཞིན་གྱིས་འབྱུང་ལ། རྣལ་འབྱོར་པ་ལ་ནི་ཡོན་ཏན་དེ་ལྟ་བུ་མེད་པས་མི་མཉམ་མོ། །ཞེས་དང་། མངོན་དུ་གྱུར་པའི་འབྲས་བུ་ནི་རྣམ་པར་རྟོག་པ་ཟད་པ་ལ་བྱ་སྟེ། མདོ་ལས། རྣམ་པར་རྟོག་པ་ཟད་ནས་སུ། །རྣམ་པར་མི་རྟོག་བྱང་ཆུབ་ཡིན། །ཞེས་འབྱུང་། འོན་ཀྱང་གང་ཟག་གི་མོས་པ་དང་། བརྩོན་འགྲུས་དང་། དབང་པོ་རྣོ་རྟུལ་གྱི་དབང་གིས་གྲོལ་ཐར་འཐོབ་པ་ལ་སྔ་ཕྱི་ནི་ཡོད་དེ། མདོ་དགོངས་པ་ངེས་འགྲེལ་ལས་ཀྱང་། གནས་ངན་ལེན་གྱི་བག་ཆགས་ནི་བསྐལ་པའམ་བསྐལ་པ་གྲངས་མེད་པའམ། ཞེས་པ་ནས། སྲོད་དང་ཐོ་རངས་དང་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་གྱིས་འབྱང་བར་འགྱུར་རོ། །ཞེས་འབྱུང་ངོ་། །དེའི་ཚེ་མི་རྟོག་པའི་ཡེ་ཤེས་དེ་འབྱུང་བའི་ཐབས་ནི། སྡོང་པོ་བརྒྱན་པ་ལས། ཆུ་དང་རྡུལ་བྲལ་བ་བཞིན་དུ། སངས་རྒྱས་ཀྱི་རང་བཞིན་ཡེ་ནས་ཡོད་པ་དེ་ལྷུན་གྱིས་གྲུབ་བོ། །ཞེས་འབྱུང་ངོ་། །ཞེས་གསུངས་པ་བཞིན་ལ། དེར་མ་ཟད་མདོ་འགྲེལ་མུན་པའི་གོ་ཆ་ལས། འཁོར་རྣམས་ངུས་ཏེ། བསྐལ་པ་དེ་སྙེད་དུ་བཙལ་ཡང་གསང་སྔགས་མ་རྟོགས་ཐོས་པ་ཙམ་གྱི་སྐལ་བའང་མེད་པ་དང་། ཇི་ལྟར་བྱ་བའི་ཐབས་མ་ནོར་བ་ཞུས་པའི་ལན་དུ། ཁྱེད་རྣམས་དེ་སྐད་མ་སྨྲ་ཞིག གསང་བ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་བཤད་པ་བཞིན། རྡོ་རྗེ་སེམས་དཔའ་ཁོ་ནའི་ཡུལ། ངོ་བོ་མེད་པ་བརྗོད་པ་དང་བྲལ་བས་གཞན་ལ་བསྟན་པར་དཀའ་བ་ཡུལ་བྲལ་ཞིང་མཚན་ཉིད་མེད་པས་ན། དངོས་པོ་བསལ་ཞིང་དོན་བཙལ་དུ་མེད་པ། དཔེ་དང་བྲལ་བས་ཉེ་བར་བསྟན་དུ་མེད་པ། ཅི་ཡང་མ་ཡིན་པའི་ཕྱིར་གང་དུའང་མ་ངེས་པས་ཚིག་ལམ་དང་བྲལ་བའི་ཕྱིར་དང་། བྱང་ཆུབ་སེམས་དང་རྣམ་པ་ཐམས་ཅད་དུ་ཕྱོགས་རེར་མཚུངས་པ་མེད་པས་མཚོན་བྱེད་མེད་པ། རང་རིག་སྟོང་པ་དང་། རིག་མེད་སྟོང་པ་བས། ནམ་མཁའི་ཁོངས་སུ་གསང་བ་མ་འདུས་པའི་ཕྱིར་མཚོན་དུ་མི་བཏུབ་པ། མུ་མཐའ་མེད་པ། དེའི་ངེས་པར་བཟུང་བ་མེད་པ། ཐུན་མོང་གི་མངོན་སུམ་དང་། རྗེས་སུ་དཔག་པ་དང་། མུ་བཞི་འགོག་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་དང་། རང་གི་དོན་དང་གཞན་གྱི་དོན་དུ་རྒྱུ་ལྐོག་གྱུར་དང་། རང་བཞིན་ལྐོག་ཏུ་གྱུར་པ་ལ་སོགས་པ་རྣམས་ཀྱིས་མི་རིག་སྟེ། དེའི་ཕྱིར་ཁྱེད་ཀྱིས་མ་ཤེས་པ་ལྟར། ཀུན་ཏུ་འོད་དང་། ས་བཅུ་ལ་གནས་པའི་རྒྱལ་བ་དང་། བྱང་ཆུབ་སེམས་དཔས་ཀྱང་། ད་དུང་སྤྱོད་ཡུལ་དུ་མེད་པའི་འབྲས་བུ་མ་བརྙེས། དེའི་དོན་མ་མཐོང་ཇི་བཞིན་དུ་མ་སོན་ནོ། །དེ་ཅིའི་ཕྱིར་ཞེ་ན། གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཞེས་པ་ལ་སོགས་པ། ཡེ་ཇི་བཞིན་དེ་ནི། ཐ་སྙད་རིལ་ངང་གིས་མ་སྤངས་བྲལ་བ་ལ། བཤད་པ་བཞིན་རྒྱལ་བ་དང་ས་པ་ཡང་བླ་དྭགས་པས། ངོ་བོ་ལ་རང་རྒྱུད་དུ་མེད་པ་དེའི་ཕྱིར་དོན་དུ་གཉེར་བ་མེད་པའི་ངོ་བོ་ལ། ས་བཅུ་པའི་བྱང་ཆུབ་སེམས་དཔས། ལྷན་ཅིག་སྐྱེས་པའི་མུན་པས་བསྒྲིབས་པའི་དབང་གིས་མཛུབ་མོའི་རྩེ་མོ་ལྟར་རང་གིས་རང་ལ་རེག་མ་ནུས་པས། ད་དུང་སྤྱོད་ཡུལ་དུ་བྱེད་པ་དང་མ་བྲལ་ཏེ། དེའི་ཕྱིར་མ་རྟོགས་མ་ཐོབ་བོ། །རྒྱུད་དག་པའི་བདེ་བར་གཤེགས་པ་ཀུན་ནི་ཡེ་སྙིང་པོ་བྱང་ཆུབ་ལ། བྱང་ཆུབ་སྙིང་པོ་ཉིད་ཀྱི་འདུ་ཤེས་ཀྱང་མི་ག ཡོ་བའི་དགོངས་པ་ལ་བཞུགས་པས། མྱ་ངན་ལས་འདས་པ་མཐར་དབྱུང་བའི་ཕྱིར། ད་དུང་མངོན་པར་མ་རྫོགས་པར་ཅིའི་ཕྱིར་དུ། ཞེས་གསུངས་སོ། །ཞེས་གསུངས་པ་དང་། རྒྱུད་བླ་མར་ཡང་ས་བཅུ་པ་ལ་གནས་པའི་བྱང་སེམས་དེས་གཞན་དོན་དུ་དབང་བཅུ་བརྙེས་པས་མཛད་པ་བཅུ་གཉིས་སོགས་སྟོན་པ་སངས་རྒྱས་དང་མཚུངས་ཀྱང་རང་དོན་དུ་སྤངས་རྟོགས་རྒྱ་མཚོ་དང་གནག་རྗེས་ཀྱི་ཆུའི་དཔེ་ཡིས་བསྟན་པ་དང་། དེར་མ་ཟད་རྒྱུའི་སངས་རྒྱས་དང་། སྔགས་ཕྱི་རྒྱུད་ཀྱི་རིགས་གསུམ་རིགས་བཞི་རྣམ་སྣང་སོགས་སྨིན་པ་རྒྱ་མཚོའི་འཁོར་རྣམས་ནི་སྔགས་ཀྱི་མཐར་ལམ་ལྷུན་གྲུབ་རིག་འཛིན་དང་དོན་གཅིག་པའི་ཕྱིར། རྒྱུན་མཐར་ཟབ་མོའི་དབང་ལ་བརྟེན་པའི་ནང་གི་མངོན་པར་བྱང་ཆུབ་པ་ལྔའི་ཚུལ་གྱིས་རང་སའི་སྒྲིབ་པ་ཕྲ་བ་བཅོམ་ནས་མཐར་ཐུག་གི་བྱང་ཆུབ་ཆེན་པོ་མངོན་དུ་མཛད་པར་སྒྱུ་འཕྲུལ་ལམ་རིམ་སོགས་ལས་རྒྱས་པར་གསུངས་པ་བཞིན་པས། གདུལ་བྱའི་དབང་པོ་རྣོ་རྟུལ་དང་སྐལ་བའི་ཁྱད་པར་གྱིས་མུན་པའི་ས་ནས་སེམས་བརྒྱད་སྐྱེ་ཚུལ་སོགས་གསུངས་པ་བཞིན་སྔགས་བླ་མེད་ལ། གཞི་ནས་ཞུགས་པ་དང་། ལམ་ནས་ཞུགས་པ་དང་། འབྲས་བུ་ནས་ཞུགས་པ་གསུམ་གསུངས་པས་མཚོན་སྣ་ཚོགས་སུ་འབྱུང་བ་ཡང་མི་འགལ་ལ། དེ་བཞིན་མདོ་ལས། བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་བཟོད་པ་ཐོབ་པ་དེ་འདོད་ན་ཞག་བདུན་གྱིས་སངས་རྒྱས་ནུས་པར་གསུངས་པའང་། འདོད་ན་ཞེས་པའི་ཚིག་གི་ནུས་པས་བྱང་སེམས་བཟོད་ཐོབ་དེས་མྱུར་དུ་སངས་རྒྱས་པར་འདོད་ན་མྱུར་ལམ་སྔགས་བླ་མེད་ལ་ཞུགས་ནས་མཐར་འབྲས་མངོན་དུ་བྱེད་པའི་དོན་དུའང་བཤད་དེ། དོན་ལ་གདུལ་བྱའི་ཁམས་དབང་མོས་པ་ཐ་དད་པའི་ཕྱིར། དེ་དག་འདུལ་བའི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐབས་ལ་མཁས་པའི་དབང་གིས་འདུལ་བྱེད་ཀྱི་ཐེག་པ་དང་བསྟན་པ་སྣ་ཚོགས་སྒྲ་ཇི་བཞིན་ཡིན་མིན་ཅི་རིགས་ཡོད་པས་གནས་སྐབས་དེ་དང་དེར་བཤད་པ་ཉིད་སྐབས་ཐོབ་གཙོ་བོར་བྱེད་པ་ལས། གང་རུང་རེའི་ཕྱོགས་བཟུང་ནས། འདི་མཐའ་འདི་ཙམ་ཞེས་ཚུར་མཐོང་གི་བློས་དཔྱད་དེ་ཅིག་ཤོས་འགལ་བར་མི་བསམ་སྟེ་ཆོས་ཉིད་བསམ་མི་ཁྱབ་པའི་གནས་དྲན་པར་བྱའོ། །དེས་ན་ཐེག་ཆེན་སྦྱོར་མཐོང་གིས་སྟོང་ཉིད་དོན་སྤྱི་དང་རང་མཚན་མངོན་དུ་རྟོགས་པ་དང་། སྔགས་ཀྱི་ཐབས་ཟབ་མོ་ལས་སྐྱེས་པའི་དཔེ་དོན་གྱི་འོད་གསལ་གཉིས་ཁྱད་མེད་དུ་གསུངས་པ་ནི་རྟོགས་བྱ་ཡུལ་གྱི་སྒོ་ནས་བཞག་པ། མདོ་སྔགས་གཉིས་ལ་ཆོས་དབྱིངས་མི་འདྲ་བ་རེ་མེད་པའི་དབང་གིས་ཏེ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་གསུངས། རྟོགས་བྱེད་ཐབས་ཀྱི་ཁྱད་པར་གྱིས་རྟོགས་ཚུལ་ལ་མངོན་རྗེས་དང་ལམ་མྱུར་བུལ་སོགས་ཁྱད་པར་གཏན་མེད་པ་ནི་མིན་ཏེ། རྒྱུའི་ས་བཅུ་དང་སྔགས་ཀྱི་རིག་འཛིན་བཞིའི་དགོངས་ཉམས་བཞིན། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་རྣམ་པར་བརྗོད། །ཅེས་གསུངས། དེ་བཞིན་ཀཿཐོག་པ་ཤཱཀྱ་རྡོ་རྗེས་འདི་ལྟར་གསུངས་ཏེ། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་རྒྱུ་མཚན་ཉིད་ཀྱི་ཐེག་པའི་ཁྱད་པར་ལ། དབྱིངས་དང་ཡེ་ཤེས་ཀྱི་ཁྱད་པར། དབུ་མ་པས་དབྱིངས་སྤྲོས་མཐའ་བརྒྱད་བྲལ་ཤེས་བརྗོད་གཞལ་བྱ་ལས་འདས་པར་འདོད་པ་ལ། ཀྲི་ཡ་པས། རིག་པ་རང་གསལ་བས་དབྱིངས་ཡེ་གཉིས་མེད་དག་པ་མཐའ་བཞིའི་དྲི་མ་དང་བྲལ་བ་དང་། ཡོ་གས་དབྱིངས་ཡེ་གཉིས་སུ་མེད་པའི་རྣམ་པར་སྣང་མཛད་ཆེན་པོར་འདོད་པའོ། །དོན་དམ་ལས་སྣང་མི་སྣང་གི་ཁྱད་པར། དབུ་མ་པས་དབྱིངས་དེ་ཉིད་དོན་དམ་བདེན་པ་ཡིན་པས་སྣང་བ་མེད་ལ། ཀྲི་ཡས་དེ་མ་རྟོགས་པའི་སྐྱོན་གྱིས་ཕུང་ཁམས་སྐྱེ་མཆེད་དུ་སྣང་ལ། རྟོགས་པའི་ཡོན་ཏན་སྐུ་དང་ཡེ་ཤེས་སུ་སྣང་བའོ། །དེ་ཡང་དོན་དམ་ལ་སྣང་བ་གང་ཡང་འབྱུང་རུང་དུ་ཡོད་པའོ། །ཡོ་ག་ནི་དེའི་བྱིན་བརླབས་ཀྱིས་སྣང་བར་འདོད་ལ། དག་མ་དག་ནི་རྟོགས་མ་རྟོགས་ཀྱི་བྱེ་བྲག་གོ །ཀུན་རྫོབ་ལྷ་ཡི་ཁྱད་པར། ཀྲི་ཡ་པས་སྣང་ཚད་རིགས་གསུམ་ལྷའི་དལ་དུ་འདོད་ལ། ཡོ་ག་པ་རིགས་ལྔ་ལྷའི་དལ་དུ་འདོད་པས་དབུ་མ་འཁྲུལ་པར་འདོད་པ་ལས་འཕགས་སོ་གསུངས། ཡང་སྔགས་ནང་པའི་འཕགས་ཆོས་ཕ་རོལ་དུ་ཕྱིན་པ་དང་ཡོ་ག་མན་ཆད་ནས་ཀྱང་ཐེག་པ་ཐོད་རྒལ་བ་དང་ཅིག་ཅར་བ་འོང་བར་གསུངས་པས། ཅིག་ཅར་བ་ནི་ཐེག་པ་རེ་རེའི་སྒོར་ཞུགས་ཀྱང་གང་གིའང་ཕྱོགས་འཛིན་མེད་པར་མཉམ་པ་རིས་མེད་དུ་རྟོགས་ཤིང་གྲོལ་བར་གསུངས་འདུག་པས་དེ་ཚོ་ལ་ཁྱད་པར་འདུག་པ་ནི་མ་སྤོགས་སོ། །ཐེག་པ་རང་རང་གི་གཞུང་ལུགས་ལ་བརྟེན་པའི་གཞི་ལམ་འབྲས་བུ་གསུམ་ཀ་ལ་ཁྱད་པར་ཡོད་དེ། རང་རང་གི་སྐབས་ནས་བཤད་པ་བཞིན་དང་། གོང་འོག་གི་དམིགས་ཕྱེ་སྟེ་བཤད་ཅིང་སྟོན་པ་བཞིན་ནོ། །དེ་ལ་གཉིས། རྒྱུ་མཚན་ཉིད་དང་སྔགས་ནང་པ་ཤན་དབྱེ་བ་དང་། སྔགས་ཕྱི་ནང་གི་ཁྱད་པར་རོ། །སྔ་མ་ནི། ཁྱད་པར་མི་འདྲ་བ་དཔག་ཏུ་མེད་པ་གསུངས་ཀྱང་། ཆོས་ཉིད་ལ་བླང་དོར་བྱེད་མི་བྱེད་ཀྱི་ཁྱད་པར། མཚན་ཉིད་ཀྱི་མཐར་ཐུག་གི་སྐབས་ན་ཡང་རང་བཞིན་ནམ་དོན་དམ་དུ་སྐྱེ་བ་མེད་ཅིང་གཉིས་སུ་མེད་པར་འདོད་ཀྱང་། འཁྲུལ་སྣང་ངམ་ཀུན་