Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཅིག་པ།


   
   
   
   
   
   
   
   
རྒྱུད་བཤད་སྐབས་ཉེར་མཁོའི་དམ་ཚིག་གི་རྣམ་གྲངས་འཛིན་བདེ།
   
   
   


 
previousརྒྱུད་བཤད་སྐབས་ཉེར་མཁོའི་དམ་ཚིག་གི་རྣམ་གྲངས་འཛིན་བདེ།next

རྒྱུད་བཤད་སྐབས་ཉེར་མཁོའི་དམ་ཚིག་གི་རྣམ་གྲངས་འཛིན་བདེ།

༄༅། །རྒྱུད་བཤད་སྐབས་ཉེར་མཁོའི་དམ་ཚིག་གི་རྣམ་གྲངས་འཛིན་བདེ་བཞུགས། །ན་མོ་གུ་རུ་བཛྲ་པཱ་ཎི་ཡེ། འདིར་སྙིང་པོའི་རྒྱུད་བཤད་སྐབས་ཉེར་མཁོ་དམ་ཚིག་གི་རྣམ་གྲངས་བློ་ལ་འཛིན་རྒྱུར། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱི་རྩ་བ་སྨིན་བྱེད་ཀྱི་དབང་དང་། དེའི་སྲོག་དམ་ཚིག་ལ་ཐུག་པས། རྒྱུད་སྡེ་གོང་འོག་དང་། སྔགས་གསར་སྙིང་གི་དགོངས་པ་མཐའ་ཡས་མོད། འདིར་སྒྱུ་འཕྲུལ་གསང་བ་སྙིང་པོའི་བསྟན་དོན་ཅུང་ཟད་བཤད་ན། སྤྱིར་སློབ་དཔོན་སྒེག་པ་རྡོ་རྗེ། དམ་ཚིག་གི་ངོ་བོ། རྣམ་གྲངས། སྲུང་ཐབས། ཉམས་པའི་རྒྱུ། ཉམས་པའི་རྟགས། ཉམས་པའི་སྐྱོན། མ་ཉམས་པའི་ཡོན་ཏན། བསྐང་བའི་ཐབས། ཁེ་ཉན་གྱི་དཔེ། མདོ་བཞི་བཅས་སྤྱི་སྡོམ་བཅུའི་སྒོ་ནས་དམ་ཚིག་གསལ་བཀྲར་གསུངས་ཀྱང་། འདིར་བསྡུས་པའི་དབང་དུ་བྱས་ཏེ། ངོ་བོ། ངེས་ཚིག དབྱེ་བ། བསྲུང་ཚུལ། ཆེ་ཡོན་བཤད་པ་དང་ལྔ་ལས། དང་པོ་ངོ་བོ་ནི། རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོངས། །རྨི་ལམ་དུའང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་གསུངས་པས། གང་བསྲུང་བྱའི་དམ་ཚིག་རྣམས་ལས་ནམ་ཡང་མི་འདའ་བར་སྡོམ་བྱེད་ཀྱི་སེམས་པ་རྒྱུན་ཆགས་པ། གཉིད་དང་སེམས་གཡེང་བ་ལ་སོགས་པའི་སྐབས་སུའང་སྡོམ་པའི་ས་བོན་དང་བཅས་པའོ། །གཉིས་པ་ངེས་ཚིག་ནི། ས་མ་ཡའི་སྒྲ་ལས། དངོས་སུ་ཡལ་གམ་བཅས་པའི་ཐ་ཚིག་ལ་འཇུག་སྟེ། སྔོན་རང་གིས་ཇི་ལྟར་དམ་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དམ་ཚིག་ཞེས་བྱ་སྟེ། ཀུན་འདུས་ལས། འདའ་དཀའ་རྡོ་རྗེའི་དམ་ཚིག་གཏན་གྱི་གཉེར། །ཞེས་དང་། ཧེ་རུ་ཀ་འདུས་པ་ལས། མི་འདའ་དམ་པ་མཆོག་གྱུར་པ། །འདས་པར་གྱུར་ན་ཚིག་པར་བཤད། །ཅེས་སོ། །གསུམ་པ་དབྱེ་བ་ལ། དབྱེ་གཞི་དངོས་ཀྱི་རྣམ་གྲངས་དང་། དེ་ལས་ཕྱི་པའི་རྣམ་གྲངས་གཉིས། དང་པོ་ལ། རྩ་བ་དང་ཡན་ལག་གཉིས་ལས། དང་པོ་ནི། རྩ་རྒྱུད་