Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཅིག་པ།


   
   
   
   
   
སྔ་འགྱུར་ཐེག་དགུའི་ཚོགས་བཤད་མདོར་བསྡུས་ནོར་བུའི་ཏམྦུ་ར།
   
   
   
   
   
   


 
previousསྔ་འགྱུར་ཐེག་དགུའི་ཚོགས་བཤད་མདོར་བསྡུས་ནོར་བུའི་ཏམྦུ་ར།next

སྔ་འགྱུར་ཐེག་དགུའི་ཚོགས་བཤད་མདོར་བསྡུས་ནོར་བུའི་ཏམྦུ་ར།

༄༅། །པྲཱཀབརྟིཏིཡཱནནབསྱསཾགྷདྷེཤནསཾཀྵིབྟམཎིཀསྱཏམཱུརནཱམབིཧརཏིསྨ།
༄༅། །སྔ་འགྱུར་ཐེག་དགུའི་ཚོགས་བཤད་མདོར་བསྡུས་ནོར་བུའི་ཏམྦུ་ར་ཞེས་བྱ་བ་བཞུགས་སོ། །
ཤིན་ཏུ་ཞི་བ་དམ་པའི་དབྱིངས་ལས་བརྩེ་ཆེན་སྙིང་རྗེའི་སྤྲིན་བཀོད་དེ། །མཐའ་ཀླས་གདུལ་བྱའི་མོས་པའི་རྗེས་འགྲོ་སྣ་ཚོགས་སྤྲུལ་སྐུའི་རྣམ་རོལ་གྱིས། །ལམ་བདེན་བདུད་རྩིའི་གྲུ་ཆར་འབེབས་པས་རིགས་ཅན་གསུམ་གྱི་འགྲོ་ཀུན་ལ། །ཐར་པ་མཆོག་གི་ངལ་འཚོ་སྦྱིན་མཛད་ཤཱཀྱའི་གཙོ་བོས་དགེ་ལེགས་མཛོད། །གང་མཚན་ངོ་མཚར་ལྷ་ཡི་རྔ་སྒྲ་ཡིས། །བག་མེད་སྲིད་པའི་འཇིགས་ལས་དབུགས་འབྱིན་ཞིང་། །རྣམ་གྲོལ་ཞི་བའི་དགའ་སྟོན་སྦྱིན་མཛད་པ། །དཀོན་མཆོག་རིན་ཆེན་གསུམ་གྱིས་ཤིས་པ་རྩོལ། །དགེ་ལེགས་བྱེ་བའི་དཔལ་གྱིས་འབྱོར་པའི་གཞི། །དྲི་མེད་ཐུབ་བསྟན་ཡིད་བཞིན་དབང་གི་རྒྱལ། །གངས་ལྗོངས་དད་བསོད་རྒྱལ་མཚན་རྩེ་མོ་རུ། །འགོད་མཛད་མཁན་སློབ་ཆོས་གསུམ་སྤྱི་བོས་མཆོད། །སྐད་གཉིས་སྨྲ་བ་བཻ་རོ་སྐ་ཅོག་ཞང་། །རྣམ་གསུམ་ཡོ་གའི་སྲོག་འཛིན་གཉགས་གནུབས་ཟུར། །ལུང་རིགས་བྱེ་བའི་འབྱུང་གནས་རོང་ཀློང་སོགས། །སྔ་འགྱུར་རིག་འཛིན་བརྒྱུད་པར་བཅས་ཀུན་རྒྱལ། །ཁྱད་པར་ཆེར་སྙིགས་ལྔ་བརྒྱའི་ཐ་མ་རུ། །ངེས་གསང་བསྟན་པའི་རྒྱལ་མཚན་སྲིད་མཐའ་རུ། །སྒྲེང་མཛད་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པ། །ཡབ་སྲས་བརྒྱུད་པའི་བཀའ་དྲིན་སུ་ཡིས་དཔོག །ངོ་མཚར་བཀའ་བབས་བདུན་ལྡན་མདོ་སྔགས་གླིང་། །རྒྱལ་བསྔགས་མཛོད་ལྔའི་ཤིང་རྟ་གུ་ཎའི་ཞབས། །ལུང་རིགས་སེང་གེའི་སྒྲ་སྒྲོགས་ཨ་ཛི་ཏ། །རྩོད་པའི་དུས་འདིར་རྒྱལ་བ་གཉིས་པ་ཡིན། །རྒྱལ་བསྟན་ཡོངས་སུ་རྫོགས་པའི་ལྷུན་པོའི་རྩེར། །ལུང་རིགས་རྩེ་བརྒྱ་འཆང་བའི་ལྷ་དབང་ཚོགས། །བསྙིང་བྲལ་བཤད་སྒྲུབ་དགའ་སྟོན་དར་བའི་དཔལ། །དེང་དུས་སྔ་འགྱུར་མཐོ་རིས་གྲོང་ན་མཛེས། །དེ་ཕྱིར་བདག་བློ་ཤེར་བརྩོན་དམན་ན་ཡང་། །དམ་པའི་དྲིན་གྱིས་བསྐྱངས་པའི་བཀའ་དྲིན་དཔལ། །རྗེས་སུ་འཚོ་སླད་ལེགས་བཤད་མཆོད་པའི་སྤྲིན། །ཅུང་ཟད་འབུལ་བར་སྤྲོ་ལ་སྐབས་སྩོལ་ཅིག །ཅེས་ཡུལ་དམ་པ་ལ་བསྔགས་ཤིང་ཤིས་པར་བརྗོད་པའི་ཚིགས་སུ་བཅད་པའི་དབྱངས་ཀྱི་དགེ་ལེགས་སུ་བྱ་བས་མདུན་བསུས་ནས། དེང་གི་ཆར་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གི་གཙུག་གི་ནོར་བུས་ཞབས་ཀྱི་པདྨ་ལ་ཡང་དང་ཡང་དུ་འདུད་ཅིང་། རྨད་བྱུང་འཁོར་ལོ་གསུམ་གྱི་ཕྲིན་ལས་ཀྱིས་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་། ཁྱད་པར་རང་ལུགས་གསང་ཆེན་སྔ་འགྱུར་གྱི་རིང་ལུགས་དྲི་མ་མེད་པ་ཉིད་འཛིན་སྐྱོང་སྤེལ་གསུམ་ལ་འགྲན་ཟླ་དང་བྲལ་བའི་མཐུ་ཐོབ་པ། དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་དང་། མཁན་སློབ་རིག་པ་འཛིན་པ་ལུང་རིགས་སྨྲ་བའི་ཁྱུ་མཆོག་ཆེན་པོ་རྣམས་ཀྱི་དབུ་མཛད། ལམ་བསླབ་པ་གསུམ་གྱིས་ཐུགས་རྒྱུད་ཡོངས་སུ་དུལ་ཞིང་། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་ལ་རྟག་པར་ཐུགས་གཞོལ་བའི་འཕགས་ཚོགས་གསེར་རིའི་ཕྲེང་བཟང་ཚར་དུ་དངར་བའི་སྙན་ལམ་དུ། ཇི་སྐད་དུ། མཁས་མཆོག་དཔའ་བོས། ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་དུ་མ ཁས་པ་དགའ་བྱེད་ཡིན། །ཞེས་གསུངས་པ་ལྟར། སྐུ་གསུམ་སྟོན་པའི་རྣམ་གཞག་དང་འབྲེལ་བར་ཕུན་སུམ་ཚོགས་པ་ལྔས་ཁོག་ཕུབ་སྟེ། སྔ་འགྱུར་ཐེག་པ་རིམ་དགུའི་ལྟ་གྲུབ་ཀྱི་དབྱེ་བ་མདོ་ཙམ་ཞིག་ཞུ་ན། ཐོག་མར་བསྟན་པ་རིན་པོ་ཆེ་གང་ལས་བྱུང་བའི་ཁུངས་སམ་བརྒྱུད་པའི་ཆེ་བ་ཕུན་སུམ་ཚོགས་པ་ལྔ་བཤད་པ་ལ་གསུམ་ལས། དང་པོ་ཆོས་སྐུའི་ཕུན་སུམ་ཚོགས་པ་ལྔ་ནི། གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་དབྱིངས་སྤྲོས་པ་དང་བྲལ་བར། སྟོན་པ་ཕུན་སུམ་ཚོགས་པ་དཔལ་ཀུན་ཏུ་བཟང་པོ་ཉིད་གདོད་ནས་མངོན་པར་བྱང་ཆུབ་པའི་རང་བཞིན་དུ་བཞུགས་ནས། འཁོར་ཕུན་སུམ་ཚོགས་པ་ཡེ་ཤེས་རྒྱ་མཚོའི་ཚོགས་ལ། ཆོས་ཕུན་སུམ་ཚོགས་པ་རྫོགས་པ་ཆེན་པོ་སྒྲ་ཚིག་བྱ་རྩོལ་ལས་འདས་པ། དུས་ཕུན་སུམ་ཚོགས་པ་དུས་བཞི་མཉམ་པ་ཉིད་ཀྱི་ངང་དུ་གསུངས། གཉིས་པ་ལོངས་སྐུའི་ཕུན་སུམ་ཚོགས་པ་ལྔ་ནི། གནས་ཕུན་སུམ་ཚོགས་པ་རང་སྣང་སྟུག་པོ་བཀོད་པར། སྟོན་པ་ཕུན་སུམ་ཚོགས་པ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཉིད་རང་རང་གི་རིགས་ཀྱི་གཙོ་བོར་སྣང་བས། འཁོར་ཕུན་སུམ་ཚོགས་པ་རང་ལས་མི་གཞན་པ་རིགས་ལྔའི་སངས་རྒྱས་ཞི་བ་དང་ཁྲོ་བོའི་རྣམ་རོལ་ཚད་མེད་པར་སྣང་བ་ལ། ཆོས་ཕུན་སུམ་ཚོགས་པ་རིག་པ་འཛིན་པའི་སྡེ་སྣོད་བསམ་གྱིས་མི་ཁྱབ་པ་ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པ། དུས་ཕུན་སུམ་ཚོགས་པ་རྟག་པ་རྒྱུན་གྱི་འཁོར་ལོར་གསུངས་པ་ཡིན་ལ། གསུམ་པ་སྤྲུལ་སྐུའི་ཕུན་སུམ་ཚོགས་པ་ནི་ཐེག་པ་ཆེ་ཆུང་དང་། མདོ་སྔགས་གསར་སྙིང་གི་དགོངས་པས་འཆད་ཚུལ་ཐ་དད་པ་མང་ན་ཡང་། རང་ལུགས་ཐུན་མིན་རྫོགས་པ་ཆེན་པོའི་དབང་དུ་བྱས་ན། སྟོན་པ་རྡོ་རྗེ་འཆང་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ལས་མ་གཡོས་བཞིན་དུ། འགྲོ་བ་རྣམས་ཀྱི་ཕུང་པོ་ལྔ་གནས་སུ་དག་པར་བྱ་བའི་ཕྱིར། ཕུན་སུམ་ཚོགས་པ་ལྔའི་ཚུལ་གྱིས་སྤྲུལ་པའི་རྣམ་རོལ་ལན་བཅུ་གཉིས་སུ་སྟོན་པར་མཛད་དེ། དང་པོ། ཡུལ་དགའ་ལྡན་བརྩེགས་པར། གནས་ཕུམ་སུམ་ཚོགས་པ་མེ་ཏོག་པདྨའི་ལྟེ་བར། སྟོན་པ་ཕུན་སུམ་ཚོགས་པ་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་ཉིད་བྱོན་ཏེ། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་དང་། སེམས་དཔའ་གཉིས་ཀྱིས་འདུལ་བའི་མཚོན་བྱེད་དུ་འོད་ཀྱིས་སྣང་བའི་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་བའི་འཁོར་ཕུན་ཚོགས་པ་ལ། ཆོས་ཕུན་སུམ་ཚོགས་པ་བསྟན་པ་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད། དུས་ཕུན་སུམ་ཚོགས་པ་ཚེ་ལོ་དཔག་ཏུ་མེད་པའི་དུས་སུ་གསུངས་ཏེ། ལྷའི་བུ་དགའ་བྱེད་དབང་ཕྱུག་དང་། ཉི་མ་རབ་ཏུ་སྣང་བྱེད་གཉིས་ཀྱིས་བསྡུས་སོ། །གཉིས་པ། གནས་ཕུན་སུམ་ཚོགས་པ་འཇིག་རྟེན་མི་མཇེད་དུ། སྟོན་པ་ཕུན་སུམ་ཚོགས་པ་ཁྱེའུ་མི་འཁྲུགས་པ་ཉིད་འོད་ལྔའི་སྒོ་ང་ལས་འཁྲུངས་ཏེ། འཁོར་ཕུན་སུམ་ཚོགས་པ་མཁའ་འགྲོ་མ་འབུམ་ཕྲག་གཉིས་ལ། ཆོས་ཕུན་སུམ་ཚོགས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བྱེ་བ་ཐུབ་པའི་དུས་སུ་གསུངས། གསུམ་པ། གནས་ཕུན་སུམ་ཚོགས་པ་དྲོད་གཤེར་འདུས་པ་འོད་ཀྱི་སྤུངས་པར། སྟོན་པ་ཕུན་སུམ་ཚོགས་པ་འཇམ་དཔལ་འཇིག་པ་སྐྱོབ་པའི་ཡིད་ཅེས་བྱ་བས། འཁོར་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག་ལ། ཆོས་ཕུན་ཚོགས་པ་འཁོར་བ་དོང་སྤྲུགས། རྨ་བྱ་འཇིང་བསྣོལ། འབྱུང་བཞི་ཟད་པའི་རྒྱུད་སོགས། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བདུན་པའི་དུས་སུ་གསུངས། བཞི་པ། གནས་ཕུན་སུམ་ཚོགས་པ་ཆགས་འབྱུང་མངལ་དུ་སྣང་བར། སྟོན་པ་ཕུན་སུམ་ཚོགས་པ་གཞོན་ནུ་རོལ་པ་རྣམ་པར་བརྩེ་བས། འཁོར་ཕུན་སུམ་ཚོགས་པ་གནོད་སྦྱིན་དང་བྲག་སྲིན་སྟོང་ཕྲག་གཅིག་ལ། ཆོས་ཕུན་སུམ་ཚོགས་པ་སེམས་སྡེ་རྩ་བའི་རྒྱུད་ལྔ། ཡན་ལག་གི་རྒྱུད་དྲུག་སྟེ་བཅུ་གཅིག དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱད་ཁྲི་བའི་དུས་སུ་གསུངས། ལྔ་པ། གནས་ཕུན་སུམ་ཚོགས་པ་འཚོ་བྱེད་གཞོན་ནུའི་ལྡུམ་རར། སྟོན་པ་ཕུན་སུམ་ཚོགས་པ་དྲུག་པ་རྡོ་རྗེ་འཆང་གིས། འཁོར་ཕུན་སུམ་ཚོགས་པ་སངས་རྒྱས་རབ་བདུན་ལ། ཆོས་ཕུན་སུམ་ཚོགས་པ་ཕ་རོལ་དུ་ཕྱིན་པ་དྲུག དུས་ཕུན་སུམ་ཚོགས་པ་ཚེ་ལོ་བདུན་ཁྲི་བའི་དུས་སུ་གསུངས། དྲུག་པ། གནས་ཕུན་སུམ་ཚོགས་པའི་རིརབ་ཀྱི་བྱང་ཕྱོགས་དུར་ཁྲོད་མེ་རི་འབར་བར། སྟོན་པ་ཕུན་སུམ་ཚོགས་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཆེན་པོ་ལ། འཁོར་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་བདུན་དང་། མཁའ་འགྲོ་མ་དང་ལྷ་ཀླུ་ལ་སོགས་པ་དཔག་ཏུ་མེད་པར། ཆོས་ཕུན་སུམ་ཚོགས་པ་རིག་པ་རང་ཤར་ཆེན་པོའི་རྒྱུད་ལ་སོགས་པ་མངོན་སུམ་འོད་གསལ་གྱི་རྒྱུད་རྣམས་དང་། གཞན་ཡང་དཔག་ཏུ་མེད་པ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་དྲུག་ཁྲི་པའི་དུས་སུ་གསུངས། བདུན་པ། གནས་ཕུན་སུམ་ཚོགས་པ་སྲིན་པོའི་ཡུལ་རུ་ལུའི་སྒྲ་དང་ལྡན་པའི་བྲག་ཕུག་ཏུ། སྟོན་པ་ཕུན་སུམ་ཚོགས་པ་དྲང་སྲོང་ཁྲོས་པའི་རྒྱལ་པོས། འཁོར་ཕུན་སུམ་ཚོགས་པ་སྲིན་པོ་བྱེ་བ་གཅིག་ལ། ཆོས་ཕུན་སུམ་ཚོགས་པ་རག་པ་འདུས་པའི་རྒྱུད་བཅུ་སོགས། དུས་ཕུན་སུམ་ཚོགས་པ་ཚེ་ལོ་ཁྲི་པའི་དུས་སུ་གསུངས། བརྒྱད་པ། གནས་ཕུན་སུམ་ཚོགས་པ་བྱ་རྒོད་སྤུངས་པར། སྟོན་པ་ཕུན་སུམ་ཚོགས་པ་གསེར་འོད་དམ་པས། འཁོར་ཕུན་སུམ་ཚོགས་པ་ཉན་ཐོས་གྲངས་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་འདུལ་བ་ཁྲི་ཕྲག་དཔག་ཏུ་མེད་པ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་ལྔ་སྟོང་པའི་དུས་སུ་གསུངས། དགུ་པ། གནས་ཕུན་སུམ་ཚོགས་པ་སོག་པོ་གཡུ་ཡི་སྨིན་མ་ཅན་གྱི་ཡུལ་བྱང་ཆུབ་ཀྱི་ཤིང་དྲུང་དུ། སྟོན་པ་ཕུན་སུམ་ཚོགས་པ་བརྩེ་བས་རོལ་པའི་བློ་གྲོས་ཀྱིས། འཁོར་ཕུན་སུམ་ཚོགས་པ་བྱང་སེམས་དཔག་ཏུ་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་འཕྲ་རྒྱུད་བདུན་ལ་སོགས་པ་རྣམས། དུས་ཕུན་གསུམ་ཚོགས་པ་ཚེ་ལོ་སྟོང་གི་དུས་སུ་གསུངས། བཅུ་པ། གནས་ཕུན་སུམ་ཚོགས་པ་བྱ་རྒོད་སྤུངས་པར། སྟོན་པ་ཕུན་སུམ་ཚོགས་པ་འོད་སྲུང་བགྲེས་པོས། འཁོར་ཕུན་སུམ་ཚོགས་པ་སྐར་མ་འོད་བཟང་ལ་སོགས་པ་བདུན་ལ། ཆོས་ཕུན་སུམ་ཚོགས་པ་མདོ་སྡེ་དང་། ཀྲི་ཡ་དང་། ལུང་ཨ་ནུ་ཡོ་ག་ལ་སོགས་པ་ཁྲི་ཕྲག་བརྒྱད། དུས་ཕུན་སུམ་ཚོགས་པ་ཚེ་ལོ་ལྔ་བརྒྱ་པའི་དུས་སུ་གསུངས། བཅུ་གཅིག་པ། གནས་ཕུན་སུམ་ཚོགས་པ་རྡོ་རྗེའི་གདན་དུ། སྟོན་པ་ཕུན་སུམ་ཚོགས་པ་མངོན་རྫོགས་རྒྱལ་པོས། འཁོར་ཕུན་སུམ་ཚོགས་པ་རིགས་གསུམ་མགོན་པོ་ལ། ཆོས་ཕུན་སུམ་ཚོགས་པ་ངེས་པ་དོན་གྱི་ཐེག་པ་འབའ་ཞིག དུས་ཕུན་སུམ་ཚོགས་པ་ཚེ་ལོ་སུམ་བརྒྱ་པའི་དུས་སུ་གསུངས། བཅུ་གཉིས་པ་ནི། གནས་ཕུན་སུམ་ཚོགས་པ་ཝཱ་རཱ་ཎ་སཱི་ལ་སོགས་པར། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། ཆོས་ཕུན་སུམ་ཚོགས་པ་སྡེ་སྣོད་གསུམ་ལ་སོགས་པ། འཁོར་ཕུན་སུམ་ཚོགས་པ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་ཀླུ་ལ་སོགས་པ་དཔག་ཏུ་མེད་པར། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱ་ཐུབ་པའི་དུས་སུ་གསུངས་སོ། །དེ་ལས་ཁྱད་པར་ད་ལྟའི་དུས་སུ་འབྲས་བུ་རྡོ་རྗེ་ཐེག་པ་བྱོན་ཚུལ་ནི། དགོངས་པ་ལུང་སྟོན་ལས། རྒྱུ་ལ་མོས་པར་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་ལུང་བསྟན་པ་ལྟར། སྟོན་པ་མཆོག་གི་སྤྲུལ་པའི་སྐུ་ཐུབ་པ་ཆེན་པོ་ཉིད་འཇིག་རྟེན་འདི་ན་མི་སྣང་ནས་ལོ་ཉི་ཤུ་རྩ་བརྒྱད་ན། རི་མ་ལ་ཡ་ཡི་རྩེ་མོར། སྟོན་པ་གསང་བའི་བདག་པོས། འཁོར་དམ་པའི་རིགས་ཅན་དྲྭ་མ་ལྔ་སོགས་ལ། སྔར་འོག་མིན་སོགས་སུ་གསུངས་པའི་གསང་བའི་ཏནྟྲ་རྣམས་སླར་ཡང་བཟླས་ཏེ་གསུངས་པ། སྐལ་ལྡན་རྒྱལ་པོ་ཛཿསོགས་རིག་པ་འཛིན་པ་རྣམས་ལས་བརྒྱུད་དེ་མི་ཡུལ་དུ་དར་བར་མཛད་པ་དང་། སྒྲུབ་སྡེ་རྣམས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་མཆོད་རྟེན་བདེ་བྱེད་བརྩེགས་པར་སྦས་པ་གྲུབ་པ་བརྙེས་པའི་སློབ་དཔོན་རྣམ་བརྒྱད་ཀྱིས་སྤྱན་དྲངས་པ་དང་། རྫོགས་པ་ཆེན་པོའ་ིརྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་སྟོན་པ་རྡོ་རྗེ་སེམས་དཔའ་ལས་དངོས་སུ་གསན་ཅིང་སྤེལ་བར་མཛད་པས་མཚོན། མདོ་སྒྱུ་སེམས་གསུམ་སོ་སོའི་བབས་ལུགས་དང་བརྒྱུད་པའི་ལོ་རྒྱུས་ཁྱད་འཕགས་ངོ་མཚར་ཅན་མཐའ་ཡས་པ་ཞུ་རྒྱུ་ཡོད་མོད། ད་རེས་ཀྱི་སྐབས་སུ་དེ་ཙམ་ལགས། དེ་ལས་བྱུང་བའི་བསྟན་པ་དམ་པའི་ཆོས་ཀྱི་རྣམ་པར་གཞག་པ་ལའང་། སྤྱིར་ལངྐར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་གསུངས་པ་ལྟར། གདུལ་བྱ་སེམས་ཅན་གྱི་ཁམས་དབང་བསམ་པ་དང་མཐུན་པར་ཆོས་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པས་འདི་ཙམ་ཞེས་སུས་ཀྱང་ཚད་བཟུང་དུ་མེད་མོད་ད་ལམ་གྱི་སྐབས་སུ་སྔ་འགྱུར་རང་སྐད་ཐུན་མིན་སྤྱི་མདོ་དགོངས་པ་འདུས་པ་ལས། ལངྐའི་བདག་པོ་གཞན་ཡང་གང་། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུངས་པར་ལྟར། དེ་རེ་རེ་ལའང་དབང་པོའི་ཁྱད་པར་གྱིས་གསུམ་གསུམ་གྱིས་དབྱེ་བའི་ཐེག་པ་རིམ་པ་དགུའི་རྣམ་བཞག་མདོ་ཙམ་ཞུ་བ་ལ། སྤྱིར་ཡཱ་ན་ཞེས་པའི་སྒྲ་ལས་ཁྱོགས་སམ་བཞོན་པ་ལ་འཇུག་སྟེ། རང་ལམ་གང་ལ་ཞུགས་ཀྱང་དེའི་འབྲས་བུ་ལ་སྦྱོར་ནུས་པའི་དོན་གྱིས་ནི་ཐེག་པ་ཞེས་བྱ། དེ་ལའང་ནང་གི་དབྱེ་བ། ཐབས་གང་གིས་མཐར་ཕྱིན་པར་བ སྒྲུབས་པས་འབྲས་བུ་འཇིག་རྟེན་ལས་འཕགས་མ་ནུས་པ་དང་ནུས་པའི་ཁྱད་པར་ལས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས་ཏེ། རང་ཤར་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང་། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱ་ངན་འདས། །ཞེས་སོ། །དང་པོ་འཇིག་རྟེན་པའི་ཐེག་པ་ལ། སོར་བཞག་ལྷ་མིའི་ཐེག་པ་དང་། འཕྲོས་དོན་མ་རྟོགས་ལོག་རྟོགས་ཀྱི་ལྟ་བ་བཤད་པ་གཉིས་ལས། དང་པོ་ལ་གསུམ། ངོ་བོ། ངེས་ཚིགདབྱེ་བའོ། །དང་པོ་ངོ་བོ་ནི། ལྷ་མིའི་བདེ་བ་མཐར་ཐུག་གི་བར་དུ་འགོད་པའི་ཐབས་གང་ཞིག འཁོར་བ་ལས་འཕགས་མི་ནུས་པའོ། །གཉིས་པ་ངེས་ཚིག་ནི། ལྷ་མིའི་བདེ་འབྲས་སྤྱི་དང་ཁྱད་པར་ཁམས་གོང་མ་གཉིས་ཙམ་ལ་སྦྱོར་ཞིང་འགོད་ནུས་པའི་ཕྱིར་ཐེག་པའོ། །གསུམ་པ་དབྱེ་བ་ལ་དྲུག་ལས། འཇུག་པའི་སྒོ་ནི། ངན་སོང་གསུམ་མམ་ས་འོག་མ་རྣམས་ནི་སྡུག་བསྔལ་བ་དང་མ་ཞི་བའི་རང་བཞིན་ཅན་དུ་མཐོང་ནས། དེར་སྐྱེ་བའི་རྒྱུ་མི་དགེ་བའི་ལས་རྣམས་དང་། ས་འོག་མའི་རང་སའི་སྐྱོན་རྣམས་སྤོང་བའི་སྒོ་ནས་འཇུགལྟ་བ་ནི། འཇིག་རྟེན་ཕ་རོལ་ཡོད་པ་དང་། ལས་རྒྱུ་འབྲས་མི་བསླུ་བའི་ཚུལ་ལ་ཡིད་ཆེས་པ་སྟེ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བྱ། ཚུལ་ཁྲིམས་ནི། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ་པོ་སྤོང་བའི་ཚུམ་ཁྲིམས་ཏེ་དུས་དང་གཏན་ཁྲིམས་ཅི་རིགས་པ། སྒོམ་པ་ནི། སྤྱི་རང་གི་འབྲས་བུ་འབྱིན་ནུས་ཀྱི་བར་དུ་གོམས་པར་བྱེད་པ་སྟེ། བྱེ་བྲག་བསམ་གཏན་བཞི་དང་། གཟུགས་མེད་པ་བཞིའི་སྙོམས་འཇུག་ལ་གོམས་པར་བྱེད་པའོ། །སྤྱོད་པ་ནི། མི་དགེ་བ་བཅུའི་ལྡོག་ཕྱོགས་ཟག་བཅས་ཀྱི་དགེ་བ་བཅུ་དང་བསྙེན་གནས་བསྲུང་བ། བྱམས་སོགས་ཚད་མེད་བཞི་ལ་སྤྱོད་པའོ། །འབྲས་བུ་ནི། དགེ་བའི་ལས་སྟོབས་ཆེ་ཆུང་གིས་གླིང་བཞིའི་མི་དང་འདོད་ལྷ་དྲུག་སྟེ། མཐོ་རིས་ཀྱི་གནས་བཅུ་དང་། ཁྱད་པར་བསམ་གཟུགས་ཀྱི་ཏིང་འཛིན་གང་ལ་གོམས་པ་དེ་སྟོབས་ཆེ་ཆུང་གིས་གཟུགས་དང་གཟུགས་མེད་ཀྱི་གནས་རྣམས་ཏེ། སྒྱུ་འཕྲུལ་རྒྱས་པ་ལས། དགེ་བཅུ་སྤྱད་ཅིང་མི་དགེ་སྤོང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ། །ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་སོ། །འདི་ལ་ལྷ་མིའི་ཐེག་པ་དང་ཚངས་པའི་ཐེག་པ་ཞེས་གཉིས་སུ་དབྱེ་བའང་ཡོད་དོ། །གཉིས་པ་ནི། མན་ངག་ལྟ་བའི་ཕྲེང་བར་བཞི་གསུངས་ཏེ། དེ་ལ་ཕྱལ་བ་ནི། ཆོས་ཐམས་ཅད་རྒྱུ་དང་འབྲས་བུ་ཡོད་མེད་དུ་མ་རྟོགས་ཏེ་ཀུན་ཏུ་རྨོངས་པའོ། །རྒྱང་འཕེན་ནི། ཚེ་སྔ་ཕྱི་ཡོད་མེད་དུ་མ་རྟོགས་ཤིང་། ཚེ་གཅིག་ལ་བཙན་ཕྱུག་དང་མཐུ་སྟོབས་སྒྲུབ་པ་སྟེ། འཇིག་རྟེན་པའི་གསང་ཚིག་ལ་བརྟེན་པའོ། །མུར་ཐུག་པ་ནི། ཆོས་ཐམས་ཅད་ལ་རྒྱུ་དང་འབྲས་བུ་མེད་པ་སྟེ། ཚེ་གཅིག་ལ་སྐྱེས་པའི་ཆོས་ཐམས་ཅད་གློ་བུར་དུ་སྐྱེས་ནས་མཐའ་ཆད་པར་ལྟ་བའོ། །མུ་སྟེགས་པ་ནི། ཆོས་ཐམས་ཅད་ལ་ཀུན་ཏུ་བརྟགས་པས་བདག་རྟག་པ་ཞིག་ཡོད་པར་བལྟ་བ་སྟེ། དེ་ལ་ཡང་རྒྱུ་མེད་ལ་འབྲས་བུ་ཡོད་པར་ལྟ་བ་དང་རྒྱུ་འབྲས་ལོག་པར་ལྟ་བ་དང་། རྒྱུ་ཡོད་པ་ལ་འབྲས་བུ་མེད་པར་ལྟ་བ་སྟེ་འདི་དག་ནི་མ་རིག་པའི་ལྟ་བའོ། །ཞེས་སོ། །དེ་ལས་སྔ་མ་རྣམས་གོ་སླ་ལ། ཕྱི་མ་ལས། རྒྱུ་མེད་ལ་འབྲས་བུ་ཡོད་པར་ལྟ་བ་ནི་རང་བཞིན་རྒྱུར་ལྟ་བ་སྟེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་བྱུང་བར་འདོད་པའོ། །རྒྱུ་འབྲས་ལོག་པར་ལྟ་བ་ནི་དབང་ཕྱུག་རྒྱུར་ལྟ་བ་སྟེ་དེ་མཉེས་པའི་སླད་དུ་སྲོག་ཆགས་མང་པོའི་སྦྱིན་སྲེག་སོགས་མི་དགེ་བའི་ལས་ཀྱིས་འབྲས་བུ་མཐོ་རིས་ཀྱི་བདེ་བ་ཐོབ་པར་འདོད་པའོ། །རྒྱུ་ཡོད་ལ་འབྲས་བུ་མེད་པར་ལྟ་བ་ནི་བྱེད་པོ་རྒྱུར་ལྟ་བ་སྟེ། བདག་བྱེད་པ་པོ་རྟག་གཅིག་རང་དབང་བས་བྱས་པའི་འབྲས་བུའི་ཆོས་རྣམས་ངོ་བོ་མི་རྟག་ཅིང་མཐར་རྒྱུན་ཆད་པར་འདོད་པའོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་ནི། སྤྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་བཟུང་ཞིང་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་དང་། ཡང་དག་པའི་བསླབ་པ་གསུམ་ལ་སློབ་པས་འབྲས་བུ་སྲིད་རྩེ་ལས་བརྒལ་ནུས་པའི་ཕྱིར་སྔ་མ་ལས་ཁྱད་པར་དུ་འཕགས་པའོ། །དེ་ལའང་གཉིས་ཏེ། ཀུན་བྱེད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་དང་། ཐལ་འགྱུར་ལས། རྒྱུ་ལ་གསུམ་དང་འབྲས་ལ་གཉིས། །གཉིས་པོ་ལས་ཕྱེ་དྲུག་ཏུ་འགྱུར། །འདི་དག་དབང་པོའི་རིམ་པས་སོ། །ཞེས་གསུངས་པས། དང་པོ་མཚན་ཉིད་རྒྱུའི་ཐེག་པའམ་ཀུན་འབྱུང་འདྲེན་པའི་ཐེག་པ་དེ་ལའང་གསུམ་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཐེག་པའོ། །དང་པོ་ཉན་ཐོས་ཀྱི་ཐེག་པའི་ངོ་བོ་ནི། འཁོར་བ་ནས་རང་གཅིག་པུ་ཐར་འདོད་ཀྱི་བློས་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་གྱུར་པའོ། །ངེས་ཚིག་ནི། ཤྲ་བ་ཀཿཞེས་པའི་སྒྲ་ཉན་པ་དང་ཐོས་པ་གཉིས་ཀ་ལ་འཇུག་པས་ཉན་ཐོས་སམ། ཡུལ་གཅིག་ལས་ཐོས་ཤིང་ཡུལ་གཅིག་ལ་སྒྲོགས་པའི་ཕྱིར་ཐོས་སྒྲོགས་ཞེས་བྱའོ། །དབྱེ་བ་ལས། འཇུག་སྒོ་ནི། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་བས་ཡིད་སྐྱོ་ནས། རང་ཉིད་ཞི་བདེ་དོན་གཉེར་གྱི་བསམ་པས། ཡུལ་བདེན་པ་བཞི་ལ་དམིགས་ཏེ་རྒྱུ་འབྲས་སྤང་བླང་གི་སྒོ་ནས་འཇུག