རྫོབ་ཏུ་ཉོན་མོངས་བྱང་ཆུབ་ཐ་དད་དུ་འདོད་པས་སྤང་བླང་དང་མ་བྲལ། གསང་སྔགས་ནང་པ་ནི་སྤྱིར་འཁོར་འདས་གཉིས་མེད་རང་བྱུང་ཡེ་ཤེས་སུ་ལྷག་མ་མེད་པར་རྫོགས་ལ། བྱེ་བྲག་ཏུ་ཉོན་མོངས་པ་རང་བྱུང་གི་ཡེ་ཤེས་སུ་མངོན་སུམ་དུ་སྣང་བས་སྤང་གཉེན་གཉིས་མེད་པར་རང་སྣང་རང་གྲོལ་དུ་ཉམས་སུ་ལེན་ཏེ། ལམ་རིམ་ལས། ཡུལ་དང་ཤེས་པར་སྣང་བ་ཡང་། །རང་བྱུང་ཡེ་ཤེས་རང་སྣང་ཟད། །ཅེས་སོ། །ལམ་བྱང་ཆུབ་གཞན་ནས་ཚོལ་མི་ཚོལ་གྱི་ཁྱད་པར་ཡང་། རྒྱུ་མཚན་ཉིད་པ་དོན་དམ་གོང་ལྟར་འདོད་ཀྱང་། ད་ལྟར་སྣང་བ་འདི་ཉིད་འཁྲུལ་སྣང་ཀུན་རྫོབ་ཏུ་འདོད་ལ། སེམས་ཀྱང་རྒྱུའི་རྣམ་པ་ཙམ་དུ་འདོད་ཅིང་ལམ་ལ་བརྟེན་ནས་འབྲས་བུ་སངས་རྒྱས་ཉིད་ཐོབ་པར་འདོད། གསང་སྔགས་ནི་ད་ལྟར་གྱི་སྣང་བ་འདི་ཉིད་ཆོས་ཉིད་རང་སྣང་བ་ལ་བདེན་རྫུན་གཉིས་སུ་མེད་ཅིང་ཆོས་ཀུན་ཡེ་ནས་སངས་རྒྱས་པས། འབྲས་བུ་གཞན་ནས་མི་འཚོལ་ཞིང་དེ་ཉིད་རྟོགས་པས་མངོན་དུ་བྱེད་པ་སྟེ། གསང་སྙིང་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་སོ། །མཛད་པ་ཐབས་ཀྱི་ཁྱད་པར། ཐབས་མཆོག་དཔག་གིས་མི་ལངས་ཏེ། མདོ་ལས། ཐབས་མཁས་ཆེ་དང་མང་ཡས་ཡངས། །ཞེས་པས། ཐབས་མཁས་པ་ཕྱིན་ཅི་ལོག་གི་གདུལ་བྱ་ཐབས་སྣ་ཚོགས་ཀྱིས་བརྒྱུད་ནས་ཡང་དག་པའི་ལམ་ལ་འཛུད། ཆེ་བ་ཉོན་མོངས་པ་ཉིད་མ་སྤངས་པར་ལྟ་བ་དང་ཏིང་ངེ་འཛིན་དུ་ལྡན་པས་མངོན་དུ་སྤྱད་ན་ཡང་དག་པའི་ལམ་དུ་འགྱུར། མང་བ་ཞི་རྒྱས་དབང་དྲག་སོགས་གང་ལ་གང་འདུལ་དུ་སྟོན་པ། ཡས་པ་ཐབས་སྒོ་བསམ་གྱིས་མི་ཁྱབ་པས་དོན་མཛད། ཡངས་པ་ཉོན་མོངས་སྤོང་མི་སྤོང་སོགས་གང་ཡང་དགག་པ་མེད་པར་ཤོང་བའོ། །དེ་ལྟར་གཞི་ཤེས་བྱ་ཇི་ལྟ་བ་ཉིད་མངོན་དུ་རྟོགས་མ་རྟོགས་ཀྱི་ཁྱད་ཡོད་པས། ལམ་ལའང་ཁྱད་ཡོད་དེ་འབྲས་བུ་ཉིད་ལམ་དུ་བྱེད་ཅིང་ཐབས་སྒོ་དཔག་གིས་མི་ལངས་པ་བཞིན་ནོ། །འབྲས་བུ་ལའང་ཁྱད་ཡོད་དེ། ངོ་བོ་འདུས་བྱས་མ་བྱས་ཀྱི་ཁྱད་པར་དང་། སྤང་ཐོབ་ལྷག་མ་དང་བཅས་མ་བཅས་ཀྱི་ཁྱད་ཡོད་དེ། སྔ་མ་མཚན་ཉིད་པ་ནི་རྒྱུ་ལམ་དུ་བྱས་པས་འབྲས་བུ་འདུས་བྱས་སུ་འགྱུར་ལ། གསང་སྔགས་ནི་ཆོས་ཀུན་རང་བྱུང་གི་ཡེ་ཤེས་ཡིན་ལ་དེ་ཉིད་ཇི་ལྟ་བ་བཞིན་མངོན་དུ་གྱུར་པས་འདུས་མ་བྱས་པའོ། །ཕྱི་མ་མཚན་ཉིད་པ་ནི་ཤུགས་ཀྱིས་སྤང་བྱ་ལྷག་མ་དང་བཅས་པས་ཐོབ་བྱ་ལྷག་མ་དང་བཅས་པ་ཡིན་ཏེ་གོང་མའི་ཤུགས་ཀྱིས་ཤེས་སོ། །གསང་སྔགས་པ་ནི་འབྲས་བུ་སྐུ་གསུམ་གྲངས་མཐུན་ཡང་ངོ་བོས་ཁྱད་པར་ཡོད་ལ། དེ་ཡང་གནས་ལུགས་ཀུན་རྫོབ་ཏུ་བདེན་པ་དབྱེར་མེད་དུས་གསུམ་འདུ་འབྲལ་མེད་པར་རྟོགས་པས་འབྲས་བུ་རྡོ་རྗེའི་སྐུ་མངོན་དུ་གྱུར། ཆོས་ཀུན་ལྷག་མ་མེད་པར་འདུས་མ་བྱས་ཀྱི་ཡེ་ཤེས་ལྷུན་གྲུབ་བདག་ཉིད་ཆེན་པོར་རྟོགས་པས་ངོ་བོ་ཉིད་སྐུ་ཐོབ་པའོ། །སྔགས