བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཤེས་རབ་ལེའུའི་མཆན་འགྲེལ་དོན་གསལ་མེ་ལོང་།

༄༅། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཤེས་རབ་ལེའུའི་མཆན་འགྲེལ་དོན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི། ཕུལ་བྱུང་མཁྱེན་བརྩེའི་འོད་ཟེར་གྱིས། །བློ་མཆོག་པད་ཚལ་བཞད་མཛད་པ། །འཇམ་མགོན་སྨྲ་བའི་ཉི་མ་ནི། །ཡིད་མཁར་འབྲལ་བ་མེད་པར་མཛོད། །འདིར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཤེས་རབ་ཀྱི་ལེའུའི་ཚིག་དོན་རྣམས་གོ་སླ་བར་རྣམ་པར་བཤད་པ་ལ། ལམ་གྱི་གཙོ་བོ་ཤེས་རབ་བསྐྱེད་དགོས་ཚུལ་བསྟན་པ། གོང་དུ་སྨོས་པའི་སེམས་བསྐྱེད་ནས་བསམ་གཏན་གྱི་བར་གྱི་ཐབས་ཀྱི་ཡན་ལག་འདི་དག་ཐམས་ཅད་ནི། ཐུབ་པས་འབྲས་ཡུམ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དངོས་རྒྱུ་ཐུན་མིན་ལམ་གྱི་གཙོ་བོ་ཤེས་རབ་བསྐྱེད་པའི་རྒྱུའམ་དེའི་གྲོགས་སམ་འཁོར་གྱི་དོན་ཙམ་དུ་གསུངས་པ་ཡིན་ཏེ། འདིས་སྒྲིབ་གཉིས་སྤོང་ཞིང་མཁྱེན་གཉིས་ཀྱི་ཡེ་ཤེས་མཐར་ཐུག་པར་བྱེད་པ་ཡིན་གྱི། ཕར་ཕྱིན་གཞན་གྱིས་དེ་མི་ནུས་པར་མ་ཟད་ཕར་ཕྱིན་ལྔ་པོ་དེ་དག་ཤེས་རབ་ཀྱིས་བཟུང་ནས་གདོད་ཕར་ཕྱིན་གྱི་མིང་ཐོབ་ཅིང་སངས་རྒྱས་སུ་བགྲོད་པ་ཡིན་ཏེ། ཤེར་ཕྱིན་སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པ་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་པ། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་འཐོབ་བོ། །ཞེས་གསུངས། མདོར་ན་ལམ་གྱི་གཙོ་བོ་ཤེས་རབ་ལ་བརྟེན་ནས་སྤངས་རྟོགས་མཐར་ཕྱིན་པར་བྱེད་པ་ལ་དེའི་གྲོགས་སུ་སྦྱིན་སོགས་ཐབས་ཀྱི་རྣམ་པ་འདི་དག་གསུངས་པས་ན་གཙོ་བོ་ཤེས་རབ་ནི་མེད་དུ་མི་རུང་བ་ཡིན་ནོ་ཞེས་དོན་ཆེན་པོར་བསྟན་པ་ཡིན་ནོ། །རྒྱུ་མཚན་དེ་ཡི་ཕྱིར་ན་རང་གཞན་གྱི་འཁོར་བའི་སྡུག་བསྔལ་དག རྩ་བ་ནས་ཞི་བར་འདོད་པས་གནས་ལུགས་ཟབ་མོ་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་བསྐྱེད་པར་བྱ་དགོས་ཏེ་འཁོར་བའི་སྡུག་བསྔལ་ཐམས་ཅད་ནི་ཟག་བཅས་ལས་དང་ཉོན་མོངས་པ་ལས་བྱུང་ཞིང་། དེ་དག་ཀྱང་དངོས་པོར་འཛིན་པ་ལས་བྱུང་བས་ན། གནས་ལུགས་རྟོགས་པའི་ཤེས་རབ་ཀྱིས་དེ་སྤངས་པས་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་བའི་ཕྱིར་རོ། །དགོས་པ་དེ་ལྡན་གྱི་ཤེས་རབ་ཕར་ཕྱིན་ཉིད་བཤད་པ་ལ། ཐོག་མར་གཞི་བདེན་སྟོང་དུ་རྣམ་པར་བཞག་པ་ལས། གཞལ་བྱ་བདེན་པ་གཉིས་ངོས་བཟུང་བ། ཀུན་ཉོན་འཁོར་བ་དང་རྣམ་བྱང་མྱང་འདས་ཀྱིས་བསྡུས་པའི་ཆོས་ཀུན་ལ་ཆོས་ཅན་ཇི་སྙེད་པ་སྣང་ཙམ་ཀུན་རྫོབ་དང་ནི་ཆོས་ཉིད་ཇི་ལྟ་བ་དོན་དམ་པ་སྟེ་གཉིས་སུ་གནས་པས། འདི་གཉིས་ལ་ནི་སྣང་ཚུལ་དང་གནས་ཚུལ་གྱི་དབང་དུ་བྱས་ཏེ་མི་བསླུ་བས་ན་བདེན་པ་ཞེས་རྣམ་པ་གཉིས་སུ་བརྗོོད་དོ། །དེ་ལ་ཀུན་རྫོབ་ནི་སྐྱེ་སོགས་ཀྱི་རང་བཞིན་དུ་མེད་བཞིན་དེར་སྣང་བ་སྒྱུ་མ་དང་རྨི་ལམ་སྐྲ་ཤད་ལྟ་བུའི་སྣང་ཚུལ་འདི་ཡིན་ལ། སྣང་བ་དེའི་རང་བཞིན་བརྟགས་ན་སྐྱེ་སོགས་ཀྱིས་རྣམ་པར་དབེན་པའི་གནས་ཚུལ་སྟོང་པ་ཉིད་ནི་དོན་དམ་པ་ཡིན་པས། འདི་གཉིས་དོན་དམ་པར་ཐ་དད་ན། བདེན་པ་གཉིས་པོ་ཆོས་ཅན་དང་ཆོས་ཉིད་མ་ཡིན་པ་དང་། དོན་དམ་གྱིས་ཀུན་རྫོབ་ཟིལ་གྱིས་མི་ནོན་པ་དང་། ཀུན་རྫོབ་རང་བཞིན་གྱིས་མ་གྲུབ་པ་དེ་དོན་དམ་མ་ཡིན་པ་དང་། ཀུན་བྱང་གཉིས་དུས་ཅིག་ཆར་དུ་དམིགས་པར་ཐལ་བའི་སྐྱོན་བཞི་དང་། ཐ་སྙད་དུའང་གཅིག་ན། ཀུན་རྫོབ་མཐོང་བས་དོན་དམ་མཐོང་བར་འགྱུར་བ་དང་། དོན་དམ་ལྟར་ཀུན་རྫོབ་ཀྱང་དབྱེར་མེད་པར་འགྱུར་བ་དང་། ཀུན་རྫོབ་སྒྲིབ་པའི་དམིགས་རྣམ་ཡིན་པ་ལྟར་དོན་དམ་ཀྱང་དེར་ཐལ་བ་དང་། ཀུན་རྫོབ་ལས་དོན་དམ་གཞན་དུ་བཙལ་བྱ་མ་ཡིན་པ་སྟེ་སྐྱོན་བཞི་ཡོད་པར་དགོངས་འགྲེལ་ལས་གསུངས། དེས་ན། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོགས་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་སོ། །དོན་དམ་དེ་ལའང་སྐྱེ་སོགས་བཀག་པའི་མེད་དགག་ཙམ་ནི་སྟོང་ཉིད་མཐའ་བྲལ་ལ་འཇུག་པའི་སྒོ་ཙམ་ཡིན་པས་རྣམ་གྲངས་པའམ་མཐུན་པའི་དོན་དམ་ཞེས་བྱ་སྟེ། དེ་ནི་ཐོག་མར་འཇུག་པའི་སྒོ་ཙམ་ལས་གནས་ལུགས་མཐར་ཐུག་གི་དོན་དུ་མི་བཞེད་ལ། གནས་ལུགས་མཐར་ཐུག་པ་ནི། ཀུན་རྫོབ་ཏུ་ཡོད་པ་དང་། དོན་དམ་པར་མེད་པ་ཞེས་གཉིས་སུ་སོ་སོར་ཆད་པ་མེད་དེ། གང་སྣང་བའི་གཟུགས་སོགས་འདི་ཉིད་སྟོང་ཞིང་། གང་སྟོང་བཞིན་པ་དེ་གཟུགས་སོགས་སུ་སྣང་བ་ཡིན་པས། སྣང་སྟོང་ཟུང་དུ་འཇུག་པའི་ཆོས་ཀྱི་དབྱིངས་སྒྲོོ་འདོགས་སོ་གཉིས་དང་བྲལ་བ་རྣམ་གྲངས་མ་ཡིན་པའི་དོན་དམ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའམ་ཟུང་འཇུག་དབུ་མ་ཆེན་པོ་ཞེས་བྱ་སྟེ། འདིས་ནི་དོན་དམ་པའི་གནས་ཚུལ་ལ་རྗེས་སུ་སོན་པའི་ལྟ་བ་ཁས་ལེན་ཀུན་བྲལ་དུ་སོང་བའི་གནད་ཀྱིས་ཡོད་མེད་ཀྱི་ཕྱོགས་ཐམས་ཅད་ཐལ་འགྱུར་གྱིས་འཇིལ་བར་མཛད་པ་དེའི་ཕྱིར་ཐལ་འགྱུར་པ་ཞེས་མཚན་དུ་ཆགས་སོ། །རྒྱུ་མཚན་དེའི་ཕྱིར་གནས་ཚུལ་དོན་དམ་པ་ནི་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་མིན་གྱི་མཐའ་ཀུན་དང་བྲལ་བའི་ཕྱིར་བློ་ཡི་སྤྱོད་ཡུལ་དུ་འདི་ཞེས་གྲུབ་པ་མིན་ཏེ། བློ་དང་སྒྲ་ནི་ཀུན་རྫོབ་ཡིན་གྱི་དོན་དམ་པ་མིན་པར་བརྗོད་དེ། དེ་ཡང་བློས་འདི་དང་འདིའོ་ཞེས་དམིགས་པ་དང་། སྒྲས་འདི་དང་འདིའོ་ཞེས་བརྗོད་པ་སེམས་དང་ངག་གི་སྤྱོད་ཡུལ་དུ་གྱུར་པའི་ཆོས་དེ་ནི་བརྟགས་ན་རྣམ་པར་དབེན་པས་སྒྱུ་མ་བཞིན་དུ་སྟོང་པ་ཡིན་གྱི་དཔྱད་བཟོད་པ་མི་སྲིད་དོ། །དེས་ན་མདོ་ལས། ལྷའི་བུ་གལ་ཏེ་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་ཡུལ་དུ་གྱུར་ན་དེ་དོན་དམ་པའི་གྲངས་སུ་མི་འགྲོ་ཞིང་། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །ལྷའི་བུ་འོན་ཀྱང་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་དང་། ཡང་དག་པར་མ་སྐྱེས་པ་དང་། མ་འགགས་པ་དང་། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་། ཤེས་བྱ་དང་། ཤེས་པ་དང་བྲལ་བ་ཡིན་ཏེ། ཇི་སྲིད་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པ་ནི་དོན་དམ་པའི་བདེན་པ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ནོ། །དེ་ལྟ་བུའི་ཡུལ་བདེན་པ་གཉིས་པོ་དེར་རྟོག་པ་པོ་གང་ཟག་གི་རིམ་པ་བསྟན་པ་ནི། བདེན་པ་གཉིས་པོ་དེ་ལ་རྟོགས་པར་བྱེད་པའི་ཕྱོགས་སམ་སྡེར་གྱུར་པའི་འཇིག་རྟེན་རྣམ་པ་གཉིས་སུ་མཐོང་སྟེ། ཞི་ལྷག་གི་ཡོན་ཏན་དང་ལྡན་པ་རྣལ་འབྱོར་འཇིག་རྟེན་པ་དང་མི་ལྡན་པ་འཇིག་རྟེན་ཕལ་པའོ། །དེ་ལ་འཇིག་རྟེན་ཕལ་པ་རྣམས་ནི། ལུས་གཅིག་པུ་དང་སེམས་རྟག་པ་ལ་སོགས་པར་བལྟ་སྟེ། དེ་ལ་ནི་རྣལ་འབྱོར་འཇིག་རྟེན་གྱིས་ལུས་གཅིག་པུ་མ་ཡིན་ཏེ་ཆ་དང་ལྡན་པའི་ཕྱིར་དང་། སེམས་མི་རྟག་སྟེ་གཞན་དུ་འགྱུར་བའི་ཕྱིར། ཞེས་པ་ལ་སོགས་པའི་རིགས་པས་གནོད་ཅིང་། དེར་མ་ཟད་རྣལ་འབྱོར་པ་ལའང་ཕྱི་རོལ་གྱི་དོན་སྨྲ་བ་དང་། སེམས་ཙམ་པ་དང་། དབུ་མ་པ་གསུམ་པོ་ཡང་བློ་ཤེས་བྱའི་གནས་ལུགས་དང་མི་མཐུན་པ་དང་མཐུན་པའི་ཁྱད་པར་གྱིས། གོང་མ་གོང་མ་རྣམས་ཀྱིས་འོག་མ་འོག་མའི་མཐོང་དོན་ལ་གནོད་དེ། འདི་ལྟར་དོན་སྨྲ་བ་བྱེ་མདོ་གཉིས་ཀྱིས་གཟུང་བ་རྡུལ་ཕྲན་ཆ་མེད་དོན་དམ་དུ་འདོད་པ་སོགས་ལ། སེམས་ཙམ་པས་རྡུལ་ཕྲན་བརྟག་འགོག་གི་རིགས་པ་སོགས་ཀྱིས་གནོད་པ་དང་། དེས་གཟུང་འཛིན་གཉིས་མེད་ཀྱི་རྣམ་ཤེས་རང་རིག་རང་གསལ་བདེན་གྲུབ་ཏུ་འདོད་པ་ལ། དབུ་མ་པས་འདིར་བཤད་རང་རིག་འགོག་པ་དང་གཅིག་དུ་བྲལ་སོགས་ཀྱིས་གནོད་པ་བཞིན་ཏེ། གནས་ལུགས་མཐོང་བའི་བློ་ཇེ་བཟང་དུ་གྱུར་པས་ན་གང་ལ་ཚད་མ་དང་ལྡན་པ་དེས་འོག་མ་སུན་འབྱིན་ནུས་ཀྱི་གཞན་དུ་མ་ཡིན་ཏེ། མིག་ནི་རབ་རིབ་ཅན་གྱི་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་སོ། །གཞན་ཡང་བསམ་གཏན་དང་སྙོམས་འཇུག་ལ་སོགས་པའི་ཡོན་ཏན་གོང་མ་ཐོབ་པས་འོག་མས་མཐོང་དོན་རྣམས་ཟིལ་གྱིས་གནོན་ཞིང་གནོད་པ་ཡིན་ནོ། །དེས་ཇི་ལྟར་རྟོགས་པར་བྱ་བའི་ཚུལ་བཤད་པ། དེ་ཡང་རྣལ་འབྱོར་པས་ཕལ་བའི་བློ་ལ་ཇི་ལྟར་གནོད་ནུས་སྙམ་ན། དངོས་པོ་བདེན་འཛིན་ཅན་ཕལ་པ་དང་། བདེན་མེད་དུ་འཛིན་པ་རྣལ་འབྱོར་པ་དེ་གཉིས་ཀ་ལ་ཡང་ནི་འདོད་པ་མཐུན་པར་སྣང་ཡང་མི་བདེན་པར་འདོད་པའི་སྒྱུ་མ་ལ་སོགས་པའི་དཔེས་དེ་དག་གི་ངོར་སྣང་བ་ཐམས་ཅད་བདེན་མེད་དུ་སྒྲུབ་ནུས་པ་ཡིན་ནོ། །ཡང་དེ་དག་ན་རེ། ཆོས་ཐམས་ཅད་མི་བདེན་པ་སྒྱུ་མ་ལྟ་བུ་ཡིན་ན་ལམ་ལ་སློབ་པས་ཅི་ཞིག་བྱ་སྙམ་ན། དེ་ནི་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུའི་དོན་དུ་དོན་དམ་པར་མེད་ཀྱང་དེ་ལྟར་མ་དཔྱད་པ་ཀུན་རྫོབ་སྣང་ཙམ་པོ་འདིའི་ངོར་རྒྱུ་འབྲས་རྟེན་འབྱུང་གི་སྣང་ཆ་བསླུ་མེད་དུ་ཡོད་པའི་ཕྱིར་ཏེ་ཇི་སྲིད་གཟུང་འཛིན་གྱི་འཇུག་པ་དབྱིངས་སུ་མ་ནུབ་ཀྱི་བར་དེ་སྲིད་དུ་བག་ཆགས་འཁྲུལ་པའི་སྣང་བ་འདི་རྒྱུན་མི་ཆད་པའི་ཕྱིར་ཕན་གནོད་བསླུ་མེད་དུ་ཡོད་པས་འཇུག་ལྡོག་གི་ལག་ལེན་ལ་བརྩོན་པ་ཡིན་གྱི་ལམ་དང་འབྲས་བུའི་ཆོས་ལ་བདེན་པར་ཞེན་པས་ནི་མ་ཡིན་ཏེ་དཔེར་ན་སྒྱུ་མ་མཁན་གྱིས་ལམ་གྱི་འཇིགས་པ་སེལ་བའི་སླད་དུ་སྒྱུ་མའི་དམག་སྤྲུལ་པ་བཞིན་ནོ། །འོ་ན་རྣལ་འབྱོར་པ་དང་འཇིགས་རྟེན་པ་གཉིས་མཐུན་པར་སྣང་བའི་དངོས་པོ་འདི་ལ་ཅིའི་ཕྱིར་རྩོད་སྙམ་ན། འཇིག་རྟེན་པ་ཡིས་གཟུགས་སོགས་དངོས་པོར་མཐོང་ཞིང་། མཐོང་བ་ལྟར་ཡང་དག་པའམ་བདེན་པར་གྲུབ་པ་ཉིད་དུའང་ཡོད་པར་རྟོག་པར་བྱེད་ཀྱི། རྣལ་འབྱོར་པས་མཐོང་བ་ལྟར་སྣང་ཡང་མི་བདེན་པ་སྒྱུ་མ་ལྟ་བུར་རྟོགས་པ་མིན་པས་ན། འདིར་རྣལ་འབྱོར་པ་དང་འཇིག་རྟེན་ཕལ་པ་གཉིས་རྩོད་པར་བྱེད་པ་ཡིན་ནོ། །དེ་ལ་རྩོད་པ་སྤོང་བ་ལ། བརྗོད་བྱ་སྟོང་ཉིད་ལ་རྩོད་པ་སྤོང་བ་ལས། ཐོག་མར་གཞི་སྟོང་ཉིད་ལ་རྩོད་པ་སྤོང་བ། དེ་ལ་འཇིག་རྟེན་ཕལ་པ་རྣམས་ཀྱིས། གཟུགས་སོགས་དབང་པོའི་ཡུལ་དུ་མངོན་སུམ་གྱིས་གྲུབ་ན་ཅིའི་ཕྱིར་མི་བདེན་སྙམ་ན། གཟུགས་སོགས་མངོན་སུམ་དུ་གྱུར་ཏོ་ཞེས་པ་འདི་ཉིད་ཀྱང་ནི། མ་བརྟགས་པར་འཇིག་རྟེན་ན་ཡོངས་སུ་གྲགས་པ་ཙམ་གྱིས་ཡིན་གྱི་རིགས་པའམ་ཚད་མས་བརྟགས་ཤིང་དཔྱད་པའི་ངོར་དེ་ལྟར་གྲུབ་པ་མིན་ཏེ་འཆད་པར་འགྱུར་ལ་དེ་ནི་དཔེར་ན་བུད་མེད་ཀྱི་ལུས་མི་གཙང་བ་དང་མི་རྟག་པ་ལ་སོགས་པ་ཡིན་པ་ལ། འཇིག་རྟེན་གཙང་བ་དང་རྟག་པ་སོགས་སུ་གྲགས་པ་བཞིན་དུ་རྫུན་པ་ཉིད་དོ། །ཡང་དོན་སྨྲ་བ་རྣམས་ཀྱིས་ལུང་གི་དབང་དུ་བྱས་ཏེ། དངོས་པོ་ནི་བདེན་པར་ཡོད་དེ། སངས་རྒྱས་ཀྱིས་ཀྱང་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་ཡོད་པར་གསུངས་ཤིང་། ཕུང་སོགས་ཀྱི་མཚན་ཉིད་ཀྱང་སྐད་ཅིག་མར་གསུངས་པའི་ཕྱིར་སྙམ་ན། དེ་ནི་དགོངས་པ་ཅན་ཏེ་དགོངས་གཞི་སྣང་ཙམ་དུ་ཡོད་པར་དགོངས་ཤིང་། དགོས་པ་ནི་སྟོང་ཉིད་རྟོགས་མི་ནུས་པའི་འཇིག་རྟེན་པ་རྣམས་ལ་དངོས་པོར་ཞེན་པའི་དབང་གིས་ཐོག་མ་ནས་ཡང་དག་པའི་དོན་བསྟན་ན་སྐྲག་པར་འགྱུར་བས་དེ་དག་རིམ་གྱིས་གཞུག་པའི་དོན་དུ་ནི། མགོན་པོ་རྫོགས་པའི་སངས་རྒྱས་ཀྱིས་དངོས་པོ་རྣམས་ཡོད་པར་བསྟན་པ་ཡིན་གྱི་དངོས་ལ་གནོད་བྱེད་ནི་དེ་ཁོ་ན་ཉིད་དམ་ཡང་དག་པའི་དོན་དུ། ཕུང་སོགས་དེ་དག་སྐད་ཅིག་མ་ཉིད་ཙམ་དུའང་གྲུབ་པ་མིན་ཏེ། གཅིག་དང་དུ་མ་གང་དུའང་མ་གྲུབ་ཅིང་སྐྱེ་འགག་མེད་པ་དེ་ལ་སྐད་ཅིག་ཏུ་གྲུབ་པ་ག་ལ་ཡོད་དེ་མེད་དོ། །ཡང་དེ་དག་ན་རེ། སྐད་ཅིག་མ་དེ་དོན་དམ་མིན་ན། འཇིག་རྟེན་ཕལ་པ་ལ་ཚུལ་དེ་ལྟར་མི་སྣང་བའི་ཕྱིར་དང་། ལུང་ལས་ཀྱང་སྐད་ཅིག་མར་མཐོང་བས་དངོས་པོའི་གནས་ཚུལ་གྱི་བདེན་པ་མཐོང་བར་གསུངས་པའི་ཕྱིར་ཀུན་རྫོབ་ཏུ་ཡང་རྣམ་པར་བཞག་པ་འགལ་བས་བདེན་པ་གཉིས་སུ་མ་འདུས་པར་འགྱུར་རོ་ཞེ་ན། དེ་ནི་འཇིག་རྟེན་པ་རྣམས་འདྲ་བ་གཞན་འབྱུང་གི་འཁྲུལ་རྒྱུས་བསླད་པས་སྐད་ཅིག་མར་མ་ཤེས་ཀྱང་ཐ་སྙད་ཀྱི་གནས་ཚུལ་སེམས་པའི་རྣལ་འབྱོར་པ་རྣམས་ཀྱིས་དེ་ལྟར་མཐོང་བ་དེ་མཐོང་བ་ཡང་དག་ཡིན་པའི་ཕྱིར་ཀུན་རྫོབ་སྣང་ཚུལ་གྱི་དབང་དུ་བྱས་པ་ཡིན་པས་བདེན་གཉིས་གང་དུའང་མ་འདུས་པའི་ཉེས་པ་མེད་དེ། འཇིག་རྟེན་ཕལ་པའི་བློ་རྟག་འཛིན་ཅན་ལ་ལྟོས་ན་སྐད་ཅིག་མར་མཐོང་བ་དེ་ཐ་སྙད་ཀྱི་གནས་ཚུལ་ལམ་དེ་ཁོ་ན་ཉིད་མཐོང་བ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལས་གཞན་དུ་འཇིག་རྟེན་ལ་ལྟོས་ནས་དེ་ཉིད་མཐོང་མ་མཐོང་གི་ཁྱད་པར་མེད་ན་མི་སྡུག་པ་གོམས་པའི་དབང་གིས་བུད་མེད་ཀྱི་ལུས་མི་གཙང་བར། ངེས་པར་རྟོགས་ཟིན་པའི་རྣལ་འབྱོར་པ་ལ་འཇིག་རྟེན་ཕལ་གྱིས་གཙང་བར་བཟུང་བ་འདིས་གནོད་པར་འགྱུར་རིགས་ནའང་དེ་ལྟར་མི་སྲིད་པའི་ཕྱིར་རོ། །ཡང་རིགས་པའི་དབང་དུ་བྱས་ཏེ་དེ་དག་ན་རེ། ཆོས་ཐམས་ཅད་བདེན་པ་མེད་ན་སངས་རྒྱས་ཀྱང་བརྫུན་པ་སྒྱུ་མ་ལྟ་བུར་འགྱུར་བས། དེ་མཆོད་པས་བསོད་ནམས་ཇི་ལྟར་འབྱུང་ཞེ་ན། ལན་དུ་སྒྱུ་མ་དང་འདྲ་བའི་རྒྱལ་བ་མཆོད་པ་སོགས་ལས་བསོད་ནམས་སྒྱུ་མ་ལྟ་བུར་འབྱུང་བ་ནི། དཔེ་ཇི་ལྟར་ན་ཁྱོད་སངས་རྒྱས་དངོས་པོར་ཡོད་པ་ལ་བརྟེན་ནས་བསོད་ནམས་དངོས་ཡོད་གཅིག་ཐོབ་པར་འདོད་པ་ཇི་ལྟ་བ་བཞིན་ཡིན་ཏེ། བསོད་ནམས་དང་སངས་རྒྱས་དངོས་པོར་གྲུབ་མ་གྲུབ་ཙམ་གྱི་ཁྱད་པར་ལས་བསོད་ནམས་འབྱུང་མི་འབྱུང་ལ་ཁྱད་པར་ཡོད་པ་མིན་ནོ། །ཡང་དེ་དག་ན་རེ། གལ་ཏེ་སེམས་ཅན་རྣམས་ཀྱང་སྒྱུ་མ་དང་འདྲ་ན། སྒྱུ་མའི་རྟ་གླང་འགགས་པ་སླར་མི་སྐྱེ་བ་བཞིན་དུ་མི་ལ་སོགས་པ་འདིར་ཤི་ནས་སྲིད་པ་གཞན་དུ་ཇི་ལྟར་དུ་སྐྱེ་བ་འཐད་ཞེ་ན། ལན་དུ། དུས་ཇི་སྲིད་རང་རང་སྣང་བའི་རྒྱུ་དང་རྐྱེན་རྣམས་ཚོགས་པར་གྱུར་པ། དེ་སྲིད་དུ་ནི་སེམས་ཅན་དུ་མ་ཟད་སྒྱུ་མའང་མི་ལྡོག་ཅིང་འབྱུང་བར་འགྱུར་ན། ལས་ཉོན་སོགས་སྐྱེ་བའི་རྒྱུ་ཚོགས་ལྡོག་པ་དེ་སྲིད་དུ་སེམས་ཅན་ཅི་སྟེ་མི་སྐྱེ། དེས་ན་སྐྱེ་བ་རྐྱེན་ཚོགས་མ་ཚོགས་ཀྱིས་ཡིན་གྱིས་བདེན་རྫུན་གྱིས་མིན་ནོ། །ཡང་དེ་དག་གིས། དེ་ལྟ་ནའང་སེམས་ཅན་འཁོར་བ་ཐོག་ཐ་མེད་པས་ཡུན་རིང་ལ། སྒྱུ་མ་དེ་འདྲ་གཅིག་ཀྱང་མ་མཐོང་བས་དེ་གཉིས་མི་མཚུངས་སྙམ་ན། འདི་གཉིས་རྒྱུན་རིང་ཐུང་སོགས་ཀྱིས་འདྲ་བར་བཞག་པ་མིན་ཏེ། སྣང་ཡང་བདེན་པས་སྟོང་པའི་སྒོ་ནས་ཏེ། དེའི་ཕྱིར་རྒྱུན་རིང་བ་ཙམ་གྱིས་ཇི་ལྟར་ན། སེམས་ཅན་བདེན་པར་ཡོད་པ་ཡིན་ཏེ་རྒྱུན་རིང་ཡང་རྒྱུའི་ཚོགས་པ་མ་ལོག་པས་ཡིན་གྱི་སྔ་ཕྱིའི་སྲིད་པ་སོ་སོ་གཞན་དང་གཞན་འབྱུང་བ་དག་ལ་རང་བཞིན་མ་གྲུབ་པར་ཁྱད་མེད་དེ་སྒྱུ་མའི་རྟ་གླང་སོགས་སྣང་བ་ལ་ཡུན་རིང་ཐུང་བཞིན་ནོ། །ཡང་དེ་དག སེམས་ཅན་རྣམས་སྒྱུ་མ་དང་འདྲ་ན་དེ་ལ་སྲོག་བཅད་པ་དང་ཟས་སྦྱིན་པ་སོགས་ཀྱིས་ཕན་གནོད་དུ་མི་འགྱུར་བས་གཞི་དེ་ལས་དགེ་སྡིག་འབྱུང་བ་མི་འཐད་སྙམ་ན། སྒྱུ་མའི་སྐྱེས་བུ་བསད་པ་དང་ཟས་སྦྱིན་པར་སྣང་བ་སོགས་ལ་ནི། དེ་ལ་ཕན་གནོད་ཀྱི་རྟེན་དུ་གྱུར་པའི་སེམས་མེད་པའི་ཕྱིར་ན་རང་གི་ངན་སེམས་ཀྱིས་སྦྱོར་བའི་ཉེས་པ་ཙམ་ལས་སྲོག་བཅད་དངོས་གཞིའི་སྡིག་པ་སོགས་འབྱུང་བ་མེད་དེ། ཁྱེད་ཅག་དངོས་སྨྲ་བ་དག་མི་བསད་པ་དང་ཐོ་ཡོར་བཤིག་པ་གཉིས་ལ་སྡིག་པ་ཡོད་མེད་སེམས་ཡོད་མེད་ཀྱི་དབང་གིས་བཞག་པ་བཞིན་ནོ། །དེས་ན་གང་སྒྱུ་མའི་སེམས་དང་ལྡན་པ་སེམས་ཅན་ལ་ནི། གཞི་དེ་ལས་བསོད་ནམས་དང་ནི་སྡིག་པ་གཉིས་ཀ་འབྱུང་བ་ཡིན་ནོ། །འོ་ན་སེམས་ཡོད་མེད་ཀྱི་ཁྱད་པར་ཡོད་བཞིན་དེ་གཉིས་ཇི་ལྟར་མཚུངས་སྙམ་ན། སྒྱུ་མའི་སྔགས་དང་རྫས་ལ་སོགས་པ་རྣམས་ལ་སེམས་བསྐྱེད་པའི་ནུས་པ་མེད་པའི་ཕྱིར། སྒྱུ་མའི་སྐྱེས་བུ་སོགས་ལ་སེམས་ནི་འབྱུང་བ་མེད་མོད་གང་སེམས་ཅན་གྱི་རྒྱུ་ལ་ཡོད་པས་དེ་ལ་སེམས་བྱུང་ཡང་སེམས་དེ་ཉིད་སྒྱུ་མ་ལྟ་བུ་ཡིན་པས་དེས་དེ་བདེན་པར་ག་ལ་འགྱུར། རྫུན་ཡང་འབྲས་བུ་མི་འདྲ་བ་ནི་རྒྱུ་ཐ་དད་པ་ལ་ལྟོས་པ་སྟེ། འདི་ལྟར་སྣ་ཚོགས་ཤིང་མི་འདྲ་བའི་རྐྱེན་སོ་སོ་ལས་བྱུང་བ་ཡི། སྒྱུ་མ་དེ་ཡང་ཚུལ་གཅིག་མིན་པར་སྣ་ཚོགས་སུ་སྣང་ཞིང་མི་འདྲ་བ་ཉིད་འབྱུང་གི རྐྱེན་གཅིག་གིས་ནི་འབྲས་བུ་ཡིན་ནོ་ཅོག་ཀུན་བསྐྱེད་ནུས་པ་ནི་ཡུལ་དུས་གང་ན་ཡང་ནི་ཡོད་པ་མ་ཡིན་ནོ། །དེས་ན་སེམས་ཅན་གྱི་ལུས་སེམས་གཉིས་ཆར་རྒྱུ་རྐྱེན་ཚོགས་པས་སྤྲུལ་ཞིང་རང་གི་ངོ་བོས་གྲུབ་པ་མེད་པས་སྒྱུ་མ་དང་ཁྱད་ཅི་ཞིག་ཡོད་དེ་སྒྱུ་མའི་རྟ་དང་བ་ལང་ལ་རྭ་ཡོད་མེད་ཀྱི་ཁྱད་པར་སྣང་ཡང་དེས་བདེན་རྫུན་དུ་འཇོག་མི་ནུས་པ་བཞིན་ནོ། །ཡང་མྱང་འདས་དངོས་པོར་འཛིན་པ་རྣམས་ན་རེ། གལ་ཏེ་འཁོར་བའི་ཆོས་ཐམས་ཅད་དོན་དམ་པར་གཟོད་མ་ནས་ཞི་བ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ལ། སྐྱེ་སོགས་ཀྱི་མཚན་ཉིད་ཅན། འཁོར་བ་ནི་ཀུན་རྫོབ་ཡིན་པར་ཁྱེད་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་འདོད་པ་དེ་ལྟ་ན། འཁོར་བ་ཟད་ནས་མྱང་འདས་ཐོབ་པ་མིན་པར་འཁོར་བ་ཉིད་མྱང་འདས་ཡིན་པའི་ཕྱིར་དེ་གཉིས་གཞི་མཐུན་ཡོད་པར་འགྱུར་བས་སངས་རྒྱས་ཐོབ་ནས་ཀྱང་ནི་སླར་འཁོར་བར་འགྱུར་བས། བྱང་ཆུབ་ཐོབ་པའི་ཆེད་དུ་ཕྱིན་དྲུག་གི་སྤྱོད་པས་ཅི་ཞིག་བྱ་སྟེ་དོན་མེད་པའི་ངལ་བར་འགྱུར་རོ། །ཞེ་ན། ལན་དུ། རང་བཞིན་རྣམ་དག་དང་གློ་བུར་བྲལ་དག་གི་མྱང་འདས་གཉིས་ལ་ཁྱད་ཡོད་པའི་ཕྱིར་སྐྱོན་དེ་མི་འཇུག་སྟེ། འདི་ལྟར་འབྲས་བུ་སོ་སོར་སྣང་བའི་རྒྱུ་རྐྱེན་རྣམས་ཀྱི་རྒྱུན་ནི་མ་ཆད་ན། འཁོར་བར་མ་ཟད་སྒྱུ་མའང་ལྡོག་པར་མི་འགྱུར་མོད་ཀྱི། ལས་དངཉོན་མོངས་སོགས་ཀྱི་རྐྱེན་རྣམས་གཉེན་པོས་བཅོམ་སྟེ་རྒྱུན་ནི་ཡོངས་སུ་ཆད་པ་ན། འཁོར་བའི་རྒྱུ་མེད་པའི་ཕྱིར་དོན་དམ་པར་ལྟ་ཅི་ཀུན་རྫོབ་ཙམ་དུ་ཡང་མི་འབྱུང་ངོ་། །སངས་རྒྱས་འཇིག་རྟེན་དུ་བལྟམས་པ་སོགས་ནི་འཁོར་བས་བསྡུས་པ་མ་ཡིན་ཏེ། སྨོན་ལམ་དང་ཏིང་ངེ་འཛིན་སོགས་ལྷན་ཅིག་བྱེད་རྐྱེན་དུ་གྱུར་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་སྟོབས་ལས་མིག་འཕྲུལ་ལྟ་བུའི་མཛད་པ་སྟོན་ཀྱང་ཆོས་ཀྱི་དབྱིངས་ལས་གཡོ་བ་མི་སྲིད་དོ། །ཡང་སེམས་ཙམ་པ་ལས། རྣམ་བདེན་དུ་སྨྲ་བ་རྣམས་ཀྱིས་འདི་ལྟར་ཕྱི་ནང་གི་དངོས་པོར་སྣང་བ་འདི་དག་ནི་སྐྲ་ཤད་ཀྱི་སྣང་བ་བཞིན་དུ་ཕྱི་དོན་དུ་བདེན་པར་མེད་ཀྱང་། ནང་གི་བག་ཆགས་ཀྱི་ཁྱད་པར་ལས་གནས་དོན་ལུས་ཀྱི་སྣང་བ་སྣ་ཚོགས་པར་སྨིན་པ་ཞིག་སྟེ་དེའི་ཕྱིར་ཕྱི་རོལ་གྱི་དོན་ནི་མེད་ཀྱང་སེམས་ནི་ཡོད་དེ། རྨི་ལམ་ན་སྔོ་སོགས་ཀྱི་ཉམས་མྱོང་འཛིན་པར་གྲུབ་པས་སོ་སྙམ་དུ་བསམས་ནས་རྒོལ་བ། ཁྱོད་དབུ་མ་པ་ལྟར། གང་གི་ཚེ་འཁྲུལ་ཡུལ་ཕྱི་དོན་མེད་པར་མ་ཟད་ནང་འཁྲུལ་པའི་བློའམ་ཤེས་པའང་ཡོད་པ་མིན་ན། ཡུལ་སྣང་བ་སྒྱུ་མ་ལྟ་བུ་དེ་གང་གིས་དམིགས་པར་འགྱུར་ཏེ། ཡུལ་ཅན་ནམ་དམིགས་བྱེད་མེད་པས་སོ་ཞེ་ན། ལན་དུ་མགོ་བསྒྲེ་བ། གང་ཚེ་སེམས་ཙམ་པ་ཁྱོད་ལའང་གཟུང་ཆ་སྒྱུ་མ་ལྟ་བུ་དེ་ཉིད་ཕྱི་དོན་དུ་གྲུབ་པ་མེད་ན་བློ་ཡོད་དུ་ཆུག་ཀྱང་དེ་ཚེ་ཡུལ་ལམ་གཟུང་ཆ་ཅི་ཞིག་དམིགས་ཏེ་དམིགས་བྱ་མེད་པས་དེ་གཉིས་མཚུངས་སོ། །ཡང་དེ་དག་ན་རེ། གལ་ཏེ་བདག་ཅག་གི་ལུགས་ལ་ཡུལ་གཏན་མེད་མིན་ཏེ། རྨི་ལམ་གྱི་རྟ་གླང་བཞིན་དུ་ཡུལ་དོན་གྱི་གོ་ས་དེ་ཉིད་དུ་བེམ་པོ་ལས་གཞན་དུ་གྱུར་པའི་དམིགས་བྱ་ཞིག་ཡོད་དེ། གང་ཞེ་ན་གཟུང་བའི་རྣམ་པ་དེ་ནི་སེམས་ཉིད་ཡིན་ནོ་ཞེ་ན། གང་ཚེ་སེམས་དེ་ཉིད་དམིགས་བྱ་སྒྱུ་མ་ལྟ་བུའི་དོན་ཡིན་ན། དེ་ཚེ་ཡུལ་གང་ཞིག་ཡུལ་ཅན་གང་གིས་མཐོང་སྟེ་དེ་གཉིས་གཅིག་ཡིན་པས་མཐོང་མི་ཤེས་སོ། །ཇི་ལྟར་མི་མཐོང་སྙམ་ན་འཇིག་རྟེན་གྱི་ནི་མགོན་པོ་སངས་རྒྱས་ཀྱིས་ཀྱང་། སེམས་ཀྱིས་སེམས་མི་མཐོང་ཞེས་ལང་ཀར་གཤེགས་ལས་གསུངས་ཏེ། ཇི་ལྟར་རལ་གྲི་རང་སོ་དང་། །ཇི་ལྟར་སོར་མོ་རང་རྩེ་ལ། །མི་གཅོད་རེག་པར་མི་འགྱུར་བར། །དེ་བཞིན་སེམས་ཀྱིས་སེམས་མི་མཐོང་། །ཞེས་སོ། །དེ་ཡང་ཇི་ལྟར་ན་རལ་གྲིའི་སོ་ནི་གཅིག་པོ་དེས་སོ་རང་ལ་རང་གིས་ཇི་ལྟར་མི་གཅོད་པ་དང་སོར་མོའི་རྩེ་མོས་རང་ལ་རང་མི་རེག་པ་དེ་བཞིན་དུ་ཡིད་ཀྱང་རང་གིས་རང་མཐོང་བར་མི་ནུས་ཏེ། གང་སེམས་བདེན་པར་གྲུབ་ཕན་ཆོད་བདེན་གྲུབ་ཀྱི་སེམས་ཆ་མེད་གཅིག་ལ་བལྟ་བྱ་ལྟ་བྱེད་ཀྱི་ཆ་གཉིས་སུ་གྲུབ་པ་ཉམས་པས་དོན་དམ་པར་ཤེས་པས་རང་རིག་པ་ཞེས་པའང་བཏགས་པ་ཙམ་སྟེ་ཡང་དག་པར་མིན་ནོ། །ཁོ་ན་རེ་ཇི་ལྟར་བུམ་སོགས་གཞན་གསལ་བར་བྱེད་པའི་མར་མེས་མར་མེ་རང་གི་རང་གི་དངོས་པོ་ཡང་གཞན་ལ་ལྟོས་པ་མེད་པར་ཡང་དག་པར་གསལ་བར་བྱེད་པ་དེ་བཞིན་དུ་ཤེས་པ་རང་གིས་རང་རིག་པ་ཡིན་ནོ་ཞེ་ན། ལན་དུ། མར་མེ་རང་གིས་རང་གསལ་བར་བྱ་དགོས་པ་མིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་མར་མེ་རང་སྐྱེས་ཙམ་ཉིད་ནས་མུན་གྱིས་བསྒྲིབས་ཏེ་མི་གསལ་པ་མེད་པའི་ཕྱིར་རོ། །གཞན་ཡང་མར་མེས་རང་གིས་རང་ལ་བྱ་བ་འཇུག་ན་མུན་པས་ཀྱང་རང་གིས་རང་བསྒྲིབས་ཏེ་བུམ་སོགས་གཞན་སྣང་བར་ཐལ་ལོ། །ཡང་ཁོ་ན་རེ། ཤེལ་དཀར་པོ་སྔོན་པོར་འགྱུར་བ་བཞིན་འོག་གཞིའི་རས་སོགས་སྔོན་པོ་གཞན་ལ་ལྟོས་དགོས་པ་དང་། བཻཌཱུཪྱ་ལྟ་བུ་རང་བཞིན་གྱིས་སྔོ་བ་ཉིད་ལ་ནི་རྐྱེན་གཞན་ལ་ལྟོས་པ་ཡོད་པ་མ་ཡིན་པ་སྟེ་གཉིས་ཡོད་པ། དཔེ་དེ་བཞིན་དུ་གཟུགས་དང་མིག་ཤེས་ལྟ་བུ་འགའ་ཞིག་གསལ་བྱ་གསལ་བྱེད་གཞན་ལ་ནི། ཕན་ཚུན་ལྟོས་དགོས་པ་དང་གསལ་བྱ་གསལ་བྱེད་ཕན་ཚུལ་ཐ་དད་དུ་ལྟོས་པ་མེད་པ་ངོ་བོ་ཉིད་ཀྱིས་གསལ་བ་རང་རིག་པ་ཡང་མཐོང་ངོ་ཞེ་ན། ལན་དུ། དཔེ་མ་གྲུབ་སྟེ། བཻཌཱུཪྱ་དེ་སྔར་རང་བསྐྱེད་བྱེད་ཀྱི་རྒྱུ་ལས་སྔོ་བ་ཉིད་དུ་གྲུབ་པ་མིན་པ་ལ་སྔོན་པོར་སྣང་བ་དེ། ཕྱིས་རྒྱུ་རྐྱེན་གཞན་ལ་ལྟོས་པ་མེད་པར་བདག་གིས་བདག་ཉིད་སྔོན་པོར་བྱས་པ་ནི་མེད་དོ། །དོན་ཡང་མ་གྲུབ་སྟེ། ཐ་སྙད་དུ་མར་མེ་ནི་རང་གིས་རང་གསལ་བར་བྱེད་དོ་ཞེས། མར་མེ་ལས་གཞན་དོན་རིག་གི་ཤེས་པས་ཤེས་ཏེ་བརྗོད་པར་བྱེད་ན། དོན་དམ་པར་བློ་ནི་རང་ལ་རང་གསལ་བ་ཉིད་ཡིན་ནོ་ཞེས། ཤེས་པ་གང་གིས་ཤེས་ནས་དེ་སྐད་དུ་བརྗོད་པར་བྱེད་དེ། ཤེས་མཁན་དེ་ཤེས་པ་རང་ཡིན་ན་སྐབས་ཀྱི་དཔྱད་བྱ་ཡིན་པས་མ་གྲུབ་ལ། གཞན་ཡིན་ན་ཐུག་མེད་དུ་འགྱུར་ཞིང་སྔ་ཕྱི་དུས་གསུམ་དུ་དཔྱད་ན་ཤེས་པར་ཡང་མི་སྲིད་དོ། །དེས་ན་གང་ཚེ་ཁྱད་གཞི་གཞན་དབང་གི་རྣམ་ཤེས་དེ་ནི་རང་ངམ་གཞན་པ་འགས་ཀྱང་མཐོང་བ་མིན་ན། དེའི་ཁྱད་པར་གྱི་ཆོས་གསལ་བའམ་ནི་མི་གསལ་བ་ཞེས་དཔྱོད་པ་དོན་མེད་དེ། དཔེར་ན་མོ་གཤམ་གྱི་བུ་མོའི་ལུས་ཀྱི་འགྱིང་བག་ནི་འདི་འདྲའོ་ཞེས་བརྗོད་པ་བཞིན་དུ། བློ་ནི་གསལ་བའོ་ཞེས་པ་དེ་ནི་བརྗོད་ཀྱང་དོན་མེད་དེ་སྒྲུབ་བྱེད་དང་བྲལ་བ་ཉིད་དོ། །ཡང་དེ་དག་གིས་མངོན་སུམ་གྱིས་སྒྲུབ་མ་ནུས་པར་རྗེས་དཔག་གིས་སྒྲུབ་པར་འདོད་ནས། གལ་ཏེ་ཤེས་པ་རང་གིས་རང་མྱོང་བའམ་རང་རིག་པ་དེ་ཡོད་པ་མིན་ན། སྔར་ཡུལ་སྔོ་སོགས་ཉམས་སུ་མྱོང་བ་དྲན་པ་བཞིན་དུ་ཡུལ་ཅན་སྔོ་འཛིན་གྱི་རྣམ་ཤེས་འདི་ཕྱིས་དྲན་པར་ཇི་ལྟར་འགྱུར་ཏེ་རྒྱུ་མེད་པའི་འབྲས་བུར་འགྱུར་བའི་ཕྱིར་དེས་ན་དྲན་པའི་རྟགས་ཀྱིས་རང་རིག་འགྲུབ་བོ་ཞེ་ན། ལན་དུ། དེ་མ་ངེས་ཏེ། ཤེས་པ་རང་མ་མྱོང་ཡང་གཞན་གཟུགས་སོགས་མྱོང་བ་དེ་དང་ཡུལ་ཡུལ་ཅན་གྱི་འབྲེལ་བ་ལས། ད་ལྟ་ཡུལ་ཅན་གྱི་རྣམ་ཤེས་དེ་ཡང་དྲན་པར་འགྱུར་ཏེ། དཔེར་ན་དགུན་གྱི་དུས་སུ་བྱི་བ་དུག་ཅན་གྱིས་རྨུགས་པ་ན་རྨུགས་པ་ཙམ་མྱོང་གི་བྱི་བའི་དུག་བགོས་པ་མ་མྱོང་ཡང་སླར་དཔྱིད་ཀྱི་འབྲུག་སྒྲའི་རྐྱེན་དང་འཕྲད་པ་ལས་ནད་མྱོང་བ་ན་དེ་ལས་དཔགས་ནས་གདོད་སྔར་རྨ་དང་མཉམ་དུ་དུག་ཞུགས་སོ་སྙམ་པའི་ཤེས་པ་སྐྱེ་བ་བཞིན་ནོ། །ཡང་དེ་དག་ན་རེ། ཏིང་ངེ་འཛིན་ལ་སོགས་པའི་རྐྱེན་གཞན་དག་དང་ལྡན་པ་ནི། རིང་བ་གཞན་གྱི་ཤེས་པའང་མཐོང་བའི་ཕྱིར་ཉེ་བ་རང་གི་ཤེས་པ་རང་ཉིད་རང་ལ་གསལ་བར་རིགས་སོ་ཞེ་ན། ལན་དུ། མ་ངེས་ཏེ། དཔེར་ན་རིགས་སྔགས་གྲུབ་པའི་མིག་སྨན་མིག་ལ་བསྐུས་པའི་སྦྱོར་བ་ལས། རིང་བ་ས་འོག་གི་བུམ་པ་སོགས་མཐོང་ཡང་ཤིན་ཏུ་ཉེ་བ་མིག་སྨན་དེ་ཉིད་མཐོང་བར་འགྱུར་བ་མིན་པ་བཞིན་ནོ། །ཡང་ན་བུམ་པ་དང་མིག་སྨན་ངོ་བོ་གཅིག་ཏུ་འགྱུར་བ་མིན་པས་ན་རྐྱེན་གཞན་ལྡན་པ་གཞན་མཐོང་གི་དཔེར་སོང་བས་རང་མཐོང་གི་དཔེར་མི་རུང་བར་མ་ཟད་གནོད་དོ་ཞེས་འཆད་པ་དག་ཀྱང་སྣང་ངོ་། །ཡང་དེ་དག་གིས། རང་རིག་མེད་ན་གཞན་རིག་ཀྱང་མེད་པས་མཐོང་ཐོས་ལ་སོགས་པའི་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་ཐལ་ལོ་ཞེ་ན། ལན་དུ། ཇི་ལྟར་མངོན་སུམ་གྱིས་མཐོང་བ་དང་ལུང་ལས་ཐོས་པ་དང་རྗེས་སུ་དཔག་སྟེ་ཤེས་པ་དག་{དང}། མ་བརྟགས་པར་སྣང་ཙམ་པོ་འདིར་ནི་དགག་པར་བྱ་བ་མིན་ཏེ། དེ་དག་དགག་པར་མི་ནུས་ཤིང་དགག་ཀྱང་མི་དགོས་པའི་ཕྱིར་རོ། །འོ་ན་ཅི་འགོག་ཞེ་ན། འདིར་ནི་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུར་གྱུར་པ། དངོས་པོ་ཀུན་ལ་བདེན་པར་འཛིན་ཅིང་ཞེན་པའི་རྟོག་པ་དེ་ཉིད་བཟློག་པར་བྱ་བ་ཡིན་ནོ། །མདོར་ན་རྣམ་བཤད་དུ། དོན་དམ་པར་མེད་ཀྱང་རང་རིག་པ་ཀུན་རྫོབ་ཏུ་ཡོད་པའི་དབང་གིས་དྲན་པའི་ཤེས་པ་སྐྱེ་བའི་ཕྱིར། ཞེས་གསུངས་པ་བཞིན་རང་རིག་འགོག་པ་ནི་དོན་དམ་པར་འགོག་པ་ཡིན་གྱི་བེམ་པོ་ལས་ལོག་ཙམ་ལ་ཐ་སྙད་དུ་རང་རིག་པར་འདོགས་པའི་ཚུལ་དེ་འགོག་པ་མ་ཡིན་ཏེ། དེ་བཀག་ན་རང་བློར་རང་ལ་ལྐོག་གྱུར་དུ་ཁས་ལེན་དགོས་པས་རང་གཞན་གྱི་བློ་ཤེས་པས་གཅོད་ཚུལ་ལ་ཁྱད་མེད་དུ་ཐལ་བ་དང་། རང་རྒྱུད་ལ་བློ་ཡོད་པའི་སྒྲུབ་བྱེད་མི་རིགས་པ་དང་། མཐར་དོན་རིག་གི་ཐ་སྙད་ཀྱང་རྒྱུན་ཆད་པར་འགྱུར་བ་སོགས་ཀྱི་གནོད་པ་མང་ངོ་། །དེས་ན་ཀུན་གཞི་སོགས་ཀྱང་དེ་དང་འདྲ་བས་ཚུལ་འདི་ཤན་ཕྱེད་པ་གལ་ཆེའོ། །ཡང་རྣམ་རྫུན་པ་རྣམས་ཀྱིས། སེམས་ལས་གཟུང་ཆ་ཡུལ་སྒྱུ་མ་ལྟ་བུ་འདི་གཞན་ཐ་དད་དུ་ཕྱི་དོན་གྱི་ངོ་བོར་གྲུབ་པ་མིན་ཞིང་། སེམས་ལས་གཞན་མིན་པར་ཏེ་དེ་གཉིས་གཅིག་པར་ཡང་མི་རྟག་{བརྟག}སྟེ་མཁའ་ལ་སྐྲ་ཤད་ཀྱི་སྣང་བ་ལྟར་གཞི་མེད་ཀྱི་སྣང་བ་ཙམ་དུ་འདོད་དེ་སེམས་ནི་རྣམ་པ་ཐམས་ཅད་དང་བྲལ་བའི་ཤེལ་སྒོང་དག་པ་བཞིན་དུ་གནས་སོ་ཞེ་ན། དེ་དགག་པ། ཁྱོད་སེམས་དངོས་པོར་འདོད་ན་ནི་ཇི་ལྟར་རྣམ་པ་དེ་གཞན་མིན་ཏེ། རྣམ་པ་དངོས་མེད་དུ་འདོད་པའི་ཕྱིར། དེ་གཉིས་གཞི་མཐུན་མི་སྲིད་དོ། །གནོད་པ་དེར་དོགས་ནས། སེམས་ལས་གཞན་མིན་ནོ་ཞེ་ན་སེམས་ཀྱང་དངོས་པོར་མེད་པར་ཐལ་ཏེ་རྣམ་པ་དངོས་མེད་དང་གཅིག་ཡིན་པའི་ཕྱིར་རོ། །ཡང་དེ་དག་སེམས་དངོས་པོར་མེད་ན་ལྟ་བྱེད་དུ་མི་རུང་སྙམ་ན། ཇི་ལྟར་ཁྱེད་ཅག་གིས་སྒྱུ་མ་ལྟ་བུའི་ཕྱི་དོན་བདེན་པ་མིན་ཡང་། བལྟ་བྱ་ཡིན་པར་འདོད་པ་དེ་བཞིན་དུ་ལྟ་བྱེད་ཀྱི་ཡིད་ཀྱང་སྒྱུ་མ་ལྟ་བུར་འཐད་དོ། །གོང་དུ་དགག་པ་དང་འདིར་སྒྲུབ་པའི་ཚུལ་གྱིས་སོ། །ཡང་དེ་དག་ན་རེ། གལ་ཏེ་གཉིས་སྣང་འཁོར་བ་ནི་འཁྲུལ་གཞི་གཉིས་མེད་ཀྱི་ཤེས་པ་སེམས་དངོས་པོར་གྲུབ་པའི་རྟེན་ཅན་ཡིན་གྱི། དེ་ནི་རྟེན་སེམས་དངོས་པོ་ཡོད་པ་ལས་གཞན་དུ་གྱུར་ན་ནམ་མཁའ་དང་འདྲ་བར་ཅི་ཡང་མེད་པར་འགྱུར་ཏེ་གཟུང་འཛིན་གྱི་དངོས་པོར་སྣང་བ་གང་ཡང་འབྱུང་མི་རིགས་ཏེ་རྟེན་གཞི་མེད་པས་འཇིམ་པ་མེད་པའི་བུམ་པ་བཞིན་ནོ་ཞེ་ན། དེ་དགག་པ། དེ་འདྲའི་འཁོར་བ་དངོས་མེད་ལ་དོན་བྱེད་པས་སྟོང་པའི་ཕྱིར། དེ་ཉིད་སེམས་དངོས་པོར་གྲུབ་པ་ལ་བརྟེན་པར་གྱུར་པས་ཀྱང་ནི། འཆིང་གྲོལ་གྱི་དོན་བྱེད་པ་དང་ལྡན་པར་ཇི་ལྟར་འགྱུར་ཏེ་རི་བོང་གི་རྭ་ལག་པ་ལ་བརྟེན་ནས་ཀྱང་ས་རྐོ་བ་མི་སྲིད་པ་བཞིན་ནོ། །འདིར་དངོས་མེད་ཅེས་པ་བདེན་དངོས་མེད་ཀྱང་སྣང་བར་ཤིན་ཏུ་འཐད་པ་མ་རྟོགས་ནས་དངོས་སྨྲ་བ་རྣམས་ཀྱིས་གཏན་མེད་ལྟ་བུར་བཟུང་བ་ལ་ལན་འདེབས་པའི་ཚུལ་ལོ། །དེ་ལྟར་འཁོར་བ་དངོས་མེད་དང་སེམས་དངོས་པོ་གཉིས་ནམ་ཡང་མི་འབྲེལ་བས་ན་སེམས་ཙམ་པ་ཁྱོད་ཀྱི་སེམས་ནི་གྲོགས་གཟུང་བ་མེད་པར། རང་རིག་རང་གསལ་གཅིག་པུ་ཉིད་དུ་འགྱུར་བ་ཡིན་ལ། གང་གི་ཚེ་དེ་ལྟར་སེམས་དེ་ནི་གཟུང་བ་དང་བྲལ་བ། དེ་ཡི་ཚེ་འཛིན་པས་ཀྱང་སྟོང་པས་གཉིས་སྟོང་གི་དེ་ཁོ་ན་ཉིད་མངོན་དུ་གྱུར་པས་ན། སེམས་ཅན་ཐམས་ཅད་ཐོག་མ་ནས་དེ་བཞིན་གཤེགས་པར་འགྱུར་བས་ལམ་ལ་ལྟོས་པར་མེད་པར་ཐལ་ལོ། །དེ་ལྟ་བུ་ཡིན་ན་ཡང་ཆོས་ཐམས་ཅད་སེམས་ཙམ་དུ་བརྟགས་ཤིང་གྲུབ་མཐའ་བཞག་པ་ལ་ཡོན་ཏན་ཅི་ཞིག་ཡོད་དེ་གཉིས་སྣང་དགག་མི་དགོས་ཤིང་གཉིས་སྟོང་སྒྲུབ་མི་དགོས་པའི་ཕྱིར་རོ། །ལམ་སྟོང་ཉིད་ལ་རྩོད་པ་སྤོང་བ་ནི། ཡང་ཁ་ཅིག་གིས། ཕྱི་ནང་གི་དངོས་པོ་འདི་དག་སྒྱུ་མ་ལྟ་བུར་ཤེས་ན་ཡང་། དེས་ཇི་ལྟར་ཉོན་མོངས་པ་ཆགས་སོགས་ལྡོག་པར་འགྱུར་ཏེ། གང་གི་ཚེ་སྒྱུ་མ་མཁན་རང་གིས་སྤྲུལ་པའི་སྒྱུ་མའི་བུད་མེད་ལ། སྒྱུ་མའི་སྣང་བར་ཤེས་ཀྱང་དེ་བྱེད་པ་པོ་སྒྱུ་མ་མཁན་རང་ཉིད་ཀྱང་ཆགས་པ་སྐྱེ་བར་འགྱུར་བའི་ཕྱིར་ཞེ་ན། ལན་དུ། དེ་ཉིད་བྱེད་པ་པོ་སྒྱུ་མ་མཁན་ནི་ཡུལ་བུད་མེད་སོགས་ཤེས་བྱ་གང་ལ་ཡང་། ཆགས་སོགས་ཉོན་མོངས་པའི་ས་བོན་ནམ་བག་ཆགས་མ་སྤངས་པ་སྟེ། དེས་བདག་གཉིས་སུ་འཛིན་པའི་ཀུན་རྟོག་ལ་གཉེན་པོ་ཡེ་ཤེས་ཀྱིས་ཉམས་སྨད་པར་མ་བྱས་པའི་ཕྱིར། དེས་ན་ཡུལ་སྒྱུ་མའི་བུད་མེད་དེ་མཐོང་བ་ན་སྒྱུ་མ་མཁན་དེ། སྟོང་པ་ཉིད་ཀྱི་བག་ཆགས་ཉམ་ཆུང་བ་ཉིད་ཀྱིས་ཏེ། དེའི་རྒྱུད་ལ་བདེན་འཛིན་དང་དངོས་སུ་འཛིན་སྟངས་འགལ་བའི་སྟོང་ཉིད་མེད་པས་ཡིན་ལ། ཕྱི་རོལ་གྱི་བུད་མེད་དངོས་ཀྱིས་སྟོང་པར་མཐོང་བ་དེས་ཀྱང་དོན་གཉེར་གྱི་བློ་མི་སྐྱེ་བ་ཡིན་ནོ། །དེས་ན་འདོད་པའི་རྩ་བ་ནི་ཀུན་རྟོག་གི་སྤྲོས་པ་ཡིན་པས། དེ་སྟོང་ཉིད་ཀྱིས་འགོག་པར་འགྱུར་ཏེ། ཀུན་བཏགས་རྣམས་བདེན་པ་མཐོང་ཙམ་དང་། ལྷན་སྐྱེས་ཀྱི་ཆ་རྣམས་གཉེན་པོ་རྒྱུད་ལ་གོམས་པ་ལས་རིམ་གྱིས་སྤོང་ཞིང་མཐར་བློ་གཉེན་པོའི་ངང་ཚུལ་ཅན་དུ་གྱུར་པ་ན་ས་བོན་གཏན་ནས་སྤང་བར་འགྱུར་ཏེ། ཉི་མའི་དཀྱིལ་འཁོར་ལ་མུན་པ་གཏན་མི་གནས་པ་བཞིན་ནོ། །འོ་ན་དངོས་པོར་མངོན་ཞེན་དང་། སྟོང་ཉིད་དུ་མངོན་པར་ཞེན་པ་གཉིས་ཀའང་ཀུན་རྟོག་གི་སྤྲོས་པ་ལས་མ་འདས་ན་ཁྱོད་ཀྱིས་ཀུན་རྟོག་ཇི་ལྟར་འགོག་ཅེ་ན། དངོས་ཀུན་རང་བཞིན་མེད་པའི་སྟོང་ཉིད་ཀྱི་བག་ཆགས་གོམས་པས་ནི། དེ་དང་འཛིན་སྟངས་འགལ་བའི་དངོས་པོའི་བག་ཆགས་སམ་མངོན་ཞེན་ཡོངས་སུ་སྤོང་བར་འགྱུར་ཞིང་། དེའི་ཚེ་དངོས་མེད་དུ་འཛིན་པ་དེའང་གཞན་བསལ་བའི་རྟོག་པ་ཙམ་ལས་དངོས་པོའི་གནས་ཚུལ་ཡང་དག་ཏུ་གྲུབ་པ་མེད་པར་རྟེན་འབྱུང་གི་རིགས་པས་གཏན་ལ་ཕབ་ནས། དངོས་དངོས་མེད་ཅི་ཡི་ངོ་བོར་ཡང་བདེན་པར་གྲུབ་པ་མེད་ཅེས་གོམས་པས་ནི། མེད་པར་ཞེན་པ་དེ་ཡང་ཕྱིས་ནས་སྤོང་བར་འགྱུར་ཏེ། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །བྱང་ཆུབ་སེམས་དཔའ་གང་གིས་འདི་ཤེས་ངེས་པར་འབྱུང་། །ཞེས་དང་། ཀུན་རྟོག་ཐམས་ཅད་སྤང་བའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་མཛད་དེ། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཡང་ཁྱོད་ཀྱིས་སྤངས་པ་ལགས། །ཞེས་གསུངས། དེས་ན་མེད་པ་ཙམ་གནས་ལུགས་མཐར་ཐུག་མ་ཡིན་ཏེ། གང་ཚེ་གཟུགས་སོགས་དངོས་པོ་གང་ཞིག་མེད་དོ་ཞེས། བརྟག་བྱའི་དངོས་པོ་དེ་ཐ་སྙད་དུ་རང་གི་ངོ་བོས་སྐྱེ་བ་སོགས་སུ་མི་དམིགས་པ། དེ་ཡི་ཚེ་དེ་ལ་བརྟེན་པའི་དངོས་མེད་ཀྱང་རྟེན་དངོས་པོ་དང་བྲལ་བས་ན། བློ་ཡི་མདུན་ན་དམིགས་གཏད་ཀྱི་ཡུལ་དུ་ཇི་ལྟར་གནས་ཏེ། མོ་གཤམ་གྱི་བུ་སྐྱེ་བ་མེད་ན་ཤི་བའང་མི་དམིགས་པ་བཞིན་ནོ། །དེས་ན་མེད་པ་ནི་ཡོད་པ་ལ་བརྟེན་ནས་བཞག་པ་ཙམ་སྟེ། ལྟོས་མེད་དུ་ངོ་བོས་གྲུབ་པ་མེད་དོ། །མདོར་ན་ཡོད་མེད་སོགས་མཐའ་གང་རུང་རེ་བཀག་ནས་ཅིག་ཤོས་སྒྲུབ་པ་མ་ཡིན་ཏེ་མཐའ་ཐམས་ཅད་བཀག་ནས་མཐར་དགག་སྒྲུབ་དང་བྲལ་བའི་ཆོས་ཉིད་དེ་བཞིན་ཉིད་ལ་འཇུག་པའི་ཕྱིར། གདོད་ནས་སྐྱེ་བ་མེད་བཞིན་དུ་སྣང་བའི་སྟོང་པ་དང་རྟེན་འབྱུང་ཡེ་ནས་འདུ་འབྲལ་མེད་པའི་ཆོས་ཉིད་མཉམ་པ་ཆེན་པོ་ལ་ངེས་ཤེས་གཏིང་ནས་རྙེད་པའི་ཐབས་ལ་བརྩོན་པར་བྱའོ། །དེས་ན་དུས་གང་གི་ཚེ་དངོས་པོ་དང་དངོས་པོ་མེད་པ་དག གང་ཡང་བློ་ཡི་མདུན་ན་མི་གནས་པ། དེ་ཡི་ཚེ་དེ་ལས་གཞན་བདེན་པར་གྲུབ་པའི་རྣམ་པ་གཞན་གཉིས་ཡིན་དང་གཉིས་མིན་གྱི་ཕུང་གསུམ་པ་མེད་པས་ན། བདེན་འཛིན་གྱི་དམིགས་པ་ཡི་གཏད་སོ་མཐའ་དག་མེད་པར་སྤྲོས་པ་མ་ལུས་པ་རབ་ཏུ་ཞི་བ་ཡིན་ཏེ་སོ་སོ་རང་རིག་པའི་ཡེ་ཤེས་ཙམ་གྱིས་རབ་ཏུ་ཕྱེ་བ་སྨྲ་བསམ་བརྗོད་དུ་མེད་པ་ནམ་མཁའི་དཀྱིལ་ལྟ་བུའི་མཉམ་པ་ཉིད་དོ། །དེ་ལྟར་ཡང་ལང་ཀར་གཤེགས་པ་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །དེ་ལྟར་འཇིག་རྟེན་ནམ་མཐོང་ན། །དེ་ཚེ་སེམས་ཀྱང་རྣམ་ལྡོག་སྟེ། །བདག་མེད་པར་ཡང་རྟོགས་པར་འགྱུར། །ཞེས་གསུངས། དེས་ན་གནས་ལུགས་མཐར་ཐུག་པ་དེ་ལྟ་བུ་ཡིན་པའི་ཕྱིར། །ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང་། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་གསུངས་ཏེ་དངོས་དང་དངོས་མེད་དུ་ཞེན་པའི་ཚུལ་ཀུན་བཟློག་པའི་ཕྱིར་སྟོང་ཉིད་བཅུ་དྲུག་ཏུ་གསུངས་པ་ལྟ་བུ་སྟེ་སྤྲོས་པ་མཐའ་དག་ཁེགས་པའི་ཟུང་འཇུག་ཆོས་ཀྱི་དབྱིངས་དེ་ནི་ཐེག་པ་ཆེན་པོའི་རྟོགས་རིགས་ཁྱད་པར་ཅན་ཡིན་པར་ཤེས་པར་བྱའོ། །དེས་ན་དེ་ལྟ་བུའི་སྟོང་པ་ཉིད་ཀྱིས་ནི་སྤྲོས་པ་མཐའ་དག་ཆོས་དབྱིངས་སུ་ནུབ་ནས་སྒྲིབ་གཉིས་ཡོངས་སུ་སྤངས་ཤིང་མི་གནས་པའི་མྱང་འདས་ཐོབ་པར་བྱེད་དེ། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་སོ། །འབྲས་བུ་གཞན་དོན་ལ་རྩོད་སྤོང་ནི། དེ་ལྟར་རྣམ་རྟོག་ཐམས་ཅད་དབྱིངས་སུ་ནུབ་པའི་སངས་རྒྱས་ཀྱི་ས་ན་འབད་རྩོལ་གྱི་སྤྲོས་པ་མི་མངའ་བས་དེས་སེམས་ཅན་གྱི་དོན་ཇི་ལྟར་མཛད་སྙམ་ན། དཔེར་ན་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་སོགས་ལ་འབད་རྩོལ་གྱི་རྣམ་རྟོག་མེད་ཀྱང་། ཇི་ལྟར་སེམས་ཅན་གྱི་འདོད་པའི་རེ་བ་ཡོངས་སུ་སྐོང་བ་དེ་བཞིན་དུ་གདུལ་བྱར་སྔོན་གྱི་སྨོན་ལམ་གྱི། དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །འདིར་སྨོན་ལམ་གཙོ་བོར་སྟོན་པ་ནི། དེ་བཞིན་གཤེགས་པའི་སྐུ་དང་འཁོར་དང་ཞིང་ལ་སོགས་པ་སྣ་ཚོགས་པར་སྣང་བའི་རྒྱུའི་གཙོ་བོ་ནི་སྔོན་སློབ་ལམ་དུ་སྨོན་ལམ་གང་བཏབ་པའི་ལྷན་ཅིག་བྱེད་རྐྱེན་ལས་སྣང་བའི་དབང་གིས་ཡིན་ཏེ། དོན་དུ་བདེ་གཤེགས་སྙིང་པོ་ཡང་དག་པའི་མཐའ་ཆོས་ཀྱི་དབྱིངས་སྣང་སྟོང་ཟུང་འཇུག་དེ་བཞིན་ཉིད་དེ་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པའི་དབང་གིས་དག་པ་མངོན་དུ་གྱུར་པའི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྐུ་ཡིན། སྐུ་དེ་ཉིད་གདུལ་བྱའི་སྐལ་བ་དང་འཚམ་པར་སྔོན་གྱི་སྨོན་ལམ་གྱི་དབང་གིས་སྣང་བ་སྟེ། དེ་ཡང་འབད་རྩོལ་དང་རྣམ་རྟོག་གི་གཡོ་བ་མེད་པར་འབྱུང་བ་ནི། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་དང་རྒྱུད་བླ་མ་ནས་གསུངས་པའི་དཔེ་ལྷག་མ་རྣམས་ཀྱིས་ཀྱང་མཚོན་ཏེ་ཤེས་པར་བྱའོ། །ཡང་བྱང་སེམས་ཀྱི་སྨོན་ལམ་སངས་རྒྱས་ཀྱི་ས་ན་འགགས་པས་དེའི་ཚེ་དོན་བྱེད་པར་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། དཔེར་ན་རིགས་སྔགས་མཁན་གྱིས་ནམ་མཁའ་ལྡིང་གི་ནི། མཆོད་སྡོང་ས་རྡོ་སོགས་ལས་བསྒྲུབས་ནས་བྱིན་གྱིས་བརླབས་ཏེ་བྱེད་པོ་དེ་ཉིད་འདས་པར་གྱུར་པ་ན། དེ་འདས་ནས་ཀྱང་དུས་ཡུན་རིང་ལོན་ཡང་མཆོད་སྡོང་དེ་ཡིས། ཀླུ་ཡི་དུག་དང་གདོན་ལ་སོགས་པ་ཞི་བར་བྱེད་པ་བཞིན་དུ། སྔོན་སློབ་ལམ་དུ་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་ཚོགས་གཉིས་ཀྱི་སྤྱོད་པའི་རྗེས་སུ་མཐུན་པར། རྒྱལ་བའི་མཆོད་སྡོང་བསྒྲུབས་པ་ཡང་། སྒྲུབ་མཁན་བྱང་ཆུབ་སེམས་དཔའ་དེ་མི་གནས་པའི་དབྱིངས་སུ་མྱ་ངན་ལས་འདས་ཏེ་ད་ལྟར་འབད་རྩོལ་གྱི་སྤྲོས་པ་མེད་ཀྱང་གདུལ་བྱའི་དོན་རྣམས་ཐམས་ཅད་མཛད་པ་ཡིན་ནོ། །ཡང་། ཕན་ཚུན་མཆོད་པ་དང་ལེན་པའི་བསམ་པས་མཆོད་ན་བསོད་ནམས་འབྱུང་ཡང་། སངས་རྒྱས་ལ་རྣམ་པར་རྟོག་པའམ་སེམས་མེད་པ་ཡིན་ན་དེ་ལ་མཆོད་པ་བྱས་པས། ཇི་ལྟར་ན་བསོད་ནམས་ཀྱི་འབྲས་བུ་དང་ལྡན་པར་འགྱུར་ཞེ་ན། སེམས་མེད་པ་ལ་མཆོད་པའི་འབྲས་བུ་མེད་ན་རིང་བསྲེལ་ཅན་གྱི་མཆོད་རྟེན་ལའང་མཚུངས་མོད་གང་གི་ཕྱིར་སངས་རྒྱས་དངོས་སུ་བཞུགས་པའམ་དེ་མྱ་ངན་ལས་འདས་པའི་རིང་བསྲེལ་མཆོད་ན་བསོད་ནམས་མཚུངས་པ་ཉིད་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གང་ཞིག་བཞུགས་ལ་མཆོད་པ་དང་། །གང་ཡང་མྱ་ངན་འདས་པ་ཡིས། །རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་པ། །སེམས་ཀྱང་མཚུངས་ལ་འབྲས་བུ་མཚུངས། །ཞེས་བཤད་པའི་ཕྱིར་རོ། །དེས་ན་སངས་རྒྱས་དང་མཆོད་པའི་བསོད་ནམས་གཉིས་ངེད་ཀུན་རྫོབ་སྒྱུ་མ་ཙམ་དུ་འདོད་པའམ་ནི་ཁྱེད་དེ་ཁོ་ན་ཉིད་དོན་དམ་དུ་འདོད་པའང་རུང་སྟེ་སངས་རྒྱས་དེ་ལ་མཆོད་པའི་འབྲས་བུ་ལུང་ཚད་མ་ལས་ཡིད་ཆེས་པར་བྱ་བ་ཡིན་ཏེ། དཔེར་ན་ཁྱོད་བདེན་པའི་སངས་རྒྱས་མཆོད་པ་ལ། ཇི་ལྟར་འབྲས་བུར་བཅས་པར་ཁས་ལེན་པའང་ལུང་ལས་ཡིན་པ་བཞིན་ནོ། །རྗོད་བྱེད་ཐེག་ཆེན་ལ་རྩོད་པ་སྤོང་བ་ནི། ཉན་ཐོས་མངོན་པའི་ང་རྒྱལ་ཅན་དག་ན་རེ། བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་མངོན་དུ་མཐོང་བ་དེ་ཁོ་ན་གོམས་པས་རྣམ་པར་གྲོལ་བ་དགྲ་བཅོམ་གྱི་འབྲས་བུ་ཐོབ་པར་འགྱུར་གྱི། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་མཐོང་བས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ་ཞེ་ན། ལན་དུ་སྟོང་ཉིད་རྟོགས་དགོས་པའི་རྒྱུ་མཚན་གང་གི་ཕྱིར་ན་བཅོམ་ལྡན་འདས་ཀྱི་ལུང་ལས། འཇམ་དཔལ་སྟོང་པ་ཉིད་ཡིད་ལ་བྱེད་པས་བྱང་ཆུབ་གསུམ་པོ་འཐོབ་པ་འདི་ནི་གནས་ཡོད་ཅིང་སྐབས་ཡོད་དེ། འཇམ་དཔལ་དངོས་པོའི་འདུ་ཤེས་ཅན་གྱིས་ནི་བྱང་ཆུབ་གསུམ་ཐོབ་པའི་གནས་མེད་སྐབས་མེད་དོ། །ཞེས་སྟོང་ཉིད་མཐོང་ཞིང་སྒོམ་པའི་ལམ་འདི་ནི་མེད་པར་དངོས་པོའི་འདུ་ཤེས་ཅན་ལ་ཐར་པ་བྱང་ཆུབ་གསུམ་གང་ཡང་རུང་བ་མེད་པར་གསུངས་པའི་ཕྱིར་རོ། །དེ་དག་ན་རེ། ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ་བདུད་ཀྱི་མཐུ་ལས་རྟོག་གེ་པས་བྱས་པའི་ཚིག་ཡིན་པས་ལུང་ཚད་མར་མ་གྲུབ་ཅེ་ན། ལན་དུ། གལ་ཏེ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་པར་མ་གྲུབ་ན། ཉན་ཐོས་པ་ཁྱོད་ཀྱི་ལུང་རྣམས་ནི་བཀར་ཇི་ལྟར་གྲུབ། ཅེས་དྲིའོ། །དེ་དག་ན་རེ། དེ་གང་གི་ཕྱིར་ན་ཁྱེད་ཐེག་ཆེན་པ་དང་ངེད་ཉན་ཐོས་པ་གཉིས་ཀ་ལ་ངེད་ཀྱི་ལུང་འདི་ཚད་མར་གྲུབ་པའི་ཕྱིར་རོ་ཞེ་ན། ལན་དུ་འོ་ན་དང་པོ་ཁྱོད་ལ་སྐྱེས་མ་ཐག་པ་སོགས་སུ་ཐེག་དམན་གྱི་ལུང་འདི་ཚད་མར་མ་གྲུབ་སྟེ་ལུང་དང་སྐྱེས་བུ་རང་བཞིན་གྱིས་འབྲེལ་བ་མེད་པའི་ཕྱིར། དེ་དག་ན་རེ། ཁོ་བོ་ལ་དང་པོ་ནས་མ་གྲུབ་ཀྱང་ཡིད་ཆེས་སུ་རུང་བའི་བླ་མ་བརྒྱུད་པ་ལས་ཐོས་ཤིང་། འདུལ་བ་ལ་སྣང་། མདོ་སྡེ་ལ་འཇུག མངོན་པའི་ཆོས་ཉིད་དང་མི་འགལ་བར་ཡང་དག་པའི་ལམ་སྟོན་པའི་ལུང་དུ་རིགས་པས་གྲུབ་པའི་རྐྱེན་གང་གིས་ནི་ཐེག་དམན་དེར་སངས་རྒྱས་ཀྱི་བཀའ་ཡིན་པར་ཡིད་ཆེས་སོ་ཞེ་ན། དེ་འདྲ་བའི་ཡིད་ཆེས་སུ་རུང་བའི་རྐྱེན་དེ་ནི་ཐེག་ཆེན་ལ་ཡང་ཐེག་དམན་ལས་གོང་འཕེལ་གྱི་ཚུལ་དུ་ཡོད་པས་མཚུངས་ཏེ། མདོ་སྡེ་རྒྱན་ལས། རང་གི་ཉིད་ལ་འཇུག་པ་དང་། །རང་གི་གདུལ་ལའང་སྣང་ཕྱིར་དང་། །ཟབ་པ་དང་ནི་རྒྱ་ཆེའི་ཕྱིར། །ཆོས་ཉིད་དང་ནི་འགལ་བ་མེད། །ཅེས་གསུངས་པ་བཞིན་ནོ། །གལ་ཏེ་གང་ཟག་གཞན་གང་ཡང་རུང་བ་གཉིས་ཀྱི་ཚད་མར་འདོད་པས་ལུང་དེ་བདེན་པ་ཡིན་པར་འདོད་ན་ནི། ཕྱི་རོལ་པའི་རིག་བྱེད་སོགས་ཀྱང་བདེན་པར་འགྱུར་ཏེ། དེ་ཉིད་ཁས་ལེན་པ་དུ་མ་ཡོད་པའི་ཕྱིར་རོ། །ཡང་དེ་དག་ན་རེ། ཐེག་དམན་ལ་བཀའ་ཡིན་མིན་དུ་རྩོད་པ་མེད་ལ་ཐེག་ཆེན་ནི་རྩོད་པ་དང་བཅས་པའི་ཕྱིར་བཀའ་མ་ཡིན་ནོ་ཞེ་ན། ལན་དུ་འོ་ན་སངས་རྒྱས་པའི་ལུང་སྤྱི་ལ་མུ་སྟེགས་པ་རྣམས་ཀྱིས་རྩོད་པ་དང་། ཉན་ཐོས་རྩ་བའི་སྡེ་བ་ལས་གྱེས་པའི་ལུང་གཞན་དག་ལ་ཡང་རང་སྡེ་དང་གཞན་སྡེ་དག ཕན་ཚུན་རྩོད་པ་དང་བཅས་པ་ཡིན་པའི་ཕྱིར་ཐེག་དམན་རང་ཡང་ཁྱོད་ཀྱིས་དོར་བྱར་འགྱུར་རོ། །གཞན་ཡང་སངས་རྒྱས་ཀྱི་བསྟན་པ་གནས་པའི་རྩ་བ་ཡང་དག་པའི་དགེ་སློང་ཉིད་ཡིན་ན་ཡང་། སེམས་དམིགས་པ་དང་བཅས་ཏེ་སྟོང་ཉིད་མ་རྟོགས་ན་དོན་དམ་པའི་དགེ་སློང་མཆོག་དགྲ་བཅོམ་པ་ཉིད་ཀྱང་ཡོད་དཀའ་བར་གནས་ཏེ། དེས་ཉོན་མོངས་རྩད་ནས་མི་སྤོང་བས་སོ། །གཞན་བསྙེན་པར་རྫོགས་པའི་དགེ་སློང་ལའང་སྡེ་བ་སོ་སོའི་འདོད་པ་མི་མཐུན་པ་སོགས་ཀྱིས་རྩོད་པ་དང་བཅས་པའི་ཕྱིར་ཞེས་སྔར་བསྟན་པའི་ཤུགས་ལས་སོ། །དེ་དག་ན་རེ། ཅིའི་ཕྱིར་ཉོན་མོངས་སྤོང་བའི་དགེ་སློང་མེད་དེ་སྟོང་པ་ཉིད་མེད་ཀྱང་བདེན་པ་མཐོང་བ་ཡོད་པས་སོ་ཞེ་ན། དེ་ལ་བདེན་བཞིའི་མི་རྟག་སོགས་གཙོ་བོ་མ་ཡིན་ལ། ལམ་གྱི་གཙོ་བོ་ཉོན་མོངས་རྩ་བ་ནས་སྤོང་བའི་དངོས་གཉེན་ནི་བདག་མེད་རྟོགས་པའི་ཤེས་རབ་ཡིན་པས། དེ་ཉིད་སྤངས་ནས། སེམས་ནི་དམིགས་པ་དང་བཅས་པ་རྣམས་ཀྱིས་ནི་མྱ་ངན་ལས་འདས་པའང་ཐོབ་དཀའ་བར་གནས་ཏེ་བདག་ཏུ་འཛིན་པ་དྲུང་ནས་མ་ཕྱུང་བར་ཉོན་མོངས་སྤོང་པའི་ཐབས་མེད་ལ། དེ་དྲུང་ནས་འབྱིན་པ་ལ་ཡུལ་སྟོང་པར་མཐོང་བ་ཁོ་ན་ལས་གཞན་རྩད་ནས་ལྡོག་ཐབས་མི་སྲིད་དེ། ཡུལ་ཡོད་པར་ཞེན་པའི་བག་ཆགས་མ་སྤངས་པར་རེ་ཞིག་བསམ་གཏན་ལྟ་བུས་མགོ་མནན་ཀྱང་སླར་སྐྱེ་བ་འདུ་ཤེས་མེད་པའི་སྙོམས་འཇུག་བཞིན་ནོ། །དེས་ན་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་བདག་རང་བཞིན་གྱིས་གྲུབ་པ་མེད་པའི་སྟོང་པ་ཉིད་ཁོང་དུ་ཆུད་པའི་བདེན་པ་མཐོང་བ་ལས་ཉོན་མོངས་སྤོང་གི་གཞན་དུ་ན་དེ་མི་འཐད་དོ། །དེ་ལ་ཆོས་དང་གང་ཟག་གི་བདག་མེད་པ་གཉིས་པོ་ཡང་སྟོང་གཞི་ཆོས་ཅན་གྱི་སྒོ་ནས་དབྱེ་བ་ཙམ་ལས་སྟོང་ཚུལ་ལ་ཁྱད་པར་མེད་དེ། གང་ཟག་གི་བདག་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་འདི་ལ་རང་གི་ངོ་བོས་གྲུབ་པ་མེད་པ་ནི་གང་ཟག་གི་བདག་མེད་ཡིན་ལ། ཡན་ལག་ལ་སོགས་པའི་ཚོགས་པ་ལ་བརྟེན་ནས་བཏགས་པའི་ལུས་དང་བུམ་པ་སོགས་ཕུང་པོ་རྣམས་ཀྱང་རང་རང་གི་ངོ་བོས་སྟོང་པ་ནི་ཆོས་ཀྱི་བདག་མེད་དེ། ཆོས་ཀྱི་བདག་འཛིན་ནི་རྨོངས་པ་སྤྱི་དང་། གང་ཟག་གི་བདག་འཛིན་ནི་དེའི་བྱེ་བྲག་དང་། ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་ནི་སྤྱི་ཡིན་ལ། གང་ཟག་གི་བདག་མེད་རྟོགས་པའི་མཁྱེན་པ་ནི་དེའི་བྱེ་བྲག་ཏེ་འཁོར་བའི་རྒྱུའི་གཉེན་པོ་ལོགས་སུ་ཕྱེ་བ་ཙམ་ཡིན་པས་སྟོང་ཚུལ་ལ་ཁྱད་པར་མེད་དོ། །དེས་ན་བདག་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་གྱི་སྟོང་པར་ཁོང་དུ་མ་ཆུད་པར། ཕུང་པོ་ཉིད་ནི་ངེས་པར་ཡོད་ཀྱི་ཕུང་པོ་འདི་ལ་དབང་བྱེད་པའམ། བདག་པོར་གྱུར་པའི་བདག་རྟག་གཅིག་རང་དབང་བ་དེ་འདྲ་མེད་པར་ཤེས་ཀྱང་དེས་ངར་འཛིན་ཕྲ་བ་མི་སྤོང་སྟེ། དེའི་ཕྱིར་བདག་དངོས་པོར་གྲུབ་པ་མེད་པའི་སྟོང་པ་ཉིད་མ་མཐོང་བར་དུ་རྟག་བདག་སྤངས་ཀྱང་རུང་ཇི་སྲིད་རང་རྒྱུད་ཀྱི་ཕུང་པོར་དེར་འཛིན་ཡོད་པ་དེ་སྲིད་དུ་ངར་འཛིན་ལྡོག་པར་མི་འགྱུར་ཏེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་སོ། །འདི་ལ་གང་ཟག་གི་བདག་རང་མཚན་གྱིས་གྲུབ་པ་མེད་པའི་སྟོང་པ་ཉིད་མ་གཏོགས་རྟག་བདག་སོགས་མེད་པར་བལྟས་ཀྱང་། ཇི་སྲིད་ཕུང་པོར་འཛིན་པ་དེས་བདག་འཛིན་ལྡོག་ཏུ་མི་བཏུབ་ཅེས་པའི་དོན་ཡིན་གྱི་གཞན་དུ་བཤད་པ་ཇི་སྙེད་ཀླུ་སྒྲུབ་དང་ཟླ་བའི་དགོངས་པ་ནི་མིན་ནོ། །འཇུག་པར་ཡང་། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤངས་ཤིང་། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེ་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་གྱུར་ཉིད་དོ། །ཞེས་བཞད་གད་ཀྱི་གནས་སུ་གསུངས། དེས་ན་འདིར་ཆོས་དང་གང་ཟག་གི་བདག་མེད་ལ་ཁྱད་པར་ཆེན་པོ་ཡོད་པར་བརླམས་ནས་ཆོས་བདག་མེད་སྟོང་པ་ཉིད་ནི་མི་དགོས་པར་གང་ཟག་གི་བདག་མེད་ཁོ་ནས་གྲོལ་བར་འདོད་པ་རྣམས་ཀྱི་ཞེ་འདོད་ནི། གང་ཡོད་པར་གྱུར་པའི་དངོས་པོ་ནི་སྟོང་པ་མ་ཡིན་ལ། གང་གཏན་ནས་ཡོད་མ་མྱོང་བ་བདག་ནི་རི་བོང་གི་རྭ་བཞིན་དུ་དོན་ལ་མེད་པ་ཞིག་སྟེ་དེའི་ཕྱིར་ཆོས་བདག་མེད་འདིས་ཅི་བྱ་སྙམ་དུ་གང་ཟག་གི་བདག་བརྟེན་ནས་བཏགས་པའི་ངོ་བོ་ཉིད་དུ་མ་ཤེས་པར་རྩོད་པའོ། །ལེགས་པར་བརྟགས་ན་དེ་གཉིས་ཀའང་བརྟེན་ནས་བཏགས་པའི་སྟོང་ཉིད་ཙམ་དུ་གཅིག་པས་ན་དེ་ལ་དགོངས་ནས་ཉན་རང་ལ་ཆོས་ཀྱི་བདག་མེད་དམ་སྟོང་ཉིད་རྟོགས་པ་ཡོད་པར་གསུངས་པ་སྟེ། དེ་མེད་ན་ཉོན་མོངས་ཀྱང་སྤོང་མི་ནུས་པར་རིགས་པས་བསྒྲུབས་པའོ། །འོན་ཀྱང་དེས་ཕུང་སོགས་ཤེས་བྱ་མཐའ་དག་ནི་སྟོང་པར་རྟོགས་པ་མ་ཡིན་ཏེ། རྟོགས་ན་གྲུབ་མཐའ་འོག་མ་ལས་གོང་མ་འཕགས་པའི་ཁྱད་པར་མི་འཐད་པ་དང་། ཉན་རང་གི་སྟོང་པར་མཐོང་བ་དེ་ལས་བོགས་དབྱུང་དུ་མེད་པའི་ཕྱིར་ཐེག་པ་ཆེན་པོ་ལས་ཆུང་ངུ་དང་། གྲུབ་མཐའ་གོང་མ་ལས་འོག་མ་ལམ་མྱུར་ཞིང་ཟབ་པ་དང་། རྟོགས་པའི་ཡེ་ཤེས་ཡོད་ཀྱང་དེས་སྤང་བྱ་མི་སྤོང་བ་སོགས་ཀྱི་སྐྱོན་དུ་འགྱུར་ཞིང་། མདོ་ལས་ཀྱང་། ཆོས་ལ་བདག་མེད་མཁས་པ་ཡིས། །སངས་རྒྱས་རྣམས་དང་སངས་རྒྱས་སྲས། །བདེ་བར་གཤེགས་པའི་གནས་ཐོབ་སྟེ། །མངོན་སངས་རྒྱས་ཤིང་ཆོས་སྟོན་ཏོ། །ཕུང་པོ་གང་ཟག་བདག་མེད་པར། །རབ་ཏུ་རྣམ་ཕྱེ་མཐོང་གྱུར་ཅིང་། །ཆོས་ཀྱི་དངོས་ཡོད་མ་བཤིག་པར། །ཉན་ཐོས་དེ་དག་མངོན་རྟོག་འགྱུར། །ཞེས་དང་། འཇུག་པ་རང་འགྲེལ་ལས། བདག་མེད་པ་གཉིས་པོ་འདི་ནི་བཅོམ་ལྡན་འདས་ཀྱིས་འགྲོ་བ་རྣམ་པར་དགྲོལ་བར་བྱ་བའི་ཕྱིར་དུ་ཉེ་བར་བསྟན་ཏོ། །དེ་ལ་གང་ཟག་གི་བདག་མེད་པ་ནི། རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམ་པར་དགྲོལ་བར་བྱ་བའི་ཕྱིར་བསྟན་ལ། བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པས་རྣམ་པར་དགྲོལ་བར་བྱ་བའི་ཕྱིར་ནི་གཉིས་ཀ་བསྟན་ཏོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི། དེ་ལྟ་ན་ཡང་དེ་དག་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པར་བསྒོམ་པ་མེད་དེ། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་ཞིག་ནི་ཡོད་དོ། །དེ་དག་ལ་གང་ཟག་གི་བདག་མེད་པ་མ་ལུས་པར་བསྒོམ་པ་ནི་ཡོད་པར་རྣམ་པར་བཞག་གོ །ཞེས་སོགས་ཀྱིས་གསལ་བར་བསྟན་པ་བཞིན་ཆོས་བདག་མེད་རྫོགས་པར་མ་རྟོགས་པའི་ཆ་ནས་དམན་པ་ལ་དགག་སྒྲ་སྦྱར་ཏེ་གཞུང་གཞན་དུ་ཉན་རང་གི་ཆོས་ཀྱི་བདག་མེད་མ་རྟོགས་པར་གསུངས་ཤིང་ཉན་རང་གི་ཡེ་ཤེས་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནང་གི་ནམ་མཁའ་བཞིན་ཆུང་བར་མདོ་ལས་ཀྱང་གསུངས་སོ། །དེས་ན་འདི་གཉིས་མི་འགལ་བའི་གནད་ཤེས་པ་གལ་ཆེ། གང་ཟག་གི་བདག་འཛིན་ལས་སེར་སྣ་སོགས་ཉོན་སྒྲིབ་དང་། ཆོས་བདག་ལས་འཁོར་གསུམ་དུ་རྟོག་པ་ཤེས་སྒྲིབ་སྐྱེ། བདག་མེད་གཉིས་རྟོགས་ཀྱི་བྱང་སེམས་ཀྱི་མཁྱེན་པས་སྒྲིབ་པ་གཉིས་ཀ་སྤོང་ལ། ཉན་རང་གི་ལམ་གྱི་ཉོན་མོངས་རྐྱང་པ་སྤོང་། སྤོང་ཚུལ་ཡང་ཐེག་ཆེན་མཐོང་ལམ་དུ་སྒྲིབ་པ་གཉིས་པོ་ཀུན་བཏགས་ཀྱི་ཆ་སྤོང་། དེ་ནས་རིམ་བཞིན་སྒྲིབ་པ་གཉིས་ཀ་མཉམ་པོར་སྤངས་ནས་ས་བརྒྱད་པར་ངར་འཛིན་གྱི་རྒྱུ་བ་ལོག་པའི་སྟོབས་ཀྱིས་དག་ས་པ་ལ་ཉོན་མོངས་མེད་ཀྱང་ཤེས་སྒྲིབ་འབའ་ཞིག་སྤོང་། ས་བཅུ་པའི་ཐ་མར་གཉིས་སྣང་འཁྲུལ་པའི་བག་ཆགས་ཤིན་ཏུ་ཕྲ་བའང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་པའི་དེ་མ་ཐག་ཏུ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དུ་མངོན་སུམ་པར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་པ་ཡིན་ནོ། །དེ་ལྟར་ཤེས་ན་གཞུང་ལུགས་དུ་མའི་འགག་རང་གྲོལ་ཏེ་དགོངས་པའི་ཆུ་བོ་ཡེ་ཤེས་ཀྱི་ཀློང་དུ་འདྲེས་པར་འགྱུར་རོ། །དེ་ལྟར་སྟོང་ཉིད་མ་རྟོགས་བཞིན་བདེན་པ་མཐོང་མི་སྲིད་པར་ཞི་སྒོ་དབྱེར་མེད་དུ་བ སྒྲུབས་ནས། སླར་ཡང་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པའི་ཕྱིར། སྐྱོན་གཞན་ཡང་གང་ཟག་གི་བདག་མེད་ཕྲ་བ་མཐོང་བས་ཉོན་མོངས་ཙམ་སྤངས་ཀྱང་དེ་གྲོལ་བ་མཐར་ཐུག་པ་ནི་མ་ཡིན་ཏེ། ཉོན་མོངས་པ་ཙམ་སྤངས་པ་ཁོ་ནས་གྲོལ་ན་ཉོན་མོངས་མཐའ་དག་སྤངས་པ་དེའི། དེ་མ་ཐག་ཏུ་གྲོལ་བ་དེར་འགྱུར་བར་རིགས་ཏེ་འཆིང་བ་མེད་པར་འདོད་པའི་ཕྱིར་རོ། །འདོད་ཟེར་ན། ཉོན་མོངས་པ་མེད་ཀྱང་འཕགས་པ་དགྲ་བཅོམ་པ་མའུ་འགལ་གྱི་བུ་ལྟ་བུ་དེ་དག་ལ། སྔོན་གྱི་ལས་ཀྱི་ནུས་པ་སྨིན་པ་ད་དུང་མཐོང་བ་ཡིན་པས་གནོད་དོ། །དེ་དག་ན་རེ། སྐྱོན་མེད་དེ། སྔར་གྱི་ལས་ཉོན་གྱིས་འཕངས་པའི་སྐུ་ཚེ་འདི་ལ་ལས་ཀྱི་ནུས་པ་འབྱིན་པར་མཐོང་ཡང་། རེ་ཞིག་ཡང་སྲིད་ཉེ་བར་ལེན་པའི་རྒྱུ་སྲེད་པ་ཡིན་པས་དེ་ནི་མེད་ཅིང་། དེའི་ཕྱིར་སྲིད་པ་གཞན་དུ་ཉིང་མཚམས་སྦྱོར་བ་མེད་ཅེས་ངེས་པ་ཉིད་དུ་སྨྲའོ་ཅེ་ན། ཉན་རང་དགྲ་བཅོམ་འདི་ལས་ཉོན་གྱིས་འཕངས་པའི་སྲིད་པ་རྣམས་སུ་ཉིང་མཚམས་མི་སྦྱོར་དུ་ཆུག་ཀྱང་། ཁྱོད་རང་གི་འདོད་པར་ལྟར་མར་མེ་རྒྱུན་ཆད་པ་བཞིན་དུ་ཞི་བར་འགྱུར་བ་མིན་ཏེ་འདི་ལ་ཡིད་ཀྱི་རང་བཞིན་གྱི་ལུས་འགྲུབ་པའི་རྒྱུ་ཚོགས་ཚང་ཞིང་གེགས་མེད་པ་ཡོད་པའི་ཕྱིར། གང་ཞེ་ན། དགྲ་བཅོམ་པའི་རྒྱུད་ཀྱི་སྲེད་པ་འདི་ངར་འཛིན་གྱིས་བསྐྱེད་པའི་ཉོན་མོངས་ཅན་མིན་ཡང་། དཔེར་ན་ཉོན་མོངས་ཅན་མིན་པའི་ཀུན་རྨོངས་ཏེ་ཡུལ་དུས་རྣམ་པས་བསྐལ་པའི་དངོས་པོ་མི་ཤེས་པའི་རྨོངས་པ་ཡོད་པར་འདོད་པ་བཞིན་དུ་སྲེད་པ་ཉོན་མོངས་ཅན་མིན་པའང་ཅི་སྟེ་མེད། དེའི་ཕྱིར་རྒྱུ་ཀུན་རྨོངས་མ་ལོག་པས། དེའི་འབྲས་བུའི་ཆ་ཡང་མི་ལྡོག་སྟེ། འདི་ལྟར་ཚོར་བའི་རྐྱེན་གྱིས་སྲེད་པ་སྐྱེ་བ་ཡིན་ན། ཚོར་བ་ནི་དགྲ་བཅོམ་པ་དེ་དག་ལ་ཡང་ཡོད་པས་སོ། །ཞེས་རྒྱུ་ཚོགས་གྲངས་ཚང་གི་གཏན་ཚིགས་ཀྱིས་བསྒྲུབས་ཏེ། མ་རིག་བག་ཆགས་ཀྱི་ས་དང་། དེའི་དབང་གི་ཟག་པ་མེད་པའི་ལས་དང་། ཡིད་ཀྱི་ལུས། བསམ་མི་ཁྱབ་འགྱུར་གྱི་འཆི་འཕོ་བ་རྣམས་མ་སྤངས་པས་གྲོལ་བ་གཏན་དུ་བ་མིན་ལ། ཕུང་པོ་ཕྲ་བ་རྒྱུན་ཡང་མི་ཆད་པར་ཐེག་ཆེན་ལ་གདོད་འཇུག་དགོས་ཏེ། སྤང་བྱ་ཤིན་ཏུ་ཕྲ་བ་མི་སྤོང་བའང་ཆོས་བདག་མེད་རྫོགས་པར་མ་རྟོགས་ཤིང་བསྒོམ་པ་མེད་པ་དེས་ནའོ། །འོ་ན་སངས་རྒྱས་ལའང་སེང་ལྡེང་གི་ཚལ་བ་ཟུག་པ་སོགས་ལས་ཀྱི་ནུས་པ་མ་མཐོང་ངམ་ཞེ་ན། དེ་ཚུལ་རོལ་མཐོང་བའི་བྱིས་པ་རྣམས་ཀྱི་ངོར་དགོས་པའི་དབང་གིས་ཚུལ་བསྟན་པ་ཙམ་དུ་ཟད་དེ། ཀུན་རྟོག་ཆོས་ཀྱི་དབྱིངས་སུ་ནུབ་ཅིང་སྤྲུལ་པའི་གཟུགས་བརྙན་སྒྱུ་མ་ལྟ་བུ་ལ་ལས་དངོས་སུ་སྨིན་པ་དང་སྡུག་བསྔལ་གྱི་ཚོར་བ་ག་ལ་ཡོད་དེ། ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱི་སྐུ་ནི་སྡུག་བདེན་གྱི་ལྷག་མར་ཁྱོད་འདོད་ཅིང་སེམས་མ་འགགས་ལ་སྤྲོས་པ་མཐའ་དག་འགོག་པའི་རྒྱུ་མེད་པ་བཤད་མ་ཐག་པའི་ཕྱིར་རོ། །དེ་དག་ན་རེ། དགྲ་བཅོམ་པ་རྣམས་སྐུ་ཚེའི་འདུ་བྱེད་གཏོང་བའི་ཚེ་ཕུང་ལྔ་རྒྱུན་ཆད་ཅིང་ཞི་བར་ཅིའི་ཕྱིར་མི་འགྱུར་ཏེ། སླར་སྐྱེ་བའི་རྒྱུ་མ་ཚང་བས་སྣུམ་ཟད་ཀྱི་མར་མེ་བཞིན་ནོ་སྙམ་ན། དེ་དག་འཁོར་བར་སྐྱེ་བའི་རྒྱུ་ཉོན་མོངས་པ་མེད་པས་སྲིད་པར་མི་སྐྱེ་ཡང་། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་ཉིད་རྫོགས་པར་མ་རྟོགས་པས། དམིགས་པ་དང་ནི་བཅས་པའི་སེམས་དེ་ནི། འཁོར་འདས་སྤང་གཉེན་དུ་འཛིན་པ་ལྟ་བུའི་ཕྱོགས་སམ་སྤྲོས་པ་འགའ་ཞིག་ལ་ནི་གནས་པར་འགྱུར་གྱི་དམིགས་པ་མེད་པར་རབ་ཏུ་ཞི་བ་ནི་མ་ཡིན་ནོ། །དེའི་ཕྱིར་སྤྲོས་པ་དང་བཅས་པའི་སེམས་གང་ཞིག མཐའ་ཐམས་ཅད་སྤངས་པའི་ཟབ་མོ་སྟོང་པ་ཉིད་དང་ནི་བྲལ་བའི་ཕྱིར་སེམས་དེ་རེ་ཞིག་འགོག་པའི་དབྱིངས་སུ་འགགས་པར་གྱུར་པ་དག་སླར་ཡང་སྐྱེ་བར་འགྱུར་ཏེ། དཔེར་ན་འདུ་ཤེས་མེད་པའི་སྙོམས་འཇུག་གམ་དེའི་འབྲས་བུ་འདུ་ཤེས་མེད་པའི་ལྷར་སྐྱེ་བ་བཞིན་ཏེ། དམ་པའི་ཆོས་པདྨ་དཀར་པོ་ལས། འདི་ལྟར་མྱ་ངན་འདས་པར་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་འདི་ལས་ཁྱེད་ཐར་ཡང་། །ཁྱེད་ནི་ད་དུང་མྱ་ངན་ཡོངས་མི་འདའ། །སངས་རྒྱས་ཐེག་པ་འདི་ནི་བཙལ་བར་གྱིས། །འདྲེན་པ་རྣམས་ཀྱི་རྣམ་འཕྲུལ་འདི་འདྲ་སྟེ། །ངལ་གསོའི་ཕྱིར་ན་མྱ་ངན་འདས་པར་སྟོན། །ངལ་སོས་ནས་ནི་མྱ་ངན་ཀུན་འདའ་ཕྱིར། །ཐམས་ཅད་མཁྱེན་པའི་ས་ལ་དཀྲི་བར་བྱོས། །ཞེས་དང་། མྱང་འདས་ཆེན་པོའི་མདོ་ལས། དགྲ་བཅོམ་པ་ཡང་ཡོངས་སུ་མྱ་ངན་ལས་འདས་ནས་འགོག་པར་ཞུགས་ཏེ། བསྐལ་པ་སྟོང་ཕྲག་བཅུ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ནོ། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་མྱོས་པས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་དགའ་བྱེད་ཅིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། ཡིད་ལུས་འཕེན་པའི་རྒྱུ་ཟག་མེད་ཀྱི་ལས་དང་མ་རིག་བག་ཆགས་ཀྱི་ས་རྒྱུད་ལ་ལྡན་ཞིང་དེའི་གཉེན་པོ་སྤྲོས་པ་མཐའ་དག་འགག་པའི་སྟོང་ཉིད་མ་ཐོབ་པའི་ཕྱིར་རོ། །དེས་ན་མྱ་ངན་ལས་འདས་པར་འདོད་པ་རྣམས་ཀྱིས་ཟབ་མོ་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། དེ་སྤངས་ནས་གནས་སྐབས་དང་མཐར་ཐུག་གི་མྱང་འདས་གང་ཡང་མི་ཐོབ་བོ། །གཞན་ཡང་ངག་གང་ཞིག་མདོ་སྡེ་ལ་འཇུག