ལྟ་བ་ནི། གཟུང་ཡུལ་དངོས་པོ་རགས་སྣང་འདི་གཉེན་པོ་དང་བློས་གཞིག་ཅིང་གཞོམ་དུ་རུང་བའི་ཕྱིར་དང་། འཛིན་པ་སེམས་ཀྱི་རྒྱུན་དུས་གསུམ་ཆས་གཞིག་ཏུ་རུང་བའི་ཕྱིར། གཟུང་འཛིན་རགས་པ་འདི་ཀུན་རྫོབ་ཏུ་སྣང་བ་ཙམ་ལས་རང་བཞིན་མེད་པས་གང་ཟག་གི་བདག་ངོ་བོ་ཉིད་ཀྱིས་མེད་པར་རྟོགས་ཀྱང་། གཟུང་ཡུལ་དངོས་པོ་རགས་སྣང་རྩོམ་གཞི་རྡུལ་ཕྲ་རབ་འདི་ལ་གཉེན་པོ་དང་བློས་གཞོམ་དུ་མེད་པ་དང་། འཛིན་སེམས་སྐད་ཅིག་མ་དུས་ཀྱི་ཆ་དང་བྲལ་བས་གཟུང་འཛིན་ཕྲ་བ་དོན་དམ་དུ་འདོད་པའི་ཕྱིར་ཆོས་ཀྱི་བདག་མེད་མ་རྟོགས་པ་སྟེ། དབྱེ་ན་བྱེ་མདོ་གཉིས་སོ། །ཚུལ་ཁྲིམས་ནི། སོར་ཐར་རིགས་བརྒྱད་གང་རུང་ངམ། ཁྱད་པར་སངས་རྒྱས་ཀྱི་རྗེས་སུ་མཐུན་པར་སློབ་དགོས་པའི་ཕྱིར། མཆོག་དགེ་སློང་གི་སྡོམ་པ་ལ་བརྟེན་པར་བྱ་སྟེ། དེ་དག་ཀྱང་ཟེ་ཆེན་མ་ཧཱ་པཎྜི་ཏས་མཛད་པའི་ཐེག་དགུའི་རྣམ་བཞག་ལས། སོ་ཐར་རིགས་བརྒྱད་གང་རུང་གི། །སྡོམ་པ་ལེགས་བསྲུང་ཚུལ་ཁྲིམས་ཏེ། །བསྙེན་གནས་དགེ་བསྙེན་ཕ་མ་དང་། །དགེ་ཚུལ་ཕ་མ་དགེ་སློབ་མ། དགེ་སློང་ཕ་མ་སོ་ཐར་བརྒྱད། །སྡོམ་པ་གསོད་རྐུ་རྫུན་སྨྲ་བ། །འདོད་ལོག་རྩ་བཞི་སྤྱིའི་སྤང་བྱ། །ཆང་དང་མལ་ཆེ་མཐོ་གར་ཕྲེང་། །ཕྱི་དྲོའི་ཁ་ཟས་བསྙེན་གནས་ཁྲིམས། །རྩ་སྟེང་ཆང་བསྣན་དགེ་བསྙེན་སྡོམ། །བསྙེན་གནས་སྡོམ་སྟེང་གར་ཕྲེང་དབྱེ། གསེར་དངུལ་སྤངས་པ་དགེ་ཚུལ་བསྲུང་། །དེ་སྟེང་གཅིག་འགྲོ་ཆུར་རྐྱལ་པ། །སྐྱེས་རེག་ལྷན་འདུག་སྨྱན་བྱས་པ། །ཉེས་འཆབ་རྩ་དྲུག་གསེར་བཟུང་དང་། །འདོམ་སྤུ་འདྲེགས་དང་ས་རྐོ་བ། །རྩྭ་སྔོན་སོགས་གཅོད་བྱིན་ལེན་མེད། །གསོག་འཇོག་བྱས་ཟ་རྗེས་མཐུན་དྲུག དགེ་སློབ་ཁྲིམས་ཡིན་ཕམ་པ་བཞི། །ལྷག་མ་བཅུ་གསུམ་སྤང་ལྟུང་གྲངས། །སུམ་ཅུ་ལྟུང་བྱེད་བཅུ་ཕྲག་དགུ། །སོར་བཤགས་བཞི་དང་ཉེས་བྱས་པ། །བརྒྱ་དང་བཅུ་གཉིས་དགེ་སློང་ཁྲིམས། །ཞེས་སོ། །བསྒོམ་པ་ནི། གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས། །དགེ་བའི་བཤེས་གཉེན་ལས་ཉན་ཐོས་ཀྱི་སྡེ་སྣོད་ཚུལ་བཞིན་ཐོས། ཐོས་དོན་བསམ། བསམ་དོན་བསྒོམ་པ་སྟེ། དེ་ཡང་དང་པོར་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་བསྒོམ་པ་སོགས་ཞི་གནས་ཀྱིས་སེམས་ལས་སུ་རུང་བར་བྱས་རྗེས། ལྷག་མཐོང་ནི། བདེན་བཞི་རི་རེ་ལའང་བཞི་བཞིར་ཕྱེ་བས། མི་རྟག སྡུག་བསྔལ། སྟོང་པ། བདག་མེད་དེ་སྡུག་བདེན་གྱི་བཞི་དང་། རྒྱུ། ཀུན་འབྱུང་། རབ་སྐྱེ། རྐྱེན་ཏེ་ཀུན་འབྱུང་གི་བཞི་དང་། འགོག་པ་ཞི་བ། གྱ་ནོམ་པ། ངེས་འབྱུང་སྟེ་འགོག་པའི་བཞི་དང་། ལམ། རིགས་པ། སྒྲུབ་པ། ངེས་འབྱིན་ཏེ་ལམ་གྱི་བཞི་བཅས་བདེན་བཞི་བཅུ་དྲུག་པོ་བསྒོམ་སྟེ་གཙོ་བོར་གང་ཟག་གི་བདག་མེད་རྟོགས་པའི་སྒོའོ། །གཞི་དེ་ལས་ཁམས་གསུམ་གྱི་ཉོན་མོངས་མཐོང་བས་སྤང་བར་བྱ་བ་དང་བསྒོམས་པས་སྤང་བར་བྱ་བ་རྣམས། སྤང་ཚུལ་ཤེས་བཟོད་ཀྱི་ཡེ་ཤེས་བཅུ་དྲུག་པོས་རིམ་པར་སྤོང་བར་བྱེད་དོ། །སྤྱོད་པ་ནི། སྔ་མ་ལས། བསོད་སྙོམས་སྟན་གཅིག་ཕྱིས་མི་ལེན། །ཕྱགས་དར་ཁྲོད་འཕྱིང་ཆོས་གོས་གསུམ། །དགོན་པ་བླ་གབ་མེད་པ་དང་། །ཤིང་དྲུང་དུར་ཁྲོད་ཙོག་པུ་པ། །གཞི་ཇི་བཞིན་ཏེ་སྦྱངས་ཡོན་སྤྱོད། །ཅེས་པ་ལྟར་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་ནས་རང་དོན་གཙོ་བོར་སྤྱོད་པའོ། །འབྲས་བུ་ནི། རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་སྟེ་གནས་སྐབས་ཀྱི་འབྲས་བུ་གསུམ་དང་། མཐར་ཐུག་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་གཉིས་དང་ལྡན་པའི་ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་པ་ཉིད་ཐོབ་པ་སྟེ། འབྲས་བུ་གཉིས་པོ་རེ་རེ་ལའང་ཞུགས་གནས་གཉིས་གཉིས་སུ་ཕྱེ་བས་བརྒྱད་དེ་དབྱེ་གཞི་ལ་ལྟོས་ནས་སྐྱེས་བུ་ཟུང་བཞི་དང་། དབྱེ་ཆོས་ལ་ལྟོས་ནས་གང་ཟག་ཡ་བརྒྱད་ཅེས་བྱའོ། །དེ་ལྟར་ཡང་སྒྱུ་འཕྲུལ་རྒྱས་པ་ལས། བདེན་བཞིའི་དོན་རྟོགས་རབ་ཏུ་སྤོང་བ་ཡི། །ཡེ་ཤེས་བཅུ་དྲུག་ཆས་སྦྱངས་རབ་ཞི་བ། །རྒྱུན་ཞུགས་ལ་སོགས་རིམ་པས་སྦྱངས་ནས་ནི། །ཉོན་མོངས་དགྲ་རྣམས་ཞི་བའི་ས་རུ་འགྲོ། །ཞེས་སོ། །གཉིས་པ་རང་རྒྱལ་གྱི་ཐེག་པ་ལ། ངོ་བོ་ནི། སློབ་དཔོན་མ་བསྟེན་པར་སྲིད་པ་ཐ་མའི་ཚེ་བྱང་ཆུབ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་ཀྱི་སྒོ་ནས་རྟེན་འབྲེལ་གྱི་ལམ་བསྒོམ་པའོ། །ངེས་ཚིག་ནི་པྲ་ཏྱེ་ཀ་བུདྡྷའི་སྒྲ་ལས་རང་གི་བྱང་ཆུབ་རང་གིས་རྟོགས་པར་བྱེད་པའི་ཕྱིར་རམ། སོ་སོའམ་རང་གཅིག་པུ་བྱང་ཆུབ་སྒྲུབ་པས་ན་རང་རྒྱལ་ལོ། །དབྱེ་བ་ལས། འཇུག་སྒོ་ནི། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཇུག་སྟེ། དེ་ཡང་ཕྱི་ཡི་རྟེན་འབྲེལ་ནི། ས་བོན་ནས་འབྲས་བུའི་བར་རྒྱུ་དང་འབྲེལ་བ་དྲུག་དང་། འབྱུང་ལྔ་དུས་ཀྱི་འགྱུར་བ་བཅས་རྐྱེན་དང་འབྲེལ་བ་དྲུག་གོ །ནང་གི་རྟེན་འབྲེལ་ནི། །མ་རིག་པ་ནས་རྒ་ཤིའི་བར་བཅུ་གཉིས་ཏེ། དེ་ཡང་མ་རིག སྲེད་པ། ལེན་པ་གསུམ་ནི་ཉོན་མོངས་པ་དང་། འདུ་བྱེད་དང་། སྲིད་པ་གཉིས་ནི་ལས་དང་། རྣམ་ཤེས་སོགས་ལྷག་མ་བདུན་ནི་སྡུག་བསྔལ་ལོ། །དེ་ལྟར། ལས་ཉོན་ལྔ་པོ་རྒྱུ་དང་། ཕྱི་མ་བདུན་འབྲས་བུ་སྟེ་འཁོར་བ་མངོན་པར་འགྲུབ་པའི་རྒྱུ་འབྲས་ཀྱི་དབྱེ་བ་སྟེ། དེ་དག་ཇི་ལྟར་འཁོར་ན། ཕྱིའི་རྟེན་འབྲེལ་མང་ཉུང་གི་ཚུལ་དང་། ནང་གི་རྟེན་འབྲེལ་ལུས་མེད་རྣམས་ལ་བག་ཆགས་དང་། ལུས་ཅན་རྣམས་ལ་དངོས་སུ་འཁོར་རོ། དེའི་སྒོ་ནས་ཇི་ལྟར་འཇུག་ན། རང་རྒྱལ་གྱི་རིགས་ཅན་དབང་རྣོན་བ སེ་རུ་ལྟ་བུ་ཐེག་དམན་རང་ལམ་གྱི་ཚོགས་བསྐལ་པ་བརྒྱར་བསགས་པ་དང་། དབང་འབྲིང་ཚོགས་སྤྱོད་ཆེ་བ་བཟོད་འབྲིང་མན་ཆོད་ཀྱི་ཚོགས་མི་ཚེ་བརྒྱར་བསགས་པ་དང་། དབང་བརྟུལ་ཚོགས་སྤྱོད་ཆུང་བ་མཐོང་ལམ་སྐད་ཅིག་བཅོ་ལྔ་མན་ཆད་ཀྱིས་བསྡུས་པའི་ཚོགས་མི་ཚེ་བཅུ་གསུམ་དུ་བསགས་པ་དང་གསུམ་ཡོད་ཀྱང་། གསུམ་གས་རྟེན་དེ་ལ་བྱང་ཆུབ་ཐོབ་པའི་སྐལ་བ་མེད་པར་ཤེས་ནས། མཁས་བྱའི་གནས་དྲུག་ལ་བརྩོན་པས་དབང་པོ་ཡོངས་སུ་སྨིན་པར་བྱས་ཏེ་འཆི་ཁར་སྨོན་ལམ་བཏབ་པའི་དབང་གིས། སངས་རྒྱས་དང་ཉན་ཐོས་ཀྱིས་མ་བཟུང་བའི་འཇིག་རྟེན་དུ་སྐྱེས་ནས། རྟེན་དེར་མཁན་སློབ་མེད་པར་རང་བྱུང་གི་དགེ་སློང་དུ་གྱུར་ཏེ། དུར་ཁྲོད་དུ་བོར་བའི་རུས་པ་སོགས་མཐོང་བའི་རྐྱེན་གྱིས་འཁོར་བ་ལས་ཡིད་འབྱུང་ཞིང་རྟེན་འབྲེལ་ལུགས་འབྱུང་ལྡོག་གི་དོན་རྟོགས་པའི་སྒོ་ནས་འཇུག ལྟ་བ་ནི་ཉན་ཐོས་ཀྱིས་རྟོགས་པའི་གང་ཟག་གི་བདག་མེད་ཀྱི་སྟེང་དུ་ཆོས་ཀྱི་བདག་ཕྱེད་གཟུང་བ་རང་བཞིན་མེད་པར་རྟོགས་པས། བདག་མེད་ཕྱེད་གཉིས་རྟོགས་པའོ། །ཚུལ་ཁྲིམས་ནི། ཉན་ཐོས་དང་མཚུངས་ཏེ་ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་སོ། །སྒོམ་པ་ནི་ཉན་ཐོས་ཀྱི་བདེན་བཞི་རྣམ་པ་བཅུ་དྲུག་གི་སྟེང་དུ་རྟེན་འབྲེལ་ལུགས་འབྱུང་བཀག་པའི་ལུགས་ལྡོག་སྟོང་པ་བཅུ་གཉིས་ཁྲིགས་ཆགས་སུ་སྒོམ་པར་བྱེད་དོ། །སྤྱོད་པ་ནི། རང་དོན་གཙོ་བོར་སྤྱོད་ཅིང་། གཞན་ལ་ཆོས་སྟོན་པ་ན་ངག་གིས་མི་གསུང་བར་ལུས་ཀྱི་རྫུ་འཕྲུལ་གྱི་བརྡས་གོ་བར་བྱེད་དོ། །འབྲས་བུ་ནི་བསེ་རུ་ལྟ་བུ་གཅིག་པུར་བཞུགས་པ་དང་། ནེ་ཙོ་ལྟ་བུ་ཁྱུས་འཚོ་བ་ཚོགས་ན་སྤྱོད་པ་ཆེ་ཆུང་གཉིས་ཏེ། དེ་གསུམ་པོས་རིམ་པར། ལམ་ལྔ་དང་། བཞི་དང་། གསུམ་སྟན་ཐོག་གཅིག་ཏུ་རྫོགས་ནས་ཡིད་བཞིན་བདེ་བ་མཆོག་གིས། ཟད་དང་མི་སྐྱེ་ཤེས་པའི་དགྲ་བཅོམ་མངོན་དུ་མཛད་དེ། སྔ་མ་ལས། ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་ཡོར་ཚུལ་ཤེས་ཤིང་། །དངོས་པོའི་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག །དགེ་བཤེས་མི་སློབ་རང་གི་རིགས་པས་རྟོགས། །བྱང་ཆུབ་སར་བགྲོད་ཡིད་བཞིན་བདེ་བ་མཆོག །ཅེས་སོ། །གསུམ་པ་བྱང་ཆུབ་སེམས་དཔའི་ཐེག་པ་ནི། ཤེས་རབ་ཆེ་བས་བདག་མེད་གཉིས་ཀ་རྣལ་མར་རྟོགས་ནུས་པ་དང་། སྙིང་རྗེ་ཆེ་བས་གཞན་དོན་འབའ་ཞིག་ལ་སྤྱོད་ནུས་པས་དམན་པ་ཉན་རང་གི་ལམ་ལས་ཁྱད་པར་འཕགས་པ་ཡིན་ཏེ། རྒྱུད་ལས། ཐུགས་རྗེས་སེམས་ཅན་ལ་དམིགས་ཤིང་། །ཤེས་རབ་ཆོས་ཀྱི་དབྱིངས་སུ་ཁྱབ། །ཐེག་པ་ཆེན་པོ་ཞེས་བཤད་དེ། །གཞན་དག་དེ་ལ་བཟློག་པའོ། །ཞེས་དང་། ཤེར་ཕྱིན་སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བ་ཉན་ཐོས་ཉིད་དུ་ལྷུང་། །ཞེས་སོ། །དེ་ལ་ངོ་བོ་ནི། ཆོས་ཐམས་ཅད་བདག་མེད་པར་རྟོགས་ཤིང་། སྙིང་རྗེ་ཆེན་པོས་གཞན་དོན་རླབས་པོ་ཆེ་ལ་སྤྱོད་པའི་ཐབས་སུ་གྱུར་པའོ། །ངེས་ཚིག་ནི། བོ་དྷི་ས་ཏྭའི་སྒྲ་ལས། སེམས་སྟོབས་ཆེན་པོས་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་གཅིག་ཏུ་དཔའ་མི་ཞུམ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དབྱེ་བ་ལས། འཇུག་པའི་སྒོ་ནི། བདེན་པ་གཉིས་ཀྱི་སྒོ་ནས་འཇུག་སྟེ། དེ་ཡང་དབུ་མའི་གཞུང་ལྟར་ན་མ་བརྟགས་མ་དཔྱད་པའི་སྣང་བ་འདི་སྣང་ཡང་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་བློས་སྣང་ཙམ་འདི་ཁྱད་དུ་མི་གསོད་པར་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཟིན་པར་བྱས་ཏེ་དགེ་མི་དགེའི་འཇུག་ལྡོག་གི་ཚུལ་གྱིས་ཀུན་རྫོབ་ཀྱི་བདེན་པ་ལ་འཇུག