་ཕྱི་ནང་གི་ཁྱད་པར་ལ། ངོ་བོས་དབྱེ་བ། དོན་དམ་དབྱིངས་ཡེ་གཉིས་སུ་མེད་པ་ཙམ་ཞིག་རྟོགས་ཀྱང་ཆོས་ཀུན་བདག་ཉིད་ཆེན་པོར་མ་རྟོགས་པས། ལྷ་ཡེ་ཤེས་སེམས་དཔའ་ལ་དངོས་གྲུབ་རེ་ཞིང་སྤྱོད་པ་བླང་དོར་བྱེད་པ་ནི་སྔགས་ཕྱི་པ། ཆོས་ཀུན་བདག་ཉིད་ཆེན་པོར་རྟོགས་པས་ལྷ་དང་དངོས་གྲུབ་ཀྱང་རིག་པའི་ཆོ་འཕྲུལ་ལས་མ་གཡོས་ཤིང་། སྤྱོད་པ་བླང་དོར་མེད་པར་དམ་རྫས་བདུད་རྩི་ལྔ་ལ་སོགས་པར་ལོངས་སྤྱོད་པ་ནི་སྔགས་ནང་པའོ། དེ་གཉིས་ཀྱི་ཁྱད་པར་ལ་ཡང་། ཤེས་བྱ་གཞིའི་ཁྱད་པར། གཤིས་ཡིན་ཚུལ་ལ་ཁྱད་མེད་ཀྱང་དེ་ཉིད་ཐེག་པའི་འདོད་ལུགས་ལ་ཁྱད་ཡོད་དེ། སྔགས་ཕྱི་པས་དོན་དམ་དབྱིངས་ཡེ་གཉིས་སུ་མེད་པའི་ཆོས་ཉིད་ཀྱི་ལྷ་རྣམ་པར་སྣང་མཛད་ལ་སོགས་པར་འདོད་ལ། ཀུན་རྫོབ་ནི་དེའི་བྱིན་རླབས་དག་པ་དང་མ་དག་པ་གཉིས་སུ་འདོད་ཅིང་བདེན་པ་གཉིས་སུ་འདོད། ནང་པའི་མ་ཧཱ་ཡོ་ག་ཡང་བདེན་གཉིས་སྤྱོད་ཡུལ་དང་བྲལ་བས་ཀུན་རྫོབ་ཏུ་ཡང་འཁོར་འདས་གཉིས་སུ་མེད་པར་འདོད་དོ། །བགྲོད་པ་ལམ་ལ་ལྟ་སྒོམ་སྤྱོད་གསུམ་ལས། ལྟ་བའི་ཁྱད་པར་གཤིས་འདོད་ཚུལ་བཞིན་དེ་རྟོགས་པའི་ལྟ་བ་ལའང་ཁྱད་ཡོད་དེ་རང་རང་གི་སྐབས་ནས་བཤད་པ་བཞིན་ནོ། །སྒོམ་པའི་ཁྱད་པར། སྔགས་ཕྱི་པ་མཚན་མེད་དོན་དམ་ཀྱི་ཕྱོགས་སུ་ལྷུང་ལ། མཚན་བཅས་ཀུན་རྫོབ་ཀྱི་ཕྱོགས་སུ་ལྷུང་སྟེ། དེའང་དམ་ཚིག་དང་ཡེ་ཤེས་ཐ་དད་པར་འདོད་ཅིང་དངོས་གྲུབ་གཞན་ནས་རེ་བ་དང་བཅས་པའོ། །ནང་པས་བདེན་པ་དབྱེར་མེད་བདག་ཉིད་ཆེན་པོར་རྟོགས་པས་ལྷ་ལ་སོགས་པ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་རང་སྣང་ཡིན་ཏེ་དངོས་གྲུབ་གཞན་ནས་རེ་བའི་རྩོལ་བ་མེད་པའོ། །སྤྱོད་པའི་ཁྱད་པར། ཕྱི་པས་དག་མ་དག་གཉིས་སུ་ཕྱེས་ནས་བླང་དོར་རྩོལ་བ་དང་བཅས་པ། ནང་པས་ཆོས་ཀུན་བདག་ཉིད་ཆེན་པོར་དབྱེར་མེད་པར་རྟོགས་པས་སྤྱོད་པ་ལ་བླང་དོར་མེད་པའོ། །ཐོབ་པ་འབྲས་བུའི་ཁྱད་པར་ལ། གྲངས་རྫོགས་མ་རྫོགས་ཡོ་ག་པ་རིགས་ལྔ་ཐོབ་ཀྱང་སྐུ་གསུམ་ལས་མེད་ལ། ནང་པ་སྐུ་ལྔ་ལྷུན་གྲུབ་མངོན་དུ་གྱུར་པས་ཐོབ་བྱ་ལྷག་མ་མེད། འདུས་བྱས་མ་བྱས་ཀྱི་ཁྱད་པར། ཕྱི་པས་དངོས་གྲུབ་གཞན་ལ་རེ་ཞིང་རྩོལ་བས་སྒྲུབ་པས་འདུས་བྱས་ཡིན་ལ། ནང་པ་ཡེ་ནས་བདག་ཉིད་ཆེན་པོར་སངས་རྒྱས་པ་ཉིད་མངོན་དུ་གྱུར་པས་འདུས་མ་བྱས་པའོ། །དགོངས་པའི་བཞུགས་ཚུལ་གྱི་ཁྱད། ཕྱི་པའི་དགོངས་པ་ངོ་བོ་གཅིག་ཀྱང་སྦྱངས་པའི་ཡེ་ཤེས་མ་འདྲེས་པར་འདོད་ལ། ནང་པ་ནི་ཐུན་མོང་མ་ཡིན་པའི་དབྱེར་མེད་ཆེན་པོ་མ་འདྲེས་ལ་ཡོངས་སུ་རྫོགས་པར་བཞུགས་སོ་གསུངས། དེ་བཞིན་དུ་ནང་པ་གསུམ་གྱི་ཁྱད་པར་ཡང་། ཡོད་བསྐྱེད་རྫོགས་གཉིས་ཀ་ཡོད་ཀྱང་བསྐྱེད་རིམ་གཙོ་བོར་སྟོན་པ་མ་ཧཱ་ཡོ་ག