འདུལ་བ་ལ་སྣང་། མངོན་པ་དང་མི་འགལ་བ་སྟེ། བརྗོད་བྱ་བསླབ་པ་གསུམ་སྟོན་པ་དེ་ནི། གལ་ཏེ་སངས་རྒྱས་ཀྱི་གསུང་དུ་འདོད་ན་ཡང་དམན་པའི་སྡེ་སྣོད་གསུམ་དང་མི་མཐུན་པས་ཐེག་ཆེན་བཀའ་མིན་ནོ་ཞེ་ན། དགོངས་འགྲེལ་སོགས་ཐེག་ཆེན་གྱི་མདོ་སྡེ་ཕལ་ཆེར་ལས་ཀྱང་བསླབ་པ་གསུམ་པོ་དེ་སྟོན་པས་ན། དེ་དག་ཁྱེད་ཅག་གི་མདོ་དང་མཚུངས་པར་འདོད་པ་མིན་ནམ་ཅི་སྟེ་འདོད་པར་རིགས་སོ། །གལ་ཏེ་གཟུགས་སོགས་མེད་པར་བསྟན་པ་སོགས་དམན་པའི་སྡེ་སྣོད་དུ་མ་གཏོགས་པའི་ཐེག་ཆེན་ཐུན་མིན་གྱི་བརྗོད་བྱ་སྟོན་པའི་མདོ་ཡུམ་ལྟ་བུ་གཅིག་གིས་ནི། ཐེག་ཆེན་གྱི་མདོ་ཐམས་ཅད་སངས་རྒྱས་ཀྱི་བཀའ་མ་ཡིན་པའི་སྐྱོན་དང་བཅས་པར་འགྱུར་ན། དགོངས་འགྲེལ་སོགས་ཁྱེད་ཀྱི་མདོ་དང་བཀའ་ཡི་མཚན་ཉིད་ཚང་བར་མཚུངས་པ་གཅིག་གིས་ཀྱང་ཐེག་ཆེན་གྱི་མདོ་ཐམས་ཅད་ནི། རྒྱལ་བས་གསུངས་པ་ཅིས་མ་ཡིན་ཏེ། རྒྱུ་མཚན་མཚུངས་པས་སོ། །ཡུམ་རྒྱས་པ་སོགས་བཀའ་ཡིན་ན་འོད་སྲུང་ཆེན་པོ་སོགས་ཀྱིས་བརྗོད་བྱ་དེ་རྟོགས་རིགས་ཤིང་། དེ་ལས་བླ་མ་བརྒྱུད་པ་བར་མ་ཆད་པ་ལས་གཟུང་བར་རིགས་ནའང་། དེ་མིན་པའི་ཕྱིར་བཀའ་མ་ཡིན་ནོ་ཞེ་ན། ཐེག་ཆེན་གྱི་ངག་གང་ཞིག་འོད་སྲུང་ཆེན་པོ་ལ་སོགས་པས་ཀྱང་གཏིང་དཔོག་པར་མ་གྱུར་པའི་ཟབ་པ། དེ་ནི་ཁྱོད་ཉིད་ཀྱིས་མ་རྟོགས་པས། སངས་རྒྱས་ཀྱི་བཀའ་མ་ཡིན་ཞེས་སྤོང་བའི་རྒྱུ་མཚན་དེས་འདི་གཟུང་བྱ་མིན་པར་སུ་ཞིག་གིས་བྱེད་དེ། ཐེག་ཆེན་ཉིད་ཟབ་པས་རྟོགས་དཀའ་བའི་ཡོན་ཏན་དུ་ཤེས་ཏེ། མདོ་རྒྱན་ལས། བདག་གིས་མི་ཤེས་སངས་རྒྱས་ཟབ་མོ་མཁྱེན་མ་ཡིན། །ཟབ་མོ་ཅི་ཡི་ཕྱིར་དུ་རྟོག་གེའི་ཡུལ་མ་ཡིན། །ཅི་ཕྱིར་ཟབ་མོའི་དོན་རིག་པ་དག་ཐར་འགྱུར་ཞེས། །བྱ་བ་དེ་ནི་སྐྲག་པའི་གནས་སུ་རིགས་མ་ཡིན། །དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན། །གྲོགས་པོ་དམན་པ་དག་གིས་ཡོངས་བསྐོར་བ། །ཟབ་ཅིང་རྒྱ་ཆེ་ལེགས་པར་བཤད་པའི་ཆོས། །འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན། །ཞེས་གསུང་། ཡང་ན་འོད་སྲུང་ལ་སོགས་པས་ཐེག་ཆེན་གྱི་མདོའི་དོན་གཏིང་མ་དཔོག་པ་ཁྱོད་ཀྱིས་མ་རྟོགས་ཏེ་མ་གྲུབ་པས་དེ་རྒྱུ་མཚན་དུ་བྱས་ནས་ཐེག་ཆེན་བཀའ་གཟུང་བྱ་མིན་པར་སུ་ཞིག་གིས་བྱེད་དེ་རྒྱུ་མཚན་མ་གྲུབ་པས་རྒྱུ་མཚན་ཅན་དེ་མི་འགྲུབ་ཅེའོ། །ཡང་དེ་དག་ན་རེ། གལ་ཏེ་སྟོང་ཉིད་མཐོང་ན་འཁོར་བར་གནས་པར་མི་འགྱུར་ཞིང་ལམ་དང་འབྲས་བུ་ལ་མི་བརྩོན་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དོན་དམ་པར་སྡུག་བསྔལ་མི་སྲིད་ཀྱང་། རང་སེམས་རྨོངས་པ་ཡི་དབང་གིས་སྡུག་བསྔལ་བ་ཅན་སེམས་ཅན་གཞན་གྱི་དོན་དུ་སྒྱུ་མ་ལྟ་བུར་མཐོང་བའི་བློས་སྲིད་པ་ལ་ཆགས་པ་དང་དེ་ལ་སྐྲག་ཅིང་འཇིགས་པའི་དབང་གིས་ཞི་མཐར་ཞེན་པའི་མཐའ་གཉིས་ཀ་ལས་གྲོལ་བ་ཡིན་ཏེ། སྲིད་པར་གནས་ཀྱང་སྲིད་པའི་སྐྱོན་གྱིས་མ་གོས་པར་འདམ་གྱི་པདྨ་བཞིན་དུ་འཁོར་བར་གནས་ཏེ་གཞན་དོན་དཔག་ཏུ་མེད་པ་འགྲུབ་པར་འགྱུར་བ། འདི་ནི་སྟོང་ཉིད་རྟོགས་པའི་འབྲས་བུ་ཡིན་ཏེ། གཞན་དུ་སྲིད་ཞི་མཉམ་ཉིད་མ་རྟོགས་ན་སྲིད་པ་ལ་སྐྱོན་དང་ཞི་བ་ལ་ཡོན་ཏན་གྱི་བློ་ཞི་བ་ཕྱོགས་གཅིག་པར་འགྱུར་རོ། །དོན་བསྡུ་བ་ནི། དེ་ལྟར་ཟབ་མོ་སྟོང་པ་ཉིད་ཀྱི་ཕྱོགས་ལ། གཞུང་བཀའ་མ་ཡིན་ཞིང་དོན་ལམ་མ་ཡིན་ནོ་ཞེས་སུན་འབྱིན་བརྗོད་པ་འདི་ནི་འཐད་པ་མ་ཡིན་ཏེ་ཐེག་གསུམ་གྱི་བྱང་ཆུབ་འདི་ལ་རག་ལས་པའི་ཕྱིར་རོ། །དེས་ན་ལམ་ཟབ་མོ་འདི་ལ་ཐེ་ཚོམ་ཙམ་ཡང་མི་ཟ་བར། གནས་ལུགས་སྟོང་པ་ཉིད་ནི་བསྒོམ་པར་བྱའོ། །དེ་ཡང་ཐར་པ་ལ་བར་དུ་གཅོད་པ་ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་དང་། ཐམས་ཅད་མཁྱེན་པ་ལ་གེགས་སུ་གྱུར་པའི་ཤེས་བྱའི་སྒྲིབ་པ་གཉིས་པོ་ཡི། མུན་པའི་ཚོགས་ཀྱི་གཉེན་པོ་ནི་སྟོང་པ་ཉིད་ཡིན་པས། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པས། ཟབ་མོ་སྟོང་པ་ཉིད་དེ་ནི་ཇི་ལྟར་དུ་སྒོམ་པར་མི་བྱེད་དེ་ཅིས་ཀྱང་སྒོམ་པར་རིགས་སོ། །དངོས་པོ་གང་ཞིག་སྡུག་བསྔལ་བསྐྱེད་པར་བྱེད་པ། དེ་ལ་ནི་སྐྲག་པ་སྐྱེ་བར་འགྱུར་རིགས་ན་ཡང་། སྟོང་པ་ཉིད་ནི་སྡུག་བསྔལ་ཐམས་ཅད་རྩད་ནས་ཞི་བར་བྱེད་པ་ཡིན་པས། དེ་ལ་འཇིགས་པ་ཇི་ལྟར་སྐྱེ་སྟེ་སྐྲག་པའི་གནས་མིན་པས་སོ། །གཞན་ཡང་། གལ་ཏེ་འཇིགས་པ་པོ་བདག་འགའ་ཞིག་ཡོད་པར་གྱུར་ན་ནི། ཡུལ་ཅི་ཡང་རུང་བ་ལ་འཇིགས་པ་སྐྱེ་བར་འགྱུར་ནའང་། འཇིགས་པ་པོའམ་འཇིགས་མཁན་གྱི་བདག་དེ་ཉིད་བརྟགས་ན་རང་བཞིན་གྱིས་གྲུབ་པ་འགའ་ཡང་ཡོད་པ་མིན་པས། འཇིགས་པར་འགྱུར་བ་པོ་དེ་སུ་ཞིག་ཡིན། འཇིགས་མཁན་མ་གྲུབ་པས་འཇིགས་པར་མི་རིགས་སོ། །དེས་ན་སྟོང་པ་ཉིད་ལ་ཞུམ་པ་སྤངས་ཏེ་མྱུར་དུ་བསྒོམ་པར་གྱིས་ཤིག་ཅེས་མཚམས་སྦྱར་ནས། ལམ་བདག་མེད་དུ་གཏན་ལ་དབབ་པ་ལ། གང་ཟག་གི་བདག་མེད་རིགས་པས་གཏན་ལ་དབབ་པ་ལས། ལྷན་སྐྱེས་ཀྱི་བདག་དགག་པ་ནི། བདག་རྒྱུད་ཀྱི་ཕུང་པོ་ལྔ་པོ་འདི་ལ་བརྟེན་ནས་ངའོ་སྙམ་དུ་མ་བརྟགས་མ་དཔྱད་པར་འཛིན་པའི་འཇིག་ལྟ་འདིའི་ཡུལ་དུ་གྱུར་པའི་བདག་དེ་ཡོད་ན་ནི་ཕུང་པོ་ལྔ་པོ་འདི་ལ་ཡོད་དགོས་ཀྱི། འདི་ལས་གཞན་ཞིག་ཏུ་བདག་ཡོད་པར་མི་འདོད་པས། འདིར་བདག་དེ་ཇི་ལྟར་གྲུབ་པའི་ཚུལ་དཔྱད་ན། རང་གི་ལུས་ཀྱི་སོ་དང་སྐྲ་དང་སེན་མོ་རྣམས་ནི་བདག་མ་ཡིན་ཏེ་བདག་གི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་བདག་ནི་རུས་པ་དང་ཁྲག་ཀྱང་མ་ཡིན། སྣབ་མིན་བད་ཀན་ཡང་མ་ཡིན་ཏེ། ཆུ་སེར་དང་ནི་རྣག་ཀྱང་བདག་མིན་ཞིང་། བདག་ནི་ལུས་ཀྱི་ཕྱི་ནང་སྣུམ་བག་གི་རྣམ་པའི་ཞག་དང་ལུས་ཀྱི་རྔུལ་ཡང་མིན་ཏེ། གློ་བ་དང་མཆིན་པ་དག་ཀྱང་བདག་མ་ཡིན། སྙིང་དང་རྒྱུ་མ་ལ་སོགས་པའི་ནང་ཁྲོལ་གཞན་ཡང་བདག་མིན་ཏེ། བདག་ནི་ཕྱི་ས་སྟེ་དྲི་ཆེན་དང་དྲི་ཆུ་སྟེ་གཅིན་ལ་སོགས་པའི་མི་གཙང་བ་རྣམས་ཀྱང་མ་ཡིན་ལ། ཤ་དང་པགས་པ་བདག་མིན་ཏེ། ལུས་ཀྱི་དྲོད་དང་དབུགས་འབྱིན་རྔུབ་སོགས་ལུས་ཕྱི་ནང་གི་རླུང་ཡང་བདག་མ་ཡིན། རྣ་བ་དང་སྣ་སོགས་ཀྱི་བུ་ག་རྣམས་ཀྱང་བདག་མིན་ཏེ། དེ་དག་རྣམས་ནི་ཆ་དུ་མ་སིལ་བུ་བ་རྡུལ་ཕྲན་མང་པོ་ལས་བྱུང་བ་མི་རྟག་པ་ཡིན་པས་དེའི་ཚོགས་པའམ་ཡ་གྱལ་གང་ཡང་བདག་མིན་ནོ། །དེ་བཞིན་ཏུ་རྣམ་པ་ཀུན་ཏུ། མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་རྣམ་པར་ཤེས་པ་དྲུག་པོ་དག་ཀྱང་བདག་མ་ཡིན་ཏེ། དུ་མ་དང་མི་རྟག་པའི་ཕྱིར་རོ། །དེས་ན་སོ་ནས་པགས་པའི་བར་གྱི་ས་དང་ཆུ་ཡི་ཁམས་རྣམས་དང་། དྲོད་མེ་ཡི་ཁམས་དང་། དབུགས་རླུང་གི་ཁམས་དང་། བུ་ག་ནམ་མཁའི་ཁམས་དང་། སེམས་རྣམ་ཤེས་ཀྱི་ཁམས་ཏེ་ཁམས་དྲུག་པོ་འདུས་པ་ལ་གང་ཟག་ཅེས་བཏགས་ཤིང་ཞེན་པར་གྱུར་གྱི། ང་ཞེས་རྫས་སུ་ཡོད་པ་མིན་ཏེ་དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་པ་བཞིན་ནོ། །དེས་ན་ལེགས་པར་བརྟགས་ཏེ་ཇི་སྲིད་ཐག་པ་དངོས་སུ་མཐོང་བས་སྦྲུལ་འཛིན་གྱི་བློ་དེ་རང་བཞིན་གྱིས་ཞི་བ་བཞིན་དུ་ཕུང་པོ་ལྔ་པོ་འདི་ལ་བདག་ཏུ་བཟུང་བའི་བདག་ནི་བཏགས་པ་ཙམ་ལས་མེད་དོ་ཞེས་ངེས་པར་ཐེ་ཚོམ་གྱི་དཔྱང་ཐག་ཆོད་པའི་ཉམས་མྱོང་ཁོང་ནས་མ་ཤར་བར་ཡང་ཡང་དཔྱད་པ་གལ་ཆེ་ཞིང་། དེ་ལྟར་བྱུང་ན་དེ་གའི་རྒྱུན་གོམས་པས་བདག་མེད་མངོན་དུ་མཐོང་བར་འགྱུར་རོ། །ཀུན་ཏུ་བཏགས་པའི་བདག་དགག་པ་ལས། བདག་ཤེས་པར་འདོད་པ་དགག་པ་ནི། གྲངས་ཅན་པ་རྣམས་ཀྱིས་ཤེས་བྱ་ཐམས་ཅད་དེ་ཉིད་ཉེར་ལྔར་འདོད་དེ། དེ་ལ་བདག་ནི་ཤེས་རིག་གི་སྐྱེས་བུ་རྣམ་འགྱུར་ཀུན་ཟ་བ་པོ་ཡིན་པ། བྱེད་པ་པོ་མིན་པ། རྟག་པའི་དངོས་པོ། ཡོན་ཏན་གསུམ་དང་བྲལ་བ། བྱ་བ་མེད་པ་སྟེ་ཆོས་ལྔ་ལྡན་དུ་འདོད། དེའི་སྤྱོད་ཡུལ་ཐམས་ཅད་ནི་གཙོ་བོ་ལས་བྱུང་སྟེ། རྡུལ་སྡུག་བསྔལ། སྙིང་སྟོབས་བདེ་བ། མུན་པ་བཏང་སྙོམས་ཀྱི་ཡོན་ཏན་གསུམ་ཆ་མཉམ་པ་ན་གཙོ་བོ་ཞེས་བརྗོད་དེ་རྣམ་འགྱུར་ཉེར་གསུམ་འབྱུང་བའི་རྒྱུ་བུམ་པའི་རྒྱུ་འཇིམ་པ་ལྟ་བུའོ། །དེ་ལས་བློ འམ་ཆེན་པོ་ཞེས་བྱ་བ་མེ་ལོང་ངོས་གཉིས་པ་ལྟ་བུ་དེར་ཕྱི་ནས་དེ་ཙམ་ལྔ་དང་། ནང་ནས་སྐྱེས་བུ་གཉིས་ཀ་སྣང་སྟེ་དེ་གཉིས་འདྲེས་པ་ལྟ་བུའི་མཚམས་སྦྱོར་བར་བྱེད་དོ། །ཡུལ་ལ་ལོངས་སྤྱོད་པ་དེའི་དབང་ལས་ང་རྒྱལ་འབྱུང་སྟེ། དེའང་རྣམ་པར་འགྱུར་བ་ཅན། སྙིང་སྟོབས་ཅན། མུན་པ་ཅན་གྱི་ང་རྒྱལ་ཏེ། དེ་གསུམ་ཡོན་ཏན་གསུམ་གྱི་དབང་གིས་སོ། །དེ་དག་གི་ནང་ནས་ང་རྒྱལ་དང་པོ་ལས། སྒྲ། རེག གཟུགས། རོ། དྲི་སྟེ་དེ་ཙམ་ལྔ་འབྱུང་སྟེ་དེ་དག་གི་དབང་གིས་རིམ་པ་བཞིན། ནམ་མཁའ། རླུང་། མེ། ཆུ། ས་སྟེ་འབྱུང་བ་ལྔ་འབྱུང་ངོ་། །སྙིང་སྟོབས་ཅན་ལས། མིག རྣ་བ། སྣ། ལྕེ། ལུས་ཏེ་ལུས་ཀྱི་དབང་པོ་ལྔ། ངག ལག་པ། རྐང་པ། རྐུབ། མདོམས་ཏེ་ལས་ཀྱི་དབང་པོ་ལྔ་དང་། ཐུན་མོང་དུ་ཡིད་ཀྱི་དབང་པོ་དང་བཅུ་གཅིག་འབྱུང་། མུན་པ་ཅན་གྱིས་དེ་གཉིས་གྲོགས་བྱེད་དོ། །དེ་ལ་གཙོ་བོ་ནི་རྒྱུ་ཡིན་ལ་འབྲས་བུ་མ་ཡིན་པའི་ཕྱིར་རང་བཞིན་ཁོ་ན་ཡིན་པའི་མུ། ཆེན་པོ། ང་རྒྱལ། དེ་ཙམ་ལྔ་སྟེ་བདུན་ནི་འབྲས་བུའང་ཡིན་ལ་རྒྱུ་ཡང་ཡིན་པའི་ཕྱིར་རང་བཞིན་དང་རྣམ་འགྱུར་གཉིས་ཀ་ཡིན་པའི་མུ། དབང་པོ་བཅུ་གཅིག་སོགས་ལྷག་མ་བཅུ་དྲུག་ནི་འབྲས་བུ་ཡིན་ལ་རྒྱུ་མ་ཡིན་པའི་ཕྱིར་རྣམ་འགྱུར་ཁོ་ན་ཡིན་པའི་མུ། སྐྱེས་བུ་ནི་རྒྱུ་འབྲས་གཉིས་ཀ་མ་ཡིན་པས་རང་བཞིན་དང་རྣམ་འགྱུར་གཉིས་ཀ་མ་ཡིན་པའི་མུ་སྟེ་མུ་བཞིའོ། །སྐྱེས་བུ་ནི་ཤེས་པ་ཡིན་ལ། གཞན་ཉེར་བཞི་བེམ་པོ་དང་། གཙོ་བོ་དང་སྐྱེས་བུ་ནི་རྟག་པའོ། །དེ་ལ་དེ་ལྟར་བདེ་སོགས་ནི་ཕྱི་རོལ་གྱི་བེམ་པོའི་རང་བཞིན་ཡིན་གྱི་ནང་ཤེས་པའི་རྫས་སུ་མེད་ཀྱང་། བློའམ་ཆེན་པོ་ལ་སྣང་ནས་ཡོད་པ་བདག་གིས་ལོངས་སྤྱོད་པའི་ཚེ་བདག་ཤེས་པ་དང་དབྱེ་མ་ནུས་པ་བདག་གི་བར་རློམ་པ་ཙམ་དུ་འདོད་དོ། །དེ་ལྟར་འདི་པས་བདག་ཤེས་པར་འདོད་ལ། བྱེ་བྲག་པ་སོགས་ཀྱིས་བེམ་པོར་འདོད་པས་དེ་གཉིས་བཀག་པས་གཞན་ཀུན་ཁེགས་པར་འགྱུར་རོ། །དེ་དགག་པ་ལ། གྲངས་ཅན་གྱི་འདོད་པ་ལྟར་བདག་ཤེས་པའི་རང་བཞིན་རྟག་པ་ནི་མེད་དེ། གལ་ཏེ་སྒྲ་འཛིན་པ་ཡི་ཤེས་པ་དེ་རྟག་པ་ཞིག་ཡིན་ན་ནི། ཡུལ་ཡོད་པ་དང་མེད་པའི་དུས་ཐམས་ཅད་ཀྱི་ཚེ་ན་སྒྲ་འཛིན་པར་འགྱུར་ཏེ། ཇི་ལྟར་སྒྲ་འཛིན་བཞིན་པའི་སྐབས་དེ་ཉིད་ཀྱི་ཤེས་པ་དེ་དེ་བཞིན་དུ་རྟག་པར་འདོད་པའི་ཕྱིར་རོ། །ཁོ་ན་རེ། དུས་ཐམས་ཅད་དུ་སྒྲ་མི་འཛིན་པ་ནི་ཤེས་པ་མི་རྟག་པས་མ་ཡིན་ཀྱང་། ཡུལ་སྒྲ་དེ་ད་ལྟ་ཡུལ་ན་མེད་པས་སོ་ཞེ་ན། ལན་དུ། ཡུལ་ཤེས་བྱ་སྒྲ་ལྟ་བུ་དེ་མེད་ན་ཡུལ་ཅན་དེས་ཅི་ཞིག་རིག་པའམ་ཤེས་ནས། རྒྱུ་མཚན་གང་གིས་ན་ཡུལ་དེ་དང་དེ་ཡི་ཤེས་པ་ཞེས་རྗོད་པར་བྱེད། གལ་ཏེ་ཡུལ་དེ་བཟུང་བའམ་ཤེས་པ་མེད་ཀྱང་དེ་ཤེས་པ་ཡིན་ཞེས་རྣམ་པར་འཇོག་ན་ནི། ཤིང་ཡང་སྒྲ་སོགས་ཤེས་པའི་ཤེས་པ་ཡིན་པར་ཐལ་བར་འགྱུར་ཏེ། ཡུལ་མ་ཤེས་ཀྱང་ཤེས་པ་ཡིན་པའི་ཕྱིར་རོ། །དེས་ན་ཡུལ་ཤེས་བྱ་ཉིད་ཡུལ་དུ་ཉེ་བར་གནས་པ། མེད་པར་དེའི་ཡུལ་ཅན་གྱི་ཤེས་པ་དེ་ཡང་མེད་ཅེས་སུ་ངེས་ཏེ། ཤེས་པ་ནི། ཡུལ་གང་དང་གང་ཤེས་པ་དེ་ལ་ལྟོས་པ་ཅན་ཡིན་གྱི། ཡུལ་མ་ཤེས་ཀྱང་ཤེས་པ་ཡིན་པ་ནི་མི་སྲིད་དོ། །དེའི་ཕྱིར་ཡུལ་སྒྲ་མེད་པ་བཞིན་དུ་སྒྲ་དེ་ལས་སྐྱེས་པའི་ཡུལ་ཅན་སྒྲའི་ཤེས་པའང་རྒྱུ་ལོག་པས་ད་ལྟ་ག་ལ་ཡོད། དེ་བཞིན་དུ་སྒྲའི་སྐད་ཅིག་གི་ཡུལ་ཅན་ཡང་སོ་སོ་ཡིན་པས་ཤེས་པ་སྐད་ཅིག་གཉིས་པར་སྡོད་མི་སྲིད་དོ། །ཁོ་ན་རེ། སྐྱོན་མེད་དེ། སྔར་སྒྲ་ཤེས་པ་དེ་ཉིད་ཀྱིས་ནི་ཕྱིས་གཟུགས་སོགས་གཞན་དག་ཤེས་པས་ན། ཤེས་པ་རྟག་ཀྱང་ཤེས་བྱ་སོ་སོར་དམིགས་པའི་ཁྱད་ཙམ་མོ་ཞེ་ན། ལན་དུ། སྔར་གྱི་སྒྲ་ཤེས་ཉིད་རྟག་པས་ན་གཟུགས་སོགས་གཞན་མཐོང་བ་དེ་ཡི་ཚེ་སྒྲ་ཐོས་པའང་ཅི་སྟེ་མིན་ཏེ་སྔར་གྱི་སྒྲ་འཛིན་རང་གི་ངོ་བོ་མ་དོར་བའི་ཕྱིར་རོ། །གལ་ཏེ་དེ་ཚེ་མི་ཐོས་པ་ནི་ཡུལ་སྒྲ་མི་ཉེ་བའི་ཕྱིར་སྙམ་ན། ཡུལ་མི་ཉེ་བ། དེས་ན་ཡུལ་དེ་ཡི་ཤེས་པའང་མེད་དེ་རིགས་པ་སྔར་བཞིན་ནོ། །གཞན་ཡང་ཁྱོད་བདག་ཤེས་རིག་གི་སྐྱེས་བུ་ཐམས་ཅད་ལ་ཁྱབ་པར་འདོད་ན། རྣམ་འགྱུར་མཐའ་དག་ལ་ཉེ་བ་དང་མི་ཉེ་བའང་ག་ལ་འཐད། གཞན་ཡང་སྒྲ་འཛིན་གྱི་རང་བཞིན་གང་ཡིན་པ་དེ་གཟུགས་འཛིན་པར་ཇི་ལྟར་འགྱུར་ཏེ། དེ་གཉིས་ངོ་བོ་ཐ་དད་པའི་ཕྱིར། ཡུལ་སྒྲ་གཟུགས་ལྟ་བུ་ཐ་དད་པ་ཡིན་ན་དེའི་ཡུལ་ཅན་ཡང་སྔ་མའི་རང་བཞིན་མ་དོར་བར་ཕྱི་མ་འགྱུར་བའི་སྐབས་ག་ལ་ཡོད་དེ། ཤེལ་ཚོན་དཀར་པོས་བསྒྱུར་བ་མ་བཏང་བཞིན་ནག་པོར་འགྱུར་མི་ཤེས་པ་བཞིན་ནོ། །རྣམ་འགྲེལ་ལས། གཅིག་གིས་གཉིས་ཤེས་མ་ཡིན་ཏེ། །དབང་པོའི་སེམས་ནི་ངེས་ཕྱིར་དང་། །ཞེས་པ་བཞིན། འདིས་ཤེས་པ་རྟག་པ་དང་གཅིག་བདེན་འགོག་པ་སྟེ། གཞན་དུ་ཤེས་པའི་རྒྱུད་གཅིག་ལ་སྒྲ་ཤེས་ན་གཟུགས་མི་ཤེས་བསམ་པར་མི་བྱ་སྟེ་རྟོག་མེད་ཀྱི་ཤེས་པ་རིགས་མི་མཐུན་པ་དུ་མ་དུས་གཅིག་ཏུ་འབྱུང་རུང་བའི་ཕྱིར་འོན་ཀྱང་རིགས་མི་མཐུན་པའི་ཤེས་པ་དག་ནང་ཕན་ཚུན་གཅིག་མིན་ཏེ། ཡིན་ན་ཁ་དོག་ལྔ་ལྡན་གྱི་ཁྲ་འཛིན་དང་སྔོ་འཛིན་ཁྱད་མེད་པར་ཐལ་ལོ། །ཡང་དེ་དག་ན་རེ། དཔེར་ན་སྐྱེས་བུ་གཅིག་ཕ་ཡང་ཡིན་ལ་བུ་ཡང་ཡིན་པ་བཞིན་ཡུལ་སྒྲ་དང་གཟུགས་ལྟ་བུ་ནི་མི་འགལ་ཏེ། རྣམ་འགྱུར་གྱི་ངོས་ནས་གཟུགས་གང་ཡིན་པ་དེ། རང་བཞིན་གྱི་ངོས་ནས་སྒྲ་ཡང་ཡིན་ཏེ། དེ་གཉིས་ཀ་རང་བཞིན་གཅིག་པའི་ཕྱིར། དེས་ན་གཟུགས་འཛིན་གྱི་ཚེ་ན་སྒྲའི་རྣམ་འགྱུར་འཛིན་པའི་ཤེས་པ་མེད་ཀྱང་། སྒྲའི་རང་བཞིན་འཛིན་པའི་ཤེས་པ་ཡོད་པས་སྒྲ་ཤེས་མི་རྟག་པར་ཐལ་བའི་སྐྱོན་མེད་དོ་ཟེར་ན། དེའི་དཔེ་མ་གྲུབ་སྟེ་སྐྱེས་བུ་གཅིག་ཉིད་¡eནི་རྩ་བར་སྣང་ཞུ་མཆན། ¡fཕ་དང་བུ་ཉིད་དུ་བཞག་པ་ནི། ལྟོས་ས་ཐ་དད་ལ་ལྟོས་ནས་བཏགས་པ་ཙམ་ཡིན་ཏེ་དོན་དམ་པར་རང་གི་ངོ་བོས་ཕ་བུ་གཉིས་ཀར་ཡང་དག་པར་གྲུབ་པ་ཉིད་ནི་མིན་ཏེ། དེ་གཉིས་རང་རང་གི་ངོ་བོས་བདེན་པར་གྲུབ་ན་གཅིག་ཅིག་ཤོས་ཀྱི་གནས་སྐབས་སུ་འགྱུར་མི་སྲིད་དོ། །གལ་ཏེ་དོན་དམ་པར་ཕ་ཡང་ཡིན་ལ་བུ་ཡང་ཡིན་པ་ཞིག་ཡོད་ན་ཡོན་ཏན་གསུམ་གྱི་སྟེང་དུ་ཡོད་དགོས་ཏེ། འདི་ལྟར་ཁྱོད་ཀྱི་དོན་དམ་པ་ནི་ཡོན་ཏན་གསུམ་ལས་གཞན་དུ་ཁས་མ་བླངས་པས། ཡོན་ཏན་གསུམ་གྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་འགྲོ་མ་ཡིན། །མཐོང་བའི་ལམ་དུ་གང་གྱུར་པ། །སྒྱུ་མ་ལྟ་བུར་ཤིན་ཏུ་གསོག །ཅེས་འདོད་པའི་ཕྱིར། དེ་ལྟ་ནའང་སྙིང་སྟོབས་དང་རྡུལ་དང་ནི། མུན་པ་ཡི་ངོ་བོ་ནི་བུ་མིན་ལ་ཕ་ཡང་མིན་ཏེ་རྣམ་འགྱུར་ཐམས་ཅད་དེའི་རང་བཞིན་གཅིག་ཡིན་ན་ལྟོས་ས་དང་ལྟོས་ཆོས་ཐ་དད་དུ་མ་གྲུབ་པའི་ཕྱིར་རོ། །དེས་ན་ཁྱོད་དོན་དམ་པའི་ཡོན་ཏན་གསུམ་གྱི་རང་བཞིན་ལ་བསམས་ཏེ་གཟུགས་འཛིན་གྱི་ཚེ་ནའང་སྒྲ་འཛིན་ཡོད་དོ་བསམ་ན་ཐམས་ཅད་ཀྱི་ཚེ་ན་ཐམས་ཅད་འཛིན་པའམ། ཡང་ན་སྒྲའི་དུས་ནའང་སྒྲ་འཛིན་པར་མི་འགྱུར་ཏེ། རྣམ་འགྱུར་ཐམས་ཅད་རང་བཞིན་གཅིག་པས་ཁ་ཅིག་གི་ཚེ་ན་འཛིན་པ་དང་ཁ་ཅིག་གི་ཚེ་མི་འཛིན་པ་མི་སྲིད་དོ། །དོན་ཡང་མ་གྲུབ་སྟེ་གཟུགས་འཛིན་པ་དེ་སྒྲ་ཤེས་ཀྱི་རང་བཞིན་དུའང་ཡོད་ན་སྣང་དུ་རུང་བས་དམིགས་དགོས་ན། གཟུགས་འཛིན་དེ་ནི་སྒྲ་འཛིན་དང་ལྡན་པའི། རང་བཞིན་དུ་ནི་ནམ་ཡང་མཐོང་བ་མ་ཡིན་ལ། དེ་བཞིན་དུ་ཡུལ་གཟུགས་ལ་སྒྲའི་ཤེས་ཡོད་པར་ཡང་མི་མཐོང་ངོ་། །ཡང་ཁོ་ན་རེ། གཟུགས་འཛིན་དེ་སྒྲ་འཛིན་གྱི་རང་བཞིན་དུ་མ་མཐོང་ཡང་ཤེས་པའི་ངོ་བོ་གཅིག་ཡིན་ཏེ། དཔེར་ན་གར་མཁན་གཅིག་ཉིད་སྔ་དྲོ་ལྷ་དང་ཕྱི་དྲོ་གནོད་སྦྱིན་གྱི་ཆ་ལུགས་བྱས་པ་ལྟ་བུར་སྔར་གྱི་སྒྲ་ཤེས་དེ་ཉིད་ཚུལ་གཞན་གཟུགས་ཤེས་ཀྱི་རྣམ་པར་སྣང་བ་ཉིད་གྱིས། གཟུགས་དེ་ཉིད་མཐོང་ངོ་ཞེ་ན། སྔར་གྱི་ཤེས་པ་དེ་རྟག་པ་མིན་ཏེ། སྔ་མ་ལས་གནས་སྐབས་གཞན་ཐོབ་པའི་ཕྱིར། གལ་ཏེ་ཚུལ་སྔ་མ་ལས་གཞན་པའི་ཚུལ་ཐོབ་ནས་དེ་གཉིས་སོ་སོར་སྣང་བར་གྱུར་ཀྱང་ད་དུང་སྔར་གྱི་དེ་ཉིད་ཡིན་གྱི་གཞན་མིན་ན། དེ་འདྲའི་གཅིག་ཉིད་དེ་ནི་སྔོན་མེད་པའི་གཅིག་སྟེ། སྔར་འཇིག་རྟེན་ཤེས་བརྗོད་ཀྱི་ཡུལ་དུ་མ་བྱུང་བ་ཞིག་གོ །གལ་ཏེ་སོ་སོར་མཐོང་ཡང་གཅིག་ཡིན་ན་ཐམས་ཅད་རིལ་བོ་གཅིག་ཏུ་ཐལ་ལོ། །དེས་ན་གར་མཁན་ཡང་རྣམ་པ་གཞན་དང་གཞན་ཐོབ་པའི་སྐབས་སོ་སོ་ཐ་དད་པའི་སྐད་ཅིག་གཞན་ཡིན་གྱི་དོན་དམ་པར་གཅིག་པུ་ནི་མ་ཡིན་ནོ། །གལ་ཏེ་རྣམ་འགྱུར་སྒྲ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཤེས་པའི་ཚུལ་གཞན་དང་གཞན་དུ་སྣང་བ་དེ་ནི་གནས་སྐབས་ལ་ལྟོས་པའི་ལྟར་སྣང་ཙམ་ཡིན་གྱི་བདེན་པ་མིན་ཏེ་ཤེལ་ཚོན་གྱི་བསྒྱུར་བ་གཤིས་ལ་མི་བདེན་པ་བཞིན་ནོ་ཞེ་ན། ཡུལ་གྱིས་ཁྱད་པར་དུ་བྱས་པའི་ཆ་དེ་གཤིས་ངོར་མི་བདེན་དུ་ཆུག་ཀྱང་། རང་གི་ངོ་བོ་བདེན་པ་དེ་ཡི་རང་གི་རང་བཞིན་གང་ཡིན་པ་སྨྲོས་ཤིག དེ་དག་ན་རེ། ཡུལ་གྱིས་ཁྱད་པར་དུ་མ་བྱས་པའི་ཤེས་པ་ཙམ་ཞིག་ནི་ཤེས་པ་སྔ་ཕྱི་ཐམས་ཅད་ལ་རྗེས་སུ་འགྲོ་བས་ཤེས་པ་ཙམ་གྱི་གཅིག་ཉིད་དེ་ཡིན་ནོ་ཅེ་ན་དེ་ལྟ་ན། སྐྱེས་བུ་ཀུན་ཀྱང་གཅིིག་ཉིད་དུ་ཐལ་བར་འགྱུར་ཏེ་ཤེས་རྒྱུད་ཐམས་ཅད་ལ་ཤེས་པ་ཡིན་པ་ཙམ་རྗེས་སུ་མི་འགྲོ་བ་མི་སྲིད་པས་སོ། །གཞན་ཡང་སེམས་པ་ཅན་བདག་དང་སེམས་མེད་གཙོ་བོ་སོགས་ཉེར་བཞི་བོ་དེ་དག་ཀྱང་། གཅིག་ཉིད་དུ་འགྱུར་ཏེ་གང་གི་ཕྱིར་ན་དེ་ཐམས་ཅད་ཡོད་པ་ཙམ་ཉིད་དུ་མཚུངས་ཤིང་ཁྱད་པར་མེད་པས་སོ། །གལ་ཏེ་གང་གི་ཚེ་བྱེ་བྲག་ཏུ་གྱུར་པའི་སྒྲ་འཛིན་སོགས་གནས་སྐབས་ཐ་དད་པ་དག་མི་བདེན་པའམ་ཕྱིན་ཅི་ལོག་ཡིན་ཀྱང་། བྱེ་བྲག་ཐམས་ཅད་ཁྱད་མེད་དུ་འདྲ་བའི་རང་བཞིན་གཅིག་པུ་བ་ཞིག་ཅི་སྟེ་མེད་སྙམ་ན། དེ་ནི་ཁྱད་པར་རྣམས་གཅིག་ཏུ་འཁྲུལ་པའི་སྤྱི་ཡོད་འཛིན་གྱི་ལོག་རྟོག་སྟེ། འདི་ལྟར་བྱེ་བྲག་ཐམས་ཅད་བསལ་བ་དེ་ཡི་ཚེ་དེའི་ཕ་རོལ་ན་ཐུན་མོང་དུ་འདྲ་བའི་རྟེན་ནམ་སྤྱི་གཅིག་པུ་ཞིག་གང་ཡིན་ཏེ་ཅི་ཡང་མེད་དོ། །བདག་བེམ་པོར་འདོད་པ་དགག་པ་ནི། རིགས་པ་ཅན་སོགས་ཤེས་བྱ་ཚིག་གི་དོན་དྲུག་ཏུ་འདོད་དེ། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །ཅེས་པ་ལྟར་རྫས་ལ་དགུ་སྟེ། བདག