དོན་དམ་པར་གཤིས་ལུགས་སྤྲོས་བྲལ་དུ་ཤེས་པར་བྱས་ཏེ་གང་ལའང་དམིགས་པ་མེད་པའི་ཚུལ་གྱིས་ཟུང་འཇུག་མཉམ་པ་ཆེན་པོའི་དོན་ལ་འཇུག་པར་བྱེད་དོ། །ལྟ་བ་ནི། བདག་མེད་པ་གཉིས་ཀ་ཕྱིན་ཅི་མ་ལོག་པར་རྟོགས་པ་སྟེ། དེ་ལ་དབྱེ་ན། སེམས་ཙམ་དང་། དབུ་མ་གཉིས་ཀྱི། སེམས་ཙམ་ལས། ཀུན་གཞི་ལ་ཐོག་མེད་ནས་བག་ཆགས་སྣ་ཚོགས་བཞག་པ་ཉིད་ཕྱི་རོལ་དུ་དོན་གྱི་རྣམ་པར་སྣང་ཡང་། དེ་ཉིད་དུ་བདེན་པར་གྲུབ་པ་མེད་པས་རྡུལ་དང་སྐད་ཅིག་མའི་ཆོས་ཅན་གྱི་ཡུལ་ཡུལ་ཅན་ནམ་གཟུང་འཛིན་གྱི་བདེན་པ་བཀག་ནས། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་རང་རིག་རང་གཟུལ་དུ་གནས་པ་དོན་དམ་པར་གྲུབ་པར་འདོད་དེ། འདི་ལའང་རྣམ་བདེན་པས་ཕྱི་དོན་དུ་སྣང་བ་འདི་ནང་སེམས་ཀྱི་བག་ཆགས་འཁྲུལ་པའི་གཟུགས་བརྙན་ཡུལ་དང་དོན་དུ་སྣང་བ་ལས་གྲུབ་པར་འདོད་ཅིང་། གཉིས་མེད་ཀྱི་ཤེས་པ་དོན་དམ་དུ་བདེན་པར་ཁས་ལེན། རྣམ་རྫུན་པས། ཕྱི་དོན་གྱི་རྣམ་པ་འདི་སྣང་སེམས་ལ་སྣང་ཡང་། རྣམ་པ་སེམས་དང་སེམས་ལས་གཞན་དུ་གྲུབ་པ་མེད་པས་རྫུན་པ་རྨི་ལམ་དང་འདྲ་ལ། ཡེ་ཤེས་དེ་ཡང་བརྫུན་པའི་རང་བཞིན་ཙམ་དུ་གྲུབ་པར་ཁས་ལེན་ནོ། །དབུ་མ་པ་ལ། རང་རྒྱུད་པས། ཕྱི་ནང་འཁོར་འདས་ཀྱི་བསྡུས་པའི་ཆོས་སྣ་ཚོགས་སུ་སྣང་བ་འདི་དག་ཀུན་རྫོབ་ཏུ་རང་རང་གི་རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་ཇི་ལྟར་སྣང་བ་བཞིན་དུ་བདེན་ལ། དེའི་ངོར་དོན་བྱེད་ཅིང་། དོན་དམ་པར་གང་གིའང་དངོས་པོར་གྲུབ་པ་མེད་པ་ནམ་མཁའ་ལྟ་བུར་འདོད། ཐལ་འགྱུར་པས། བདེན་པ་གཉིས་ཆར་དུ་ཡང་། ཆོས་ཐམས་ཅད་རང་བཞིན་མེད་པས་ཡོད་མེད་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་འདོད་དེ། འཇུག་པ་ལས། བདེན་པ་གཉིས་ཆར་དུ་ཡང་རང་བཞིན་མེད་པའི་ཕྱིར། འདི་དག་རྟག་པ་མ་ཡིན་ཆད་མ་ཡིན། ཞེས་གསུངས། ཐ་སྙད་ཙམ་དུ་དབྱེ་ན་སྣང་བའི་ཆ་ཀུན་རྫོབ་དང་། རང་བཞིན་མེད་པའི་ཆ་དོན་དམ་སྟེ་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་དུ་བཞག་ཀྱང་། དོན་དམ་པར་དེ་གཉིས་ཀའང་ངོ་བོ་མེད་པའི་ཕྱིར་གཅིག་ཐ་དད་སོགས་གང་དུའང་གྲུབ་པ་མེད་པས་རང་བཞིན་དབྱེར་མེད་ཟུང་འཇུག་མཉམ་པར་ཆེན་པོའི་ཀློང་དུ་གྲུབ་མཐའི་བློས་བཏགས་པའི་ཁས་ལེན་གྱི་སྤྲོས་པ་མཐའ་དག་ཞི་བ་སྟེ། འདི་ནི་མཚན་ཉིད་རྒྱུའི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་རྩེ་མོར་གྱུར་པའོ། །ཚུལ་ཁྲིམས་ནི། སྡོམ་སྡུད་དོན་བྱེད་གསུམ་སྟེ། ཉེས་སྤྱོད་སྡོམ་པ་ལའང་། དབུ་མའི་ལུགས་ལ་སེམས་བསྐྱེད་ཀྱི་རྟེན་དུ་སོ་ཐར་དགོས་པ་མ་ངེས་ཀྱང་། བྱང་སར་སྡོམ་པའི་ཚུལ་ཁྲིམས་སོ་ཐར་རིགས་བདུན་ལ་བཤད་པ་ལྟར་ན། དེ་དག་གི་བསླབ་བྱ་ལ་གནས་པ་གཞིར་བཞག་ཐོག རྙེད་བཀུར་གྱི་ཕྱིར་དུ་བདག་བསྟོད་གཞན་སྨོད། སེར་སྣའི་དབང་གིས་ཆོས་ནོར་མི་སྟེར་བ། ཁྲོ་བས་བཤགས་ཀྱང་སླར་འཚོག་པ། ཐེག་ཆེན་སྤོང་ཞིང་དམ་ཆོས་འདྲ་སྣང་སྟོན་པ་སྟེ་སེམས་ཙམ་ལུགས་ཀྱི་རྩ་ལྟུང་བཞི་དང་། དབུ་མ་ལུགས་ལ། དཀོན་མཆོག་གི་དཀོར་འཕྲོག་པ། དམ་པའི་ཆོས་སྤོང་བ། རབ་བྱུང་ལ་ཆད་ལ་གཅོད་པ། མཚམས་མེད་གང་རུང་བྱེད་པ། ལོག་པར་ལྟ་བ་འཛིན་པ་སྟེ་བྱང་སེམས་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་དང་། སྔ་མ་བཞིའི་སྟེང་དུ་གྲོང་ལྗོངས་གྲོང་ཁྱེར་སོགས་འཇོམས་པ་བསྣན་པ་སྟེ་བློན་པོ་ལ་ཉེ་བ་ལྔ། བློ་མ་སྦྱངས་པར་སྟོང་ཉིད་སྟོན་པ། ཐེག་ཆེན་གྱི་རིགས་ཅན་ཐེག་དམན་ལ་འགོད་པ། སོ་ཐར་སྤོང་དུ་བཅུག་པ། ཐེག་དམན་གྱི་ལམ་ལ་འབྲས་བུ་མེད་པར་འཛིན་པ། ཕྲག་དོག་གིས་བདག་བསྟོད་གཞན་སྨོན། རྙེད་བཀུར་གྱི་ཆེད་དུ་བདག་ཉིད་ལ་བསྟོད་པ། དགེ་སློང་གི་རྫས་དབང་པོ་ཆེ་གཞན་ལ་སྦྱིན་པ། སྤོང་བའི་ལོངས་སྤྱོད་ཁ་བཏོན་པར་བྱིན་ནས་ཞི་གནས་འདོར་དུ་བཅུག་པ་སྟེ་ཕལ་བ་ལ་ཉེ་བ་བརྒྱད་དང་། དེའི་སྟེང་དུ་སྨོན་འཇུག་གི་སེམས་གཉིས་འདོར་བ་སྟེ་དབུ་མ་ལུགས་ཀྱི་རྩ་ལྟུང་ཉི་ཤུ་དང་། གཉིས་ཀའི་ཆར་གཏོགས་ཕྱོགས་མཐུན་གྱི་ཉེས་བྱས་ཀྱི་རིགས་རྣམས་སྤོང་བའི་སེམས་པ་ས་བོན་དང་བཅས་པའོ། །དགེ་བ་ཆོས་སྡུད་ནི། དེའི་སྟེང་དུ་ཕར་ཕྱིན་དྲུག་སོགས་བསོད་ནམས་དང་ཡེ་ཤེས་ཀྱིས་བསྡུས་པའི་ཚོགས་གཉིས་རླབས་པོ་ཆེ་ལ་སྤྱོད་པའོ། །སེམས་ཅན་དོན་བྱེད་ནི་བསྡུ་དངོས་བཞི་སོགས་བསམ་སྦྱོར་ཐམས་ཅད་སེམས་ཅན་གྱི་དོན་དུ་སྤྱོད་པ་སྟེ། དེ་གསུམ་ཀའང་བསྲུང་ཚུལ་དྲན་ཤེས་བག་ཡོད་དང་ལྡན་པས་དཀར་ནག་ཆོས་བཞིར་བླང་དོར་བྱེད་པ་སོགས་རང་རང་གི་མི་མཐུན་པའི་ཕྱོགས་ཀྱི་ཉེས་ལྟུང་གི་དྲི་མས་མ་གོས་པའི་ཐབས་ལ་བརྩོན་པར་བྱའོ། །བསྒོམ་པ་ནི། སྤྱིར་སློབ་ལམ་བཞིན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པ་སྟེ། དེ་ཡང་ཚོགས་ལམ་ཆུང་ངུར་དྲན་པ་ཉེ་བར་བཞག་པ་བ ཞི་དང་། འབྲིང་དུ་ཡང་དག་པར་སྤོང་བ་བཞི། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི། སྦྱོར་ལམ་དྲོད་རྩེ་གཉིས་སུ་དབང་པོ་ལྔ། བཟོད་མཆོག་གཉིས་སུ་སྟོབས་ལྔ། མཐོང་ལམ་དུ་བྱང་ཆུབ་ཡན་ལག་བདུན། སྒོམ་ལམ་དུ་འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམ་པ་རྣམས་སོ། །བྱེ་བྲག་ཏུ། ཐོག་མ་ནས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ། འཁོར་ལོ་ཐ་མ་ཉིད་ངེས་པ་དོན་གྱི་མདོ་སྡེའི་དབང་དུ་བྱས་ཏེ། དེ་བཞིན་གཤེགས་པའི་སྙིང་པོའི་ཚུལ་རྒྱ་ཆེར་གསུངས་པ་རྣམས་ཁོང་དུ་ཆུད་པར་བྱས་ལ། རིགས་ཅན་དེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སྣང་ཡུལ་མ་འགགས་ལ་འཛིན་རྟོག་ཞི་བའི་ཏིང་ངེ་འཛིན་སྐྱེ་བའི་ཞི་གནས་དང་། ལྷག་མཐོང་ནི། ཕྱིའི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མའི་དཔེ་བརྒྱད་དུ་བལྟ་བ་དང་། ནང་འཛིན་པའི་སེམས་གཟུང་འཛིན་ཕྲ་རགས་ཐམས་ཅད་དོན་དམ་སྟོང་པ་ཉིད་དུ་ལེགས་པར་གཏན་ལ་ཕབ་ནས། མཐའ་བྲལ་དབུ་མ་ཆེན་པོའི་དོན་བསལ་བཞག་མེད་པའི་ཆོས་ཉིད་མཉམ་པ་ཆེན་པོར་དེར་འཛིན་གྱི་དམིགས་གཏད་དང་བྲལ་བར་མཉམ་པར་འཇོག་པ་སྟེ་ཞི་ལྷག་ཟུང་འབྲེལ་གྱི་སྒོ་ནས་བསྒོམ་པར་བྱའོ། །སྤྱོད་པ་ནི། རྗེས་ཐོབ་ཀྱི་སྐབས་སུ་བདག་ལས་གཞན་གཅེས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་སྟེ། སྤྱོད་པའི་རང་བཞིན་ནི་ཕ་རོལ་དུ་ཕྱིན་པ་དྲུག་གམ་བཅུ་སྟེ། དེ་ལ་རྣམ་པའི་དབྱེ་བའང་ཐེག་དགུ་ལས། ཟང་ཟིང་མི་འཇིགས་ཆོས་བྱམས་སྦྱིན། །ཆོས་སྡུད་དོན་བྱེད་ཉེས་སྤྱོོད་ཁྲིམས། །དང་ལེན་ངེས་སེམས་གནོད་པ་བཟོད། །གོ་ཆ་སྦྱོར་ཆོག་བརྩོན་འགྲུས་བརྩམས། །བྱིས་པ་ཉེར་སྤྱོད་ཞི་ལྷག་བསྒོམ། །ཐོས་བསམ་སྒོམ་པའི་ཤེས་རབ་སྤྱོད། །དེ་ཆར་ཐབས་སྟོབས་སྨོན་ལམ་དང་། །ཡེ་ཤེས་བཞི་བཞིར་ཕྱིན་བཅུར་འདོད། །ཅེས་སོ། །འབྲས་བུ་ནི། དེ་ཉིད་ལས། འབྲས་བུ་ཚོགས་སྦྱོར་མཐོང་སྒོམ་པ། །མི་སློབ་ལམ་ལྔ་སའི་རིམ་པ། །རབ་དགའ་དྲི་མེད་འོད་བྱེད་དང་། །འོད་འཕྲོ་སྦྱང་དཀའ་མངོན་དུ་གྱུར། །རིང་སོང་མི་གཡོ་ལེགས་བློ་གྲོས། །ཆོས་སྤྲིན་ཀུན་འོད་ས་བཅུ་གཅིག །ཅེས་པའི་ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་ནས། མི་སློབ་པའི་ལམ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་རང་དོན་དུ་ཆོས་ཀྱི་སྐུར་གྲོལ་ཏེ། གཞན་དོན་དུ་གཟུགས་སྐུ་གཉིས་ལ་བརྟེན་ནས་སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པ་ཡིན་ཏེ། རྒྱས་པ་ལས། བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པའི། །ས་བཅུ་རིམ་གྱིས་འགྲོད་པའི་རྣལ་འབྱོར་པས། །སངས་རྒྱས་སར་འགྲོད་གོ་འཕང་འཐོབ་པའི་ལམ། །བདེན་པ་གཉིས་ཀྱིས་རབ་ཏུ་འཐོབ་པར་འགྱུར། །ཞེས་སོ། །དེས་ཀུན་འབྱུང་འདྲེན་པའི་ཐེག་པ་སྡེ་སྣོད་གསུམ་གྱི་རྣམ་གཞག་མདོ་ཙམ་ཞུས་གྲུབ་ནས། །གཉིས་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ནི། རྒྱུ་ལམ་དུ་བྱེད་པ་ཕར་ཕྱིན་གྱི་ཐེག་པ་དེ་ཉིད་ལས། འབྲས་བུ་ལམ་དུ་བྱེད་པའི་ཆ་ནས་ཁྱད་པར་དུ་འཕགས་ཏེ། གལ་པོ་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་རྒྱུ་རུ་ཤེས། །འབྲས་བུ་སྔགས་ཀྱི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་ཉིད་དུ་བསྒོམ། །རྒྱུ་དང་འབྲས་བུ་གང་ཡིན་པའི། །ཕྱོགས་ཀྱང་རབ་ཏུ་ཤེས་པར་བྱ། །ཞེས་གསུངས། གཞན་ཡང་ཀུན་རྫོབ་ལམ་དུ་བྱེད་ནུས་མི་ནུས་དང་། ཐབས་ལ་མ་རྨོངས་པ་དང་། ཐབས་མང་བ་དང་། ཐབས་སླ་བ་དང་། དབང་པོ་རྣོན་པོའི་ངོ་སྐལ་དུ་གསུངས་པ་སོགས་ཁྱད་པར་དུ་མས་འཕགས་པ་ཡིན་ནོ། །དེ་ལ་དབྱེ་ན་གཉིས་ཏེ། རང་ཤར་ལས། རྡོ་རྗེ་ཐེག་པ་རྣམ་པ་གཉིས། །ཕྱི་པ་ཐུབ་པ་རྒྱུད་དང་ནི། །ནང་པ་ཐབས་ཀྱི་རྒྱུད་དུ་གསུངས། །ཞེས་གསུངས་པས། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། །འདི་གཉིས་ཀྱི་ཁྱད་པར་ལ་དབྱེ་སྒོ་མང་ཡང་། རྗེ་སྒྲོལ་གཡུང་གཉིས་ནི། ལྟ་སྤྱོད་ཏིང་འཛིན་གསུམ་དབྱེར་མེད་དུ་འདོད་པ་སྔགས་ནང་པ། མི་འདོད་པ་ཕྱི་པ། འདི་དང་མཚན་ཉིད་གཉིས་ཀུན་རྫོབ་ལམ་དུ་བྱེད་ནུས་མི་ནུས་ཀྱིས་འབྱེད་པར་བཞེད་དོ། །དང་པོ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དེ་ལའང་གསུམ་སྟེ། བྱ་བའི་རྒྱུད་དང་། གཉིས་ཀའི་རྒྱུད་དང་། རྣལ་འབྱོར་རྒྱུད་ཀྱི་ཐེག་པའོ། །དང་པོ་བྱ་བའི་རྒྱུད་ཀྱི་ཐེག་པའི་ངོ་བོ་ནི། དོན་དམ་པར་མཐའ་བཞི་དང་བྲལ་བའི་དག་པར་རྟོགས་པས། ཀུན་རྫོབ་ཏུ་དངོས་གྲུབ་གཞན་ལ་རེ་ཞིང་རྩོལ་བའི་ཐབས་སུ་གྱུར་པའོ། །ངེས་ཚིག་ནི། ཀྲཱི་ཡའི་སྒྲ་ལས་བྱ་བ་སྟེ། ཕྱིའི་བྱ་བ་གཙོ་བོར་སྟོན་པའི་ཕྱིར་རོ། །དབྱེ་བ་ལས། འཇུག་སྒོ་ལ་གཉིས་ཀྱི་སྨིན་བྱེད་ཀྱི་འཇུག་སྒོ་ཆུ་དང་ཅོད་པཎ་གྱི་དབང་འཁོར་དང་བཅས་པ་བསྐུར་བས་སློབ་མ་སྣོད་རུང་དུ་བྱས་རྗེས། བྱ་བའི་འཇུག་སྒོ་ཁྲུས་གསུམ་བྱེད་པ། གོས་གསུམ་བརྗེ་བ། དཀར་གསུམ་བསྟེན་པ་སོགས་ཁྲུས་དང་གཙང་སྦྲ་ལ་གནས་པས། ལྷ་དང་དཀྱིལ་འཁོར་དག་པ། རྫས་དང་ཡོ་བྱད་དག་པ། སྔགས་དང་ཏིང་འཛིན་དག་པ་སྟེ་དག་པ་གསུམ་གྱི་སྒོ་ནས་འཇུག ལྟ་བ་ནི་བདེན་པ་གཉིས་ཏེ། དོན་དམ་བདེན་པ། སེམས་ཉིད་དག་པ་སྟོང་གསལ་གྱི་ཡེ་ཤེས་ཡོད་མེད་སྣང་སྟོང་གི་མཐའ་བཞི་དང་བྲལ་བ་དང་། ཀུན་རྫོབ་དབུ་མ་མན་ཆོད་ཀྱིས་མཐོང་བ་རྣམས་ལོག་པའི་ཀུན་རྫོབ་དང་། ཡང་དག་པའི་ཀུན་རྫོབ་ཆོས་ཉིད་རྟོགས་པའི་ཡོན་ཏན་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་སྣང་བར་འདོད་དོ། །ཚུལ་ཁྲིམས་ནི། ཁྲི་ལ་ཉལ་བར་མི་བྱ་ཞིང་། ༡ ། ཤ་མི་བཟའ་ཞིང་༢ཆང་མི་འཐུང་། ༣ ། སྒོག་པ་༤ ལ་ཕུག་༥ བཟའ་མི་བྱ། །ཞེས་རྩ་བའི་དམ་ཚིག་ལྔ་དང་། དཀོན་མཆོག་གསུམ་དང་༡བྱང་ཆུབ་སེམས། ༢ ། སྔགས་དང་ཕྱག་རྒྱ་མི་སྤང་ཞིང་། ༣ ། རྡོ་རྗེ་དྲིལ་བུ་སྤང་མི་བྱ། ༤ ། ལྷ་དང་༥བླ་མ་༦དེ་བཞིན་ནོ། །ཞེས་ཡན་ལག་གི་དམ་ཚིག་དྲུག་བཅས་བཅུ་གཅིག་དང་། གཞན་ཡང་གསང་བ་སྤྱི་རྒྱུད་ལས་གསུངས་པའི་སྤྱི་ཡི་དམ་ཚིག་གསུམ་དང་བྱེ་བྲག་གི་དམ་ཚིག་བཅུ་གསུམ་སོགས་སོ། །སྒོམ་པ་ལ། མཚན་བཅས་མཚན་མེད་གཉིས་ཀྱི། མཚན་བཅས་ནི། སྤྱིིར་བྱ་རྒྱུད་ལ་ཙམ་ཁྱད་གཉིས་ཀྱི། ཙམ་པོ་པ་ལ་བདག་བསྐྱེད་དངོས་སུ་བསྟན་པ་མེད་ཀྱང་། ཁྱད་པར་པའི་དབང་དུ་བྱས་ཏེ། སྟོང་པ་ཉིད་དང་། ཡི་གེ་དང་། སྒྲ་དང་། གཟུགས་དང་། ཕྱག་རྒྱ་དང་། མཚན་མའི་ལྷ་སྟེ་ཀྲི་ཡ་དོན་གྱི་ལྷ་དྲུག་གི་སྒོ་ནས་དམ་ཚིག་པ་བསྐྱེད་པའི་མདུན་དུ། ཡེ་ཤེས་པ་སྤྱན་དྲངས་ཏེ་མཆོད་བསྟོད་དང་བཟླས་པ་སོགས་བྱས་ལ། དམ་ཡེ་རྗེ་ཁོལ་གྱི་ཚུལ་དུ་བལྟས་ནས་དངོས་གྲུབ་བླང་བའོ། །མཚན་མེད་ནི། མཚན་བཅས་ཀྱི་སྣང་བ་དེ་ཡང་མི་དམིགས་པ་དག་པ་མཐའ་བཞི་དང་བྲལ་བའི་ངང་དུ་འཇོག་པས་བདེན་གཉིས་རེས་འཇོག་ཏུ་བསྒོམ་པའོ། །སྤྱོད་པ་ནི། བྱ་བ་དྲུག་སྟེ། འཇུག་པའི་དུས་དང་། ཟས་དང་། གོས་དང་གཙང་སྦྲ་དང་། དམིགས་རྟེན་དང་། བཟླས་བརྗོད་སྔགས་ཀྱི་བྱ་བ་རྣམས་སོ། །འབྲས་བུ་ནི། མི་ཚེ་བདུན་ན་རིགས་གསུམ་རྡོ་རྗེ་འཛིན་པའི་ས་སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ཐོབ་པར་འདོད་པ་སྟེ། ལམ་རིམ་ལས། གཉིས་མེད་མཉམ་པར་མ་ཤེས་པས། །དོན་དམ་དག་པ་ཆོས་ཉིད་ཙམ། །ཡེ་ཤེས་བཞི་ཡོན་ཀུན་རྫོབ་ལྷ། །རེས་སྒོམ་བྱེད་པ་ལས་ཀྱི་ས། །ཞེས་སོ། །གཉིས་པ་ཨུ་པ་ཡའི་ཐེག་པའི་ངོ་བོ་ནི། ལྟ་སྒོམ་ཡོ་ག་དང་། སྤྱོད་པ་བྱ་བ་ལྟར་སྤྱོད་པས་དངོས་གྲུབ་སྒྲུབ་པའི་ཐབས་སུ་གྱུར་པའོ། །ངེས་ཚིག་ནི། ཨུ་པ་ཡའི་སྒྲ་ལས། ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་གཉིས་ཆ་མཉམ་དུ་སྤྱོད་པའི་ཕྱིར་གཉིས་ཀའི་རྒྱུད་ཀྱི་ཐེག་པ་ཞེས་བྱའོ། །དབྱེ་བ་ལས། དབང་གི་འཇུག་སྒོ་ཆུ་དང་ཅོད་པཎ་གཉིས་ཀྱི་སྟེང་དུ་རྡོ་རྗེ་དྲིལ་བུའི་མིང་སྟེ་གསུམ་བསྣན་པ་ཐུན་མོང་རིག་པའི་དབང་ལྔའོ། །བྱ་བའི་འཇུག་སྒོ་དང་། ཚུལ་ཁྲིམས། སྤྱོད་པ་རྣམས་ནི་བྱ་རྒྱུད་དང་མཐུན་ཞིང་། རྒྱལ་བ་རིགས་བཞིར་བལྟ་ཞིང་བསྒོམ་པ་སོགས་ཁྱད་པར་ཅུང་ཟད་ལས་ལྟ་སྒོམ་ཡོ་ག་དང་ཤས་ཆེར་མཐུན་ནོ། །འབྲས་བུ་ནི། མི་ཚེ་ལྔ་ན་རིགས་བཞི་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་པ་སྟེ། རིགས་བཞི་ནི་ལས་ཀྱི་རིགས་རིན་པོ་ཆེའི་རིགས་ལ་བསྡུས་པའོ། །དེ་ལྟར་ཡང་། རང་ཤར་ལས། ཨུ་པ་ཡ་ནི་འདི་ལྟ་སྟེ། ལྟ་བ་ཡོ་གར་བལྟ་བ་ལ། སྤྱོད་པ་ཀྲི་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །ཞེས་དང་། གཡུ་ཐང་ལས། གཉིས་ཀ་རྒྱུད་ཀྱི་འདོད་པ་ནི། །སྤྱོད་པ་བྱ་བའི་རྗེས་མཐུན་ཡང་། །ལྟ་བ་རྣལ་འབྱོར་རྗེས་མཐུན་ཕྱིར། །རིགས་དང་ལྟ་བས་ཁྱད་པར་འཕགས། །ཞེས་སོ། །གསུམ་པ་ཡོ་གའི་ཐེག་པའི་ངོ་བོ་ནི། དོན་དམ་མཚན་མ་མེད་པའི་ཆོས་ཉིད་ཀྱི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་བརྟགས་ཏེ་རྟོག་པ་བཟང་ངན་བླང་དོར་གྱི་རྩོལ་བས་འབྲས་བུ་སྒྲུབ་པར་འདོད་པའོ། །ངེས་ཚིག་ནི། ཡོ་གའི་སྒྲ་ལས་ནང་གི་རྣལ་འབྱོར་གཙོ་བོར་བྱེད་པའམ་སྟོན་པས་རྣལ་འབྱོར་གྱི་རྒྱུད་ཅེས་བྱ། དབྱེ་བ་ལས། འཇུག་སྒོའི་དབང་ནི། རིག་པའི་དབང་ལྔའི་སྟེང་དུ་རྡོ་རྗེ་སློབ་དཔོན་གྱི་དབང་དང་དྲུག་བསྐུར། བྱ་བའི་འཇུག་སྒོ་མཚན་བཅས་དང་མཚན་མེད་ཀྱིི་ཏིང་ངེ་འཛིན་ཀྱི་སྒོ་ནས་འཇུག ལྟ་བ་ནི། བདེན་པ་གཉིས་ཏེ། དོན་དམ་མཚན་མ་མེད་པའི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བར་རྟོགས་པས། དེའི་བྱིན་རླབས་ཡང་དག་པའི་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སྣང་བའི་ཕྱིར། སྐྱེ་བོས་སྣང་བ་རང་རྒྱུད་དུ་བརྟགས་པ་འདི་མེད་པར་འདོད་དེ། རྟ་རིམ་ལས། ཡོ་ག་དོན་དམ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །རྟོགས་པའི་བྱིན་རླབས་ལྷར་སྣང་བ། །དེ་ཕྱིར་སྐྱེ་བོ་ལྟར་སྣང་འཁྲུལ། །ཞེས་སོ། །ཚུལ་ཁྲིམས་ནི། རྩེ་མོར་གསུངས་པའི་རིགས་ལྔ་སྤྱི་དང་བྱེ་བྲག་སོ་སོའི་དམ་ཚིག་རྣམས་དང་། ཡང་འབྱེད་འཕྲུལ་སྡེར་གསུངས་པ་རྣམས་ཏེ་ཞིབ་པར་ཐེག་དགུ་ལས། ཚུལ་ཁྲིམས་རིགས་ལྔ་སྤྱིའི་དམ་ཚིག །བྱང་ཆུབ་སེམས་མཆོག་དང་པོར་བསྐྱེད། །དེ་རྗེས་ཚུལ་ཁྲིམས་གསུམ་ལ་བསླབ། །བྱེ་བྲག་སྣང་མཛད་དམ་ཚིག་གསུམ། །སེམས་བསྐྱེད་ཚུལ་ཁྲིམས་སྐྱབས་འགྲོ་བའོ། །མི་བསྐྱོད་རྡོར་དྲིལ་ཕྱག་རྒྱ་དང་། །སློབ་དཔོན་བཟུང་བཞི་རིན་ཆེན་ལ། །ནོར་ཆོས་མི་འཇིགས་བྱམས་སྦྱིན་བཞི། །པདྨར་ཐེག་པ་ཀུན་འཛིན་གཅིག །ལས་རིགས་ཀུན་མཛིན་མཆོད་བརྩོན་གཉིས། །གཞན་དུ་བྱ་རྒྱུད་དམ་ཚིག་སྟེང་། །ལུང་གཅིག་ཆུ་ལ་མི་བཏུང་ཞིང་། །ཉམས་དང་ཁ་མི་བསྲེ་བ་དང་། །ཡི་དམ་ལྷ་དང་སློབ་དཔོན་མཆེད། །རང་སེམས་མ་ཁྲེལ་སོགས་ཀྱང་བཤད། །ཅེས་སོ། །སྒོམ་པ་ནི། མཚན་བཅས་མཚན་མེད་གཉིས་ཀྱི། མཚན་བཅས། སྟོང་པ་ཉིད་དང་། ཟླ་གདན་དང་། གསུང་ཡིག་འབྲུ་དང་། ཐུགས་ཕྱག་མཚན་དང་། སྐུ་ཡོངས་སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པ་སྟེ་མངོན་བྱང་ལྔ་དང་། ཏིང་ངེ་འཛིན་དང་། དབང་བསྐུར་བ་དང་། བྱིན་གྱིས་རློབ་པ་དང་། མཆོད་པའི་ཚེ་འཕྲུལ་ཏེ་ཆོ་འཕྲུལ་བཞིའི་སྒོ་ནས་ལྷ་དང་ལྷ་མོའི་རྣལ་འབྱོར། སྐུ་ཕྱག་ཆེན། གསུང་ཆོས་རྒྱ། ཐུགས་དམ་རྒྱ། ཕྲིན་ལས་ལས་རྒྱ་སྟེ་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་རང་དམ་ཚིག་པར་བསྐྱེད་པ་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་སྤུན་ནམ་གྲོགས་ཀྱི་ཚུལ་དུ་བཟང་ངན་མེད་པར་བལྟས་ཏེ་མཆོད་བསྟོད་བཟླས་པ་བྱ་བ་ནི་ཡོ་ག་ཙམ་པོ་པའི་ལུགས་ཡིན་ལ། ཡོ་ག་ཁྱད་པར་པའི་དབང་དུ་བྱས་ན་དང་པོའི་སྦྱོར་བ་བདག་ཉིད་ལྷའི་གཙོ་བོར་བསྒོམ་རྗེས། དཀྱིལ་འཁོར་རྒྱལ་མཆོག་མདུན་དུ་ཡེ་ཤེས་ཀྱི་འཁོར་ལོ་རྫོགས་པར་བསྒོམ་སྟེ། ལས་རྒྱལ་མཆོག་དེ་གཉིས་ཀ་ལ། ཡེ་ཤེས་པ་དགུག་བསྟིམ་གཉིས་མེད་དུ་བྱས་ནས་མཆོད་བསྟོད་བཟླས་པ་སོགས་བྱས་རྗེས་སླར་གཤེགས་སུ་གསོལ་བའི་ཁྱད་པར་ཡོད་དོ། །མཚན་མེད་ནི། དོན་དམ་མཚན་མ་མེད་པའི་ངོ་བོ་ཉིད་དང་། དེའི་བྱིན་རླབས་ལྷར་སྣང་ཡེ་ཤེས་ཀྱི་སྣང་ཆ་གཉིས་གཉིས་སུ་མེད་པའི་ངང་ལ་མཉམ་པར་འཇོག་པའོ། །སྤྱོད་པ་ནི། གཙང་སྦྲ་སོགས་ཕྱིའི་ཀུན་སྤྱོད་ཀྱི་གྲོགས་དང་ལྡན་པའི་སྒོ་ནས་གཙོ་བོར་ལྷའི་རྣལ་འབྱོར་ལ་གནས་པས་རང་གཞན་གྱི་དོན་སྤྱོད་པའོ། །འབྲས་བུ་མི་ཚེ་གསུམ་ན་སྟུག་པོ་བཀོད་པའི་ས་ལ་སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་དུ་སངས་རྒྱས་པར་འདོད་དེ། ལམ་རིམ་ལས། ལྷུན་གྲུབ་མཉམ་པ་མ་མཐོང་བས། །ཆོས་ཀུན་རྣམ་དག་ཡེ་ཤེས་ཀྱི། །བྱིན་རླབས་རྡོ་རྗེ་དབྱིངས་སྤྲུལ་པ། །བླང་དོར་བྱེད་པ་རྣལ་འབྱོར་ས