ཡོད་བསྐྱེད་རྫོགས་གཉིས་ཀ་ཡོད་ཀྱང་རྫོགས་རིམ་གཙོ་བོར་སྟོན་པ་ཨ་ནུ། བསྐྱེད་རྫོགས་གཉིས་ཀའི་ཐ་སྙད་ལས་གྲོལ་བ་ཨ་ཏི་ཡོ་ག་སྟེ། དེ་ལས་མ་ཧཱ་དང་ཨ་ནུའི་ཁྱད་པར་ཡང་། གཞི་ལམ་འབྲས་གསུམ་ལས། དང་པོ། མ་ཧཱས་དོན་དམ་སྣང་བ་འདི་ཉིད་དུ་དངོས་སུ་ཁས་ལེན་མི་ནུས་ཤིང་། ཀུན་རྫོབ་ཀྱི་སྣང་བ་སེམས་ཀྱི་ཆོ་འཕྲུལ་ལྷ་ཡི་དལ་དུ་འདོད་ལ། དེ་གཉིས་སུ་མེད་པ་ནི་བདེན་པ་དབྱེར་མེད་དུ་འདོད་པ་ཡིན་ཏེ། དེས་ན་འཁྲུལ་པས་བརྟགས་པའི་སྣང་བ་འདི་ཉིད་ཆོས་ཉིད་དུ་ཁས་ལེན་མི་ནུས་པས། དོན་དམ་ཕྱོགས་འཛིན་གྱི་རྒྱ་དང་མ་བྲལ་བའོ། །ཀུན་རྫོབ་ཀྱང་སེམས་ཀྱི་ཆོ་འཕྲུལ་དུ་འདོད་པས། གཞི་ངོ་བོ་སེམས་དང་བཅས་ཤིང་དངོས་སུ་མི་བདེན་པས་བདེན་རྫུན་གྱི་མཐའ་དང་མ་བྲལ་བའོ། །དབྱེར་མེད་ཀྱང་དེ་གཉིས་ཀྱི་ངོ་བོ་དབྱེར་མེད་ཡིན་པས་མཉམ་པ་ཉིད་ཀྱི་དགོངས་པ་མངོན་དུ་མ་གྱུར་པའོ། །ཨ་ནུས་དབྱིངས་སམ་དོན་དམ་ལ་སྣང་བ་རྩལ་རྫོགས་སུ་འདོད་ཅིང་། འཁྲུལ་པས་བརྟགས་པའི་སྣང་བ་འདི་ཉིད་ཆོས་ཉིད་རང་སྣང་མངོན་སུམ་དུ་སྣང་བར་འདོད་ཅིང་རྟོགས་པས་ཕྱོགས་འཛིན་གྱི་རྒྱ་དང་བྲལ་བའོ། །ཀུན་རྫོབ་བམ་ཡེ་ཤེས་ནི། དོན་དམ་དབྱིངས་ཀྱི་རྩལ་ལས་རོལ་པ་རང་སྣང་བས། གཞི་ངོ་བོ་སེམས་གཅིག་མ་གྲུབ་ཅིང་བདེན་རྫུན་གཉིས་སུ་མེད་པའོ། །དབྱེར་མེད་ཀྱང་མ་ཧཱའི་ངོ་བོ་དབྱེར་མེད་ལས་ཨ་ནུ་མཚོན་ཚུལ་ཡང་དབྱེར་མེད་ཅིང་མཉམ་པ་ཉིད་ཀྱིས་འཕགས་སོ། །གཉིས་པ། དེ་ལྟར་གཞིའམ་ལྟ་བ་ལ་ཁྱད་ཡོད་པས། ལམ་སྒོམ་པ་ལའང་ཁྱད་ཡོད་དེ། མ་ཧཱས་ཡན་ལག་གསུམ་གྱིས་ལྷ་སྒོམ་ཞིང་བསྐྱེད་རྫོགས་རིམ་པར་སྒོམ། སྤྱོད་པའང་དམ་རྫས་དང་རྩོལ་སྒྲུབ་ལ་རག་ལས། ཨ་ནུ་ནི་ལྷ་སྐད་ཅིག་དྲན་རྫོགས་སུ་བསྒོམ་ཞིང་བསྐྱེད་རྫོགས་དུས་གཅིག་རང་བྱུང་རང་སྣང་དུ་ཉམས་སུ་ལེན། སྤྱོད་པའང་དམ་རྫས་དང་རྩོལ་བ་ལ་རག་མ་ལས་ཤིང་ལྟ་བ་དང་ཏིང་ངེ་འཛིན་ལ་འདུས་པར་གསུངས། གསུམ་པ་ནི། འབྲས་བུ་ལྟ་བ་ལ་ཁྱད་ཡོད་པས་དེ་མངོན་དུ་བྱས་པ་འབྲས་བུ་ལ་ཁྱད་པར་ཡོད་པ་ཡིན་ཏེ། གཤིས་དག་པར་བྱར་མེད་ཅིང་རྩོལ་མེད་བདེ་བ་ཆེན་པོར་གནས་པ་ལ་རྩོལ་སྒྲུབ་ཀྱིས་དག་པར་བྱས་པས་འབྲས་བུ་སྐུ་ལྔ་ཐོབ་ཀྱང་། ཤེས་བྱ་ཇི་ལྟ་བ་བཞིན་མངོན་སུམ་དུ་གྱུར་མ་གྱུར་གྱི་ཁྱད་པར་ཡོད་དེ། རང་རང་གི་འབྲས་བུའི་སྐབས་ནས་སྟོན་པ་བཞིན་ནོ་གསུངས། ཡང་དེ་གཉིས་ཀ་ལས་ཨ་ཏི་རྗོགས་ཆེན་འཕགས་པའི་ཆེ་བའམ་ཡོན་ཏན་ལ། ལྟ་སྒོམ་སྤྱོད་འབྲས་བཞི་ལས། ལྟ་བའི་ཁྱད་པར་ནི། མ་ཧཱ་ཡོ་ག་པས་སྣང་བ་སེམས་ཀྱི་ཆོ་འཕྲུལ་དང་། ཨ་ནུས་སེམས་ཀྱི་རྩལ་དུ་སྣང་བར་འདོད་ལ། ཨ་ཏིས་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་སྣང་བས་ཁྱད་པར་ཡོད་དེ། འོག་མ་གཉིས་ནི་སེམས་ལ་སྣང་བ་ཆོ་འཕྲུལ་དང་རྩལ་དུ་འདོད་པས། གཞི་ངོ་བོ་སེམས་སུ་ལྟ་ཞིང་ཤུགས་ཀྱིས་འཛིན