དུས། རྡུལ། ཕྱོགས། ནམ་མཁའ་སྟེ་རྟག་པའི་རྫས་ལྔ། ས། ཆུ། མེ། རླུང་སྟེ་མི་རྟག་པའི་རྫས་བཞི་རྣམས་ཏེ་ལས་དང་ཡོན་ཏན་གྱི་རྟེན་བྱེད་པ་ཞིག་ཏུ་འདོད། ཡོན་ཏན་ལ་ཉེར་བཞི་སྟེ། གྲངས། ཚད། ཕྲད་པ། ཕྱེ་བ། ཐ་དད། ཐ་མི་དད་དེ་ཐུན་མོང་སྤྱིའི་ཡོན་ཏན་དྲུག་དང་། སྒྲ་ནམ་མཁའ། རེག་རླུང་། གཟུགས་མེ། རེག་ཆུ། དྲིི་ས་སྟེ་འབྱུང་བའི་ཡོན་ཏན་ལྔ་དང་བཅུ་གཅིག་ནི་རྫས་གཞན་གྱི་ཡོན་ཏན། བདེ། སྡུག འདོད། སྡང་། ཆོས། ཆོས་མིན། འབད་རྩོལ། འདུ་བྱེད་པའི་ཤུགས། མིག་སོགས་དབང་པོ་ལྔ་བཅས་བཅུ་གསུམ་ནི་བདག་ལ་བརྟེན་པའི་ཡོན་ཏན་ནོ། །ལས་ནི། བརྐྱང་བསྐུམ་འདེགས་འཇོག་འགྲོ་བ་ལྔ། སྤྱི་ལ་ཁྱབ་པ་དང་། ཉི་ཚེ་གཉིས། བྱེ་བྲག་ནི་ཁྱད་པར་དུ་བྱེད་པའི་རང་བཞིན། འདུ་བ་ནི་ཕན་ཚུན་འབྲེལ་བ་ལྟ་བུ་སྟེ་ཐ་དད་དང་ཐ་མི་དད་དུ་འདུ་བ་སོགས་ལས་བརྩམས་ཏེ་དབྱེ་བ་མང་ངོ་། །བདག་ནི་ནམ་མཁའ་ལྟ་བུར་ཁྱབ་པ་དང་རྟག་པ་ཉིད་དུ་འདོད་པས་ཤེས་པ་མིན་ཏེ། ཤེས་པ་ཡིན་ན་མི་རྟག་ཅིང་མ་ཁྱབ་པར་འགྱུར་བས་ན་བདག་ལ་ཤེས་པ་མེད་ཀྱང་། ཤེས་པ་དང་འདུ་བས་ན་བདེ་བ་སོགས་བདག་གི་ཡིན་པར་ཞེན་གྱི། དོན་ལ་བདེ་སོགས་ནང་གི་བེམ་པོ་ཡིན་པར་འདོད་དོ། །བདག་ཐམས་ཅད་ལ་ཁྱབ་པར་ཡོད་དེ་བདག་གི་ཡོན་ཏན་མཐོང་བས་སོ་ཞེས་སྒྲུབ་པར་བྱེད་དོ། །དེ་ལ་སེམས་མེད་པ་ཡང་བདག་མིན་ཏེ། སེམས་མེད་པ་ཉིད་ཀྱི་ཕྱིར་བུམ་པ་དང་སྣམ་བུ་ལ་སོགས་པ་བཞིན། བདག་ནི་ལས་བྱེད་པ་པོ་དང་བདེ་སྡུག་གི་རྟེན་དུ་འདོད་ན་སེམས་མེད་པ་ནི་ནམ་ཡང་བདེ་སོགས་ཀྱི་རྟེན་དུ་མི་རིགས་པའི་ཕྱིར་རོ། །འོན་ཏེ་བདག་རང་ཉིད་སེམས་ཀྱི་ངོ་བོར་མེད་ཀྱང་སེམས་རྫས་གཞན་དང་མཚུངས་པར་ལྡན་པའི་ཕྱིར་ན། དེའི་བྱིན་གྱིས་བརླབས་ནས་ཡུལ་ཤེས་པ་འགྱུར་རོ་ཞེ་ན་མི་རིགས་ཏེ། བདག་གིས་ཡུལ་མི་ཤེས་པའམ་ཤེས་པ་མེད་པར་ཁས་བླངས་ཀྱི་དམ་བཅའ་ཉིད་འཇིག་པར་ཐལ་ཏེ། དེ་ཡུལ་ཤེས་པའི་རང་བཞིན་དུ་གྱུར་པའི་ཕྱིར། མི་རྟག་པར་ཐལ་ལོ། །ཅི་སྟེ་བདག་དེ་ལ་ནམ་ཡང་འགྱུར་བ་མེད་པར་རྟག་ན་ནི། སེམས་པས་ཀྱང་བདག་དེ་ལ་ཡུལ་ཤེས་པའི་བྱ་བ་ཅི་ཞིག་བྱས་ཏེ། ཅི་ཡང་བྱེད་མི་ནུས་ཏེ། ནམ་མཁའ་ཚོན་གྱིས་བསྒྱུར་མི་ནུས་པ་བཞིན་ནོ། །དེ་ལྟར་བེམ་པོ་ཡིན་པས་ཡུལ་ཤེས་པ་མེད་ཅིང་རྟག་པས་ན་འབྲས་བུ་བསྐྱེད་པའི་བྱ་བ་དང་བྲལ་བ་དེ། བདག་ཏུ་འདོད་པ་ནི། ནམ་མཁའ་འདི་བདག་ཡིན་ནོ་ཞེས་རློམ་སྟེ་བདག་ཏུ་བྱས་པར་འགྱུར་ཏེ། ཀྱེ་མ་རིགས་པ་ཅན་གྱི་བློ་གྲོས་ལ་ལྟོས་ཤིག དེ་ལྟར་བཀག་པ་ལ་རྩོད་པ་སྤོང་བ་ལས། ལས་འབྲས་མི་འཐད་པར་རྩོད་པ་སྤོང་བ། བདག་ཡོད་དུ་སྨྲ་བ་རྣམས་ན་རེ། གལ་ཏེ་ཁྱོད་ཀྱི་འདོད་པ་ལྟར་བདག་དེ་ནི་ཡོད་པ་མིན་ན། ལས་འབྲས་ཀྱི་འབྲེལ་བ་སྟེ་ལས་བྱེད་པ་པོ་ཉིད་ཀྱིས་འབྲས་བུ་མྱོང་བའི་རྣམ་བཞག་འདི་རིགས་པ་མིན་པར་འགྱུར་ཏེ། ལས་བྱེད་པའི་བདག་ནི་འཇིག་རྟེན་ཕ་རོལ་དུ་འགྲོ་མི་སྲིད་པས་འབྲས་བུའི་དུས་མེད་ཅིང་། ཕུང་པོ་ནི་སྐད་ཅིག་གིས་སྐྱེ་འགག་བྱེད་པས་ན་ལས་བྱས་པའི་སྐད་ཅིག་དེ་ནས་ནི་བྱེད་པ་པོ་འགག་ཅིང་ཞིག་པས་ན། ལས་དེ་བྱེད་པ་པོ་ཉིད་ལ་ནི་སྨིན་མི་སྲིད་ལ། དེ་ལ་མ་སྨིན་ན་གཞན་གྱི་ལས་གཞན་ལ་སྨིན་པ་མི་འཐད་པས་སུ་ཡི་མྱོང་བར་བྱ་བའི་ལས་སུ་འགྱུར་ཞེ་ན། ལན་དུ་རེ་ཞིག་མགོ་བསྒྲེ་བ། བྱ་བ་བྱེད་པའི་གནས་སྐབས་དང་འབྲས་བུ་མྱོང་བའི་གནས་སྐབས་ཀྱི་རྟེན་ནམ་གཞི་རུ་གྱུར་པའི་ཕུང་པོ་དག་ནི་ཐ་དད་པ་ནི་རང་རེ་གཉིས་ཀས་འདོད་པའི་ཕྱིར་དང་། ཕུང་པོ་ལས་གཞན་པའི་བདག་རྟག་པར་འདོད་པའི་ལུས་དེར་ཡང་བདག་དེ་ནི་སེམས་མེད་པའམ་རྟག་པ་ཡིན་པས་ན། བྱ་བ་ཐམས་ཅད་དང་བྲལ་བས་བྱེད་པ་མེད་པར་ཡང་ཚད་མས་གྲུབ་པའི་ཕྱིར། རྩོད་པ་འདི་ཡུ་བུ་གཉིས་ཀ་ལ་གྲུབ་པས། གཉིས་ཀས་སྤང་དགོས་ན། འདིར་ཁོ་བོ་ལ་བརྩད་པ་དོན་མེད་པ་མ་ཡིན་ནམ། འོན་ཀྱང་ཁོ་བོའི་ལུགས་ལ་ནི་སྤང་བར་ནུས་ཀྱི་ཁྱོད་ཀྱིས་མ་ཡིན་ནོ་ཞེས་སྟོན་པ། ལས་བྱེད་པ་པོ་ཉིད་ལ་སྨིན་ཞེས་པ་འདིའང་རྒྱུད་གཅིག་གི་དབང་དུ་བྱས་པའི་རྣམ་གཞག་སྟེ། རྒྱུ་མ་འགག་པར་ལྡན་བཞིན་དུ་དེའི་འབྲས་བུ་དང་བཅས་པ་ཞེས། རྒྱུ་འབྲས་གཉིས་ཀ་དུས་མཉམ་དུ་མཐོང་བ་དེ་ནི་སྲིད་པ་མ་ཡིན་ཏེ་རྒྱུ་ལས་འབྲས་བུ་འབྱུང་དགོས་པའི་ཕྱིར་རོ། །དེས་ན་འབྲས་བུ་འབྱུང་བའི་དུས་རྒྱུ་འགགས་པས་ཁྱབ་ཀྱང་། རྟེན་འབྲེལ་བསླུ་མེད་ཀྱི་དབང་གིས་འབྲས་བུ་འབྱུང་བར་ནི་ངེས་ལ། དེའང་རྒྱུའི་ཚོགས་པ་གང་དུ་ཚང་བ་གང་ཟག་དེ་ཉིད་ཀྱི་རྒྱུད་དུ་སྨིན་གྱི་གཞན་ལ་ནི་མ་ཡིན་ནོ། །དེས་ན་ཕུང་ལྔའི་རྒྱུན་རིགས་འདྲ་བར་མ་ཆད་པའི་རྒྱུད་གཅིག་ལ་ནི་བརྟེན་ནས་སུ། ལས་བྱེད་པ་པོ་དང་། འབྲས་བུ་ལ་ལོངས་སྤྱོད་པ་པོ་ཞེས་བྱ་བར་རྒྱུད་གཅིག་པའི་རྣམ་བཞག་མཛད་ནས་བསྟན་ཏེ་འཇིག་རྟེན་པའི་བློའི་ཚུལ་ལུགས་ཐམས་ཅད་དེ་ལྟར་གནས་པ་ཡིན་ནོ། །དེ་ལྟར་ན་རྒྱུད་གཅིག་ཡིན་པ་དེ་ཉིད་ཀྱིས་བདག་གཅིག་ཏུ་ཡོད་པ་མིན་ནམ་ཞེ་ན་མིན་ཏེ། རྒྱུད་ནི་ཕྲེང་སོགས་བཞིན་ཏུ་བཏགས་པ་སྟེ་དོན་ལ་མི་སྲིད་དོ། །དེའང་གཟུགས་རྒན་གཞོན་སྐྱེ་བ་སྔ་ཕྱི་མི་གཅིག་པར་རྟོགས་པར་སླ་མོད། སེམས་ཀྱི་དབང་དུ་བྱས་ཏེ་གསུངས་པ། འདས་པའི་སེམས་འགགས་ཟིན་པ་དང་མ་འོངས་པ་ཡི་སེམས་མ་སྐྱེས་པས་ན་བདག་མིན་ཏེ་དེ་གཉིས་ནི་ད་ལྟ་མེད་པའི་ཕྱིར། བདག་ཡོད་པར་འདོད་པ་དང་འགལ་བས་སོ། །འོན་ཏེ་སྐྱེས་ནས་མ་འགགས་པ་ད་ལྟ་བའི་སེམས་འདི་བདག་ཡིན་ནོ་སྙམ་ན། ད་ལྟའི་སྐྱེས་སེམས་དེ་འགག་སྟེ་ཞིག་པ་ན་ཡང་བདག་མེད་པར་འགྱུར་ན། ཁྱོད་ཀྱི་བདག་ནི་སྔ་མ་ནས་འདིར་འོང་། འདི་ནས་ཕ་རོལ་དུ་འགྲོ་བར་འདོད་པས་ན་སྐྱེས་སེམས་ཀྱང་བདག་མིན་ཏེ། དེས་ན་རྒྱུད་བདག་མ་ཡིན་ནོ། །དེས་ན་དཔེར་ན་ཆུ་ཤིང་གི་སྡོང་པོ་ཁོང་སྟོང་གསོབ་ཅན་དེ་དག ཆ་ཤས་ཕྱེ་ན་སྙིང་པོ་སྲ་མཁྲེགས་ཀྱི་ཆ་འགའ་ཡང་རྙེད་རྒྱུ་མེད་པ། དེ་བཞིན་དུ་རྣམ་པར་དཔྱད་པ་ཡིས། བཙལ་ན་བདག་ཀྱང་དེ་ཁོ་ན་ཉིད་དམ་ཡང་དག་པར་གྲུབ་པ་མིན་ནོ། །སྙིང་རྗེ་མི་འཐད་པར་རྩོད་པ་སྤོང་བ། དེ་དག་ན་རེ། གལ་ཏེ་བདག་གམ་སེམས་ཅན་ཡོད་པ་མིན་ན། བྱང་ཆུབ་སེམས་དཔས་སུ་ལ་དམིགས་ནས་སྙིང་རྗེ་བསྐྱེད་པར་བྱ་སྟེ་ཡུལ་མེད་པའི་ཕྱིར་ཞེ་ན། ལན་དུ་གནས་ཚུལ་དོན་དམ་གྱི་ངོར་སྙིང་རྗེའི་ཡུལ་དང་བྱེད་པོ་མི་དམིགས་ཀྱང་། སྣང་ཚུལ་ཀུན་རྫོབ་ཏུ་དེ་ལྟར་སྣང་བ་བསྙོན་མི་ནུས་པས། རྨི་ལམ་ལྟ་བུའི་སྡུག་བསྔལ་གྱི་སྣང་བ་རྒྱུན་ཆད་པའི་མི་གནས་པའི་མྱང་འདས་ཀྱི་ས ར་སེམས་ཅན་རྣམས་གྲོལ་བར་བྱེད་པའི་དགོས་པའམ་འབྲས་བུའི་དོན་དུ་བདག་གིས་སེམས་ཅན་རྣམས་དགྲོལ་བར་བྱའོ་ཞེས་ཁས་བླངས་པའི། སེམས་ཅན་ནི་དོན་དམ་པར་ཡོད་པས་མིན་ཏེ་རྨོངས་པས་བདག་ཏུ་བརྟགས་པ་གང་ཡིན་པ་དེའི་དབང་གིས་ཡིན་ནོ། །དེས་ན་བྱང་ཆུབ་སེམས་དཔས་བདག་མེད་མཐོང་ཡང་སྙིང་རྗེའི་ཡུལ་སེམས་ཅན་གྱིས་དེ་ལྟར་མ་རྟོགས་པས་བདག་ཡོད་པ་ལྟ་བུར་དོན་མེད་པར་སྡུག་བསྔལ་གྱི་སྣང་བ་འཁོར་ཡུག་ཏུ་མྱོང་བ་ཡོད་པས་ན། དེ་ལ་དམིགས་ནས་སྙིང་རྗེ་འཇུག་སྟེ། འཕགས་པ་རྣམས་བདག་དོན་ལ་མི་ཆགས་ཤིང་གཞན་དོན་ལ་སྤྲོ་བའི་བློ་ཤུགས་ཀྱིས་འབྱུང་བ་དང་། གཞན་གྱི་སྡུག་བསྔལ་ཡང་གཉིད་འཐིབ་པོ་བཞིན་ཏུ་སེལ་ནུས་པར་མཐོང་བའི་ཕྱིར་རོ། །ཡང་དེ་དག་ན་རེ། སེམས་ཅན་མེད་ན་གང་གི་དོན་དུ་འབད་པའི་འབྲས་བུ་སངས་རྒྱས་དེ་སུ་ཡིས་ཐོབ་པ་ཡིན་ཏེ། དེས་ན་འབྲས་བུའི་དོན་དུ་ཁས་བླངས་པ་ཞེས་པའང་མི་རིགས་སོ་ཞེ་ན། ལན་དུ། དོན་དམ་པར་བདེན་ཏེ་ཐོབ་པོ་སེམས་ཅན་དང་ཐོབ་བྱའི་འབྲས་བུ་བདེན་གྲུབ་ཏུ་མེད་པར་མྱ་ངན་ལས་འདས་པ་དང་མ་འདས་པའང་དེ་ཉིད་དུ་ན་ཁྱད་པར་མེད་ཅེས་འདོད་དོ། །འོན་ཀྱང་སེམས་ཅན་རང་རང་གི་སྣང་ཚུལ་གྱི་ངོར་ཡོད་དེ་བཤད་མ་ཐག་པ་ལྟར་རྨོངས་པས་བདག་ཏུ་ཞེན་པ་ལས་ཀུན་ཉོན་འཁོར་བའི་ཕྱོགས་དང་། དེ་ལྡོག་པའི་རྣམ་བྱང་གི་ཚུལ་གཉིས་ཀ་གྲུབ་ཅིང་། མྱང་འདས་ཞེས་གཞན་ན་མེད་ཀྱི་ཕྱིན་ཅི་ལོག་ཏུ་བློ་ནོར་བའི་རྣམ་རྟོག་ཟད་པ་ཙམ་ལ་བཏགས་པར་འདོད་པ་ཡིན་ནོ། །དེས་ན་དོན་དམ་པར་སྲིད་དང་ཞི་བར་བདེན་པར་མ་གྲུབ་པའི་ཕྱིར་འཆིང་གྲོལ་འཐད་ཀྱི་གཞན་དུ་ན་ནམ་ཡང་མ་ཡིན་ནོ། །འོ་ན་ཐོབ་མེད་ལ་ཐོབ་པར་རེ་ནས་ལམ་སོགས་ལ་སློབ་པས་ཅི་བྱེད་དེ་རྨོངས་པ་ནི་རྣམ་པ་ཀུན་ཏུ་བཟློག་བྱ་མ་ཡིན་ནམ་ཞེ་ན། མཐར་ཐུག་སངས་རྒྱས་ཀྱི་ས་ན་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་ཞི་བས་སྲིད་ཞིར་མངོན་ཞེན་གྱི་ཤེས་སྒྲིབ་ཕྲ་མོ་འདི་ཡང་ལྡོག་པར་འགྱུར་མོད། དེ་ལྟར་མ་གྱུར་གྱི་བར་ལ་གནས་སྣང་རྣམ་པ་ཀུན་ཏུ་མཐུན་པ་མིན་པའི་ཕྱིར། དོན་དམ་པར་ཐོབ་ཏུ་མེད་ཀྱང་ཀུན་རྫོབ་ཏུ་འཐོབ་བྱར་མི་འགལ་བས་ན། སེམས་ཅན་གྱི་སྡུག་བསྔལ་ཉེ་བར་ཞི་བའི་དོན་དུ། འབྲས་བུ་མི་གནས་པའི་མྱང་འདས་ལ་ཀུན་རྫོབ་ཙམ་དུ་ཐོབ་བྱར་ལྟ་བའི་རྨོངས་པ་ནི་བཟློག་པར་མི་བྱ་སྟེ་འདི་ལ་བརྟེན་དགོས་པའི་ཕྱིར་རོ། །འོ་ན་བདག་ཏུ་རྨོངས་པའང་དགག་པས་ཅི་བྱ་ཞེ་ན། དེ་གཉིས་མི་མཚུངས་ཏེ་འབྲས་བུ་དོན་དུ་གཉེར་བའི་བློ་དེས་ནི་སྡུག་བསྔལ་ཟད་པར་བྱས་ནས་རང་ཡང་འགག་པར་བྱེད་དེ་ཤིང་ལས་བྱུང་བའི་མེས་ཤིང་རང་ཉིད་བསྲེགས་པ་བཞིན་ནོ། །འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་རུ་གྱུར་པ་ཡི་བདག་ཏུ་འཛིན་པའམ་ངའོ་སྙམ་པའི་ང་རྒྱལ་ནི། བདག་ཏུ་བཟུང་བའི་རྨོངས་པས་འཕེལ་བར་འགྱུར་བས་དེ་ནི་བཟློག་པར་བྱ་བ་ཁོ་ནའོ། །ཡང་ཁོ་ན་རེ། ཁྱོད་བཏགས་པའི་བདག་ལས་བློ་ལྡོག་མི་ནུས་པ་དེ་བཞིན་དུ་རང་བཞིན་གྱིས་གྲུབ་པའི་བདག་དེ་ལས་ཀྱང་ཡུལ་ཅན་བློ་གཏན་དུ་བཟློག་པ་མེད་དེ་ཐོག་མེད་ནས་གཤིས་ལ་ཞུགས་པའི་ཕྱིར་ཅེ་ན། དེ་གཉིས་མི་མཚུངས་ཏེ་བཏགས་པ་ཙམ་རྟེན་ནས་འབྱུང་བའི་དབང་གིས་སྣང་བ་ལ་སོ་སྐྱེའི་ངོར་མི་སྣང་བར་སྒྲུབ་བྱེད་ཀྱི་རིགས་པ་མེད་ལ་བཟློག་ཀྱང་མི་དགོས་མོད། རང་བཞིན་གྱིས་གྲུབ་པར་འཛིན་པ་ནི་ཕྱིན་ཅི་ལོག་ཏུ་བློ་འཁྲུལ་པ་སྟེ། དེ་ནི་དངོས་པོའི་གནས་ཚུལ་རྟོགས་པའི་བློ་བདག་མེད་སྒོམ་པ་ཡིས་སྤང་ནུས་ཏེ། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་པ། །ཞེས་གསུངས། དེས་ན་སྣང་བས་མུན་པ་བཞིན་གཉེན་པོ་མཆོག་ཡིན་ནོ་སྟེ་ཡང་དག་པའི་ཚད་མ་དང་ལྡན་པ་དེ་ཉིད་སྟོབས་དང་ལྡན་པའི་ཕྱིར་རོ། །ཆོས་ཀྱི་བདག་མེད་རིག་པས་གཏན་ལ་དབབ་པ་ལ། དྲན་པ་ཉེ་བར་བཞག་པ་བཞི་ལས། ལུས་དྲན་པར་ཉེ་བར་བཞག་པ་ལ། ཡན་ལག་ཅན་མེད་པར་བསྟན་པ་ནི། ལུས་ཞེས་པའང་བརྟགས་པ་ཙམ་སྟེ་རང་བཞིན་གྱིས་གྲུབ་པ་མེད་དེ། འདི་ལྟར་སྐྱེ་མཆེད་རྫོགས་པའི་ལུས་ཞེས་རིལ་པོ་གཅིག་པུའི་རྣམ་པར་བཟུང་བ་དེ་ནི་ཡོད་ན་ལག་པ་སོགས་ལ་ཡོད་དགོས་ནའང་། བོལ་གོང་སོགས་རྐང་པ་དང་བྱིན་པ་སྟེ་རྗེ་ངར་ཡང་ལུས་མིན་ལ། དེ་བཞིན་དུ་བརླ་དང་རྐེད་པའང་ལུས་མ་ཡིན་ཞིང་། ལྟོ་བ་དང་རྒྱབ་ཀྱང་ལུས་མིན་ཏེ། བྲང་དང་དཔུང་པའང་ལུས་མ་ཡིན། རྩིབ་ལོགས་དང་ལག་པའང་ལུས་མིན་ཏེ། མཆན་ཁུང་དང་ཕྲག་པའང་ལུས་མ་ཡིན། རྒྱུ་མ་ལ་སོགས་པའི་ནང་ཁྲོལ་རྣམས་ཀྱང་ལུས་དེ་ཡི་ངོ་བོ་མིན་ལ། མགོ་དང་མགྲིན་པའང་ལུས་མིན་ཏེ་དེ་དག་རེ་རེ་ནས་ལུས་ཀྱི་མཚན་ཉིད་དང་མི་མཐུན་པའི་ཕྱིར། དུར་ཁྲོད་དུ་འཐོར་བའི་ལུས་ཀྱི་དུམ་བུ་བཞིན་ད་ལྟ་འབྲེལ་བར་སྣང་ཡང་རུང་ཕན་ཚུན་འདྲེས་པ་མེད་པར་རང་ས་ན་ཡོད་ན་དེ་རེ་རེ་ལུས་སུ་ག་ལ་འགྱུར་ཏེ་ལག་པ་སོགས་བཅད་ཀྱང་ལུས་གནས་པར་འདོད་པས་སོ། །དེས་ན་ལག་སོགས་ཆ་ཤས་དུ་མའི་ཚོགས་པ་ཅན་འདི་ལ་ལུས་ཞེས་པ་དེ་ནི་གང་ཞིག་ཡིན། དེ་དག་རེ་རེ་ལུས་མིན་ཡང་ལུས་ནི་དེ་དག་ལ་ཁྱབ་ནས་ཡོད་དོ་སྙམ་ན། ལུས་གཅིག་གི་ཆ་ཤས་ཀྱིས་འདི་ཀུན་ལ་ཁྱབ་པ་ཡིན་ནམ། ཆ་ཤས་ཅན་ལུས་དུ་མས་རེ་རེ་བཞིན་དུ་ཁྱབ་པ་ཡིན། གལ་ཏེ་ལུས་ཞེས་པ་འདི་ལག་སོགས་ཡན་ལག་ཐམས་ཅད་ལ། ཆ་ཤས་སམ་ཕྱོགས་རེ་ཡིས་ནི་གནས་པར་གྱུར་པར་འདོད་ན། ལུས་དེའི་ཆ་ཤས་རྣམས་ལག་སོགས་ཆ་སོ་སོ་ལ་གནས་པར་འགྱུར་དུ་ཆུག་མོད། ཆ་ཤས་ཅན་ལུས་དེ་རང་ཉིད་ནི་གང་ལ་གནས་ཏེ་ལག་སོགས་རེ་རེ་ནས་བསལ་བའི་ཤུལ་ན་ཁྱབ་བྱེད་ཀྱི་ལུས་མ་དམིགས་པས་སོ། །གལ་ཏེ་བདག་ཉིད་ཀུན་ལྡན་གྱི་ལུས། རིལ་བོའམ་ཆ་ཚང་བ་རེ་ལག་པ་སོགས་ཡན་ལག་རྣམས་ལ་གནས་ན་ནི། ལག་སོགས་ཡན་ལག་དེ་དག་གི་གྲངས་ཇི་སྙེད་པ། དེ་སྙེད་ཀྱི་ནི་གྲངས་དང་མཉམ་པའི་ལུས་དུ་མ་རྣམས་སུ་ཡོད་པར་འགྱུར་ནའང་ལུས་རིལ་པོ་གཅིག་པུ་ཞིག་ཏུ་འཛིན་པས་དེ་ལྟ་བུ་ནི་མི་སྲིད་དོ། །དེས་ན་སྐྱེ་མཆེད་དྲུག་གི་ཕྱི་དང་དེ་དག་གི་ནང་ཀུན་ཏུ་རིགས་པས་བཙལ་ན་ལུས་མ་དམིགས་པའི་ཕྱིར་མེད་ན། ཇི་ལྟར་ན་ལག་པ་སོགས་ལ་ལུས་ཡོད་པར་འགྱུར་ཏེ་མེད་དོ། །ལག་སོགས་རྣམས་ལས་ལུས་ཀྱི་གདགས་གཞི་གཞན་ནི་མེད་ན། ལུས་དེ་ནི་ཇི་ལྟར་དུ་ཡོད་པ་ཡིན་ཏེ་མེད་དོ། །དེ་ལ་རྐང་པ་ལུས་མིན་སོགས་ཀྱིས་ཡན་ལག་དང་གཅིག་མིན་པར་བསྟན། གལ་ཏེ་ལུས་འདི་སོགས་ཀྱིས་ཡན་ལག་དང་འབྲེལ་བ་ཅན་ཐ་དད་དུ་མེད་པར་བསྟན་ཏོ། །དེས་ན་ལུས་ཞེས་གྲུབ་པ་མེད་ཀྱང་ལག་པ་སོགས་ཡན་ལག་གི་ཚོགས་པ་ལ་བརྟེན་ནས་རྨོངས་ཤིང་འཁྲུལ་པ་ཡིས་ནི་ལུས་སུ་འཛིན་པའི་བློ་འབྱུང་བར་འགྱུར་ཏེ། དཔེར་ན་མི་དང་འདྲ་བའི་དབྱིབས་སུ་བཀོད་པའི་ཁྱད་པར་གྱིས། ཐོ་ཡོར་ལ་ནི་མི་རུ་འཁྲུལ་པའི་བློ་འབྱུང་བ་བཞིན་ནོ། །འདི་ན་ཇི་སྲིད་དབང་པོ་སོགས་དབྱིབས་ཀྱི་ཁྱད་པར་རྐྱེན་ཚོགས་པ་དེ་སྲིད་དུ། ལུས་འདི་ནི་སྐྱེས་བུ་ལྟར་སྣང་བ་ཡིན་གྱི་རྐྱེན་མ་ཚང་ན་སྐྱེས་པའི་ལུས་སུ་མི་འཇོག་སྟེ་མཚན་འགྱུར་བའམ། མེར་མེར་པོ་དང་། བསྲེགས་ཏེ་ཐལ་བ་བྱས་པའི་སྐབས་བཞིན། དེ་དང་འདྲ་བར་བུད་མེད་ཀྱང་ཡིན་ནོ། །དེ་བཞིན་དུ་ཇི་སྲིད་ལག་པ་སོགས་ཡན་ལག་ལ། ལུས་སུ་གདགས་པའི་རྐྱེན་ཕན་ཚུན་འབྲེལ་བར་གྱུར་པ་སོགས་དེ་དག་ཡོད་པ་དེ་སྲིད་དུ་ལག་པ་སོགས་དེར་ལུས་སུ་སྣང་གི་རང་གི་ངོ་བོ་ཉིད་ཀྱིས་ལུས་སུ་ཡོད་པ་མིན་ཏེ་ཤ་དང་རུས་པའི་དུམ་བུ་བཞིན་ནོ། །ཡན་ལག་མེད་པར་བསྟན་པ། ལུས་མེད་ཀྱང་ལག་སོགས་ཡན་ལག་ནི་མངོན་སུམ་དུ་མཐོང་བས་ཡོད་དོ་ཞེ་ན། ལུས་བདེན་པར་མ་གྲུབ་པ་དེ་བཞིན་སོར་མོའི་ཚོགས་སོ་སོ་བའི་ཡན་ལག་ཙམ་གྱི་ཚོགས་པ་ཡིན་པའི་ཕྱིར། དེ་ལ་ཡན་ལག་ཅན་ལག་པ་ཞེས་བཏགས་ནའང་རྫས་གཅིག་ཏུ་བདེན་པ་གང་ཞིག་ཡིན་པར་འགྱུར་ཏེ་མི་འགྱུར་ལ། སོར་མོ་དེ་ཡང་ཚིགས་ཀྱི་ཚོགས་ཡིན་པའི་ཕྱིར་བདེན་པར་མེད་ཅིང་། ཚིགས་ཀྱང་རང་གི་ཕྱོགས་སོ་སོའི་ཆ་རུ་ཕྱེ་བས་དུ་མར་འགྱུར་ཏེ། སྟེང་གི་ཆ་འོག་མིན་ལ། འོག་གི་ཆ་སྟེང་མིན་པ་སོགས་མ་འདྲེས་པར་གནས་སོ། །ཆ་དེ་ཡང་རགས་པའི་རྡུལ་ཕྲན་གྱི་བར་དུ་ཕྱེ་བ་བྱས་ཏེ། རྡུལ་ཕྲ་རབ་དེ་ལ་ཡང་ཕྱོགས་སོ་སོའི་ཆ་རུ་སྣང་བའི་དབྱེ་བ་ཡིས། དུ་མར་འགྱུར་ཞིང་མཐར་གཏུགས་ན་ཕྱོགས་ཀྱི་དབྱེ་བ་གང་དུའང་ཆ་གཅིག་བདེན་པར་གྲུབ་པ་མི་རྙེད་དེ་ཆ་ཤས་དང་བྲལ་བར་འགྱུར་བའི་ཕྱིར་ཏེ། དྲུག་གིས་གཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་པ་བཞིན། དེས་ན་ལག་པ་སོགས་ལུས་ཀྱི་ཡན་ལག་ཐམས་ཅད་དང་གཞན་བུམ་པ་སོགས་ཀྱི་གཟུགས་སྣང་ཐམས་ཅད་ཀྱང་རགས་པ་ཕྲ་བ་དང་། ཕྲ་མོ་རྡུལ་དང་། རྡུལ་རྡུལ་ཕྲ་རབ་དང་། དེ་ཕྱོགས་ཆའི་དབྱེ་བས་གཞལ་ན་ནམ་མཁའ་བཞིན་སྟོང་པར་འགྱུར་གྱི་གཟུགས་སུ་གྲུབ་པ་མེད་པ་དེས་ན་རྡུལ་ཕྲ་རབ་ཏུ་ཡང་གྲུབ་པ་མེད་དོ། །དེ་ལྟར་བདེན་པར་མ་གྲུབ་པ་རྨི་ལམ་ལྟ་བུ་ཡི། གཟུགས་ལ་དེ་ཁོ་ན་ཉིད་ཀྱི་དཔྱོད་པ་དང་ལྡན་པའི་གང་ཟག་སུ་ཞིག་ཆགས་རིགས་ཏེ་མི་རིགས་སོ། །གང་གི་ཚེ་དེ་ལྟར་ལུས་རང་བཞིན་མེད་པ་རུ་ངེས་པ་དེ་ཡི་ཚེ་དེའི་བྱེ་བྲག་སྐྱེས་པ་གང་ཡིན་ལ་བུད་མེད་གང་ཡིན་ཏེ་བདེན་པར་མེད་དོ། །ཚོར་བ་དྲན་པ་ཉེ་བར་བཞག་པ་ལས། ཚོར་བའི་ངོ་བོ་ལ་དཔྱད་པ། ཚོར་བ་སྡུག་བསྔལ་འདི་དེ་ཁོ་ན་ཉིད་དུ་རང་གི་ངོ་བོ་སེམས་ཀྱི་རྒྱུད་ལ་ཡོད་ན་ནི། དེས་ཅི་སྟེ་རྒྱུད་ལ་རབ་ཏུ་དགའ་བ་སྐྱེ་བ་ལ་མི་གནོད་དེ་དགའ་བ་སྐྱེ་བར་མི་འགྱུར་ནའང་དེ་ལྟར་མ་ངེས་པའི་ཕྱིར། བདེ་བའང་དེས་མཚོན་ཏེ་ཤེས་ནུས་པས་ལོགས་སུ་སྨོས་མི་དགོས་སོ། །དེས་ན་དེ་གཉིས་ཕན་ཚུན་འགལ་བས་གང་གི་རང་བཞིན་དུ་གྲུབ་པ་དེ་ཅིག་ཤོས་སུ་མི་རུང་ངོ་། །དེས་ན་བློ་ཡི་སྟེང་ན་ཚོར་བ་བདེན་གྲུབ་མེད་པར་བསྟན་ནས། ད་ནི་ཕྱི་ཡུལ་གྱི་དབང་དུ་བྱས་ཏེ། གྲངས་ཅན་པ་སོགས་འདོད་པ་ལྟར་ཕྱི་ཡུལ་གྱི་སྟེང་ནའང་བདེན་པར་མ་གྲུབ་སྟེ་ཡུལ་གཟུགས་བཟང་བ་དང་རོ་མངར་བ་སོགས་བདེ་བའི་རང་བཞིན་ཡིན་ན་བུ་ཤི་བའི་མྱ་ངན་གྱིས་གདུང་བ་དང་འཇིགས་པས་མྱོས་པ་སོགས་ལ། ཟས་ཞིམ་པ་དང་ལྟད་མོ་སོགས་ཀྱིས་ཅི་སྟེ་དགའ་བར་མི་བྱེད་དེ་དེ་ཉིད་ལ་བདེ་བ་ཡོད་པའ་ིཕྱིར། མེའི་ཚ་བ་བཞིན་ནོ། །དེ་དག་ན་རེ། སྡུག་བསྔལ་དེ་ཁོ་ན་ཉིད་དུ་བློ་ལ་མེད་པ་མིན་ཀྱང་ནང་གི་རབ་ཏུ་དགའ་བ་ཁྱད་པར་ཅན་སྟོབས་དང་ལྡན་པས་ཟིལ་གྱིས་མནན་པའི་ཕྱིར། གལ་ཏེ་སྡུག་བསྔལ་དེ་མྱོང་བ་མ་ཡིན་ཏེ། དཔེར་ན་ཉི་མས་རྒྱུ་སྐར་བཞིན་ནོ་ཞེ་ན། གང་ཞིག་ཉམས་སུ་མྱོང་བའི་བདག་ཉིད་མིན་པ། དེ་ནི་ཚོར་བ་ཇི་ལྟར་ཡིན་ཏེ། ཚོར་བའི་མཚན་ཉིད་མེད་པའི་ཕྱིར་རོ། །རིགས་པ་འདིས་གདུང་ལྡན་ཞིམ་སོགས་མི་དགའ་བའང་གདུང་བ་སྟོབས་ཆེན་པོས་ཟིལ་གྱིས་མནན་ནས་མི་མྱོང་བའོ་ཟེར་ནའང་འདི་བཞིན་དཔྱད་པར་བྱའོ། །དེ་དག་ན་རེ། དགའ་བ་སྟོབས་ལྡན་མྱོང་བཞིན་པའི་སྐབས་སུ་སྡུག་བསྔལ་གཏན་མ་མྱོང་བ་མིན་ཀྱང་སྡུག་བསྔལ་ཕྲ་མོ་ཉིད་དུ་ཡོད་པས་དེ་མྱོང་བ་མི་ཤེས་པ་ཡིན་ཏེ། བུ་རམ་གྱི་ཁུ་བ་མང་པོའི་ནང་ཚྭ་ཆུའི་ཐིགས་པ་ཕྲ་མོ་ལྷུང་བ་བཞིན་ནོ་ཞེ་ན། རྒྱུད་གཅིག་ལ་དེ་གཉིས་ནུས་མཚུངས་སུ་འགྲོགས་པ་མེད་དེ་གལ་ཏེ་ཡོད་ན་བདེ་སྡུག་གཉིས་དུས་མཉམ་པར་རྒྱུད་གཅིག་ལ་སྣང་དུ་རུང་བ་ལ་དེ་མ་དམིགས་པ་དང་། ཁྱོད་ཀྱི་སྡུག་བསྔལ་འདི་ཡི་རགས་པ་སྟོབས་ཆེན་པོའི་ཆ་ནི་བདེ་བས་བསལ་བར་འདོད་པ་མིན་ནམ། དེས་ན་ཕྲ་བའང་ཅིས་མི་སེལ། ཡང་ཁོ་ན་རེ། སྡུག་བསྔལ་ཕྲ་མོར་ཡོད་ཀྱང་དེ་ནི་རང་གི་ནུས་པ་འབྱིན་མ་ནུས་པར་བདེ་བ་སྟོབས་ཆེན་པོས་ཁ་བསྒྱུར་ཏེ་སོང་བས། བདེ་བ་ཆེན་པོ་དེ་ལས་གཞན་དགའ་བ་ཙམ་སྟེ་དགའ་བ་ཕྲ་མོའི་རྣམ་པར་མྱོང་བ་ཡིན་ནོ་ཞེ་ན། དགའ་བ་ཙམ་དུ་གཏོགས་པའི་ཕྲ་མོ་ཉིད་དེ་ཡང་དགའ་བ་དེའི་རིགས་ཡིན་གྱི་སྡུག་བསྔལ་ནམ་ཡང་མ་ཡིན་ན་དེ་ལྟར་བརྟགས་པས་ཅི་ཞིག་བྱ། གལ་ཏེ་འགལ་རྐྱེན་བདེ་བ་སྟོབས་ལྡན་སྐྱེས་པས་ན། རྒྱུ་མ་ཚང་བའི་དབང་གིས་སྡུག་བསྔལ་ནི་དེའི་ཚེ་སྐྱེས་པ་མིན་ནོ་ཞེ་ན་ནི། ཚོར་བ་དེ་ནི་དངོས་པོ་ལ་གྲུབ་པ་མེད་པར་ནང་གི་རྟོག་པ་ཡིས་བདེ་སོགས་སུ་མངོན་པར་ཞེན་པའམ་བཏགས་ཉིད་ཡིན་ཞེས་བྱ་བར་དངོས་པོའི་སྟོབས་ལས་གྲུབ་པ་མིན་ནམ་སྟེ་ཡིན་ནོ། །དེས་ན་བདེ་སྡུག་ཞེས་གྲུབ་གྲུབ་མོ་ཞིག་ཏུ་བལྟས་ནས་དེ་ལ་འདོར་ལེན་གྱི་ཆེད་དུ་འབད་པ་ནི་འཁྲུལ་པ་སྟེ། རང་གི་བློས་དེ་ལྟར་མ་བརྟགས་ཀྱི་བར་དུ་བདེ་སྡུག་རང་མཚན་པ་ཕྱི་ནང་ཀུན་ཏུ་མི་གནས་ཏེ། དཔེར་ན་སྐྱུག་ནད་ཅན་དང་བཀྲེས་པ་ལ་མར་ཁུ་སོགས་ཀྱི་དཔེས་མཚོན་པ་བཞིན་དུ་རང་གི་རྟོག་པའི་དབང་གིས་དེར་འགྱུར་བ་སྟེ་བདེ་སོགས་ཀྱི་དངོས་པོ་རང་མཚན་པ་མེད་དོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་ཚོར་བ་ལ་མངོན་པར་ཞེན་ནས་འདོར་ལེན་གྱི་རྣམ་པར་རྟོག་པ་འདི་ཡི་ནི། གཉེན་པོར་བཤད་མ་ཐག་པའི་རྣམ་པར་དཔྱོད་པ་འདི་ལྟ་བུ་བསྒོམ་པར་བྱ་སྟེ། དེའི་གཉེན་པོ་ནི་འདི་ལས་གཞན་མེད་པའི་ཕྱིར་རོ། །དེ་འདྲའི་རྣམ་པ་ལ་བརྟགས་ཤིང་དཔྱད་པའི་ཞིང་ས་བཟང་པོ་ལྟ་བུ་ལས་བྱུང་བ་ཡི། ཚོར་བ་རང་བཞིན་མེད་པའི་དོན་ལ་མཉམ་པར་བཞག་པའི་བསམ་གཏན་དེ་ནི་རྣལ་འབྱོར་པ་ཡི་ལོངས་སྤྱོད་པའི་ཟས་ཡིན་ཏེ། རྣལ་འབྱོར་པ་རྣམས་ཀྱིས་ཆགས་བྲལ་གྱི་དགའ་བ་ཉམས་སུ་མྱོང་ཞིང་རྟོགས་པའི་ལུས་རྒྱས་པར་བྱེད་པའི་ཕྱིར་རོ། །ཚོར་བའི་རྒྱུ་ལ་བརྟག་པ། འདི་ལྟར་ཡུལ་དབང་ཤེས་གསུམ་འདུས་ཏེ་རེག་པ་དང་། དེ་ལས་ཚོར་བ་འབྱུང་བས་ན། དབང་དོན་དེ་དང་འཕྲད་པའམ་རེག་པའི་སྐབས་བར་དང་བཅས་པའམ་བར་མེད་པ་གང་ཞིག་ཡིན་ཏེ། གལ་ཏེ་ཡུལ་ཅན་མིག་སོགས་དབང་པོ་དང་ཡུལ་གཟུགས་སོགས་དོན་རྣམས་བར་དང་བཅས་པ་ཡིན་ན། དེ་དག་གང་དུ་འཕྲད་པར་འགྱུར་ཏེ་བར་ཆོད་པའི་ཕྱིར་ཤར་ནུབ་ཀྱི་རི་བཞིན་ནོ། །བར་མེད་པར་འདོད་ན་ཡང་དེ་གཉིས་གཅིག་ཉིད་དུ་འགྱུར་བའི་ཕྱིར་དེ་ལ་ནི་ཡུལ་ཅན་གང་ཞིག་ཡུལ་གང་དང་འཕྲད་པར་འགྱུར་ཏེ། འཕྲད་བྱ་ཕྲད་བྱེད་གཉིས་མེད་པས་སོ། །གལ་ཏེ་ཐལ་མོ་ཕན་ཚུན་སྦྱར་བ་བཞིན་དུ་ཕྲད་པ་ཅི་སྟེ་མེད་སྙམ་ན། དེ་ནི་རྟོག་པས་ཞེན་པ་ཙམ་ལས་ཡང་དག་པར་མིན་ཏེ། དབང་དོན་རགས་པ་ནི་ཕྱོགས་ཐམས་ཅད་ཀྱིས་ཕྲད་པ་མེད་དེ། གང་མདུན་ཕྲད་ན་རྒྱབ་མ་ཕྲད་པ་ལྟ་བུའོ། །དེའི་ཚུལ་གྱིས་དཔྱད་ན། རྡུལ་གཞན་གྱིས་བར་དུ་ཆོད་པའི་རྡུལ་རྣམས་ནི་མ་ཕྲད་ལ། མཐར་བར་མ་ཆོད་པའི་དབང་དོན་གྱི་རྡུལ་ཕྲ་རབ་ཕྲད་དགོས་ཀྱང་། དེ་ལ་རྡུལ་ཕྲན་རྣམས་རྡུལ་ཕྲན་གཞན་ལ་འཇུག་པ་སྟེ་གཅིག་གི་ནང་དུ་གཅིག་ཐིམ་པ་མེད་དེ། དེ་ཡི་རྒྱུ་མཚན་ནི་རྡུལ་དེ་ལ་ཁོང་སྟོང་གི་སྐབས་མེད་པ་དང་བོངས་ཚད་མཉམ་པ་ཡིན་པའི་ཕྱིར། མ་ཞུགས་པ་ལ་ཕན་ཚུན་འདྲེས་པ་མེད་ཅིང་། མ་འདྲེས་པ་ལ་ཕྱོགས་ཀུན་གྱི་ཕྲད་པ་མེད་དོ། །དེས་ན་རྡུལ་ཕྲན་ཆ་མེད་པ་དེ་ལའང་ཕྲད་པ་ཡོད་དོ་ཞེས་བྱ་བ་འདི་ཇི་ལྟར་འཐད་པར་འགྱུར་ཏེ་ཕྱོགས་གཅིག་དང་ཕྱོགས་ཐམས་ཅད་ཀྱིས་ཕྲད་པ་གཉིས་ཀ་དེ་ལ་མི་སྲིད་དོ། །དེས་ན་འཕྲད་པ་ཡིན་པ་དང་ནི་ཆ་མེད་པ་ཡིན་པར། གལ་ཏེ་མཐོང་ན་ཁྱོད་ཀྱིས་བསྟན་པར་གྱིས་ཤིག་ཅེས་བསྟན་མི་ནུས་པའི་ཚད་དུ་དགོངས་སོ། །དེས་ཡུལ་དབང་ཤེས་གསུམ་འདུས་ཞེས་པའི་དབང་དོན་འདུས་པ་མེད་པར་བསྟན་ནས། ཡང་ན་རྣམ་ཤེས་ནི་རྡུལ་ཚོགས་པའི་ལུས་མེད་པ་ཡིན་ན་དེ་ལ་ནི། ཡུལ་དང་ཕྲད་པ་འཐད་པ་མ་ཡིན་པ་ཉིད་དེ་ནམ་མཁའ་དང་ལག་པ་ཕྲད་མི་སྲིད་པ་བཞིན་ནོ། །གལ་ཏེ་ཕྲད་ཅིང་རེག་པ་མེད་ཀྱང་ཡུལ་དབང་ཤེས་གསུམ་ཚོགས་པ་ཡོད་དོ་སྙམ་ན། ཐམས་ཅད་ཚོགས་པ་ཞེས་བྱ་བ་འདིའང་དཔྱད་ན་དངོས་པོར་བདེན་པར་མེད་པའི་ཕྱིར་ཏེ། དེ་བཞིན་སོར་མོའི་ཚོགས་ཡིན་ཕྱིར་སོགས་ཀྱིས་སྔར་ནི་ཇི་ལྟར་རིགས་པས་རྣམ་པར་དཔྱད་ཟིན་པ་བཞིན་ནོ། །དེ་ལྟར་དཔྱད་པས་རྒྱུ་རེག་པ་ཡོད་པ་མིན་ན། འབྲས་བུ་ཚོར་བ་བདེ་སྡུག་སོགས་འདི་གང་ལས་འབྱུང་བར་འགྱུར་ཏེ་དོན་དམ་པར་མེད་ན་བདེ་བ་ཐོབ་པ་དང་སྡུག་བསྔལ་སྤང་བའི་ཆེད་དུ་ངལ་བ་མང་པོ་འདི་ཅི་ཡི་དོན་དུ་ཡིན་ཏེ། ཚོར་བ་གང་གིས་གང་ཟག་གང་ལ་ཕན་པ་དང་གནོད་པར་འགྱུར་ཏེ་མི་འགྱུར་རོ། །འབྲས་བུ་སྲེད་པ་ལ་དཔྱད་པ། འདི་ལྟར་སྲེད་པ་ལྡོག་མེད་དུ་སེམས་ཅན་ཐམས་ཅད་ལ་སྐྱེ་བས་དེའི་རྒྱུ་ཚོར་བ་ཅི་སྟེ་མེད་སྙམ་ན། འདི་ཡང་རྨོངས་པ་ཙམ་སྟེ་ཡང་དག་པར་མིན་ནོ། །དེ་ཡང་གང་གི་ཚེ་ཚོར་བ་པོ་བདག་དང་ཤེས་པ་རང་བཞིན་གྱིས་གྲུབ་པ་འགའ་ཡང་མེད་ཅིང་། དེས་མྱོང་བྱ་ཚོར་བའང་ཡོད་པ་མ་ཡིན་པ། དེ་ཡི་ཚེ་ཚོར་བྱ་དང་ཚོར་བྱེད་དོན་ལ་མེད་པའི་གནས་སྐབས་འདི་ལྟ་བུ་མཐོང་ནས། ཚོར་བའི་རྒྱུ་ལས་བྱུང་བའི་འབྲས་བུ་སྲེད་པ་ཅི་ཡི་ཕྱིར་ལྡོག་པར་མི་འགྱུར་ཏེ་རྒྱུ་མེད་པའི་ཕྱིར་རོ། །ཚོར་བ་པོ་ལ་དཔྱད་པ། གལ་ཏེ་ཚོར་བ་དང་ཚོར་བ་པོ་མེད་ན་མཐོང་སོགས་འདི་མི་འཐད་སྙམ་ན། མིག་གིས་གཟུགས་མཐོང་བའམ་ནི་ལུས་ཀྱིས་རེག་པ་སྟེ་ཐོག་ཐ་གཉིས་ཀྱིས་བར་ཀུན་མཚོན་པར་བྱས་པའི་ཐོས་སྣོམ་མྱོང་ཚོར་འདི་ཡང་། རྨི་ལམ་དང་སྒྱུ་མ་འདྲ་བའི་བདག་ཉིད་ཀྱིས་ཡིན་གྱིས་དོན་དམ་པར་ཡོད་པ་མ་ཡིན་ནོ། །དེ་ཡང་འདི་ལྟར་ཚོར་བ་དང་དེ་མྱོང་བའི་སེམས་དུས་མཉམ་མམ་མི་མཉམ་ཞེས་དཔྱད་ཚེ་དུས་མཉམ་པར་གྱུར་ན། མྱོང་བྱེད་སེམས་དང་མྱང་བྱ་ཚོར་བ་གཉིས་དུས་སྔ་ཕྱི་མེད་པར་ལྷན་ཅིག་ཏུ་སྐྱེས་པའི་ཕྱིར། ཚོར་བ་དེ་སེམས་དེ་ཡིས་མྱོང་བའམ་མཐོང་བ་མ་ཡིན་ཏེ། རྫས་ཐ་དད་དུས་མཉམ་པ་ནི་གང་གང་གི་སྔོན་དུ་མེད་པས་ཕན་ཚུན་མི་ལྟོས་ཤིང་འབྲེལ་མེད་སོ་སོ་བའི་ཕྱིར་མི་མྱོང་ངོ་། །གལ་ཏེ་དུས་མི་མཉམ་ན་ཚོར་བ་སྔར་སྐྱེས་པ་དང་སེམས་ཕྱི་མར་སྐྱེས་པས་ཀྱང་། དེའི་དུས་སུ་ཚོར་བ་དེ་འགགས་ཟིན་པའི་ཕྱིར། དྲན་པར་འགྱུར་བ་ཡིན་གྱི་དེས་དངོས་སུ་མྱོང་བ་མ་ཡིན་ནོ། །དེ་ལྟར་ཚོར་བྱེད་ཀྱི་སེམས་འདས་པ་ནི་འགགས་ཟིན་པས་དེས་མྱོང་མི་སྲིད་ལ། ད་ལྟ་དང་མ་འོངས་ཀྱིས་མི་མྱོང་བར་རིགས་པས་བསྒྲུབ་པའོ། །དེ་བཞིན་དུ་ཡུལ་ཚོར་བ་འདས་པ་ནི་དྲན་པ་ལས་མི་མྱོང་། ད་ལྟ་བ་ནི་མྱོང་མི་ཤེས། མ་འོངས་པ་ནི་མེད་པས་ད་ལྟའི་ཤེས་པས་མྱོང་མི་སྲིད་དོ། །འདི་ལྟར་ཚོར་བ་རང་གིས་བདག་རང་ཉིད་མྱོང་བ་སྲིད་པ་མིན་ཏེ་རང་ལ་རང་བྱེད་པ་འགལ་བའི་ཕྱིར་རང་རིག་བཀག་པ་བཞིན་ལ། ཚོར་བ་དེ་ལས་གཞན་དུ་གྱུར་པའི་ཤེས་པ་དག་གིས་ཀྱང་མྱོང་བ་མ་ཡིན་ཏེ་བཤད་མ་ཐག་པ་ཉིད་ཀྱི་ཕྱིར་ན། ཚོར་བ་དེ་ཚོར་བ་པོ་འགའ་ཡང་ཡང་དག་པར་ཡོད་པ་མིན་ཏེ། རྒྱུ་མཚན་དེས་ན་ཚོར་བ་འདི་དེ་ཁོ་ན་ཉིད་དུ་ཡོད་པ་མིན་ནོ། །དེ་ལྟར་མྱོང་བ་པོའི་བདག་མེད་པར་ཕུང་པོའི་ཚོགས་པ་རྨི་ལམ་སྒྱུ་མ་ལྟ་བུ་འདི་ལ། ཚོར་བ་སྡུག་བསྔལ་བ་ཞེས་རང་བཞིན་མ་གྲུབ་པ་འདི་ཡིས་ཇི་སྟེ་གནོད་པར་བྱ་བ་ཡིན་ཏེ་དོན་ལ་ཕན་གནོད་གང་ཡང་མེད་དོ། །སེམས་དྲན་པ་ཉེ་བར་བཞག་པ་ལས། ཡིད་ཤེས་རང་བཞིན་མེད་པར་བསྟན་པ། ཡིད་ཀྱི་རྣམ་པར་ཤེས་པ་ནི་མིག་ལ་སོགས་པའི་ནང་གི་དབང་པོ་རྣམས་ལ་མི་གནས་ཤིང་། གཟུགས་སོགས་ཕྱིའི་ཡུལ་རྣམས་ལ་ཡང་གནས་པ་མིན་ཏེ་དབང་ཡུལ་དེ་དག་ཡོད་ཀྱང་རེས་མི་སྐྱེ་བས་སོ། །དེ་གཉིས་ཀྱི་བར་ནའང་གནས་པ་མིན་ཏེ་མ་དམིགས་པས་སོ། །ནང་ལུས་ཀྱི་དབུས་ན་ཡང་སེམས་ཡོད་པ་མིན་ལ་ཕྱི་ལུས་ཀྱི་ཡན་ལག་རྣམས་ལའང་མིན་ཞིང་། དེ་རྣམས་ལས་གཞན་དུ་ཡང་ནི་རྙེད་པ་མ་ཡིན་ལ། གང་ཞིག་ལུས་ཉིད་ཀྱང་ཡིད་མིན་ལ་དེ་ལས་གཞན་དུའང་བདེན་པ་མིན་ཞིང་། ལུས་ལ་འདྲེས་ཤིང་ཞུགས་པར་གྱུར་པའང་མིན། ལུས་ལས་ལོགས་སུ་གྲུབ་པ་འགའ་ཡང་མེད་པའི། ཡིད་དེ་ནི་ཅུང་ཟད་ཀྱང་བདེན་པར་ཡོད་པ་མིན་ཏེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་ན་ཡང་མེད་ཅིང་མི་དམིགས་སོ། །འོད་སྲུང་སེམས་དེ་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པའོ། །འོད་སྲུང་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས། གཟིགས་པར་མི་འགྱུར་རོ། །ཞེས་གསུངས་སོ། །དེའི་ཕྱིར། སེམས་ཅན་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ནོ། །རྣམ་ཤེས་ལྔ་རང་བཞིན་མེད་པར་བསྟན་པ། ཡིད་ཤེས་དེ་ལྟ་ནའང་སྒོ་ལྔའི་རྣམ་ཤེས་ལ་ཡུལ་ལྔ་འཛིན་བྱེད་དུ་བདེན་ནོ་སྙམ་ན། དེ་ཉིད་ཡུལ་ལྔའི་སྔར་རམ་དུས་མཉམ་མམ་ཕྱིས་ཡོད་བརྟགས་ཏེ་ཤེས་བྱ་གཟུགས་སོགས་ཡུལ་ལྔ་པོ་དེ་ལས་སྔར་མིག་སོགས་སྒོ་ལྔའི་ཤེས་པ་དེ་ཡོད་ན། ཤེས་པ་དེ་ནི་ཡུལ་ཅི་ལ་དམིགས་ནས་སྐྱེ་སྟེ། དེའི་ཚེ་ཡུལ་མེད་པས་ཡུལ་ཅན་སྐྱེ་བ་མེད་དོ། །འོན་ཏེ་ཤེས་པ་དང་ཤེས་བྱ་ལྷན་ཅིག་སྟེ་དུས་མཉམ་ན་ཡང་། ཤེས་པ་དེ་ནི་ཅི་ལ་དམིགས་ནས་སྐྱེ་སྟེ། ཤེས་པ་མ་སྐྱེས་པ་ན་ཡུལ་ཡང་མ་སྐྱེས་ཤིང་ཡུལ་སྐྱེས་པ་ན་ཤེས་པའང་སྐྱེས་ཟིན་པས་ཡུལ་གྱིས་བསྐྱེད་མི་དགོས་ཏེ་འབྲེལ་མེད་དུ་འགྱུར་རོ། །འོ ན་ཏེ་ཤེས་བྱའི་ཕྱིས་ཤེས་པ་དེ་སྤྱིར་ཡོད་ན། དེ་ཚེ་ཤེས་པ་དེ་ཤེས་བྱའམ་ཡུལ་གང་ལས་སྐྱེ་སྟེ་དེའི་དམིགས་ཡུལ་འགགས་ནས་མེད་པའི་ཕྱིར་རོ། །མེད་ཀྱང་སྐྱེད་ན་ས་བོན་ཚིག་པས་མྱུ་གུ་དང་། རི་བོང་རས་ཀྱང་མིག་ཤེས་སོགས་སྐྱེད་པར་ཐལ་ཏེ་ཞིག་མ་ཞིག་ཀྱང་དེ་དང་དོན་གཅིག་གོ །ཆོས་དྲན་པ་ཉེ་བར་བཞག་པ་ལས། ཆོས་ཐམས་ཅད་སྐྱེ་མེད་དུ་སྤྱིར་བསྟན་པ། སྔར་བཤད་པ་དེ་ལྟར་སྔ་ཕྱི་དུས་མཉམ་གང་ལས་ཀྱང་མི་སྐྱེས་པའི་རིགས་པ་འདིས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཐམས་ཅད་ཀྱི། སྐྱེ་བ་རྟོགས་པར་འགྱུར་བ་མ་ཡིན་ཏེ་སྐྱེ་བ་མེད་དོ། །གང་སྐྱེ་བ་མེད་པ་དེ་ལ་གནས་པ་སོགས་ཀྱང་མེད་དེ། འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །ཞེས་གསུངས་པ་བཞིན་ནོ། །དེ་ལ་རྩོད་པ་སྤང་བ་ལས་བསྒྲུབ་བྱ་མི་འཐད་པ་སྤོང་བ། །གལ་ཏེ་དེ་ལྟར་ན་ཤེས་བྱའི་ཆོས་ཀུན་ལ་སྐྱེ་སོགས་ཀྱི་བདག་ཉིད་ཅན་ཀུན་རྫོབ་འདི་མེད་པར་འགྱུར་ལ། ཀུན་རྫོབ་མི་འདོད་པ་དེ་ལ་དོན་དམ་ཀྱང་མེད་པས་བ དེན་པ་གཉིས་ཀའང་ག་ལ་ཡོད་དེ་བདེན་པ་གཅིག་ཏུ་འགྱུར་རོ་སྙམ་ན། བདེན་གཉིས་སུ་བཞག་པ་ནི་གདུལ་བྱ་ལམ་དུ་འཇུག་པའི་སྒོ་ཙམ་སྟེ། དོན་དམ་པར་བདེན་པ་གཉིས་སུ་ཆད་པའང་མེད་དེ་བསམ་གྱིས་མི་ཁྱབ་པའི་ཆོས་དབྱིངས་དེ་བཞིན་ཉིད་ཙམ་གནས་ལུགས་མཐར་ཐུག་གོ །དེ་སྐད་དུའང་མདོ་ལས། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ན། །དེ་ལ་ཁ་ཅིག་བདེན་པ་བཞི་ཞེས་འཛེར། །བྱང་ཆུབ་སྙིང་པོར་འདུག་ན་བདེན་གཅིག་ཀྱང་། །གྲུབ་པ་མ་མཐོང་བཞི་ལྟ་ག་ལ་ཞིག །ཅེས་གསུངས་པ་བཞིན་ནོ། །དོན་དམ་པར་བདེན་པ་གཉིས་སུ་བཞག་ཏུ་མེད་ཀྱང་ཐ་སྙད་དུ་ཡོད་དེ། སྣང་ཚུལ་དང་གནས་ཚུལ་གཉིས་སུ་ངེས་པའི་ཕྱིར། སྔར་འདི་ནི་བདེན་པ་གཉིས་སུ་འདོད་ཅེས་བརྗོད་པ་བཞིན་ནོ། །ཡང་ཁོ་ན་རེ། དེ་ལྟར་བདེན་གཉིས་སུ་བཞག་པའི་ཡ་གྱལ་ཀུན་རྫོབ་དེ་ཡང་སྐྱེ་སོགས་ཀྱི་དངོས་པོར་རང་མཚན་པ་ཞིག་མེད་པར་ཀུན་རྫོབ་ཅེས་པ་གཞན་གྱི་བློས་འཇོག་དགོས་ཤིང་དེས་བཞག་པས་དེར་འགྱུར་ན། སེམས་ཅན་རྣམས་མྱ་ངན་ལས་ག་ལ་འདའ་སྟེ། སེམས་ཅན་གྱི་མཐའ་མ་ཟད་པ་དེ་སྲིད་དུ་བློ་མི་འཛད། བློ་མ་ཟད་པ་དེ་སྲིད་དུ་དེས་བཞག་པའི་ཀུན་རྫོབ་མི་འཛད་པས་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ཟད་པའི་མྱང་འདས་ཞེས་པ་འདི་མི་སྲིད་དོ་ཞེ་ན། ལན་དུ། ནམ་ཡང་རྒྱུན་མི་ལྡོག་པའི་ཀུན་རྫོབ་ཀྱི་སྣང་བ་འདི་ནི་གཞན་སེམས་ཅན་རྣམས་ཀྱི་རང་རང་གི་རྣམ་པར་རྟོག་པའི་སྤྲོས་པའི་དབང་གིས་སྣང་བ་སྐྲ་ཤད་དང་རྨི་ལམ་ལྟ་བུ་སྟེ། དེ་ནི་མྱ་ངན་ལས་འདས་པ་པོ་རང་གི་ངོར་སྣང་བའི་ཀུན་རྫོབ་མིན་ཏེ། སེམས་ཅན་གཞན་གྱི་གཉིས་སྣང་སྤྲོས་པ་ཡོད་པས་གཅིག་མྱ་ང ན་ལས་མི་འདའ་བ་མ་ཡིན་ལ། གཅིག་གི་གཟུང་འཛིན་དབྱིངས་སུ་ནུབ་པས་ཐམས་ཅད་ཀྱི་གཟུང་འཛིན་མེད་པར་འགྱུར་བ་ག་ལ་ཡིན་ཏེ། སྐྱེས་བུ་གཞན་གཉིད་དུ་སོང་བ་ལ་རྨི་ལམ་གྱི་སྣང་བ་སྣ་ཚོགས་ཡོད་ཀྱང་དེས་གང་གཉིད་སད་པ་དེ་ལ་མི་གནོད་པ་བཞིན་ནོ། །དེས་ན་གཟུང་འཛིན་གཉིས་སྣང་གི་བག་ཆགས་ཕྲ་བའང་ལྡོག་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སངས་རྒྱས་པའི་ཕྱིས་ནའང་སྐྱེ་སོགས་ཀུན་རྫོབ་ཀྱི་སྤྲོས་པ་དེ་ངེས་པར་ཡོད་ན་རང་ལ་ལྟོས་པའི་ཀུན་རྫོབ་བམ་སྤྲོས་པ་དེ་ཡོད་ཀྱང་དེ་ལྟ་བུ་མེད་ན་ཀུན་རྫོབ་ཀྱི་སྤྲོས་པ་མཐའ་དག་མེད་པ་ཉིད་དུ་ངེས་པས་མྱ་ངན་ལས་འདས་པ་ཡིན་ཏེ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་གསུངས་པ་བཞིན་དུ་སྐྱེ་སོགས་སྤྲོས་པའི་དྲྭ་བ་མ་ལུས་པ་ཞི་བའི་བུད་ཤིང་ཟད་པའི་མེ་བཞིན་སེམས་སེམས་བྱུང་གི་རྒྱུ་བ་ལྷག་མ་མ་ལུས་པ་ལོག་སྟེ་ཆོས་ཀྱི་དབྱིངས་སྣང་སྟོང་ཟུང་འཇུག་བརྗོད་དུ་མེད་པའི་ངང་དུ་ཆུ་ལ་ཆུ་བཞག་པ་བཞིན་དུ་གྱུར་པའི་རང་བྱུང་གི་ཡེ་ཤེས་མཐའ་ཐམས་ཅད་དང་བྲལ་བ་ཤེས་བྱ་ཀུན་ཏུ་གཟིགས་ཀྱང་སྤྲོས་པའི་རང་བཞིན་ཉེ་བར་ཞི་བ་ཁོ་ནའོ། །འདིའི་སྐབས་སུ་སེམས་སེམས་བྱུང་གི་སྤྲོས་པ་ལྷག་མེད་དུ་ལོག་པས་ན་ཡེ་ཤེས་མཐར་ཐུག་པ་མངོན་དུ་གྱུར་པ་དང་། རང་བྱུང་གི་ཡེ་ཤེས་ཉིད་བརྙེས་པས་སེམས་འགགས་པར་གོ་བར་བྱ་སྟེ། སོ་སྐྱེའི་ཀུན་རྟོག་གིས་སྦགས་ནས་སྤྲོས་པའི་སེམས་མ་འགགས་སམ་སྙམ་པ་དང་། འགགས་པའི་རྗེས་སུ་ཡེ་ཤེས་མེད་པར་མར་མེ་ཤི་བ་ལྟར་བསམ་ན་ནི་སངས་རྒྱས་ལ་སྐུར་འདེབས་ཆེན་པོ་ཡིན་པས་དེ་སྤང་བའི་ཕྱིར་ཟབ་མོའི་དོན་ལ་ངེས་ཤེས་བསྐྱེད་པར་བྱའོ། །སྒྲུབ་བྱེད་མི་འཐད་པ་སྤོང་བ་ལས། བདེན་པ་མེད་ཀྱང་རྣམ་དཔྱོད་འཐད་ཚུལ་ནི། ཁོ་ན་རེ། ཁྱོད་དབུ་མ་ལྟར་ན་ཤེས་བྱ་ཤེས་བྱེད་རང་བཞིན་མེད་པས་ན་རྣམ་པར་དཔྱོད་པའང་མི་འཐད་པར་འགྱུར་རོ་ཞེ་ན། །ཡུལ་ཅན་རྟོག་བྱེད་ཀྱི་བློ་དང་བརྟག་པར་བྱ་བ་ཡི་ཡུལ་དག་ནི། དེ་གཉིས་པོ་ངོ་བོས་མ་གྲུབ་ཀྱང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ལྟོས་ནས་བཞག་པ་ཙམ་ཡིན་ཏེ། དེས་ན་ཇི་ལྟར་འཇིག་རྟེན་ན་མ་བརྟགས་ཉམས་དགའ་ཙམ་གྱི་གྲགས་པ་ཡི་ཐ་སྙད་ལ་བརྟེན་ནས། དགག་སྒྲུབ་ཀྱི་རྣམ་པར་དཔྱོད་པ་ཐམས་ཅད་བརྗོད་པ་ཡིན་པས་ཆེས་འཐད་པ་ཡིན་ནོ། །དེ་དག་ན་རེ། རྣམ་པར་བརྟག་ཅིང་སྤྲོས་པའི་ཆོས་ཀུན་མི་བདེན་པར་རྟོགས་པའི་སླད་དུ། གང་གི་ཚེ་ཡུལ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་རྣམ་པར་དཔྱོད་པ་ཡི། ཤེས་པའམ་རྣམ་དཔྱོད་ཀྱིས་ནི་དཔྱོད་པར་བྱེད་ན། རྣམ་དཔྱོད་དེས་རང་ཡུལ་དུ་བྱས་ནས་དཔྱད་མི་ནུས་པས། དེ་ཡི་ཚེ་རྣམ་དཔྱོད་དང་པོ་དེ་ཡང་ནི། རྣམ་དཔྱོད་གཉིས་པས་རྣམ་པར་དཔྱོད་དགོས་པ་ལ་སོགས་པའི་ཕྱིར་ན་ཁྱོད་ཀྱི་རྣམ་དཔྱོད་ཐུག་པ་མེད་པར་འགྱུར་རོ་ཞེ་ན། ལན་དུ། དཔྱད་བྱ་ཆོས་ཀུན་བདེན་མེད་དུ་རྣམ་པར་དཔྱད་པར་བྱས་ནས། སྐྱེ་བ་དང་སྐྱེ་མེད་ལ་སོགས་པའི་མཐའ་གང་དུ་མི་གནས་པར་ངེས་པ་དེ་ཡི་ཚེ། རྣམ་དཔྱོད་ལ་ནི་འདིའོ་ཞེས་གཟུང་བའི་རྟེན་ནམ་ཡུལ་ཡོད་པ་མིན་ལ། ནམ་ཞིག་དམིགས་གཏད་ཀྱི་ཡུལ་ལམ་རྟེན་མེད་པ་དེའི་ཕྱིར་ན་ཡུལ་ཅན་དེ་མི་སྐྱེ་སྟེ། སྤྲོས་པ་ཐམས་ཅད་ཞི་བས་ན་རྣམ་དཔྱོད་དེ་ཡང་ཆུ་ལ་རླབས་བཞིན་དུ་ཆོས་ཉིད་ཀྱི་ངང་དུ་རང་བཞིན་གྱིས་མྱ་ངན་ལས་འདས་པར་བརྗོད་དོ། །བདེན་པར་གྲུབ་པ་ལ་རྣམ་དཔྱོད་མི་འཐད་པའི་ཚུལ་བསྟན་པ། དངོས་པོར་སྨྲ་བ་གང་གི་ལུགས་ལྟར་ན་དོན་ཤེས་འདི་གཉིས་བ དེན་པར་འདོད་པ་དེ་ཉིད་ཤིན་ཏུ་སྒྲུབ་དཀའ་བར་གནས་ཏེ་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། དེ་ཡང་། གལ་ཏེ་ཤེས་པ་ཉིད་ཚད་མར་གྲུབ་པའི་དབང་ལས་དོན་གཞལ་བྱ་ཉིད་ཡོད་པར་གྲུབ་སྟེ་ཤེས་པ་ཚད་མ་འདི་ཉིད་ཀྱིས་ཡོད་པར་མཐོང་བས་སོ་ཞེ་ན། ཤེས་པ་བདེན་པར་ཡོད་པ་ཉིད་ལ་རྒྱུ་མཚན་ནམ་རྟེན་ཅི་ཞིག་ཡོད་ཅེས་དྲིའོ། །དེ་ལ་ཤེས་པ་རང་གིས་དོན་དམ་པར་མི་གྲུབ་པ་ལ་ཤེས་པ་གཞན་གྱིས་བསྒྲུབས་ན་ཐུག་མེད་དུ་འགྱུར་བས་སྒྲུབ་བྱེད་གཞན་མེད་ལ། འོན་ཏེ་ཤེས་བྱའམ་ཡུལ་གཞལ་བྱ་བདེན་པ་མངོན་སུམ་པ་འདི་འཛིན་པ་ལས་ཡུལ་ཅན་གྱི་ཤེས་པ་ཉིད་བདེན་པར་གྲུབ་བོ་ཞེ་ན། ཤེས་བྱ་ཡོད་པ་ལ་རྟེན་ཅི་ཡོད་ཅེས་དྲི། དེའི་རྟེན་ནི་ཤེས་པ་ཡིན་ཏེ། དོན་ཤེས་ཕན་ཚུན་གཅིག་གིས་གཅིག་སྒྲུབ་ཅེ་ན། དེ་འདྲའི་ཡོད་པ་དེ་ནི་རང་གི་ངོ་བོས་མ་གྲུབ་པར་ཕན་ཚུན་གཅིག་ལ་གཅིག་ལྟོས་པའི་དབང་གིས་ཡོད་པ་སྟེ་རིང་ཐུང་བཞིན། དེའི་ཕྱིར་གང་རུང་གཅིག་སྒྲུབ་པ་ན་གཅིག་ཤོས་དཔེ་མི་རུང་སྟེ་དེ་མ་གྲུབ་པའི་ཕྱིར། དེས་ན་དོན་དམ་པར་གཉིས་ཀ་ཡང་ནི་མེད་པར་འགྱུར་ཏེ། དཔེར་ན་གལ་ཏེ་བུ་མེད་ན་ཕ་ཡོད་པ་མིན་ཏེ་ཕར་འཇོག་བྱེད་མེད་པས་སོ། །དེ་ལྟར་ཕ་མིན་ན། བུ་ཉིད་གང་ལས་བྱུང་བ་ཡིན་ཏེ། རྒྱུ་མེད་པའི་ཕྱིར་གཉིས་ཀ་མི་འཐད་དོ། །ཇི་ལྟར་འཇོག་བྱེད་བུ་མེད་པར་ནི་དེའི་སྔོན་དུ་ཕ་མེད་པ། དེ་བཞིན་འདིར་དོན་ཤེས་གཉིས་ལས་གང་བསྒྲུབ་བྱར་བྱས་པ། དེ་སྔ་མ་གྲུབ་པ་བུ་ལྟ་བུ་དེའི་སྔོན་དུ་དེའི་སྒྲུབ་བྱེད་ཅིག་ཤོས་ཕ་ལྟ་བུ་དེ་ཡོད་མི་སྲིད་པས་མཐར་དེ་གཉིས་ཀ་མེད་པ་ཉིད་དོ། །ཡང་དེ་དག་འདི་སྙམ་དུ། འདི་ལྟར་ཕན་ཚུན་གྱི་དབང་གིས་གྲུབ་བོ་ཞེས་མི་སྨྲ་སྟེ། དཔེར་ན་མྱུ་གུ་ས་བོན་ལས་སྐྱེ་བར་འགྱུར་ཞིང་། ས་བོན་ཡོད་པའང་མྱུ་གུ་ཡོད་པའི་རྟགས་དེ་ཉིད་ཀྱིས་རྟོགས་པ་བཞིན། རྒྱུ་ཤེས་བྱ་ལས་སྐྱེས་པའི་འབྲས་བུ་ཤེས་པ་དེ་ཡིས། ཤེས་བྱ་དེ་ཡོད་པར་ནི་ཅིས་མི་རྟོགས་སྙམ་ན། དཔེ་མི་མཚུངས་ཏེ། མྱུ་གུས་ས་བོན་རྟོགས་པ་ནི་མྱུ་གུ་རང་ཉིད་འབའ་ཞིག་གིས་རྟོགས་པ་མ་ཡིན་ལ། མྱུ་གུ་ལས་གཞན་པའི་ཤེས་པ་ཡིས། འབྲས་བུ་མྱུ་གུ་ལ་རྗེས་སུ་དཔགས་ནས་འདི་ལ་རྒྱུ་སྔོན་སོང་ས་བོན་ཡོད་ཅེས་རྟོགས་པར་འགྱུར་ཏེ། དེའང་ས་མྱུག་གཉིས་སོ་སོར་དམིགས་ནས་རྒྱུ་འབྲས་སུ་ངེས་པའི་ཚད་མས་དེ་ལྟར་རྟོགས་ཀྱི། རྒྱུ་འབྲས་ངེས་པའི་ཚད་མ་སྔོན་དུ་མ་སོང་བར་མྱུ་གུ་མཐོང་བ་ཙམ་གྱིས་ནི་མ་ཡིན་ན། གང་གི་ཕྱིར་ཤེས་བྱ་དེ་རྟོགས་པར་བྱེད་པ་ལ། རྟག་ཤེས་པ་དེ་ཡོད་པ་ཉིད་རྒྱུ་མཚན་གང་ལས་རྟོགས་ཏེ། དོན་དམ་པར་རང་རིག་གཞན་རིག་གང་གིས་ཀྱང་མི་འགྲུབ་པའི་ཕྱིར་རོ། །དེས་ན་དངོས་པོ་ཁས་ལེན་པའི་ཕྱོགས་ལ་ཐ་སྙད་འཐད་དཀའ་ཞིང་བཏགས་པར་ཁས་ལེན་པ་ལ་ཆེས་འཐད་དོ། །བྱེ་བྲག་ཏུ་རྒྱུ་འབྲས་ངོ་བོ་ཉིད་གསུམ་ལ་དཔྱད་པ་ལས། རྒྱུ་མཚན་མ་མེད་པ་གཏན་ལ་དབབ་པ་ལ། ཕྱིན་ཅི་ལོག་དགག་པ་ལས། རྒྱུ་མེད་པར་འདོད་པ་དགག་པ། རྒྱང་འཕེན་པ་སོགས་ན་རེ། ཇི་ལྟར་ཚེར་མ་རྣོ་བ་དང་། རྨ་བྱའི་མདོངས་བཀྲ་བ་ལ་སོགས་པ་བཞིན་དུ་སུས་ཀྱང་མ་བྱས་པར་སྲིད་པ་ངོ་བོས་བྱུང་ངོ་ཞེས་ཟེར་རོ། །དེ་ལ་རེ་ཞིག་འཇིག་རྟེན་གྱི་སྐྱེ་བོ་རྣམས་ཀྱིས་ཀྱང་མངོན་སུམ་གྱིས། འབྲས་བུ་ཀུན་ལ་རང་སྐྱེད་བྱེད་ཀྱི་རྒྱུ་རྣམས་ཐམས་ཅད་མཐོང་བ་ཡིན་གྱི་རྒྱུ་མེད་བཞིན་སྐྱེ་བ་ནི་མཐོང་མི་སྲིད་པས་སོ། །འདིར་མངོན་སུམ་ནི་མཚོན་པ་ཙམ་སྟེ་རྗེས་དཔག་ཀྱང་སྡུད་དོ། །གལ་ཏེ་པདྨའི་སྡོང་བུ་དང་འདབ་མ་སོགས་སྣ་ཚོགས་པ་དག་རྒྱུ་ལ་མ་མཐོང་བས་དབྱེ་བ་སྣ་ཚོགས་ཀྱི་རྒྱུ་ཡོད་པ་དེ་མི་འཐད་སྙམ་ན། རྒྱུ་ལ་འབྲས་བུ་དངོས་སུ་གྲུབ་ན་རྒྱུ་འབྲས་སུ་ཅིར་འགྱུར་ཏེ་འོན་ཀྱང་པདྨའི་སྡོང་བུ་ལ་སོགས་པ་རང་གི་ས་བོན་ཁོ་ན་ལ་བརྟེན་ནས་འབྱུང་བར་མཐོང་བས་ན་འབྲས་བུའི་དབྱེ་བ་ནི། རྒྱུ་ཡི་དབྱེ་བས་བསྐྱེད་པ་ཡིན་པའི་ཕྱིར། འབྲས་བུ་སྣ་ཚོགས་པ་བཞིན་དུ་རྒྱུའི་ནུས་པའི་དབྱེ་བའང་སྣ་ཚོགས་པར་གྲུབ་བོ། །དེ་འདྲ་བའི་རྒྱུ་ཡི་དབྱེ་བ་སྣ་ཚོགས་པ་ཡོད་པར་གང་གིས་བྱས་ཞེ་ན། གཞན་སུས་ཀྱང་མ་བྱས་ཏེ་ས་བོན་དེའང་རང་གི་རྒྱུ་མེད་པར་འབྱུང་མི་སྲིད་པའི་ཕྱིར་རོ། །སྔར་གྱི་རྒྱུ་ཡི་དབྱེ་བ་ཉིད་ལས་སོ། །དེ་ལྟར་རིམ་པར་བརྟགས་ན་རྒྱུའི་ཐོག་མར་འདི་ཙམ་ཞེས་མི་དམིགས་ཏེ་འཁོར་བ་ལ་ཐོག་མ་མ་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་རྒྱུ་འདི་ལ་ནུས་པ་སྣ་ཚོགས་ཡོད་ཅིང་དེ་ཡིས་འབྲས་བུ་སྐྱེད་ནུས་ན་ད་ལྟའི་ནས་ཀྱི་ས་བོན་འདིས་ནས་ཀྱི་མྱུ་གུ་སྐྱེད་ཀྱི་ས་ལུའི་ས་བོན་མི་སྐྱེད་ཟེར་ན། ད་ལྟའི་ནས་ཀྱི་ས་བོན་འདིས་རང་དབང་བའི་ཚུལ་དུ་ནུས་པ་སྣ་ཚོགས་གང་རུང་བཟུང་བ་ནི་མ་ཡིན་ཏེ། འདི་སྔར་གྱི་རྒྱུ་ཡི་མཐུ་ཉིད་ལས་རང་གི་རིགས་འདྲ་བསྐྱེད་པའི་བདག་ཉིད་དུ་འཕང་བ འི་ཕྱིར། འདི་ནི་དངོས་པོའི་ཆོས་ཉིད་དེ་སུས་ཀྱང་འཁྲུགས་པར་མི་ནུས་སོ། །དེས་ན་རྒྱུ་མེད་པར་གྱུར་ན། །རྒྱུ་མེད་རྐྱེན་ལ་མི་ལྟོས་ཕྱིར། །རྟག་དུ་ཡོད་པའམ་མེད་པར་འགྱུར། །ཞེས་པ་ལྟར་རིགས་ནའང་། དངོས་པོ་རྣམས་ནི་ཡུལ་དུས་རེས་འགའ་བར་དམིགས་པའི་ཕྱིར་རྒྱུ་ལྡན་དུ་གྲུབ་བོ། །རྒྱུ་མིན་པ་རྒྱུར་འདོད་པ་དགག་པ་ལས། ཤེས་ལྡན་དབང་ཕྱུག་རྒྱུ་ཡིན་པར་འདོད་པ་དགག་པ་ལ། རྒྱུ་དབང་ཕྱུག་ལ་དཔྱད་པ། དབང་ཕྱུག་པ་སོགས་ན་རེ། རྟག་པ་རང་བྱུང་གི་ཐམས་ཅད་མཁྱེན་པ་དབང་ཕྱུག་གིས་བློ་གཡོ་བ་སྔོན་དུ་བཏང་ནས་འཇིག་རྟེན་ཐམས་ཅད་བྱེད་དོ་ཟེར་རོ། །དེ་ལ་དབང་ཕྱུག་ཅེས་པ་དེ་འགྲོ་བའི་རྒྱུ་ཡིན་ན། རེ་ཞིག་དང་པོར་དབང་ཕྱུག་གི་ངོ་བོ་གང་ཡིན་སྨོས་ཤིག་ཅེས་དྲིས་པས། ས་སོགས་འབྱུང་བ་ཆེན་པོ་རྣམས་ཡིན་ནོ་ཤེ་ན། དེ་ལ་འབྱུང་བ་ལས་འབྱུང་གྱུར་གྱི་འབྲས་བུ་རྣམས་སྐྱེ་བས་དེ་རྒྱུ་ཡིན་པ་ཁོ་བོའང་འདོད་པས་དེ་ལྟ་མོད། ཁྱོད་ཀྱིས་དེ་ལ་དབང་ཕྱུག་དང་། བདག་ཅག་གིས་འབྱུང་བ་ཞེས་བཏགས་པའི་ཁྱད་པར་གྱིས་མིང་ཐ་དད་པ་ཙམ་སྟེ་འདི་ལ་ཡང་དགག་སྒྲུབ་ཀྱིས་ཅི་ཞིག་ངལ་ཏེ་མིང་ནི་སྐྱེ་བས་གང་འདོད་དུ་སྦྱར་བཏུབ་པའི་ཕྱིར། དབང་ཕྱུག་སྒྲུབ་པའི་ཚེགས་ཆེན་པོ་འདི་བྱ་མི་རིགས་སོ། །འོན་ཀྱང་ཁྱོད་ཀྱི་དབང་ཕྱུག་ནི། ལྷར་གཏོགས་པ། གཙང་ཞིང་མཆོད་པར་འོས་པ། རྟག་པ། གཅིག་པུ། ཀུན་གྱི་བྱེད་པོ་ཡིན་པ་སྟེ་ཆོས་ལྔ་དང་ལྡན་པར་འདོད་ན་ས་ལ་སོགས་པ་འདི་རྣམས་ནི་དུ་མ་དང་། མི་རྟག་པ་དང་། བློ་ཡི་གཡོ་བ་མེད་པ་དང་། མཆོད་བྱའི་ལྷ་མིན་ཞིང་། རྐང་པ་སོགས་ཀྱིས་འགོམ་པར་བྱ་བ་ཡིན་གྱི་གུས་པའི་ཡུལ་མིན་པ་ཉིད་དང་མི་གཙང་བ་དང་ལྡན་པའང་ཡིན་པས། འབྱུང་བ་དེ་ནི་ཁྱོད་འདོད་པའི་དབང་ཕྱུག་ཉིད་མ་ཡིན་ཏེ། དེ་ལས་བཟློག་པའི་མཚན་ཉིད་ཅན་དུ་འདོད་པས་སོ། །ཡང་དབང་ཕྱུག་ནམ་མཁའ་ཡིན་ནོ་ཞེ་ན་མིན་ཏེ། འབྲས་བུ་སྐྱེད་པའི་བྱེད་རྩོལ་གྱི་གཡོ་བ་མེད་པའི་ཕྱིར། བདག་ཀྱང་དབང་ཕྱུག་མིན་ཏེ་སྔར་ནས་བཀག་ཟིན་པའི་ཕྱིར་རོ། །ཁོ་ན་རེ། དབང་ཕྱུག་དེའི་ངོ་བོ་ནི་ཚུལ་རོལ་མཐོང་བས་བསམ་པར་མི་ནུས་པས་སྐྱོན་དེ་དག་མེད་ཅེ་ན། དབང་ཕྱུག་བསམ་པར་བྱ་བ་མིན་པ་ཡི་བྱེད་པོ་ཡང་མིན་ཏེ། དེ་བསམ་པར་བྱ་བ་མིན་ན་དེ་བྱེད་པོ་ཡིན་ཞེས་བརྗོད་པས་ཅི་ཞིག་བྱ་སྟེ། བརྗོད་པ་ནི་བསམ་ཞིང་ཤེས་ནས་བརྗོད་དགོས་ཀྱི། ཇི་ལྟ་བུ་ཡིན་པ་ཅིའང་མ་ཤེས་པར་དེ་བྱེད་པོར་སུ་ཞིག་གིས་བརྗོད། རྒྱུ་བྱེད་པ་པོ་མ་ཤེས་ན་འབྲས་བུ་འདི་རྣམས། དེས་བསྐྱེད་པར་འདོད་པའང་གང་ཞིག་ཡིན་ཏེ། བསྐྱེད་བྱ་སྐྱེད་བྱེད་སོ་སོར་ཤེས་ཤིང་རྒྱུ་འབྲས་སུ་ངེས་ནས་བརྗོད་དགོས་ཀྱི། གཞན་དུ་མོ་གཤམ་གྱི་བུ་སོགས་ཀྱང་བྱེད་པོར་ཐལ་ལོ། །དེས་བསྐྱེད་པའི་འབྲས་བུ་ལ་དཔྱད་པ། དབང་ཕྱུག་དེས་བསྐྱེད་པའི་འབྲས་བུའི་ཆ་དེ་རྟག་པ་བདག་ལ་སོགས་པའམ་མི་རྟག་པ་ཤེས་པ་སོགས་གང་ཞིག་ཡིན། དང་པོ་ལྟར་བདག་ལ་སོགས་པ་ཡིན་ནོ་ཞེ་ན། འབྲས་བུའི་ཆ་བདག་དེ་དང་ས་སོགས་ཀྱི་རྡུལ་ཕྲན་དང་ནམ་མཁའ་དང་དུས་དང་ཕྱོགས་ལ་སོགས་པ་དང་། རྒྱུ་དབང་ཕྱུག་རང་གི་ངོ་བོའང་རྟག་པར་འདོད་པ་མིན་ནམ། རྒྱུ་འབྲས་གཉིས་ཆར་རྟག་པ་དེ་བསྐྱེད་བྱ་སྐྱེད་བྱེད་དུ་ཇི་ལྟར་རུང་སྟེ་རྒྱུ་བསྐྱེད་པའི་བྱ་བ་དང་བྲལ་ཞིང་། འབྲས་བུ་སྐྱེ་བའི་ཁྱད་པར་དང་བྲལ་བའི་ཕྱིར་རོ། །གཉིས་པ་ལྟར་ན། མིག་ལ་སོགས་པའི་ཤེས་པ་ཡུལ་ཤེས་བྱ་ལ་དམིགས་པ་ལས་སྐྱེ་བ་དང་། ཐོག་མེད་ནས་རྒྱུད་ལ་ཡང་ཡང་བྱུང་བའི་ཚོར་བ་བདེ་སྡུག་ནི་སྔོན་གྱི་ལས་ལས་ཡིན་པ། དེ་བས་ན་དབང་ཕྱུག་དེས་འབྲས་བུ་གང་ཞིག་བསྐྱེད་པ་སྨྲོས་ཤིག ཅེས་དེས་བསྐྱེད་པའི་འབྲས་བུ་མི་སྲིད་པའི་ཕྱིར། མདོར་ན་རྟག་པ་ལ་རྒྱུ་མེད་ལ། མི་རྟག་པ་རང་གི་རྒྱུ་ལས་བྱུང་བས་དབང་ཕྱུག་དེས་ཅིའང་མ་བྱས་སོ། །འབྲས་བུ་སྐྱེད་ཚུལ་ལ་དཔྱད་པ་ལ། རྒྱུ་དབང་ཕྱུག་ཉིད་ལ་ཐོག་མ་ཡོད་པ་མིན་ན། དངོས་རྒྱུ་ནུས་པ་ཐོགས་མེད་ཡོད་པའི་ཕྱིར་འབྲས་བུའི་ཐོག་མ་ག་ལ་ཡོད་དེ། དེ་ལྟར་ན་འབྲས་བུ་འདི་ནི་དུས་འདི་ཙམ་ན་ཡོད་ཀྱི་འདིའི་སྔོན་དུ་མ་བྱུང་ཞེས་བཞག་མི་ནུས་པར་ཐོག་མེད་ནས་ཡོད་དགོས་ཀྱི་རེས་འགའ་བར་དམིགས་པ་མི་འཐད་དོ། །དེས་ན་ད་ལྟའི་སྐྱེས་པ་དང་བུད་མེད་འདི་དག་ཀྱང་སྔོན་ཐོག་མེད་ནས་ཡོད་པར་ཐལ་ལོ། །ཁོ་ན་རེ། དབང་ཕྱུག་གིས་སྣོད་བཅུད་འདི་དག་རིམ་ཅན་དུ་བྱས་པས་ན་འབྲས་བུ་ཁ་ཅིག་བྱེད་ལ་ཁ་ཅིག་མི་བྱེད་པའི་སྐབས་ཡོད་པས་སྐྱོན་མེད་སྙམ་ན། དེས་འབྲས་བུ་གྱུར་ཏོ་ཅོག་དུས་རྟག་ཏུ་ཅིའི་ཕྱིར་བྱེད་པ་མིན་ཏེ། འབྲས་བུ་ཐམས་ཅད་ཀྱི་རྒྱུ་དབང་ཕྱུག་ཁོ་ན་ཡིན་པ་གང་ཞིག དབང་ཕྱུག་དེ་ནི་རྐྱེན་གཞན་ཅི་ལ་ཡང་ལྟོས་པ་མིན་ན་འབྲས་བུ་ཐམས་ཅད་སྐྱེ་བའི་རྒྱུ་དེ་དུས་རྟག་ཏུ་ཚང་བས་འབྲས་བུ་ཅིའི་ཕྱིར་མི་སྐྱེ་སྟེ། རྣམ་འགྲེལ་ལས། མ་ཚང་མེད་པའི་རྒྱུ་ལས་ནི། །འབྲས་བུ་གང་གིས་ལྡོག་པར་འགྱུར། །ཞེས་པ་བཞིན་ནོ། །ལྷན་ཅིག་བྱེད་རྐྱེན་སོ་སོ་ལ་ལྟོས་སོ་ཞེ་ན། ལྷན་ཅིག་བྱེད་རྐྱེན་ཡང་དུས་ཀུན་ཏུ་མི་ཚང་བ་ག་ལ་སྲིད་དེ། དབང་ཕྱུག་དེས་བྱས་པ་མིན་པའི་དངོས་པོ་གཞན་ཡོད་པ་མིན་ན། དབང་ཕྱུག་དེས་འབྲས་བུ་བསྐྱེད་པ་འདི་རྒྱུ་གཞན་གང་ལ་ལྟོས་པར་འགྱུར་ཏེ། དེ་ནི་མི་འཐད་དོ། །གལ་ཏེ་རྐྱེན་གཞན་ལ་ངེས་པར་ལྟོས་ན་རྒྱུ་རྐྱེན་ཚོགས་པ་དེ་ཉིད། རྒྱུ་ཡིན་པར་འགྱུར་གྱི་དབང་ཕྱུག་རྒྱུ་མིན་ཏེ། དེའི་རྒྱུ་མཚན་རྒྱུ་རྐྱེན་ཚོགས་པ་ན་འབྲས་བུ་མི་སྐྱེ་བའི་དབང་མེད་ཅིང་། རྒྱུ་རྐྱེན་དེ་མེད་པར་ནི་དབང་ཕྱུག་ལའང་སྐྱེད་དབང་མེད་པས་སོ། །དེས་ན་རྒྱུ་རྐྱེན་ལས་སྐྱེ་བར་མཐོང་བཞིན་དོན་མེད་དབང་ཕྱུག་ཀྱང་རྒྱུར་རྟོག་ན་རྒྱུ་ཐུག་མེད་དུ་འགྱུར་རོ། །གཞན་ཡང་གལ་ཏེ་དབང་ཕྱུག་འདིས་འབྲས་བུ་བྱེད་པའི་ཚེ་ཚོགས་པ་ལ་ལྟོས་སུ་ཆུག་ཀྱང་ཚོགས་པའི་དབང་གིས་གཞན་ལ་སྡུག་བསྔལ་སོགས་རང་གིས་མི་འདོད་བཞིན་དུ་བྱེད་ན་གཞན་གྱི་དབང་ཅན་དུ་ཐལ་ལ། འབྲས་བུ་རྣམས་ཇི་ལྟར་འདོད་པ་བཞིན་དུ་འདོད་པའི་དབང་གིས་བྱེད་ནའང་འདོད་པ་ལ་རག་ལས་ཤིང་འདོད་པའི་ལྕགས་ཀྱུས་ཟིན་པའི་གཞན་དབང་ཅན་དུ་འགྱུར་རོ། །གཞན་ཡང་འདི་སྣོད་བཅུད་ཀྱི་བྱེད་པོ་ཡིན་དུ་ཆུག་ན འང་ཁྱོད་འདོད་པའི་དབང་ཕྱུག་ག་ལ་ཡིན་ཏེ། འབྲས་བུ་བྱེད་པ་དང་ལྡན་ན་མི་རྟག་པས་ཁྱབ་པའི་ཕྱིར། རྟག་པ་ནི་དོན་བྱེད་པས་སྟོང་པ་ཁོ་ནའོ། །ཤེས་མེད་བེམ་པོ་རྒྱུ་ཡིན་པ་དགག་པ་ལ། མུ་སྟེགས་དཔྱོད་པ་པ་སོགས། གང་དག་རྡུལ་ཕྲན་རྟག་པ་འཇིག་རྟེན་གྱི་རྒྱུར་སྨྲ་བ། དེ་དག་ཀྱང་ནི་སྔར། རྡུལ་དེའང་ཕྱོགས་ཆའི་དབྱེ་བ་ཡིས། །སོགས་ཀྱིས་རྡུལ་ཕྲན་བཀག་པའི་སྐབས་སུ་བཟློགས་ཟིན་པ་འདིར་འཆད་མི་དགོས་སོ། །ཡང་གྲངས་ཅན་པའི་ལུགས་ཀྱིས་ཤེས་བྱ་ཐམས་ཅད་དེ་ཉིད་ཉེར་ལྔར་འདོད་པ་སྔར་གོང་དུ་བརྗོད་པ་ལྟར། གཙོ་བོ་བེམ་པོ་རྟག་པ་གཅིག་བདེན་ནི་འགྲོ་བ་བརྟན་གཡོ་མ་ལུས་པ་ཡི་རྒྱུ་ཡིན་པར་ནི་གྲངས་ཅན་པ་རྣམས་འདོད་ཅིང་། དེ་ཡང་སྙིང་སྟོབས་དང་རྡུལ་དང་མུན་པ་ཞེས་བྱ་བའི་མིང་ཅན་བདེ་སྡུག་བཏང་སྙོམས་ཀྱི་ཡོན་ཏན་གསུམ་པོ་ཀུན་ཏུ་ཆ་མཉམ་གནས་པ་ནི། རྣམ་འགྱུར་ཉེར་གསུམ་གྱི་རྒྱུ་གཙོ་བོ་ཞེས་བྱ་བར་རབ་ཏུ་བརྗོད་དེ། དེ་དག་ཆ་མི་མཉམ་པར་གྱུར་པ་ན་འགྲོ་བ་སྣ་ཚོགས་པའི་རྣམ་འགྱུར་རྣམས་བྱུང་བ་ཡིན་པར་བརྗོད་དོ། །དེ་དགག་པ་ལ། གཙོ་བོ་གཅིག་བདེན་ལ་ཡོན་ཏན་གྱི་རང་བཞིན་གསུམ་ཡོད་པ་ཉིད་ནི་འགལ་བས། རིགས་པ་མིན་ཏེ་གསུམ་ཡོད་ན་གཅིག་མིན་པའི་ཕྱིར། དེས་ན་རྟག་གཅིག་ཏུ་གྱུར་པའི་རང་བཞིན་ནམ་གཙོ་བོ་དེ་ཡོད་པ་མིན་ནོ། །དེ་བཞིན་དུ་རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་པོ་དག་ཀྱང་ཡོད་པ་མིན་ཏེ། དེ་རེ་རེ་ལ་ཡང་རྡུལ་གྱི་རྡུལ་རྡུལ་གྱི་མུན་པ་སོགས་སོ་སོར་རྣམ་པ་གསུམ་གའི་ཆ་རེ་ཡོད་པའི་ཕྱིར་ཏེ། གལ་ཏེ་མེད་ན་རང་བཞིན་གྱི་ངང་ཚུལ་ལས་འདས་པར་འགྱུར་རོ། །དེ་ལྟར་རྒྱུ་ཡོན་ཏན་གསུམ་པོ་མེད་ན་དེ་ལས་བྱུང་བའི་རྣམ་འགྱུར་སྒྲ་སོགས་ཀྱང་། ཡོད་པར་འདོད་པ་ཉིད་ཤིན་ཏུ་རྒྱང་རིང་སྟེ་མི་སྲིད་པར་འགྱུར་ཏེ། འཇིམ་པ་མེད་པའི་བུམ་པ་བཞིན་ནོ། །གཞན་ཐ་སྙད་ཙམ་དུ་བདེ་སོགས་ཀྱི་ཚོར་བ་ནི་སེམས་ཉིད་དུ་ཚད་མས་གྲུབ་ན་སེམས་མེད་པ་ཕྱི་རོལ་གྱི་གོས་ལ་སོགས་པ་ལ། སེམས་ཀྱི་བདག་ཉིད་བདེ་བ་ལ་སོགས་པའི་ཚོར་བ་ཡོད་པ་སྲིད་པའང་མིན་ནོ། །གལ་ཏེ་དངོས་པོ་གོས་ལ་སོགས་པ་རྣམས་བདེ་སོགས་དེ་ཡི་རྒྱུའི་རང་བཞིན་ཡིན་པས་མི་སྐྱོན་ནོ་ཞེ་ན། དོན་དམ་པར་གོས་སོགས་ཕྱི་རོལ་གྱི་དངོས་པོ་རྣམས་རང་བཞིན་མེད་པར་སྔར་ལུས་དྲན་པ་ཉེ་བར་བཞག་པའི་སྐབས་སུ་རྣམ་པར་དཔྱད་ཟིན་པ་མིན་ནམ་ཏེ་ཡིན་ནོ། །ཐ་སྙད་དུ་རང་གི་ཁས་བླངས་དང་ཡང་འགལ་ཏེ་ཁྱོད་ཀྱིས་སྣམ་བུ་སོགས་ཀྱི་རྒྱུ་ཡང་བདེ་བ་ལ་སོགས་པ་ཉིད་དུ་འདོད་ལ། སྣམ་སོགས་ཀྱི་འབྲས་བུའང་བདེ་སོགས་སུ་འདོད་པ་ནི་བཞད་གད་ཀྱི་གནས་ཏེ་མི་འདི་འདིའི་ཕ་ཡང་ཡིན་ལ་བུ་ཡང་ཡིན་ཞེས་བརྗོད་པ་བཞིན་ནོ། །བདེ་སོགས་དུ་མ་ཡོད་ན་ནི་རང་བཞིན་གཅིག་ཡིན་པ་ཉམས་སོ། །མངོན་སུམ་དང་ཡང་འགལ་ཏེ། བདེ་སོགས་དེ་ལས་སྣམ་བུ་ལ་སོགས་པའི་དངོས་པོ་འབྱུང་བར་ནམ་ཡང་མཐོང་བའང་མེད་ལ་སྣམ་བུ་དང་ཙན་དན་གྱི་ཕྲེང་བ་སོགས་ལས་ནི་བདེ་སོགས་འབྱུང་བ་ཡིན་པར་ནི་དམིགས་པའི་ཕྱིར། དེས་ན་སྣམ་སོགས་དེ་རྡུལ་ཕྲ་བའི་ཆ་ཤས་སུའང་གྲུབ་པ་མེད་པའི་ཕྱིར་ན་དེ་ལས་བྱུང་བའི་བདེ་སོགས་ནི་གཞན་དུ་ཡན་གར་པར་གནས་པ་མེད་དོ། །ཁོ་ན་རེ། བདེ་སོགས་ནི་སྣམ་སོགས་ལ་ལྟོས་མི་དགོས་ཏེ་གཙོ་བོའི་རང་བཞིན་རྟག་པ་ཉིད་དོ་ཞེ་ན། བདེ་སོགས་རྟག་པ་ཉིད་དེ་དུས་ནམ་དུ་ཡང་མི་ལྡོག་པར་དམིགས་པར་ཐལ་ཏེ། དམིགས་སུ་རུང་བ་གང་ཞིག སྔར་གྱི་རང་བཞིན་ལས་གཡོ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་ནའང་བདེ་སོགས་དུས་ནམ་དུ་ཡང་མི་ལྡོག་པར་རྟག་ཏུ་དམིགས་པ་ཞིག་ཡོད་པ་མ་ཡིན་པས་མི་འཐད་དོ། །གལ་ཏེ་བདེ་སོགས་རྟག་ཏུ་ཡོད་ཀྱང་གསལ་བ་དང་མི་གསལ་བའི་ཁྱད་པར་ཡོད་པས་ན་རྟག་ཏུ་དམིགས་པ་མ་ངེས་ཞེ་ན། བདེ་སོགས་གཏན་མི་གསལ་བ་ནི་སུས་ཀྱང་མི་ཤེས་པས་ཡོད་པར་ཡང་མི་རུང་ལ་དེ་ལྟར་ཁྱོད་ཀྱིས་ཁས་ཀྱང་མི་ལེན་མོད། སྐབས་འགའ་ཞིག་ཏུ་བདེ་སོགས་དངོས་སུ་བསལ་བ་ཞིག་ཡོད་པ་ཉིད་ན་ནི། དུས་རྟག་ཏུའང་མྱོང་བ་ཅི་ཡི་ཕྱིར་འཛིན་པ་མ་ཡིན་ཏེ་དམིགས་སུ་རུང་ཞིང་དམིགས་པའི་ཡུལ་དུ་ཁྱབ་ཅིང་རྟག་པར་གནས་པའི་ཕྱིར་མིག་ལྡན་གྱི་མདུན་ན་མར་མེ་བཞིན་ནོ། །གལ་ཏེ་བདེ་སོགས་གསལ་བ་རགས་པ་དེ་ཉིད་ཕྲ་མོར་གྱུར་ནས་མི་གསལ་བ་ནུས་པའི་ངོ་བོར་ཡོད་པ་དེ་མྱོང་མི་ནུས་ཞེ་ན་བདེ་སོགས་རྟག་གཅིག་སྟེ། རགས་པ་དང་ཕྲ་བ་ཡི་གནས་སྐབས་མི་འདྲ་བའི་འགལ་བ་གཉིས་ཀ་ཇི་ལྟར་ཡིན་པར་འགྱུར། གལ་ཏེ་སྔར་གྱི་རགས་པ་ཡི་མཚན་ཉིད་དོར་ནས་གཞན་ཕྲ་བར་གྱུར་པས་སྐྱོན་མེད་ཅེ་ན། ཕྲ་རགས་ཀྱི་ངོ་བོར་གྱུར་པའི་བདེ་སོགས་དེ་དག་མི་རྟག་པ་ཉིད་དུ་གྲུབ་བོ། །བདེ་སོགས་གསལ་བ་དག་སྔ་མའི་གནས་སྐབས་དོར་ནས་གཞན་དུ་འགྱུར་བར་ཁས་ལེན་ན། དེ་བཞིན་དུ་དངོས་པོ་དེ་ཉིད་ཉེར་ལྔ་པོ་ཐམས་ཅད་ཀྱང་ནི། མི་རྟག་པ་ཉིད་དུ་ཅིས་མི་འདོད་དེ། གང་ཡང་རྟག་ཏུ་སྣང་ཚུལ་གཅིག་ཁོ་ནར་དམིགས་པ་ནི་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཕྲ་རགས་སུ་གྱུར་ཀྱང་བདེ་བའི་རང་བཞིན་མ་དོར་བས་རྟག་པ་ལས་མི་ཉམས་ཞེ་ན་རགས་པ་དང་བདེ་བ་དེ་གཉིས་ཐ་དད་དམ་གཅིག་ཡིན། དང་པོ་ལྟར་ན་རགས་པ་འགགས་ཀྱང་བདེ་བ་གསལ་བ་མི་འགག་པར་རྟག་པར་མྱོང་དགོས་ལ། ཕྱི་མ་ལྟར་རགས་པ་དེ་ཉིད་བདེ་བ་ལས་གཞན་མིན་པར་གཅིག་ཏུ་འདོད་ན། བདེ་བ་དེ་ཉིད་གསལ་བར་ཏེ་ངེས་པར་མི་རྟག་པ་ཉིད་དུ་གྲུབ་བོ། །དེ་ལ་ཁོ་ན་རེ། བདེ་བ་མི་གསལ་བར་གྱུར་ཀྱང་གཙོ་བོའི་ཀློང་དུ་ནུས་པའི་ངོ་བོར་བག་ལ་ཞ་བ་ཡིན་ཅིང་སླར་གསལ་བ་ན་སྔར་ཡོད་དེ་མངོན་དུ་གྱུར་པ་ཙམ་ཡིན་ཏེ། གལ་ཏེ་སྔར་གཏན་མེད་པ་འགའ་ཡང་ནི། སྐྱེ་བར་རིགས་པ་མིན་ཏེ་མེད་པའི་ཕྱིར་དཔེར་ན་འཇིམ་པ་ལས་རི་བོང་གི་རྭ་བཞིན་ནོ། །དེས་ན་གང་སྣང་བའི་ལམ་དུ་གྱུར་ཕན་ཆད། དེ་རང་གི་གཙོ་བོའི་ཀློང་ན་ཡོད་པས་ཁྱབ་ཞེས་འདོད་ན། འབྲས་བུ་ཐམས་ཅད་རྒྱུ་དུས་ཡོད་ན་བརྟག་ཏུ་མི་དམིགས་པ་ཅིའི་ཕྱིར་ཡིན་ཞེས་དྲིའོ། །དེ་ལ་བློའི་ཡུལ་དུ་སྔར་མི་གསལ་བ་ཕྱིས་གསལ་བ་ཙམ་ཡིན་ཏེ་མུན་ཁང་གི་བུམ་པ་མར་མེ་ལས་གསལ་བ་བཞིན་ནོ་ཞེ་ན། ཁྱོད་ཀྱི་རྩ་བའི་རིགས་པ་ཉམས་ཏེ་གསལ་བ་ནི་སྔར་རྒྱུ་དུས་ན་མེད་པར་ཕྱིས་གསར་དུ་སྐྱེ་བར་ནི། ཁྱོད་མི་འདོད་པའམ་ཁས་མ་བླངས་ཀྱང་དོན་ལ་དེ་ལྟར་གནས་པ་ཉིད་དེ། འབྲས་བུ་གསལ་བ་དེ་རྒྱུ་དུས་སུ་ཡོད་ན་གསལ་མི་གསལ་གྱི་ཁྱད་པར་ཡང་བཞག་ཏུ་མེད་དེ་དང་པོ་ནས་གསལ་བར་ཐལ་ལོ། །དེས་ན་རང་གི་ཁས་བླངས་ནང་འགལ་ལོ། །ཡང་རིགས་པ་དང་འགལ་ཏེ་གལ་ཏེ་རྒྱུ་ལ་འབྲས་བུ་དངོས་སུ་གནས་ན། ཟན་ཟ་བ་ན་ཁྱོད་མི་གཙང་བ་ཟ་བར་འགྱུར་ལ། གཞན་ཡང་ཁྱོད་ཉོ་བའི་རས་ཀྱི་རིན་གྱིས་རས་བལ་གྱི། ས་བོན་ཉོས་ལ་དེའི་ནང་ནས་རས་ཕྱུང་སྟེ་གོས་སུ་བགོ་བར་གྱིས་ཤིག་དང་ཁྱོད་ཀྱི་གྲུབ་མཐའ་གྲུབ་བོ། དེ་ལ་ཁོ་ན་རེ། དོན་དུ་རྒྱུ་ལ་འབྲས་བུ་ཡོད་ཀྱང་འཇིག་རྟེན་རྣམས་རྨོངས་པའི་རབ་རིབ་ཀྱིས་མིག་བསླད་པས་མ་མཐོང་ངོ་ཞེ་ན། རྒྱུ་ལ་འབྲས་བུ་གནས་པའི་དེ་ཁོ་ན་ཉིད་ཤེས་པ་གྲངས་ཅན་པའི་སྟོན་པ་རྣམས་ཀྱིས་བཞག་པ་དེ་ཉིད་ཤེས་པ་དེ་འཇིག་རྟེན་པ་ལ་ཡང་ནི། ཡོད་པ་ཡིན་ན་རྒྱུ་ཚང་བས་ཅི་སྟེ་མཐོང་བ་མ་ཡིན་ཏེ། ཁྱོད་ལྟར་ན་སྤྱིར་དེ་ཉིད་ཤེས་པའི་ཤེས་པ་འབྲས་བུར་གྱུར་པ་དེ་སེམས་ཅན་ཀུན་ལ་ཡོད་དགོས་ཤིང་། རྒྱུ་ལ་འབྲས་གནས་དངོས་སུ་འདོད་པ་གྲངས་ཅན་གྱི་རྣམ་བཞག་ཁས་ལེན་པའང་ཡོད་པ་ཡིན་ན་དེ་དག་གིས་ཀྱང་ཟན་ཟ་ཞིང་མི་གཙང་བ་མི་ཟ་ལ། གོས་འདོད་པས་རས་ཉོ་ཞིང་རས་བལ་གྱི་ས་བོན་དོན་དུ་མི་གཉེར་བ་མ་མཐོང་ངམ། ཡུལ་དུས་གང་ནའང་དེ་ཁོ་ན་ཉིད་ཀྱི་རྣམ་བཞག་ཁྱེད་ཀྱིས་བྱས་པ་དེ་བཞིན་ལོངས་སྤྱོད་པ་མ་མཐོང་བས་གནོད་དོ། །ཁོ་ན་རེ། འཇིག་རྟེན་པའི་མཐོང་བ་ཚད་མ་ཉིད་མིན་པས་དེས་གནོད་པ་མེད་དོ་ཞེ་ན། འོ་ན་འཇིག་རྟེན་པས་འབྲས་བུའི་རང་བཞིན་གསལ་བ་མངོན་སུམ་དུ་མཐོང་བའང་བདེན་པ་མ་ཡིན་པར་འགྱུར་ལ། དེ་རྫུན་ན་རྒྱུ་འདི་ལ་འབྲས་བུ་འདི་ཡོད་དེ་ཕྱིས་མངོན་དུ་གསལ་བའི་ཕྱིར། ཞེས་པ་དོན་མེད་པར་འགྱུར་རོ། །དེ་དག་ན་རེ། གལ་ཏེ་འཇལ་བྱེད་ཚད་མ་རྫུན་པ་ཡིན་པས་གཞལ་བྱ་བདེན་པར་མི་གྲུབ་ན་དབུ་མ་པ་ཁྱོད་ཀྱི་ཚད་མ་འཇལ་བྱེད་ཀྱི་ཤེས་པའང་དོན་དམ་པར་ཚད་མར་གྲུབ་པ་མིན་ན། དེས་གཞལ་བའི་གྲུབ་མཐའ་རྣམ་པར་བཞག་པའང་རྫུན་པར་མི་འགྱུར་རམ། དེ་ལྟ་ན་རྣམ་དཔྱོད་ཀྱི་ཚད་མ་རྫུན་པ་དེས། དོན་དམ་པའང་དེ་ཁོ་ན་ཉིད་དུ་ན་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་གཞལ་ཞིང་བཅད་ནས་སྟོང་ཉིད་དུ་བསྒོམ་པའང་གཏན་ཚིགས་དེའི་ཕྱིར་ན་མི་འཐད་པར་འགྱུར་རོ་ཞེ་ན། ལན་དུ། འདིར་བདག་ཅག་གིས་ཚད་མས་གྲུབ་དོན་སྟོང་ཉིད་ཅེས་དམིགས་གཏད་ཀྱི་ཡུལ་བདེན་གྲུབ་གཅིག་ལ་གྲུབ་མཐའ་འཆའ་བ་ནི་མེད་དེ། གང་གི་ཕྱིར་ན་བརྟག་པར་བྱ་བའི་དངོས་པོ་བུམ་སོགས་ལྟ་བུ་དེ་ལ་མ་རེག་པའམ་མ་བརྟེན་པར་ནི། བུམ་མེད་ལྟ་བུའི་དངོས་པོ་དེ་ཡི་དངོས་མེད་ཡན་གར་དུ་ནམ་ཡང་འཛིན་པ་མ་ཡིན་ཏེ། དེ་ཕྱིར་བུམ་མེད་དང་བུམ་པའི་སྟོང་པ་ལྟ་བུའི་རྣམ་གྲངས་པའམ་ཉི་ཚེ་བའི་སྟོང་པ་དེའང་གཞན་དངོས་པོ་