འོ། །ཞེས་དང་། ཀུན་བྱེད་ལས། ཡོ་ག་སྟུག་པོ་བཀོད་འདོད་པས། །མི་ཚེ་གསུམ་ན་གྲོལ་བར་འདོད། །ཅེས་སོ། །དེས་ན་སྔགས་ཕྱི་རྒྱུད་རྣམས་སུ་ཀུན་རྫོབ་ལྷར་བལྟ་བའང་། ཆོས་ཉིད་དག་པར་རྟོགས་པའི་དབང་གིས་ཆོས་ཅན་ལྷར་སྣང་བར་འདོད་ཀྱི། སྔགས་ནང་པ་བཞིན་དུ་རྟོགས་རུང་མ་རྟོགས་རུང་འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་མཉམ་པ་ཉིད་དུ་རྟོགས་པ་མ་ཡིན་ལ། དེའི་དབང་གིས་སྤྱོད་པ་བླང་དོར་མེད་པ་མཉམ་པ་ཉིད་ལ་མངོན་དུ་སྤྱོད་ནུས་པ་མ་ཡིན་ཞིང་། འབྲས་བུ་ཐོབ་པའི་དུས་ཀྱི་ཡུན་མི་ཚེ་བདུན་སོགས་གསུངས་པའང་རིག་འཛིན་གྲུབ་པའི་དབང་གིས་ཡུན་རིང་དུ་གནས་པའི་དབང་དུ་མཛད་ཀྱི། གཞན་དུ་བྱ་རྒྱུད་རང་ལམ་གྱིས་བསྐལ་ཆེན་བརྒྱད་ནས་མཐར་འབྲས་ལ་སྦྱོར་བར་གསུངས་པ་སོགས་གནད་ཀྱིས་མི་འགལ་ཞིང་དོན་གཅིག་ཏུ་འབབ་པ་ཡིན་ནོ། །དེ་ལྟར་ཕྱི་རྒྱུད་སྡེ་གསུམ་པོ་དེ་ལའང་དག་པ་མཐར་ཕྱིན་པ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་ལྷ་ཉིད་མཚན་མ་དང་སྔགས་ཀྱི་རྣམ་པར་ཤར་བ་ལམ་དུ་བྱེད་པའི་སྒོ་ནས་སངས་རྒྱས་ཀྱི་མཛད་པ་ལ་ད་ལྟ་ནས་ཅི་རིགས་པར་འཇུག་པའི་ཆ་ནས་འབྲས་བུ་ལམ་བྱེད་ཀྱི་ཚུལ་ཡོད་ཅིང་། དེའི་དབང་གིས་མདོ་ལམ་ལས་ཐབས་ཀྱིས་འཕགས་ཤིང་མྱུར་བའི་ལམ་ཡིན་ནོ། །དེས་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་སྔགས་ཕྱི་རྒྱུད་གསུམ་གྱི་རྣམ་བཞག་མདོ་ཙམ་ཞུས་གྲུབ་ནས། གཉིས་པ་ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་ནི། ལྟ་བ་བདེན་པ་དབྱེར་མེད་དུ་རྟོགས་པ་དང་། སྒོམ་པ་ལྷ་ཞལ་སྦྱོར་དུ་སྒོམ་པ། སྤྱོད་པ་གཙང་དམེ་བླང་དོར་ལས་འདས་པ་དང་། འབྲས་བུ་ཚེ་གཅིག་གིས་བྱང་ཆུབ་མངོན་དུ་བྱེད་ནུས་པ་སོགས་ཀྱི་སྔགས་ཕྱི་པ་ལས་ཁྱད་པར་དུ་འཕགས་སོ། །དེ་ལའང་ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ཀྱི་ཆོ་འཕྲུལ་དུ་རྟོགས་པ་མ་ཧཱ། ཆོས་ཐམས་ཅད་སེམས་ཉིད་དབྱིངས་ཡེ་གཉིས་སུ་མེད་པའི་རྩ ལ་དུ་རྟོགས་པ་ཨ་ནུ། ཆོས་ཐམས་ཅད་སེམས་ཉིད་ཡེ་ནས་སྐྱེ་འགག་མེད་པའི་རང་བྱུང་གི་ཡེ་ཤེས་རང་སྣང་བར་རྟོགས་པ་ཨ་ཏི་གསུམ་སྟེ། རང་ཤར་ལས། ནང་པ་ལ་ནི་གསུམ་དུ་འདོད། །མ་ཧཱ་ཨ་ནུ་ཨ་ཏིའོ། །ཞེས་དང་། རྩལ་རྫོགས་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །ལུང་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཨ་ཏི་ཡོ་ག་ནི་ཆོས་རྣམས་ཀྱི་འབྲས་བུ་ལྟ་བུའོ། །ཞེས་སོ། །དེ་ལས། དང་པོ་མ་ཧཱ་ཡོ་གའི་ཐེག་པའི་ངོ་བོ་ནི། ཐབས་བ སྐྱེད་པའི་རིམ་པ་ལ་གཙོ་བོར་བརྟེན་ནས་ལྷག་པ་བདེན་པ་དབྱེར་མེད་ཀྱི་དོན་ལ་རྟོགས་གོམས་ཀྱི་སྦྱོར་བས་གྲོལ་བ་ཐོབ་པའི་རང་བཞིན། ངེས་ཚིག་ནི། མ་ཧཱ་ཡོ་གའི་སྒྲ་ལས་རྣལ་འབྱོར་ཆེན་པོ་སྟེ། གཉིས་མེད་ཀྱི་དོན་ལ་བློ་འབྱོར་བས་ཡོ་ག་ཕྱི་པ་ལས་ཆེས་འཕགས་པའི་ཕྱིར་རོ། །དབྱེ་བ་ལས། འཇུག་སྒོ་དབང་ནི། ཐུན་མོང་བ་བུམ་དབང་གི་སྟེང་དུ། ཐུན་མིན་མཆོག་དབང་གོང་མ་གསུམ་བསྣན་པས་དབང་བཞིའི་ངེས་པ་ཅན་ཏེ། སྒྱུ་འཕྲུལ་ལྟར་ན་བུམ་དབང་ལ་གཉིས་སུ་ཕྱེ་བའི་ཕན་ནུས་ཟབ་མོའི་དབང་ལྔའོ། །བྱ་བའི་འཇུག་སྒོ་ནི། ཤེས་རབ་སྟོང་པ་ཆེན་པོའི་རྣལ་འབྱོར་དང་། ཐབས་སྙིང་རྗེ་སྒྱུ་མ་དང་། ཕྱག་རྒྱ་ཕྲ་རགས་ཀྱི་ཏིང་ངེ་འཛིན་རྣམ་པ་གསུམ་གྱི་སྒོ་ནས་འཇུག་སྟེ་བསྐྱེད་རིམ་གཙོ་བོར་སྟོན་པའི་ལམ་ཡིན་པའི་ཕྱིར་རོ། །ལྟ་བ་ནི། རིག་པ་སྤྲོས་བྲལ་ལ་སྣང་བ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཏེ་དབྱིངས་ཡེ་འབྲས་བུའི་དོན་དམ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པ་ལྷག་པའི་དོན་དམ་དང་། དེ་ཉིད་ཀྱི་རྩལ་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ལྷག་པ་ཀུན་རྫོབ་སྟེ། བདེན་པ་དེ་གཉིས་ཀྱང་སྣང་སྟོང་ཕྱོགས་རེ་བ་མ་ཡིན་པར། གསེར་དང་གསེར་གྱི་སེར་པོ་དང་། གཡུ་དང་གཡུའི་ཁ་དོག་བཞིན་དུ། ངོ་བོ་དབྱེར་མེད་པར་མཉམ་པ་ཉིད་དུ་སྣང་བའི་ཕྱིར། ཐ་སྙད་དུ་དབྱེར་མེད་བརྗོད་ཀྱང་། དེར་འཛིན་གྱི་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་ཕྱིར་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཞེས་བྱའོ། །ཚུལ་ཁྲིམས་ལ། སྔགས་ཕྱི་འགྱུར་བ་རྣམས། བླ་མ་ལ་སྨོད་པ། བདེ་གཤེགས་བཀའ་འདས། མཆེད་ལ་འཁུ་བ། བྱམས་པ་བཏང་བ། བྱང་སེམས་སྤངས་པ། གྲུབ་མཐའ་སྨོད་པ། གསང་བ་སྒྲོགས་པ། ཕུང་པོ་བརྙས་པ། རང་བཞིན་དག་པའི་ཆོས་ལ་སོམ་ཉི་ཟ་བ། ཞིང་བཅུ་མི་སྒྲོལ་བ། དོན་དམ་ལ་རྟོག་དཔྱོད་ཀྱི་བློས་འཇལ་བ། དད་ལྡན་སུན་འབྱིན་པ། སྐབས་བབས་ཀྱི་དམ་རྫས་མི་བསྟེན་པ། ཤེས་རབ་མ་ལ་སྨོད་པ་སྟེ་རྩ་ལྟུང་བཅུ་བཞི་དང་། མ་སྨིན་པའི་རིག་མ་བསྟེན་པ། ཚོགས་འཁོར་གྱི་དུས་སུ་ཀྱལ་ཀའི་རྩོད་པ། མཚན་ངན་ལས་འདུད་རྩི་ལེན་པ། སྣོད་ལྡན་ལ་གསང་སྔགས་མི་སྟོན་པ། དད་ལྡན་ལ་ཆོས་མི་སྟོན་པ། ཉན་ཐོས་ནང་དུ་ཞག་བདུན་བསྡད་པ། ང་རྒྱལ་གྱིས་སྔགས་པར་རློམ་པ། སྣོད་མིན་ལ་ཆོས་བཤད་པ་སྟེ་ཡན་ལག་གི་ལྟུང་བ་བརྒྱད་བཅས་སྤང་བ་དང་། སྤྱད་བྱའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཤེས་ནས་སྤྱོད་པ་གཉིས་སུ་བཞེད། སྔ་འགྱུར་གྱི་རང་སྐད་དུ། རྣལ་འབྱོར་ཆེན་པོའི་དམ་ཚིག་ཉི་ཤུ་རྩ་བརྒྱད་དེ། བླ་མ་དང་མཆེད་ལ་གུས་པ་སྐུ། སྔགས་དང་ཕྱག་རྒྱ་ལ་བརྩོན་པ་གསུང་། བླ་མེད་བྱང་ཆུབ་ཀྱི་སེམས་མི་སྤང་ཞིང་གསང་བ་བསྲུང་བ་ཐུགས་ཀྱི་དམ་ཚིག་སྟེ་རྩ་བ་གསུམ། ཏ་ན་ག་ན་མ་བྱིན་ལེན་རྫུན་ཚིག་བརླང་སྟེ་སྤྱད་བྱ་ལྔ། ཆགས་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སྟེ་མི་སྤང་བ་ལྔ། དྲི་ཆེན་དྲི་ཆུ་བྱང་སེམས་དཀར་དམར་མམ་ས་སྟེ་དང་དུ་བླང་བ་ལྔ། ཕུང་པོ་འབྱུང་བ་ཡུལ་དབང་ཁ་དོག་རྣམས་ལྷར་ཤེས་པ་ཤེས་བྱ་ལྔ། དེ་བཞིན་གཤེགས་པ་དང་། རྡོ་རྗེའི་རིགས་སོགས་བདེ་གཤེགས་རིགས་ལྔ་སྒྲུབ་པ་བསྒྲུབ་བྱ་ལྔ་སྟེ་ཡན་ལག་གི་དམ་ཚིག་ཉེར་ལྔ་པོ་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་སྤྱོད་པར་གསུངས་པ་དང་། ཁྱད་པར་གསང་བ་སྒྱུ་འཕྲུལ་ལྟར་ན། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །ཞེས་རྩ་བའི་དམ་ཚིག་ལྔ་དང་། དུག་ལྔ་མི་སྤང་བ་དང་། བདུད་རྩི་ལྔ་མི་འདོར་བ་སྟེ་ཡན་ལག་གི་དམ་ཚིག་བཅུར་བཞེད་དོ། །བསྒོམ་པ་ལ། སྒྲུབ་སྡེ་གཙོ་བོ་བྱས་པ། འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས་སོགས་སྒྲུབ་པ་ཆེན་པོ་བཀའ་བརྒྱད་སྤྱི་བྱེ་བྲག་སོ་སོའི་དགོས་ཆོས་གྲུབ་པ་བརྙེས་པའི་སློབ་དཔོན་རྣམས་ཀྱིས་མན་ངག་གིས་བཀྲལ་པའི་དོན་བཞིན་སྒྲུབ་པ་དང་། རྒྱུད་སྡེ་གཙོ་བོར་བྱས་ན་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་ལས། གསང་འདུས་སོགས་ཕ་རྒྱུད་རྣམས་སུ་བསྐྱེད་རིམ་ཐབས་ཀྱི་ཆ་དང་། རྫོགས་རིམ་རླུང་གཙོ་བོར་བྱེད་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད། བདེ་དགྱེས་སོགས་མ་རྒྱུད་རྣམས་སུ་བསྐྱེད་རིམ་གྱི་སྤྲོས་པ་ཤས་ཆུང་ཞིང་། ཤེས་རབ་རྫོགས་པའི་རིམ་པ་ཁམས་གསུམ་བྱང་ཆུབ་སེམས་ཐིག་ལེའི་རྣལ་འབྱོར་གཙོ་བོར་བྱེད་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད། སྒྱུ་འཕྲུལ་དྲྭ་བ་སོགས་གཉིས་མེད་དམ་མ་ནིང་གི་རྒྱུད་རྣམས་སུ་བསྐྱེད་རྫོགས་ཟུང་དུ་འཇུག་ཅིང་། དེའང་རྫོགས་རིམ་རྩ་ཐིག་རླུང་གསུམ་ལས་སྐྱེས་པའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་དང་། ཁྱད་པར་འོད་གསལ་ཡེ་ཤེས་ཆེན་པོ་ལ་གཙོ་བོར་བྱེད་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད་དོ། །འདིར་གསང་བ་སྒྱུ་འཕྲུལ་གྱི་དབང་དུ་བྱས་ཏེ་བཤད་ན། མཚན་བཅས་དང་། མཚན་མེད་གཉིས་ཀྱི། དང་པོ་ལ་བསྐྱེད་རྫོགས་གཉིས་ལས། བསྐྱེད་རིམ་ནི། ཏིང་ངེ་འཛིན་གསུམ་ལ་བརྟེན་ནས་དཀྱིལ་འཁོར་རིམ་གྱིས་བསྐྱེད་པ་གཙོ་བོར་བྱེད་པའི་སྒོ་ནས་ལྷ་རྟོག་དབྱེར་མེད་དུ་བསྒོམ་པའི་ཉམས་ལེན། དེ་ལའང་མོས་བསྒོམ་དང་། ངེས་རྫོགས་གཉིས་ལས། དང་པོ་ནི། ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ཀྱང་རྣམ་པ་ཙམ་བསྒོམ་པ་ནུབ་གཅིག་ལ་བསྐྱེད་རིམ་གྱི་ཆོ་གའི་ཡན་ལག་ཚང་བ་ཉམས་སུ་ལེན་པ་ལྟ་བུ། གཉིས་པ་ནི། བསྐྱེད་རིམ་གྱི་ཡན་ལག སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་སྟེ་ཟག་བཅས་ཚོགས་སྦྱོར་གྱི་རྣལ་འབྱོར་ལྔ་དང་། མཐོང་ལམ་ལ་ནུས་པ་ཐོབ་མ་ཐོབ་ཀྱི་ཁྱད་པར་གྱིས་རྣམ་སྨིན་དང་ཚེ་དབང་གཉིས། སྒོམ་ལམ་ཕྱག་ཆེན། མཐར་ལམ་ལྷུན་གྲུབ་སྟེ་ཟག་མེད་རིག་འཛིན་བཞིའོ། །རྫོགས་རིམ་ལ་སྟེང་སྒོ་འཇུ་འདུལ་གྱི་མན་ངག་དང་། འོག་སྒོ་ཁམས་གསུམ་རོལ་བའི་མན་ངག་གཉིས་ཡོད། གཉིས་པ་མཚན་མེད་ནི། ཆོས་ཉིད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པའོ། །སྤྱོད་པ་ནི། ཐབས་ལ་མཁས་པའི་གདེང་གིས་ཟིན་པས་འཁོར་བའི་ཆོས་ཅི་ལའང་མ་ཆགས་པར་སྤྱོད་པའོ། །འབྲས་བུ་ནི། ཚེ་འདིའམ་བར་དོར་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་མངོན་དུ་བྱེད་པ་སྟེ། རང་ཤར་ལས། འཇུག་པའི་སྒོ་ནི་ཏིང་འཛིན་རྣམ་པ་གསུམ། །རྟོགས་པའི་ལྟ་བ་ཅིར་སྣང་ལྷ་རུ་རྟོགས། །བསྲུང་བའི་དམ་ཚིག་རྩ་བ་སྐུ་གསུང་ཐུགས། །འབྲས་བུ་ཐབས་དང་ཤེས་རབ་འདུ་འབྲལ་མེད། །ཅེས་སོ། །གཉིས་པ་ལུང་ཨ་ནུ་ཡོ་གའི་ཐེག་པ་ལ། ངོ་བོ་ནི། ཤེས་རབ་རྫོགས་པའི་རིམ་པ་ལ་གཙོ་བོར་བརྟེན་པའི་སྒོ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་རྟོགས་གོམས་ཀྱི་སྦྱོར་བས་གྲོལ་པ་ཐོབ་པའི་རང་བཞིན་ནོ། །ངེས་ཚིག་ནི། ཨ་ནུ་ཡོ་ག་སྟེ་ཤེས་རབ་རྗེས་ཆགས་ཀྱི་ལམ་གཙོ་བོར་སྟོན་པའི་ཕྱིར་རྗེས་སུ་རྣལ་འབྱོར་རོ། །དབྱེ་བ་ལ། འཇུག་སྒོ་དབང་ནི། ཨ་ནུའི་དཀྱིལ་འཁོར་དུ། ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ། ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གསུམ། གསང་དབང་རྫོགས་པའི་ཆུ་བོ་གཉིས་བཅས་ཕྱི་ནང་སྒྲུབ་གསང་བཞིས་བསྡུས་པའི་དབང་ཆོག་སུམ་ཅུ་རྩ་དྲུག་གོ །བྱ་བའི་འཇུག་སྒོ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྒོ་ནས་འཇུག་སྟེ། མ་བསྐྱེད་རྫོགས་པའི་ཚུལ་གྱིས་སོ། །ལྟ་བ་ནི། ཆོས་ཐམས་ཅད་རང་གི་སེམས་ཡིན་ལ། དེ་ཉིད་སྐྱེ་མེད་སྤྲོས་པ་དང་བྲལ་བའི་རང་བཞིན་ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དང་། སྐྱེ་མེད་དེ་ཉིད་ཐམས་ཅད་དུ་མི་འགག་པར་རང་སྣང་རིས་མེད་ཀུན་ཁྱབ་ཏུ་ཤར་བ་ནི་ཡེ་ཤེས་ཀུན་ཏུ་བཟང་པོའམ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། དེ་གཉིས་ཀྱང་ངོ་བོ་ཐ་མི་དད་པར་ཟུང་འཇུག་ཏུ་གནས་པ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། ཆོས་ཐམས་ཅད་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའི་རང་བཞིན་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པར་བལྟ་ཞིང་། ཀུན་ཏུ་བཟང་པོའི་རོལ་པ་མ་འགགས་པའི་རྩལ་སྣང་ལྷ་སྐུར་འཆར་བར་འདོད་དོ། །ཚུལ་ཁྲིམས་ནི། དབྱེ་ན། གལ་མདོ་ངེས་པའི་དམ་ཚིག་བཞི། ཐུན་མོང་གི་ཉེར་བརྒྱད། ལྷག་པའི་བཞི། བརྟུལ་ཞུགས་ཀྱི་ཉེར་གསུམ། སྒྲུབ་པའི་ཉི་ཤུ། སྤྱོད་ལམ་རྒྱན་གྱི་བཞི། བདུད་ལྔ་སྤང་བ། དགྲ་བཞི་གཞོམ་པ། ལྟ་བའི་དམ་ཚིག་སྟེ་རྣམ་གྲངས་དགུར་སྤྱི་མདོའི་ལེའུ་རེ་དྲུག་པར་གསུངས་ཀྱང་། བསྡུ་ན་བསྲུང་མཚམས་མེད་པ་ཅིག་ཅར་བའི་དམ་ཚིག་དང་། བསྲུང་མཚམས་ཅན་རིམ་གྱིས་པའི་དམ་ཚིག་གཉིས་སུ་འདུའོ། །བསྒོམ་པ་ནི་ཐབས་གྲོལ་གཉིས་ཀྱི། ཐབས་ལམ་སྟེང་སྒོ་འཁོར་ལོ་བཞིའམ་དྲུག་བསྒོམ་པའི་རྣལ་འབྱོར་དང་། འོག་སྒོ་མཁའ་གསང་གཉིས་ཀྱི་སྙོམས་འཇུག་ལ་བརྟེན་ནས་ལྷན་སྐྱེས་ཡེ་ཤེས་བསྐྱེད་པའི་ཐབས་ཏེ། གཙོ་བོར་རང་ལུས་ཐབས་ལྡན་དང་། གཞན་ལུས་ཕོ་ཉའི་ལམ་གང་རུང་ལ་བརྟེན་ནས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱིས། ཐབས་བྱུང་བདེ་བ་ཆེན་པོའི་ཡེ་ཤེས་བཙན་ཐབས་སུ་འདྲེན་པའི་མྱུར་ལམ་མོ། །གྲོལ་ལམ་ལ། དོན་རྟོགས་གཉིས་ཀྱི། དང་པོ། སྤྲོས་མེད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནི་དོན་བཀོད་པ་སྟེ། ཆོས་ཉིད་སྙིང་པོ་ཇི་བཞིན་པའི་ངང་ལ་སྒོམ་བྱེད་ཀྱི་བློ་མ་བཅོས་པར་འཇོག་པའོ། །གཉིས་པ། སྤྲོས་བཅས་ལྷ་ཡི་ཏེང་ངེ་འཛིན་ནི་རྟགས་ཀྱི་རོལ་པ་སྟེ། སྔགས་བརྗོད་པ་ཙམ་གྱིས་ཆུ་ལས་ཉ་ལྡང་བ་ལྟར། སྣོད་བཅུད་ལྷ་ཡི་དཀྱིལ་འཁོར་གསལ་ལ་མ་འདྲེས་པར་ཅིག་ཅར་དུ་བསྒོམ་པ་གཙོ་བོར་བྱེད་པའི་ཉམས་ལེན་ནོ། །དེ་ཡང་སྤྱིར་ངེས་རྫོགས་བསྒོམ་པའི་ལམ་ལ་ཟག་བཅས་དང་ཟག་མེད་གཉིས་ལས། ཟག་བཅས་ཚོགས་ལམ་འདུན་པ་སེམས་པའི་རྣལ་འབྱོར། སྦྱོར་ལམ་རིགས་ཆེན་འབྱེད་པའི་རྣལ་འབྱོར་གཉིས། ཟག་མེད་མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར། སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར། མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གསུམ་བཅས་ལྔའོ། །སྤྱོད་པ་ནི། སྤྱིར་མཉམ་པ་ཉིད་ལ་གཙོ་བོར་སྤྱོད་ཅིང་། བྱེ་བྲག་ཏུ་དབྱེ་ན། དབྱིངས་ཡེ་གཉིས་མེད་རྟོགས་པའི་བྱིན་རླབས་ཀྱི་སྤྱོད་པ་ནམ་མཁའ་ལྟ་བུ། དུག་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་དུ་དབང་བསྒྱུར་བའི་སྤྱོད་པ་རྒྱལ་པོའམ་མེ་དཔུང་གིས་བུད་ཤིང་བསྲེགས་པ་ལྟ་བུ། འཁོར་འདས་མཉམ་ཉིད་དུ་རྟོགས་པའི་ཐབས་ཀྱི་སྤྱོད་པ་རྒྱུན་མི་འཆད་པ་ཆུ་བོ་ལྟ་བུ་སྟེ་གསུམ་མོ། །འབྲས་བུ་ནི། ཚེ་གཅིག་གི་འབྲས་ཆོས་ཉེར་ལྔ་དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་སྐུ་བཞིའི་བདག་ཉིད་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་པ་སྟེ། རང་ཤར་ལས། ལུང་ཆེན་ཨ་ནུའི་ཐེག་པ་ནི། །དབྱིངས་དང་ཡེ་ཤེས་རྣམ་པ་གཉིས། །འདུ་འབྲལ་མེད་པའི་རྡོ་རྗེར་འདོད། །ཅེས་དང་། བང་མཛོད་འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པ་ནི། །བར་མ་ཆོད་པའི་ཚེ་གཅིག་གིས། །སངས་རྒྱས་ས་ལ་ངེས་པར་འགྲོ། །ཞེས་སོ། །གསུམ་པ་མན་ངག་ཨ་ཏི་ཡོ་གའི་ཐེག་པ་ནི། དབྱིངས་རང་བཞིན་གྱིས་དག་པའི་སེམས་ཉིད་འོད་གསལ་བ་ལྷུན་གྲུབ་རང་གནས་ཆེན་པོར་གནས་པའི་རང་བྱུང་གི་ཡེ་ཤེས་ཉིད་བཅོས་བསྒྱུར་སྤང་ལེན་དང་བྲལ་བར་ལམ་དུ་ཁྱེར་བས་རྩོལ་བཅས་ཀྱི་ཐེག་པ་འོག་མ་ཀུན་ལས་ཁྱད་པར་དུ་འཕགས་སོ། །དེ་ལ་ངོ་བོ་ནི། ཡེ་ནས་སངས་རྒྱས་པའི་དོན་རང་ཐོག་ཏུ་གྲོལ་བར་བྱེད་པའི་ཐབས། སྤང་བླང་རེ་དོགས་དང་བྲལ་བའི་རང་བཞིན་ཅན་ནོ། །ངེས་ཚིག་ནི། ཨ་ཏི་ཡོ་ག་སྟེ། བསྐྱེད་རྫོགས་གཉིས་ཀའི་རྫོགས་རིམ་མཐར་ཐུག་པའི་ཕྱིར་དང་། ཐེག་པ་ཐམས་ཅད་ཀྱི་རྩེ་མོར་གྱུར་པས་ཤིན་ཏུ་རྣལ་འབྱོར་རོ། །དབྱེ་བ་ལས། དབང་གི་འཇུག་སྒོ་ནི། རིག་པའི་རྩལ་དབང་ལ་སོགས་པས་སྨིན་པར་བྱེད་པ་སྟེ། གསང་བ་སྙིང་ཐིག་ལྟར་ན། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་དེ་རྣམ་པ་བཞིའི་སྒོ་ནས་སོ། །བྱ་བའི་འཇུག་སྒོ་ནི། ཅི་ཡང་འཇུག་ཏུ་མེད་པའི་སྒོ་ནས་འཇུག་གོ །ལྟ་བ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུ་རང་བྱུང་གི་ཡེ་ཤེས་ཆེན་པོའི་ངོ་བོར་བྱ་རྩོལ་མེད་པར་ཡེ་ནས་སངས་རྒྱས་པར་འདོད་དེ། དེ་ལའང་བསྐྱེད་རྫོགས་གསུམ་གྱི་དབང་བཞི་པའི་ཡེ་ཤེས་ཀྱི་ལུས་རྫོགས་པར་སྟོན་པའི་ཆ་ནས་སེམས་ཀློང་མན་ངག་གི་སྡེ་གསུམ་ལས། སེམས་སྡེ་པས་འདི་ལྟར་སྣང་ཞིང་མྱོང་བའི་ཆོས་ཐམས་ཅད་སེམས་ཉིད་གཅིག་གི་རོལ་པ་ལས་མ་འདས་པས་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་བརྗོད་བྲལ་དུ་འདོད། ཀློང་སྡེ་པས་རང་བྱུང་གི་ཡེ་ཤེས་དང་དེའི་ངང་ངམ་རྩལ་ལས་ཤར་བའི་ཆོས་སོ་ཅོག་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་གཞན་མེད་པར་ཡེ་གྲོལ་རང་དག་ཏུ་འདོད། མན་ངག་སྡེས་འཁོར་འདས་སྤང་བླང་དང་བྲལ་བའི་ཡིན་ལུགས་གནད་ཐོག་ཏུ་འབེབས་པའི་ཐབས་ཀྱིས་བློ་འདས་རང་བྱུང་གི་ཡེ་ཤེས་སྐད་ཅིག་ལ་འཆར་བར་བྱེད་པས་སྔ་མ་གཉིས་ལས་ཀྱང་ཁྱད་པར་དུ་འཕགས་པའོ། །ཚུལ་ཁྲིམས་ནི། བསྲུང་དུ་ཡོད་པ་སྐུ་གསུང་ཐུགས་ཀྱི་དམ་ཚིག་རེ་རེ་ལའང་དགུ་དགུར་དབྱེ་བས་ཉེར་བདུན་ཏེ། ཕྱི་ལུས་ཀྱི་མི་དགེ་བ། མ་བྱིན་ལེན། མི་ཚངས་སྤྱོད། སྲོག་གཅོད་སྤོང་བ་གསུམ། ནང་ཕ་མ་རྡོ་རྗེའི་སྤུན་སྲིང་དང་རང་ལུས་ལ་སྨོད་པ། ཆོས་དང་གང་ཟག་ལ་སྨོད་པ། ལུས་ལ་རྡེག་འཚོག་དང་དཀའ་ཐུབ་ཀྱིས་བརྙས་ཤིང་གདུང་བ་སྤོང་བ་གསུམ། གསང་བ་རྡོ་རྗེའི་སྤུན་སྲིང་གི་ལུས་ལ་རྡེག་པར་གཟས་ཤིང་རྒྱན་ལ་སྨོད་པ། རྡོ་རྗེའི་མཆེད་ལྕམ་ལ་རྡེག་པ་དང་བླ་མའི་ཡུམ་ལ་གཙེས་པ། བླ་མའི་གྲིབ་མར་འགོང་བ་དང་སྤྱན་སྔར་ལུས་ངག་གི་སྤྱོད་པ་བག་མེད་སྤོང་བ་གསུམ་སྟེ་སྐུ་ཡི་དམ་ཚིག་དགུ། ཕྱི་ངག་གི་ལས་རྫུན། ཕྲ་མ། ཚིག་རྩུབ་སྤོང་བ་གསུམ། ནང་ཆོས་ཀྱི་ཚིག་སྨྲ་བ། དོན་ཡིད་ལ་བསམ་པ། གནས་ལུགས་སྒོམ་པར་བྱེད་པ་རྣམས་ལ་གཤེ་སྐུར་འདེབས་པ་སྤོང་བ་གསུམ། གསང་བ་རྡོ་རྗེའི་སྤུན་སྲིང་གི་ཚིག བླ་མའི་ཕྱག་རྒྱ་དང་ཉེ་འཁོར་གྱི་ཚིག བླ་མའི་གསུང་རྣམས་ལ་བརྙས་ཤིང་གཅོག་པ་སྤོང་བ་གསུམ་སྟེ་གསུང་གི་དགུ། ཕྱི་ཡིད་ཀྱི་ལས་བརྣབ་སེམས། གནོད་སེམས། ལོག་ལྟ་སྤོང་བ་གསུམ། ནང་སྤྱོད་པ་ལོག་པ་བག་མེད། སྒོམ་པ་ལོག་པ་བྱིང་རྒོད་དང་གོལ་སྒྲིབ། ལྟ་བ་ལོག་པ་རྟག་ཆད་མཐར་འཛིན་སྤོང་བ་གསུམ། གསང་བ་ཉིན་ཞག་གི་ཐུན་རེ་བཞིན་ལྟ་སྒོམ་སྤྱོད་གསུམ་ཡིད་ལ་མ་བྱས་པ། ཡི་དམ་གྱི་ལྷ་ཡིད་ལ་མ་བྱས་པ། བླ་མའི་རྣལ་འབྱོར་དང་མཆེད་ལྕམ་ལ་བརྩེ་གདུང་ཡིད་ལ་མ་བྱས་པ་གསུམ་སྤོང་བ་སྟེ་ཐུགས་ཀྱི་དགུ་སྟེ་དེ་ལྟར་ཉེར་དགུའོ། །བསྲུང་དུ་མེད་པ་དག་གི་དམ་ཚིག་མེད་པ་དང་ཕྱལ་བ་གཉིས། ལྷུན་གྲུབ་ཀྱི་དམ་ཚིག་གཅིག་པུ་དང་ལྷུན་གྲུབ་གཉིས་ཏེ་དམ་ཚིག་སྤྱི་སྡོམ་ཆེན་པོ་བཞི་ལས་ནམ་ཡང་མི་འདའ་བར་བྱ་བའོ། །སྒོམ་པ་ལ་གསུམ་ལས། འདི་ལྟར་སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་བརྗོད་བྲལ་ཆོས་ཀྱི་སྐུར་གཏན་ལ་ཕབ་ནས་བསལ་བཞག་དང་བྲལ་བར་རིག་སྟོང་ཆོས་སྐུའི་ངང་དུ་འཇོག་པ་སེམས་སྡེ། རང་བྱུང་གི་ཡེ་ཤེས་དང་དེ་ལས་ཤར་བའི་ཆོས་ཐམས་ཅད་ཡེ་གྲོལ་རང་དག་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་གཞན་མེད་པར་གཏན་ལ་ཕབ་ནས་ཆོས་ཉིད་དམིགས་མེད་བྱ་རྩོལ་དང་བྲལ་བའི་ངང་དུ་འཇོག་པ་ཀློང་སྡེ། ཡེ་གྲོལ་སྤང་བླང་དང་བྲལ་བའི་ཆོས་ཉིད་ཀྱི་ངང་དུ་འཇོག་པ་མན་ངག་གི་སྡེ་སྟེ། དེ་ལའང་སེམས་ཉིད་གཞི་མེད་རྩ་བྲལ་ཀ་དག་ཏུ་གཏན་ལ་ཕབ་ནས་སྣང་སེམས་ཐམས་ཅད་ཡེ་གྲོལ་སོར་བཞག་ཆེན་པོ་ཁྲེགས་ཆོད་ཀྱི་ཉམས་ལེན་དང་། ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་དེ་བཞིན་གཤེགས་པའི་གསང་མཛོད་སྒོ་ཕྱེས་ནས། རང་གནས་ཀྱི་ཡེ་ཤེས་འོད་གསལ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་རང་ཞལ་ལྟ་བ་ཐོད་རྒལ་གྱི་ཉམས་ལེན་གཉིས་སོ། །སྤྱོད་པ་ནི། ཅིར་སྣང་ཆོས་ཉིད་ཀྱི་རོལ་པར་ཤར་བས་གང་ལའང་བླང་དོར་དང་ཆེད་འཛིན་མེད་པར་གཉིས་མེད་མཉམ་པ་ཉིད་ཀྱི་ངང་དུ་སྤྱོད་པའོ། །འབྲས་བུ་ནི། ལྷུན་རྫོགས་ཀུན་ཏུ་བཟང་པོའི་ས་ལ་ད་ལྟ་ཉིད་ནས་གནས་པ་མཐར་ཕྱིན་པ་སྟེ། དེ་ཡང་ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་ཕུང་པོ་ལ་དབང་ཐོབ་པས་སྒྱུ་ལུས་འོད་གསལ་དུ་གྲོལ། གསང་བ་དབྱིངས་རིག་ལ་དབང་ཐོབ་པས་འཁྲུལ་སྣང་རང་འགགས་སུ་སོང་བས། ཡར་སངས་རྒྱས་ལ་ཐོབ་ཏུ་རེ་བ་དང་། མ་ཐོབ་པའི་དོགས་པ་མེད། མར་འཁོར་བ་ལ་མི་སྐྱེ་བའི་རེ་བ་དང་། སྐྱེས་ཀྱི་དོགས་པ་མེད་པ་སྟེ། གདེང་བཞི་ཚད་དུ་ཕྱིན་ནས་འཁོར་བ་མྱང་འདས་སུ་གྲོལ་བ་ཞེས་བྱ་སྟེ། བཤད་རྒྱུད་ཐིག་ལེ་ཀུན་གསལ་ལས། རང་རིག་ཡེ་ཤེས་ལྷུན་གྱིས་གྲུབ། །དེ་ལས་མ་གཏོགས་གཞན་མེད་པས། །སོ་སོ་རང་རིག་ཡེ་ཤེས་ལ། །ཅིར་སྣང་ཡེ་ཤེས་ཆེན་པོའི་གདངས། །ཞེས་དང་། སྒོམ་དུ་ཡོད་མེད་ཐ་སྙད་རྣམ་པར་དག །ཤེས་རབ་སྟོབས་ཅན་རང་རིག་དོན་རྟོགས་པས། །གཉིས་མེད་བདེ་ཆེན་ངང་དུ་འདུ་འབྲལ་མེད། །མ་བཙལ་བཞག་པས་ངང་ལས་མི་གཡོ་གསལ། །ཞེས་དང་། ཆོས་ཉིད་དོན་གྱི་སྤྱོད་པ་ནི། མཚན་མ་མེད་པས་ནམ་མཁའ་བཞིན། །ཆོས་ཅན་མཚན་མར་མི་ལྟ་བར། །རྣལ་འབྱོར་ཟག་མེད་ཤེས་རབ་ཀྱིས། །དངོས་མེད་ནམ་མཁའ་བཞིན་དུ་སྤྱོད། །ཅེས་དང་། འབྲས་བུ་ལྟ་བ་མངོན་གྱུར་ཏེ། །ཆོད་ཉིད་ཕྱི་ནང་མེད་པར་གསལ། །རིག་པ་ཕྱི་ནང་མེད་པར་ཁྱབ། །གཉིས་མེད་ཆོས་སྐུ་རྡོ་རྗེའི་ལུས། །རང་གསལ་འཛིན་མེད་ངང་དུ་གནས། །ཞེས་དང་། ཡང་འབྱེད་ལས། རྫོགས་ཆེན་ཨ་ཏིའི་འབྲས་བུ་ནི། །གདོད་ནས་བྱང་ཆུབ་སྙིང་པོ་རུ། །ཐོབ་མེད་འབྲས་བུ་རང་ལ་སྨིན། །ཞེས་གསུངས་སོ། །དེ་རྣམས་ཀྱིས་དབང་བསྒྱུར་ཐབས་ཀྱི་ཐེག་པ་མ་ཧཱ་ཨ་ནུ་ཨ་ཏི་གསུམ་གྱི་ཐེག་པའི་རྣམ་གཞག་མདོ་ཙམ་ཞུས་གྲུབ་པ་ལགས་ཏེ། དེ་ལྟ་བུའི་ཐེག་པ་རིམ་པ་དགུ་པོའང་། གནས་སྐབས་གདུལ་བྱའི་བློ་རིམ་དང་བསྟུན་ནས་ལམ་ལ་བཀྲི་བའི་ཚུལ་ཙམ་ལས། ཆོས་ཐ་དད་པ་རིམ་པ་དགུ་ནི་ཡོད་པ་མ་ཡིན་ཏེ། འཕགས་པ་ཀླུའི་རིན་ཆེན་ཕྲེང་བ་ལས། དང་པོ་མངོན་པ་མཐོ་བའི་ཆོས། །ཕྱིས་ནས་ངེས་པར་ལེགས་འབྱུང་བ། །གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་ཀྱིས་ངེས་པར་ལེགས་པའོ། །ཞེས་དང་། དགྱེས་རྡོར་ལས། དགེ་བ་བཅུ་ལས་བརྩམས་ནས་ནི། །དེ་ཡི་ཆོས་ནི་རབ་ཏུ་དབྱེ། །ཞེས་གསུངས་པ་ལྟར། སོར་བཞག་ལྷ་མིའི་ཐེག་པ་ནི་མྱ་ངན་ལས་འདས་པར་བགྲོད་པའི་ལམ་ཐམས་ཅད་ཀྱི་རྟེན་གཞི་ཡིན་པས། ལམ་རིམ་ལས། གཞི་ཡི་ཐེག་པ་དང་པོར་ཞོག །ཅེས་གསུངས། ཉན་རང་གི་ཐེག་པས་དངོས་སུ་ལམ་དང་འབྲས་བུ་ཐར་པའི་ཆ་ཤས་ཙམ་ལས། རྣམ་གྲོལ་གྱི་ལམ་རྫོགས་པར་མ་བསྟན་ཞིང་རང་འབྲས་མཐར་ཕྱིན་ནས་ཀྱང་ཐེག་ཆེན་ལ་འཇུག་དགོས་པས་རང་རྐྱ་མ་ཐུབ་པའི་ཕྱིར་ཐེག་ཆེན་དུ་འདུ་སྟེ། ལང་གཤེགས་ལས། སྲིད་པའི་ལམ་གྱིས་དུབ་པ་རྣམས། །ངལ་གསོའི་དོན་ཏེ་དེ་ཉིད་མིན། །ཞེས་གསུངས། ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཕྱི་རྒྱུད་གསུམ་དུ་མཐར་ཐུག་གི་འབྲས་བུའི་རྣམ་བཞག་བསྟན་ནའང་། དེར་བགྲོད་བྱེད་ཀྱི་ལམ་རྫོགས་པར་མ་བསྟན་ཅིང་། སྔགས་བླ་མེད་ཀྱི་ཐེག་པས་ནི་ལམ་ཡོངས་རྫོགས་བསྟན་པས་འཕགས་པར་མ་ཟད། ཡོ་ག་མན་ཆད་ཀྱི་རྒྱུ་དང་འབྲས་བུའི་ཐེག་པའི་ལམ་དང་། འབྲས་བུའི་རྣམ་བཞག་ཐམས་ཅད་སྔགས་བླ་མེད་དུ་ཚང་ལ། བླ་མེད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་དེ་དག་ཏུ་མེད་ཅིང་། དེ་དང་དེའི་དོད་ཐུབ་ཀྱང་བཞག་ཏུ་མེད་པའི་དོན་གྱིས་ནང་པ་བསྐྱེད་རྫོགས་གསུམ་གྱི་ནང་དུ་ཐམས་ཅད་འདུ་བ་ཡིན་ཞིང་། དེ་ལས་ཀྱང་མ་ཧཱ་དང་ཨ་ནུ་སྟེ་བསྐྱེད་རྫོགས་རྣམ་པ་གཉིས་ཀྱི་རྫོགས་རིམ་མཐར་ཐུག་པ་དབང་བཞི་པའི་ཡེ་ཤེས་ཉིད་ཇི་ལྟ་བ་བཞིན་མངོན་སུམ་དུ་གཏན་ལ་འབེབས་པ་ནི་རང་བཞིན་རྫོགས་པ་ཆེན་པོ་འབའ་ཞིག་ལས་གཞན་དུ་མ་དམིགས་པའི་ཕྱིར། སྔ་མ་སྔ་མ་རྣམས་ཕྱི་མ་ཕྱི་མའི་ལམ་སྟེགས་ཀྱི་ཚུལ་དུ་འགྱུར་ཞིང་། མཐར་ཐུག་དུས་གསུམ་གྱི་རྒྱལ་བ་རྣམས་གང་ལས་གཤེགས་ཤིང་གཤེགས་ལ་གཤེགས་པར་འགྱུར་བའི་བགྲོད་པ་གཅིག་པའི་ལམ་མཆོག་མཐར་ཐུག་པ་ནི། འོད་གསལ་རྡོ་རྗེ་སྙིང་པོའམ་བླ་མེད་གསང་མཆོག་རྒྱལ་པོའི་ཐེག་པ་གཅིག་པུ་ཉིད་དེ། དམ་ཆོས་པད་དཀར་ལས། དྲང་སྲོང་རྣམས་ཀྱིས་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ནི་ཐབས་ལ་མཁས་པས་ཏེ། །ཐེག་པ་གཅིག་ལས་གཉིས་སུ་ཡོད་མ་ཡིན། །བཀྲི་བའི་དོན་དུ་ཐེག་པ་གསུམ་བསྟན་ཏོ། །ཞེས་དང་། འཇམ་དཔལ་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། ནམ་མཁའ་ཆེ་ལས། རྒྱ་མཚོ་ཆེན་པོ་ཆུ་ཀླུང་ཀུན་འབབ་ཅིང་། །རྒྱ་མཚོའི་ངང་དུ་རོ་གཅིག་གནས་པ་ལྟར། །ཆོས་རྣམས་རྫོགས་པ་ཆེན་པོར་འདུས་གསལ་ཞིང་། །མ་བཅོས་ལྷུན་གྱིས་གྲུབ་པའི་ངང་དུ་གནས། །ཞེས་གསུངས་སོ། །དེ་ལྟར་གངས་ཅན་མིག་གཅིག་ལོ་ཆེན་དྷརྨཱ་ཤྲཱི་སོགས་སྔ་འགྱུར་མཁས་གྲུབ་དུ་མའི་གསུང་གི་སྒྲོན་མ་ལ་བརྟེན་ནས། གནས་སྐབས་རང་བློས་གང་སྤོག་ཙམ་ཞིག་ཞུས་པ་ཡིན་ཡང་། བདག་ལྟ་བུའི་རྨོངས་པ་མི་མཁས་ཤིང་མ་སྦྱངས་པར་གྱུར་པའི་དབང་གིས། དོན་ལ་འགལ་བ་དང་། མ་ཚང་བ་དང་། མ་འབྲེལ་བ་དང་། ཟློས་པའི་སྐྱོན་ལ་སོགས་པ་ངག་གི་ཉེས་པར་གྱུར་པའི་ཆ་གང་དང་ཅི་མཆིས་པ་དེ་དག ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་སྒྲིབ་པའི་ཚོགས་དང་ལྷན་ཅིག་ཏུ། འཕགས་པ་རྣམས་ལྐོག་ཏུ་མ་གྱུར་པའི་སྤྱན་སྔར་མཐོལ་ཞིང་བཤགས་ན་བྱང་ཞིང་དག་ནས་འཕྲལ་དང་ཡུན་གྱི་སྒྲིབ་རྐྱེན་དུ་མི་འགྱུར་བ་དང་ཡང་དག་པའི་ལུང་དང་མཐུན་པར་ལེགས་བཤད་གཏམ་གྱི་མཆོད་སྤྲིན་ཕུལ་བ་འདི་ཉིད་ཀྱིས་མཚོན་རྟེན་དུ་བྱས་ཏེ། དུས་གསུམ་དུ་བསགས་ཤིང་གསོག་པར་འགྱུར་བའི་དགེ་བའི་རྩ་བ་ཇི་སྙེད་ཅིག་མཆིས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར། སེམས་ཅན་ལ་བདེ་སྐྱིད་འབྱུང་། སྒོས་དཔལ་ལྡན་བླ་མའི་སྐུ་ཚེ་བརྟན། དམ་ཚིག་གཅིག་པའི་རྡོ་རྗེའི་མཆེད་གྲོགས་རྣམས་ཐུགས་མཐུན་ཞིང་ཁྲིམས་གཙང་བ་དང་། བཤད་སྒྲུབ་བསྟན་པའི་མངའ་ཐང་རྒྱས་ཤིང་ནག་ཕྱོགས་གདུག་པའི་རྩུ བ་འགྱུར་མཐའ་དག་ཞི་བ་དང་། ཕ་མས་ཐོག་དྲངས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གནས་སྐབས་ལམ་གྱི་རྟེན་དང་། ལམ་གྱི་སྒྲུབ་པ་དང་། ལམ་གྱི་འབྲས་བུ་ལ་སྦྱོང་ཞིང་། མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་གདོད་མའི་མགོན་པོ་རིགས་ལྔ་གངས་ཅན་མཚོའི་གོ་འཕང་ལ་དཀའ་བ་མེད་པར་འགོད་ནུས་པའི་ཆེད་དུ་བསྔོ་བ་དང་སྨོན་ལམ་ཟབ་མོ་ཐུགས་ལ་འདོགས་པར་ཞུ་ལགས། ཞེས་དང་། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །སོགས་དང་། ཨོ་རྒྱན་སངས་རྒྱས་གཉིས་པ༴ ས་ལ་འོག་མིན༴ མདོ་སྔགས་ལུང་རྟོགས༴ ཐུབ་བསྟན་ཡོངས་སུ་རྫོགས་པའི་ལུས་གཅིག་པུ། །སྔོན་མེད་མཛོད་ཆེན་ལྔ་ཡི་རིང་ལུགས་དང་། །འཇམ་དཔལ་དགྱེས་པའི་རིགས་ལམ་སེང་གེའི་སྒྲས། །ཕྱོགས་དུས་འཇིག་རྟེན་ཀུན་ན་ཁྱབ་གྱུར་ཅིག །རྒྱལ་བ་ཀུན་གྱི་ཉེ་ལམ༴ སྟོན་པ་འཇིག་རྟེན༴ བསླབ་པ་གསུམ་ལྡན༴ བསོད་ནམས་འདི་ཡིས༴ འཇིག་རྟེན་བདེ་ཞིང་༴ ཉིན་མོ་བདེ་ལེགས་སོགས་ཇི་ལྟར་རིགས་པའི་ཤིས་བརྗོད་ཀྱིས་མཐའ་བརྒྱན། འདི་ཉིད་ཉིན་གྲངས་སམ་ཇ་སྐབས་སོ་སོར་ཕྱེ་ན། དང་པོར་ཕུན་སུམ་ཚོགས་པ་ལྔ་ཙམ་དང་། གཉིས་པར་བྱང་སེམས་ཡན་དང་། གསུམ་པར་ཡོ་ག་ཡན། བཞི་པར་མ་ཧཱ་ནས་བཟུང་མཐར་ཆགས་བྱ། ཉིན་གཉིས་ལྟ་བུ་ཡིན་ན། སྔ་ཉིན་ཀུན་འབྱུང་འདྲེན་པའི་མཇུག་ཡན་ཆོད་དང་། ཕྱི་ཉིན་དཀའ་ཐུབ་རིག་བྱེད་ནས་བཟུང་སྔགས་ཕྱི་ནང་རྫོགས་པར་བཤད། གང་ལྟར་ཡང་གནས་སྐབས་ཀྱི་མཚམས་སྦྱོར་དང་། བར་སྐབས་བསྔོ་སྨོན་ཤིས་བརྗོད་སོགས་ཇི་ལྟར་འཚམ་པ་འཕྲུལ་ཤེས་པར་བྱའོ། །སྨྲས་པ། བུང་བ་པདྨའི་ཚལ་ན་རྒྱུ་བ་བཞིན། །ལེགས་བཤད་གཏམ་གྱིས་མགྲིན་པ་བརྒྱན་བྱས་པའི། །བློ་གསལ་བློ་ལྡན་ཚོགས་དབུས་གཟེངས་བསྟོད་ནས། །བག་ཕེབས་རོལ་བའི་དགའ་སྟོན་འདི་ཀོ་རྨད། །མཁས་པ་རྣམས་ནི་ལེགས་བཤད་གཏམ་གྱིས་མཚོ། །བཙུན་པ་རྣམས་ནི་རྣམ་དག་ཁྲིམས་ཀྱིས་ཏེ། །ས་གཞི་སྐྱོང་དག་རང་སྲིད་དཔལ་དང་ནི། །ཕལ་དག་རང་རང་བྱ་བའི་ལས་ཀྱིས་སོ། །དེ་སླད་གཏམ་གྱི་སྦྱོར་བ་འདི་ཉིད་ཀྱང་། །བློ་གསལ་མགྲིན་པའི་རྒྱན་དུ་རྟག་གནས་ནས། །མཁས་མང་དགྱེས་པའི་མཆོད་སྤྲིན་ཉིད་གྱུར་ཏེ། །ངག་ལ་གསུང་གི་བདེན་ཚིག་འགྲུབ་གྱུར་ཅིག །ཅེས་པའང་བློ་གསལ་དོན་གཉེར་ཅན་གྱིས་བསྐུལ་ངོར། འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་བྲིས་པ་དགེ། །།


previousསྔ་འགྱུར་ཐེག་དགུའི་ཚོགས་བཤད་མདོར་བསྡུས་ནོར་བུའི་ཏམྦུ་ར།next