་པའི་ཆ་དང་མ་བྲལ་བའོ། ཨ་ཏི་ནི་ཆོས་ཀུན་རང་བྱུང་ཡེ་ཤེས་ལ་རྒྱ་ཆད་ཕྱོགས་ལྷུང་མེད་པས་ཆོས་ཀུན་མཉམ་པ་ཉིད་དུ་རང་གྲོལ་བའོ། །ཡང་མ་ཧཱས་སྣང་བ་ཆོས་ཉིད་དུ་འདོད་ལ། བརྟགས་ཞེན་ཆོས་ཉིད་དུ་མི་འདོད། ཨ་ནུས་སྣང་བརྟགས་གཉིས་ཆོས་ཉིད་དུ་འདོད་ལ་ཞེན་པ་མི་འདོད། །ཨ་ཏིས་ཆོས་ཀུན་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་སྣང་བས། ཞེན་པ་བཅོས་བསླད་མེད་པར་ཆོས་ཉིད་རང་སྣང་དུ་འདོད་ཅིང་ཆོས་ཉིད་མིན་པའི་ཆོས་གཅིག་ཀྱང་མེད་པའོ་གསུངས། དེ་བཞིན་བསྐྱེད་རྫོགས་གཉིས་སེམས་ཉིད་རང་སྣང་བར་མཐུན་ལ། ཤེས་བྱ་གཏིང་ཕྱིན་མ་ཕྱིན་གྱི་ཁྱད་པར་ཡོད་དེ། མ་ཧཱའི་བདེན་གཉིས་དང་། ཨ་ནུའི་དབྱིངས་ཡེ་གཉིས་མེད་ལ་སོགས་པའི་ཕྱོགས་འཛིན་གྱི་ཞེན་པ་ཡིས་བདེན་པ་ལྡོག་མི་ཐུབ་ལ་ཤེས་བྱ་ལྷག་མ་དང་བཅས་པའོ། །ཨ་ཏིས་ནི་བདེན་པ་ལྡོག་ཐུབ་ཅིང་ཤེས་བྱ་ལྷག་མ་མེད་པར་ཆོས་ཀུན་རང་སྣང་མཉམ་པ་ཉིད་དུ་རྟོགས་པས། གཉིས་དང་གཉིས་མེད་ཀྱི་ཕྱོགས་ལ་མི་གནས་ཤིང་རང་གྲོལ་ལོ། །སྒོམ་པ་ནི། མ་ཧཱ་དང་ཨ་ནུ་གཉིས། མཚན་བཅས་མཚན་མེད་དང་བསྙེན་སྒྲུབ་བཞི་ལ་སོགས་པ་རྩོལ་སྒྲུབ་ལས་མ་འདས་ལ། ཨ་ཏི་ནི་བསྒོམ་བྱ་སྒོམ་བྱེད་མེད་པར་རང་ཉིད་ཀྱི་ངང་བསྒོམ་ཡིན་ཏེ། ཡེ་ཤེས་ཀློང་དུ་ཕྱིན་པ་ལ་མ་ཡེངས་དོན་དང་མི་འབྲལ་བའི་དགོངས་པའོ། །སྤྱོད་པ་ནི། འོག་མ་གཉིས་བྱ་བྱེད་རྩོལ་སྒྲུབ་ཅན་ལ། ཨ་ཏི་ནི་བྱ་བྱེད་རྩོལ་སྒྲུབ་མེད་ལ་བྱ་བྲལ་བདེ་བ་ཆེན་པོར་གནས་པའོ། །འབྲས་བུ་ནི། འོག་མ་གཉིས་ཞེ་འདོད་རྩོལ་སྒྲུབ་ཀྱིས་བསྒྲུབས་པས་ཤུགས་ཀྱིས་སྤང་ཐོབ་ཅན་དུ་འགྱུར་ལ། ཨ་ཏི་ནི་ཤེས་བྱ་ཇི་ལྟ་བ་ཉིད་ཆེ་བ་ལྔར་སངས་རྒྱས་ལ། དེ་ཉིད་བཅོས་པ་མེད་པར་མངོན་དུ་བྱས་པས་སྤང་ཐོབ་ལྷག་མ་མེད་པའོ། །ཞེས་གསུངས། ཆེ་བ་ལྔ་ནི། ཆོས་ཀུན་སེམས་ཉིད་རང་སྣང་བ་ཡིན་པ་ལ། དེ་ཉིད་སྤངས་གར་ཡང་མ་སྤངས་པར་མངོན་སུམ་པར་སངས་རྒྱས་པའི་ཆེ་བ་ནི། མདོ་བཅུ་ལས། མངོན་པར་སངས་རྒྱས་ཆེ་བ་ནི། །འདུས་མ་བྱས་པའི་བྱང་ཆུབ་སེམས། །སྣང་སྲིད་ཐམས་ཅད་ཁྱད་པར་འཕགས། །རྫོགས་པ་ཆེན་པོའི་ཆེ་བར་བཤད། །ཅེས་སོ། །དེས་སྐྱེ་བོ་མུ་སྟེགས་དང་ཉན་རང་ལས་གྲོལ་ཞིང་དཔག ལྟོས་ཅི་ལ་ཡང་མི་ལྟོས་ཏེ་དེ་ཉིད་ཡིན་པར་སངས་རྒྱས་པའི་ཆེ་བའང་། དེ་ཡིན་སངས་རྒྱས་ཆེ་བ་ནི། མ་ནོར་བ་ཡི་བྱང་ཆུབ་སེམས། །གཏན་ཚིགས་ཀུན་ལས་ཁྱད་པར་འཕགས། །ཡོ་ག་དག་གི་ཆེ་བར་བཤད། །ཅེས་སོ། །དེས་དབུ་སེམས་དང་ཀྲི་ཡོག་སྡེ་གསུམ་ལས་གྲོལ་ཞིང་དཔག རག་གང་ལ་ཡང་མ་ལུས་པར་བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བའང་། བདག་ཉིད་སངས་རྒྱས་ཆེ་བ་ནི། །ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས། །རྩོལ་ཞིང་བསྒྲུབ་ལས་ཁྱད་པར་འཕགས། །མ་ཧཱ་ཡོ་གའི་ཆེ་བར་བཤད། །ཅེས་སོ། །དེས་མ་ཧཱ་ཡོ་ག་ལས་གྲོལ་ཞིང་དཔག གནས་ཅི་ལ་ཡང་མི་གནས་པར་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བའང་། ཆོས་དབྱིངས་སངས་རྒྱས་ཆེ་བ་ནི། །ཐམས་ཅད་འབྱུང་བའི་བྱང་ཆུབ་སེམས། །འབྱུང་གནས་ཀུན་ལས་ཁྱད་པར་འཕགས། །ཨ་ནུ་ཡོ་གའི་ཆེ་བར་བཤད། །ཅེས་སོ། །དེས་ཨ་ནུ་ཡོ་ག་ལས་གྲོལ་ཞིང་དཔག ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་པས་སངས་རྒྱས་ལས་མེད་པའི་ཆེ་བ་ནི། ཐམས་ཅད་སངས་རྒྱས་ཆེ་བ་ནི། སྒྲོ་སྐུར་འདས་པའི་བྱང་ཆུབ་སེམས། །བསམ་དཔྱོད་ཀུན་ལས་ཁྱད་པར་འཕགས། །ལ་ཟློས་ས་ཡི་ཆེ་བར་བཤད། །ཅེས་སོ། །དེས་ཨ་ཏིའི་རྒྱུད་ལུང་མན་ངག་ལས་གྲོལ་ཞིང་དཔག་པར་གསུངས། དེ་དག་ཀྱང་སྔར་མ་གྲུབ་པ་གཅིག་བསྒྲུབ་པ་དང་། མ་ཡིན་པ་གཅིག་ཡིན་པར་བྱས་པ་མ་ཡིན་ཏེ། མན་ངག་རྩ་བ་བསྡུས་པའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ངོ་བོ་དེ། །རང་བཞིན་གདོད་ནས་རྣམ་པར་དག །སངས་རྒྱས་སྒམ་པོས་འདི་མ་མཛད། །སེམས་ཅན་སྒྲིན་པོས་འདི་མ་བཅོས། །ཞེས་དང་། ཀློང་ཆེན་ལས། སེམས་ཉིད་ཀློང་ཆེན་ཡངས་པ་རུ། །འཁོར་འདས་མ་ལུས་ཆོས་སོ་ཀུན། །ཆེ་བ་ལྔ་རུ་མངོན་སངས་རྒྱས། །ཞེས་གསུངས་པ་བཞིན། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་མཉམ་པ་ཉིད་དུ་ཐག་ཆོད་ཅིང་གདེང་དང་ལྡན་པར་བྱ་བ་གལ་ཆེའོ། །མ་མཐོང་དགུ་མཐོང་ཨ་གྲོ་བན་སྡོམ་དེས། །མི་ཤེས་ཤེས་མདོག་བྱས་ནས་སྨྲས་པ་ཡིན། །ནན་གྱིས་དྲིས་ན་ཤེས་རྒྱུ་གཅིག་ཀྱང་མེད། །མཆེད་གྲོགས་རྒྱུས་ཤེས་རྣམས་ཀྱི་ཐུགས་ན་གསལ། །འོན་ཀྱང་སྔོན་བྱོན་དམ་པའི་གསུང་གི་ཤས། །རང་དང་སྐལ་མཉམ་དྲན་པའི་གསོས་ཙམ་དུ། །ཅུང་ཟད་བཏུས་ལ་འགལ་བ་མེད་སྙམ་བགྱིས། །ནོངས་ན་བླ་མ་ལྷ་ཡི་སྤྱན་སྔར་བཤགས། །དགེ་བས་ངེས་གསང་སྙིང་པོའི་བསྟན་འདི་དང་། །མི་འབྲལ་དཔལ་མགོན་བླ་མ་མཉེས་བྱས་ནས། །ཆོས་བརྒྱད་འཆིང་བྲལ་དབེན་པའི་ནགས་ཁྲོད་དུ། །རྩེ་གཅིག་སྒྲུབ་པའི་སྐལ་བཟང་ཐོབ་གྱུར་ཅིག །བསྟན་འཛིན་སྐྱེས་བུའི་ཞབས་པད་བརྟན་གྱུར་ཅིག །བཤད་སྒྲུབ་བསྟན་པའི་མངའ་ཐང་རྒྱས་གྱུར་ཅིག །འགྲོ་ཀུན་བདེ་སྐྱིད་དགེ་བཅུར་སྤྱོད་གྱུར་ཅིག །དོན་གཉིས་མཐར་ཕྱིན་སངས་རྒྱས་འགྲུབ་གྱུར་ཅིག །ཅེས་པའང་ཞེ་ཆེན་བན་རྒན་པད་རྣམ་གྱིས་ནད་མལ་ནས་ངེས་སྒྲོན་བཤད་པའི་ཞར་ལ་ཟིན་ཐུན་དུ་བཏབ་པའི་ཡི་གེ་པ་ནི་མཆོག་སྤྲུལ་འགྱུར་མེད་ཀུན་བཟང་བློ་གྲོས་གཞན་ཕན་མཐའ་ཡས་ཀྱིས་མཛད་པ་ལ་སླར་མེ་སྟག་ཟླ་བ་དང་པོའི་ཚེས་རྒྱལ་དང་ཕུར་བུའི་འགྲུབ་སྦྱོར་ལ་ཕྲི་བསྣན་ཅུང་ཟད་གྲུབ་པར་བགྱིས་པ་དགེ་ལེགས་འཕེལ།། །།


previousབདེན་གཉིས་བསལ་བཞག་དང་བྲལ་བའི་དོན་གྱི་དགོངས་བཤད་གློག་གི་སྒྲོན་མ།next