དེ་བཀག་པའམ་བསལ་བའི་ཆ་ཡིན་པས། འདི་ལྟར་རང་བཞིན་གྱིས་རྫུན་པའི་དངོས་པོ་གང་ཡིན་པ། དེ་ཡི་དངོས་མེད་ཀྱང་གསལ་བར་ཏེ་ངེས་པར་རྫུན་ཡིན་པར་འདོད་དོ། །འོ་ན་དངོས་པོ་ཀུན་མེད་ཅེས་བསྒོམ་པས་ཅི་བྱ་སྟེ། དངོས་ཡོད་དང་དངོས་མེད་གཉིས་ཀ་རྫུན་པར་མགོ་མཉམ་ཞིང་ཡང་དག་པ་མིན་པའི་ཕྱིར་ཞེ་ན། རེ་ཞིག་ཐོག་མེད་ནས་གོམས་པའི་དངོས་ཞེན་གྱིས་སྲིད་པར་འཆིང་བར་བྱེད་པ་དེའི་གཉེན་པོར་དངོས་པོ་རང་བཞིན་མེད་པར་གོམས་པ་ཙམ་སྟེ། དངོས་དངོས་མེད་གཉིས་ཆར་རྫུན་པ་དེས་ན་ཇི་ལྟར་རྨི་ལམ་དུ་བུ་བྱུང་ནས་ཤི་བ་རྨིས་ཏེ་སྡུག་བསྔལ་བ་ལ། བུ་དེ་མེད་དོ་སྙམ་པའི་རྣམ་རྟོག་དེ་ནི། ཐོག་མར་བུ་དེ་ཡོད་སྙམ་པའི་རྣམ་པར་རྟོག་པ་དེ་ཡི། གེགས་ཡིན་པ་དེ་ཡང་རྫུན་པ་ཡིན་པ་བཞིན་ནོ། །དེས་ན་ཤིང་གཉིས་ཟུང་དུ་བདར་བའི་མེས་ཤིང་གཉིས་བསྲེགས་པ་བཞིན་དུ་དངོས་ཀུན་བདེན་མེད་དུ་རྣམ་པར་དཔྱད་པའི་ཤེས་རབ་ཀྱི་མེས་དངོས་དངོས་མེད་དུ་བཞག་པའི་དམིགས་པའི་གཏད་སོ་ཐམས་ཅད་ཀྱི་ནགས་འཐིབ་པོ་མ་ལུས་པ་བསྲེགས་ནས་སྤྲོས་པ་ཐམས་ཅད་ཞི་བའི་ཡེ་ཤེས་ལ་གནས་པའི་ཚེ་ན་ཁས་ལེན་ཐམས་ཅད་དང་བྲལ་བའི་དབུ་མ་ཆེན་པོ་ཡིན་ནོ། །དེ་ལྟར་ཡང་མདོ་ལས། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་མཁས་གསལ་བ། །ཆགས་པ་བཅད་ནས་འགྲོ་ལ་ཆགས་པ་མེད་པར་འགྲོ། །ཉི་མ་སྒྲ་གཅན་གཟའ་བྲལ་ལྷང་ངེར་འདུག་པ་དང་། །མེ་བཏང་རྩྭ་དང་ཤིང་དང་ནགས་ཚལ་བསྲེགས་པ་བཞིན། །ཆོས་རྣམས་ཐམས་ཅད་རང་བཞིན་དག་ཅིང་ཡོངས་དག་པར། །བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ཕྱིན་ལྟ་ན། །བྱེད་པ་པོ་ཡང་མི་དམིགས་ཆོས་ཀུན་མི་དམིགས་ཏེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། བསྟན་བཅོས་ལས་ཀྱང་། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་སོ། །ཡང་དག་པའི་དོན་བསྟན་པ། རྒྱུ་མཚན་དེ་བས་ན་སྔར་བཤད་པ་དེ་ལྟར་རྣམ་པར་དཔྱད་པས། དངོས་པོ་འགའ་ཡང་རྒྱུ་མེད་པ་ཡོད་པ་མ་ཡིན་ལ། རྒྱུ་རྟག་པ་ལས་ཀྱང་མི་སྐྱེ་སྟེ། ཕྱིའི་ཆོས་ཐམས་ཅད་ས་བོན་ལས་མྱུ་གུ་ལ་སོགས་པ་བཞིན་དུ་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ཏེ་འབྱུང་ལ། ནང་གི་སྐྱེ་མཆེད་ནི་མ་རིག་པ་ནས་རྒ་ཤིའི་བར་ལུ་གུ་རྒྱུད་དུ་བརྟེན་ནས་སྐྱེའོ། །དེ་འདྲའི་དངོས་པོ་ཐམས་ཅད་རང་རང་གི་རྒྱུ་རྐྱེན་དེ་དག་སོ་སོ་བ་རེ་རེའམ་ཐམས་ཅད་འདུས་པ་ཡི། རྐྱེན་རྣམས་ལ་ཡང་འབྲས་བུ་གནས་པ་མ་ཡིན་ཏེ་རེ་རེ་བས་བསྐྱེད་པར་མི་ནུས་ལ། འདུས་པ་ལའང་རྒྱུ་རྣམས་ལས་གཞན་དུ་གྱུར་པ་ཅུང་ཟད་མེད་དོ། །འབྲས་བུ་སྣང་བའི་ཚེ་རྒྱུ་རྐྱེན་དེ་དག་ལས་གཞན་ཞིག་ནས་འབྲས་བུ་ཉིད་དེར་འོང་བའང་མ་ཡིན་ལ། རྒྱུ་ལས་ངོ་བོ་ཉིད་ཀྱིས་ཐ་དད་པའི་འབྲས་བུ་ཞིག་རྒྱུ་ལ་བརྟེན་ནས་གྲུབ་ཟིན་འདིར་གནས་པའང་མ་ཡིན་ཞིང་འགག་པའི་ཚེ་དེ་ལས་གཞན་ཞིག་ཏུ་འགྲོ་བའང་མ་ཡིན་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་རང་བཞིན་གྱི་རྒྱུས་སྟོང་པའོ། །འདི་ལ་སོ་སོ་བ་ཞེས་པས་བདག་སྐྱེ་དང་གཞན་སྐྱེ་དགག་པ་དང་འདུས་པ་ཞེས་གཉིས་ཀ་ལས་སྐྱེ་བ་སྟེ་མུ་བཞི་པོ་བཀག་པར་ཡང་བཤད་དོ། །ངོ་བོ་སྟོང་པ་ཉིད་བསྟན་པ། དེ་ལྟར་མ་རྟོགས་པའི་རྨོངས་པས་བདེན་པར་གང་བཟུང་བར་བྱས་པའི་ཕྱི་ནང་གི་དངོས་པོ་འདི་ཀུན་སྒྱུ་མ་ལས་ནི་ཁྱད་པར་ཅི་ཞིག་ཡོད་དེ། སྒྱུ་མས་སྤྲུལ་པའི་རྟ་གླང་ལ་སོགས་པ་གང་ཡིན་པ་དང་། རྒྱུ་རྣམས་ཀྱིས་ནི་གང་སྤྲུལ་པ་ཡི་དངོས་པོ་དེ་དག་ནི་ཐོག་མར་གང་ནས་འོངས་པ་གྱུར་ཅིང་། མཐར་གང་དུ་འགྲོ་བའང་བརྟག་པར་གྱིས་ཤིག་དང་དེ་གཉིས་མཚུངས་པ་ངེས་པར་མཐོང་བར་འགྱུར་ཏེ། འདི་ལ་བདེན་པ་ཞིག་ཡོད་ན་འདི་སྣང་བའི་ཚེ་གཞན་ཞིག་ནས་འདིར་འོང་ཞིང་། འགག་པའི་ཚེ་འདི་ནས་གཞན་ཞིག་ཏུ་འགྲོ་དགོས་ནའང་སྔ་ཕྱིའི་མཐར་ཅི་ཡང་མེད་པ་ལ། འབྲས་བུ་གང་ཞིག་རང་སྐྱེད་བྱེད་ཀྱི་རྒྱུ་གང་དག་ནི་ཚོགས་པའམ་ཉེ་བ་ཡིས་ནི། རང་གི་བདག་ཉིད་མཐོང་བར་འགྱུར་གྱིས་དེ་མེད་ན་རང་གི་རང་བཞིན་དུ་འགྲུབ་པའི་ཚུལ་སྲིད་པ་མིན་པ། དེས་ན་རྒྱུ་རྐྱེན་གྱིས་བཅོས་བུ་མེ་ལོང་ནང་གི་གཟུགས་བརྙན་དང་མཚུངས་པ་དེ་ལ་རང་གི་ངོ་བོས་གྲུབ་པའི་བདེན་པ་ཉིད་ཇི་ལྟར་ཡོད་དེ་མེད་དོ། །དེས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་རྟག་ཆད་འགྲོ་འོང་ཡོད་མེད་ཀྱི་མཐའ་དང་བྲལ་བ་སྒྱུ་མའི་དཔེ་བརྒྱད་ལ་སོགས་པའི་ཚུལ་གྱིས་ཤེས་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང འབྲེལ་འབྱུང་ལ། སྐྱེ་མེད་ཟད་པ་མེད་པར་ཤེས་རབ་འདི་ཤེས་ཏེ། །ཉི་མ་སྤྲིན་མེད་འོད་ཟེར་འཕྲོ་བས་མུན་བསལ་ལྟར། །མ་རིག་འཐིབས་པོ་བཅོམ་ནས་རང་བྱུང་ཐོབ་པར་འགྱུར། །ཞེས་གསུངས་པ་བཞིན། མདོར་ན་སྒྱུ་མ་སོགས་སྤྲུལ་པ་མང་པོ་སྤྲུལ་ཡང་འཕེལ་འབྲི་འགྲོ་འོང་མེད་པ་ལྟར། སེམས་ཅན་གྱི་ཁམས་དང་། བྱང་ཆུབ་ལའང་འཕེལ་འབྲི་མེད་པ་ཆོས་ཉིད་མཉམ་པ་ཆེན་པོའི་དོན་རྟོགས་པ་འདི་ཅིས་ཀྱང་གལ་ཆེའོ། །འབྲས་བུ་སྨོན་པ་མེད་པར་བསྟན་པ། བསྐྱེད་བྱའི་འབྲས་བུ་དེ་ཡོད་པའམ་མེད་པ་གང་ཞིག་སྐྱེད་བརྟགས་ན་བསྐྱེད་བྱའི་དངོས་པོའམ་འབྲས་བུ་དེ་རང་བཞིན་གྱི་ཡོད་པར་གྱུར་པ་ལ་ནི། འབྲས་བུ་གྲུབ་ཟིན་པས་རྒྱུ་ཡི་དགོས་པ་ཅི་ཞིག་ཡོད་དེ། དེ་གཉིས་ཕན་ཚུན་རྒྱུ་འབྲས་སུ་མི་རུང་ངོ་། །འོན་ཏེ་འབྲས་བུ་དེ་ནི་མེད་པ་ཞིག་རྒྱུས་བསྐྱེད་དོ་ཞེ་ན་ཡང་། འབྲས་བུ་རང་གི་ངོ་བོ་མེད་པ་ཙམ་ཞིག་ཡིན་ན་དེ་ལ་རྒྱུ་ཡི་དགོས་པ་ཅི་ཞིག་ཡོད་དེ། མེད་པ་ལ་སྤྱིར་རྒྱུ་མེད་ཅིང་རང་ཉིད་མེད་པའི་དངོས་པོར་གནས་ཟིན་པས་སོ། །གལ་ཏེ་མེད་པ་ཙམ་པོ་དེ་རྒྱུས་བསྐྱེད་པ་མིན་ཡང་རྒྱུ་འདིས་འབྲས་བུ་མེད་པ་ཉིད་ཡོད་པའི་དངོས་པོར་བྱེད་དོ་སྙམ་ན་དེ་མི་ནུས་ཏེ། བྱེ་བ་བརྒྱ་ཕྲག་ཚོགས་པའི་རྒྱུ་ཡིས་འབད་ཀྱང་། ཆོས་གང་ཞིག་རང་གི་དངོས་པོའམ་ངོ་བོ་མེད་པ་དེ་དངོས་པོ་ཡོད་པ་ཉིད་དུ་བསྒྱུར་དུ་མེད་དེ་རྒྱུ་ཅི་ཚོགས་ཀྱང་རི་བོང་གི་རྭ་ཡོད་པར་བསྒྱུར་མི་ནུས་པ་བཞིན་ཏེ། མེད་པ་གང་གིའང་ལྟོས་བྱར་མི་འགྱུར་རོ། །དངོས་མེད་དངོས་པོར་བསྒྱུར་དུ་མེད་པའི་རྒྱུ་མཚན་ཡང་། དངོས་མེད་ཀྱི་དངོས་པོ་མ་དོར་བཞིན་དུ་འགྱུར་བ་དང་། དོར་ནས་འགྱུར་བ་གཉིས་ཀ་མི་འཐད་པའི་ཕྱིར་ཏེ། འདི་ལྟར་མེད་བཞིན་པའི་གནས་སྐབས་དེ་ནི་དངོས་པོ་ཇི་ལྟར་ཡིན་ཏེ། དེ་གཉིས་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར། དངོས་མེད་དོར་ནས་དངོས་པོ་གསར་དུ་འགྱུར་བ་གཞན་ཡང་གང་ཞིག་ཡིན་ཏེ་དེ་མི་སྲིད་པ་ནི། འདི་ལྟར་རང་གི་ངོ་བོ་མེད་པར་གནས་པ་དེ་ནི་མེད་བཞིན་པའི་ཚེ་ན་དངོས་པོ་ཡོད་པ་སྲིད་པ་མིན་ན། དེ་ལ་དངོས་པོ་ཡོད་པར་དུས་ནམ་ཞིག་འགྱུར་ཏེ་འགྱུར་བའི་སྐབས་མེད་ལ། དངོས་པོར་སྐྱེས་པར་མ་གྱུར་པར་དེ་སྲིད་དུ་ནི། དངོས་མེད་དང་ནི་འ བྲལ་བར་མི་འགྱུར་ཞིང་། དངོས་མེད་རང་གི་མཚན་ཉིད་དང་ནི་མ་བྲལ་ན། དེ་ལ་དངོས་པོ་ཡོད་པའི་སྐབས་ནམ་ཡང་མི་སྲིད་པས་དངོས་མེད་དངོས་པོར་ཇི་ལྟར་འགྱུར་ཏེ་འགྱུར་མི་རིགས་སོ། །དེས་ན་དངོས་མེད་ཉིད་ཡིན་བཞིན་དུ་དངོས་པོར་འགྱུར་བ་མི་སྲིད་ན། དངོས་མེད་དངོས་པོར་འགྱུར་བ་ཞེས་པ་ཚིག་ཙམ་མོ། དངོས་མེད་དངོས་པོར་མི་འགྱུར་བ་དེ་བཞིན་དུ་དངོས་པོ་ཡོད་པའང་དངོས་པོ་མེད་པར་འགྱུར་བ་མིན་ཏེ། དེ་གཉིས་ཕན་ཚུན་སྤངས་པས་ན་རིག་པ་དངོས་མེད་ཀྱི་སྐབས་སུ་བཤད་པ་བཞིན་ནོ། །གལ་ཏེ་དངོས་པོ་ཡོད་པ་གང་གི་ཚེ་དངོས་པོ་མེད་པའི་རང་བཞིན་དུ་འགྱུར་ན། དེའི་ཚེ་དངོས་པོ་གཅིག་ཉིད་ལ་དངོས་དངོས་མེད་ཀྱི་རང་བཞིན་གཉིས་སུ་གྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་དེ་ཁོ་ན་ཉིད་དུ་འགག་པ་ཡོད་པ་མིན་ཞིང་། དངོས་པོའང་བདེན་པར་ཡོད་པ་མིན་པ་དེ་ཡི་ཕྱིར། འགྲོ་བ་འདི་དག་ཐམས་ཅད་ནི། དུས་གསུམ་པོ་རྟག་ཏུ་འང་མ་སྐྱེས་ཤིང་མ་འགགས་པ་ཉིད་དོ། །དེས་ན་འགྲོ་བ་འདི་ཀུན་སྣང་ཡང་མི་བདེན་པ་རྨི་ལམ་ལྟ་བུ་སྟེ། རིགས་པས་རྣམ་པར་དཔྱད་ན་ཚུགས་ཐུབ་པའི་སྙིང་པོ་མེད་པས་ཆུ་ཤིང་དང་འདྲ་བ་ཡིན་ནོ། །དེའི་ཕྱིར་མྱ་ངན་ལས་འདས་པ་དང་མ་འདས་པའང་། དེ་ཁོ་ན་ཉིད་དུ་ནི་ཁྱད་པར་མེད་དེ། གང་བཅིངས་པ་མེད་པ་གྲོལ་བ་མེད་པར་རྟག་ཏུ་མཉམ་པ་ཉིད་ཁོ་ནར་གནས་པའི་ཕྱིར་རོ། །དེ་ལྟར་སྟོང་ཉིད་རྟོགས་པའི་བྱེད་ལས་ལ། རང་གིས་ཆོས་བརྒྱད་མགོ་སྙོམས་པར་བསྟན་པ། དེ་ལྟར་རང་བཞིན་གྱིས་སྟོང་པའི་དངོས་པོ་རྣམས་ལ། རྙེད་སོགས་ཐོབ་པ་ཅི་ཞིག་ཡོད་ཅིང་ཤོར་བའང་ཅི་ཞིག་ཡོད། དེ་བཞིན་དུ་སེམས་ཅན་གང་གིས་དངོས་སུ་བསྟོད་ཅིང་རིམ་གྲོ་བྱས་པའམ། སྨད་དེ་ཡོངས་སུ་བརྙས་པར་བྱས་པའང་ཅི་ཞིག་ཡོད། ཕན་འདོགས་པའི་རང་བཞིན་གྱིས་བདེ་བའམ་གནོད་པ་བྱེད་པའི་བདག་ཉིད་ཀྱི་སྡུག་བསྔལ་ཡང་གང་ལས་ཡིན། ལྐོག་ཏུ་མི་སྙན་པར་བརྗོད་པས་མི་དགར་ཅི་ཞིག་ཡོད་ཅིང་སྙན་པར་སྨྲས་པས་དགར་འགྱུར་བ་ཅི་ཞིག་ཡོད། དེ་ཁོ་ན་ཉིད་དུ་ནི་རིགས་པས་བཙལ་བར་བྱས་ན། གང་ཟག་གམ་ཡུལ་ཅན་གང་ཞིག་སྲེད་ཅིང་སྲེད་ཡུལ་གང་ལ་སྲེད། ལེགས་པར་དཔྱད་ན་གསོན་པའི་འཇིག་རྟེན་འདི་མ་གྲུབ་པས། གང་ཞིག་སྲིད་པ་འདིར་ནི་ཇི་ལྟར་འཆི་བར་འགྱུར་ཏེ། ཚེ་ཕྱི་མ་འབྱུང་བར་འགྱུར་བ་གང་ཞིག་ཡིན་ཞིང་སྔ་མ་བྱུང་བར་གྱུར་པ་དེ་ཡང་གང་ཞིག་ཡིན། སྣག་གི་གཉེན་དང་ཕན་འདོགས་ཀྱི་མཛའ་བཤེས་རྣམས་ཀྱང་གང་ཞིག་ཡིན་ཏེ། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་སྐྱེ་བ་མེད་ཅིང་འགག་པ་མེད་པ་ནི། གནས་ལུགས་དཔྱོད་པའི་བློ་ཅན་རྒྱལ་སྲས་ཞི་བ་ལྷ་བདག་དང་འདྲ་བའི་དེ་ཁོ་ན་ཉིད་ཚོལ་བ་རྣམས་ཀྱིས་ཡོངས་སུ་བཟུང་བར་བྱས་ནས་ཆོས་བརྒྱད་མགོ་སྙོམས་པར་གྱིས་ཤིག ཅེས་གདམས་པའོ། །རང་གིས་སྟོང་ཉིད་རྟོགས་པས་གཞན་ལ་བརྩེ་བ་རྩོལ་མེད་དུ་འབྱུང་བའི་ཚུལ་ཡང་། འདི་ལྟར་རྨོངས་པའི་གཞན་དབང་དུ་གྱུར་པའི་འགྲོ་བ་བདག་རང་ཉིད་བདེ་བར་འདོད་པ་རྣམས་ནི། དགྲ་ལ་འཐབས་པ་དང་། གཉེན་ལ་སྤྲོ་བའི་རྒྱུ་དག་གིས། ཡིད་རབ་ཏུ་འཁྲུགས་པ་དང་དགའ་བར་བྱེད་ཅིང་། འདོད་པ་མ་གྲུབ་པའི་མྱ་{རྒྱུ} ངན་དང་འདོད་པའི་དོན་དུ་འབད་རྩོལ་དང་དེའི་ཕྱིར་གཞན་ལ་རྩོད་པ་དང་། བདག་གཞན་ཕན་ཚུན་ལུས་མཚོན་གྱིས་གཅོད་པ་དང་མདུང་སོགས་ཀྱིས་འབིགས་པ་དང་། གཞན་ཡང་སྒོ་གསུམ་ཀྱི་སྡིག་པ་མང་པོ་དག་གིས་ནི་ཉེ་བར་བསྒྲུབས་པའི་འབྱོར་པ་ཚེགས་ཆེན་པོ་ཅན་དག་གིས་འཚོ་བར་བྱེད་པ་དོན་ཆུང་ཚེ་འདིའི་ཕུན་ཚོགས་ཀྱིས་ཡིད་བསླུ་ཞིང་དུས་འདའ་བར་གནས་སོ། །འགྲོ་བ་འདི་རྣམས་རེས་བསོད་ནམས་ཀྱི་སྟོབས་ལས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་རྣམ་པ་མང་པོ་དག་ཏུ་ཡང་དང་ཡང་དུ་འོངས་ཏེ། མཐོ་རིས་ཀྱི་དགའ་བའི་བདེ་བ་མང་པོ་ལ་སྤྱད་སྤྱད་ནས། དེ་ནས་ཚེ་འཕོས་ཏེ་ཤི་ནས་སྡིག་པའི་འབྲས་བུས་ངན་སོང་གསུམ་གྱི་སྡུག་བསྔལ་ནི། ཤིན་ཏུ་ཡུན་རིང་ཞིང་བཟོད་པར་དཀའ་བ་མི་བཟད་པ་རྣམས་སུ་ལྟུང་བར་འགྱུར་ཞིང་། མཐོ་དམན་བདེ་སྡུག་ངེས་པ་མེད་པའི་སྲིད་པའི་སྐྱེ་བ་བརྒྱུད་མར་གཡོ་ཞིང་འཕྱན་པར་འགྱུར་བ་ཡིན་ལ། དེ་འདྲའི་སྲིད་པ་ན་ནི་ཕྱིན་ཅི་ལོག་ཏུ་ཞེན་པའི་དབང་གིས་འདོད་རྨོངས་སྲིད་པའི་གཡང་ས་ཤིན་ཏུ་མང་ཞིང་། སྲིད་པ་དེར་ནི་བདག་ལྟའི་ངང་ཚུལ་ཅན་ཕྱིན་ཅི་ལོག་གི་ཆོས་དངོས་པོ་བདེན་པར་ཞེན་པ་དེ་ཁོ་ན་ཉིད་མིན་པའི་རང་བཞིན་འདི་འདྲ་བ་ཡིན་པས། དེར་ཡང་སྟོང་ཉིད་རྟོགས་པ་དང་དངོས་པོར་འཛིན་པ་ཕན་ཚུན་འགལ་བས་ན། སྲིད་ན་དེ་ཁོ་ན་ཉིད་མཐོང་བ་འདི་འདྲ་བ་མེད་དེ་མུན་པའི་ཀློང་དུ་སྣང་བ་བཞིན་ནོ། །སྲིད་པ་དེར་ཡང་དཔེ་ཡིས་ཚད་བཟུང་དུ་མེད་ཅིང་ཤིན་ཏུ་བཟོད་དཀའ་བས་མི་བཟད་པའི། སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མཐའ་ལས་འདས་པ་མྱོང་བར་འགྱུར་ཞིང་། དེར་ནི་དེ་ལྟར་ལས་དང་ཉོན་མོངས་དྲག་པོས་ཟིལ་གྱིས་མནན་ནས་དགེ་བ་སྒྲུབ་པ་ལ་སྟོབས་ཆུང་ཞིང་། དེར་ནི་དགེ་བ་སྒྲུབ་པའི་རྟེན་དལ་འབྱོར་གྱི་ཚེ་ཡང་ཡུན་ཐུང་བ་ཉིད་ཡིན་ལ། དེར་ཅུང་ཟད་གནས་པའི་སྐབས་སུ་ཡང་ཡུན་རིང་པོར་གསོན་པའི་བྱ་བ་ལུས་ཀྱི་རིམ་གྲོ་སྣ་ཚོགས་དང་ནད་མེད་པ་ཉིད་ཀྱི་ཕྱིར་སྨན་སོགས་བསྟེན་པར་བྱེད་པ་དང་བཀྲེས་པ་དང་ངལ་བ་དང་། གཉིད་དང་ཕྱི་ནང་གི་ཉེར་འཚེ་སྣ་ཚོགས་པ་དང་དེ་བཞིན་དུ། བྱིས་པའི་སྐྱེ་བོ་དང་འགྲོགས་པ་སོགས་དོན་མེད་ཀྱི་བྱ་བས། ཚེ་ནི་དོན་མེད་པར་མྱུར་དུ་འདའ་ཡི། སྲིད་པ་ལས་གྲོལ་བའི་རྒྱུ་དེ་ཁོ་ན་ཉིད་ཀྱི་དོན་ལ་བློས་རྣམ་པར་དཔྱོད་པ་ཤིན་ཏུ་རྙེད་པར་དཀའ་ཞིང་། འཁོར་བའི་གནས་དེར་ཡང་ཐོག་མ་མེད་པ་ནས་རྣམ་པར་གཡེང་བ་ལ་གོམས་པ་ཤུགས་དྲག་པོ་ནི། ཆུ་ཀླུང་བཞིན་དུ་བབས་པས་གློ་བུར་དུ་བཟློག་པའི་ཐབས་ནི་ག་ལ་ཡོད་དེ་མེད་ཅིང་། དེར་མ་ཟད་དེར་ཡང་དམྱལ་བ་ལ་སོགས་པའི་ངན་སོང་ཆེན་པོར་ནི། ལྟུང་བར་བྱ་བའི་ཕྱིར་ལྷའི་བུའི་བདུད་ལ་སོགས་པ་ནག་པོའི་རྩ་ལག་རྣམས་ཀྱིས་ནི་ཐར་པའི་ལམ་ལ་བར་དུ་གཅོད་པ་ལ་བརྩོན་པར་བྱེད་ཅིང་། དེར་ནི་རྟག་ཆད་ཀྱི་ལྟ་བ་སོགས་ལོག་པའི་ལམ་མང་ཞིང་། ཡང་དག་པའི་ལམ་མ་ནོར་བ་འདིའོ་ཞེས་དམིགས་རྣམ་ཕྱེད་པའི་ངེས་པ་མི་སྐྱེ་བར་ཐེ་ཚོམ་ལས་ཀྱང་བརྒལ་བར་དཀའ་སྟེ། ཐེ་ཚོམ་གཅོད་པའི་རྐྱེན་ཕྱི་ཡི་ཡོངས་འཛིན་ཐེག་ཆེན་ཚུལ་བཞིན་སྟོན་པའི་དགེ་བའི་བཤེས་གཉེན་དང་། ནང་གི་ཡོངས་འཛིན་ངེས་དོན་ཟབ་མོའི་སྡེ་སྣོད་ལ་ཤེས་རབ་རྣམ་པ་གསུམ་གྱིས་ཕྱིན་ཅི་མ་ལོག་པར་སྒྲུབ་པ་ལ་ནན་ཏན་དུ་བྱ་བ་ཡིན་ན་དེ་ལྟ་བུ་ཤིན་ཏུ་རྙེད་པ་དཀའ་བའི་ཕྱིར་དང་། དེ་ལྟར་ཆོས་ཀྱི་སྣང་བ་མ་རྙེད་པར་ཤི་ན་སླར་ཡང་མི་ཁོམ་པའི་གནས་ལས་ཐར་པའི་དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའ་ཞིང་། སངས་རྒྱས་འཇིག་རྟེན་དུ་འབྱུང་བ་སོགས་འབྱོར་བ་ཕུན་སུམ་ཚོགས་པའང་རྙེད་པར་ཤིན་ཏུ་དཀའ་ལ། སངས་རྒྱས་ཀྱི་བསྟན་པ་ལ་ནན་ཏན་དུ་བྱས་ནས་རང་རྒྱུད་ཀྱི་ཉོན་མོངས་པའི་ཆུ་བོ་བརྒལ་{སྤང}བའི་དུས་ཐོབ་པར་དཀའ་སྟེ། དེའི་ཕྱིར་སེམས་ཅན་དམན་པ་རྣམས་ནི་ཨེ་མ་ཞེས་སྨྲེ་སྔགས་ཀྱི་སྒྲ་དང་བཅས་ཏེ་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པར་འགྱུར་རོ། །དེ་ལྟར་སྲིད་པ་ན་ཤིན་ཏུ་སྡུག་བསྔལ་ན་ཡང་། རང་ཉིད་སྡུག་བསྔལ་གྱི་ནང་དུ་བྱིང་བ་མི་མཐོང་བར་སྲིད་པ་ལ་ཞེན་པ་གང་ཡིན་པ་དང་། སྡུག་བསྔལ་གསུམ་གྱི་ཆུ་བོར་གནས་པའི་སེམས་ཅན་འདི་དག་ལ་དམིགས་ནས། ཀྱེ་ཧུད་ཅེས་རྒྱལ་བའི་སྲས་པོ་རྣམས་ཀྱིས་མྱ་ངན་བྱ་བར་འོས་ཏེ། དཔེར་ན་སྐྱེ་བོ་མྱོས་པ་འགའ་ཞིག་བསིལ་བའི་རེག་བྱ་འདོད་པས་ཡང་ཡང་ཆུར་ཞུགས་ནས་ཁྲུས་བྱས་ཏེ་ཡང་ཚ་བར་འདོད་པས་ཡང་ཡང་མེ་ནང་དུ་འཇུག་པ་སྤེལ་མར་བྱས་ཏེ། དེའི་དབང་གིས་དེ་ལྟར་ཚ་གྲང་གིས་ཤིན་ཏུ་སྡུག་བསྔལ་བར་གནས་ཀྱང་ད་དུང་བདག་ཉིད་བདེ་བར་རློམ་པ་བཞིན་དུ་ཕྱིན་ཅི་ལོག་ཏུ་ཞེན་པའི་དབང་གིས་སྡུག་བསྔལ་ལ་བདེ་བར་རློམ་པ་ཡིན་པས་སོ། །དེ་ལྟར་ཤིན་ཏུ་སྡུག་བསྔལ་ཡང་རྒ་བ་དང་ན་བ་འཆི་བ་སོགས་འོང་རྒྱུ་མེད་པ་བཞིན་དུ་བག་ཡངས་སུ་རོལ་ཞིང་སྤྱོད་པས་གནས་པ་རྣམས་ལ། དང་པོ་ཉིད་དུ་འཆི་བདག་བཟློག་ཏུ་མེད་ཅིང་བརྩེ་བ་མེད་པར་དེ་འོངས་ནས་རང་དབང་མེད་པར་བསད་པར་བྱས་ནས། དེའི་འོག་ཏུ་འདོད་པས་ཡང་ཡང་མེ་ནང་དུ་འཇུག་པ་སྤེལ་མར་བྱས་ཏེ། དེའི་འོག་ཏུ་ལས་དབང་གིས་ངན་སོང་དུ་ལྟུང་བ་ཡི་སྡུག་བསྔལ་མི་བཟད་པ་འོང་བར་འགྱུར་རོ། །དེ་ལྟར་དེ་ཁོ་ན་ཉིད་དོན་མཐོང་བ་དང་བྲལ་བས་ན། སྲིད་པའི་སྡུག་བསྔལ་གྱི་མེས་གདུངས་པ་རྣམས་ལ། བདག་གི་བསོད་ནམས་ཚད་མེད་པའི་སྤྲིན་ཆེན་པོ་ལས་ལེགས་པར་བྱུང་བའི། རང་གི་བདེ་བའི་འཚོགས་ཆས་སམ་ཡོ་བྱད་ཟས་གོས་གནས་མལ་ལ་སོགས་པ་ཅི་འདོད་པའི་ཚོགས་ཀྱི་ཆར་ཀྱིས། སེམས་ཅན་དེ་དག་གི་སྡུག་བསྔལ་ཞི་བར་བྱེད་པར་བདག་དུས་ནམ་ཞིག་ཏུ་འགྱུར་སྙམ་དུ་བསམ་པ་ནི་གནས་སྐབས་ཀྱི་བདེ་བ་དང་། ཡང་ངེས་ལེགས་ཀྱི་དབང་དུ་བྱས་ཏེ་ནམ་ཞིག་འཁོར་གསུམ་གྱི་དམིགས་པ་མེད་པའི་ཚུལ་དུ། སེམས་ཅན་རྣམས་ཀྱི་དོན་ལ་གུས་ཤིང་སྤྲོ་བས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་བསགས་ཏེ། རང་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱས་ན ས། བདེན་ཞེན་གྱི་དམིགས་པ་ཁོ་ནའི་དབང་གིས་འཁོར་བའི་གནས་སུ་ཕུང་བར་གྱུར་པའི་སེམས་ཅན་རྣམས་ལ། དེའི་གཉེན་པོར་ཆོས་ཐམས་ཅད་དམིགས་པ་མེད་པར་སྟོན་པའི་སྟོང་པ་ཉིད་ནི་སྟོན་པར་འགྱུར་ན་ཅི་མ་རུང་ཞིང་། དེ་ལྟར་འགྱུར་བར་བྱའོ་ཞེས་སྙིང་རྗེ་ཆེན་པོ་བསྐྱེད་དོ། །རང་ཉིད་ཀྱིས་ཆོས་ཐམས་ཅད་བདེན་མེད་དུ་མཐོང་ན་གཞན་བདེན་འཛིན་གྱི་དབང་གིས་འཁོར་བ་རྣམས་ལ་ནམ་ཡང་མི་གཏོང་བའི་སྙིང་རྗེ་ཆེན་པོ་ཤུགས་ཀྱིས་འབྱུང་ཞིང་འདི་ནས་ཇི་སྐད་གསུངས་པ་ལྟ་བུའི་སེམས་སྐྱེ་བའང་ཆོས་ཉིད་དེ། སེམས་འགྲེལ་ལས། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས། །སྟོང་པ་ཉིད་ནི་གོམས་བྱས་ན། །བློ་ནི་གཞན་དོན་ལ་དགའ་བར། །འགྱུར་བ་ཉིད་དུ་དཀའ་བ་མེད། །ཅེས་གསུངས་པ་བཞིན་ནོ། །སྲས་བཅས་རྒྱལ་བའི་བགྲོད་པ་གཅིག་པུའི་ལམ། །སྟོང་དང་རྟེན་འབྱུང་ཟུང་དུ་འཇུག་པ་ཡི། །མཐའ་བྲལ་དབུ་མའི་དེ་ཉིད་ལེགས་རྟོགས་ནས། །རྒྱལ་བའི་ཆོས་མཛོད་རྒྱ་མཚོ་འཛིན་གྱུར་ཅིག །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་དགུ་པ་ཡི་མཆན་འགྲེལ་འདི་ཡང་རང་འདྲའི་བློ་གྲོས་གསར་བུ་པ་རྣམས་ལ་ཕན་པའི་ཕྱིར། སྔ་འགྱུར་རིག་འཛིན་བརྒྱུད་པའི་མན་ངག་ཇི་ལྟ་བར། ༧ ཀུན་མཁྱེན་བླ་མའི་ཤེར་ཊཱིཀ་ལས་སྙིང་པོར་བསྡུས་ཏེ་ཀུ་སཱ་ལི་གཞན་ཕན་ཆོས་ཀྱི་བློ་གྲོས་སམ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་སྟེ། འདི་ངེས་ནས་རྩ་བ་ཤེར་ཊཱིཀ་ཆེན་མོ་ཡན་ལག་དང་བཅས་པ་ལ་གོམས་ཤིང་འདྲིས་པར་བྱ་བ་ཅིས་ཀྱང་གལ་ཆེའོ། །མངྒལཾ། དགེ་ལེགས་འཕེལ། དགེའོ། །དགེའོ། །དགེའོ། །། །