གསང་བ་སྙིང་པོ་ལས། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་དག་རྩ་བ་ལྔ་རྣམས་ཏེ། །སྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་གསུངས་པ་ལྟར་ལྔ་ལས། དང་པོ་བླ་མེད་མི་སྤང་བ་ནི། ཡུལ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་ཟབ་མོ་རྟོགས་ནས། སྒོ་གསུམ་ལྷ་ཡི་སྐུ་གསུམ་ཐུགས་ལས་མི་འདའ་བར་བྱེད་པ་སྟེ། འདིའི་དོན་ཅུང་ཟད་བཀྲོལ་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སེམས་དང་ཡེ་ཤེས་ཀྱི་རང་སྣམ་ཙམ་ལས་གཞན་དུ་མ་དམིགས་ལ། དེའི་རྩ་བ་རིག་པ་བྱང་ཆུབ་ཀྱི་སེམས་ཡེ་ནས་འཆིང་གྲོལ་ལས་འདས་པ། དབྱིངས་དང་ཡེ་ཤེས་འབྲས་བུའི་དོན་དམ་སྟེ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པ་ལྷག་པའི་དོན་དམ་བདེན་པ་དང་། དེ་ལས་ཤར་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་སྐུ་དང་ཡེ་ཤེས་ཀྱི་རོལ་པར་ཡེ་ནས་གནས་པ་ལྷག་པའི་ཀུན་རྫོབ་སྟེ། བདེན་པ་དེ་གཉིས་ཀྱང་སྣང་སྟོང་ཕྱོགས་རེ་བ་མ་ཡིན་པར། ངོ་བོ་གསེར་དང་གསེར་གྱི་སེར་པོ་དང་། གཡུ་དང་གཡུའི་སྔོན་པོ་བཞིན་དུ་དབྱེར་མེད་མཉམ་པ་ཉིད་དུ་གནས་པ་ནི་ལྷག་པའི་བདེན་པ་དབྱེར་མེད་ཅེས་བྱ། དེ་ཡང་ཐ་སྙད་ཙམ་དུ་དབྱེར་མེད་དུ་བརྗོད་ཀྱང་དེར་འཛིན་གྱི་བསམ་བརྗོད་ཐམས་ཅད་ཀྱི་ཡུལ་ལས་འདས་པས་སྤྱོད་ཡུལ་དང་བྲལ་བ་ཞེས་བྱ། དེ་ལྟ་བུའི་རང་སེམས་ཀྱི་ཆོས་ཉིད་གདོད་མ་ནས་རྣམ་པར་དག་པ་དེ་ནི་སངས་རྒྱས་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཆོས་ཀྱི་སྐུ་བདེ་བར་གཤེགས་པའི་སྙིང་པོ་སྟེ། སེམས་ཅན་ནས་སངས་རྒྱས་ཀྱི་བར་རང་བཞིན་འགྱུར་མེད་དུ་བཞུགས་པ་ནི་གནས་ལུགས་ཡང་དག་པའི་དཀོན་མཆོག་གསུམ་གྱི་རང་བཞིན་གང་བསྒྲུབ་བྱའི་ལྷ་དང་བླ་མ་སྔགས་དང་ཕྱག་རྒྱ་སོགས་ཐམས་ཅད་དེའི་ངང་དུ་འདུ་ཞིང་དེ་ལས་མ་འདས་ཏེ། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་དང་། དཔལ་རོང་ཟོམ་པ་ཆེན་པོས་ཀྱང་། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། །དེ་རྩོལ་བླ་མ་དེ་རྒྱ་ལྷག་པའི་ལྷ། །དེ་དབང་སྤྲུལ་པའི་འཁོར་ལོར་བཅས་པ་ལ། །ཞེས་གསུངས། དེ་ཉིད་རྟོགས་པ་དང་ཐོབ་པ་ལས་གོང་དུ་གྱུར་པའི་ལམ་དང་འབྲས་བུའི་ཆོས་གཞན་མི་སྲིད་པས་བླ་ན་མེད་པའི་སྒྲས་བསྟན། དེ་ལྟ་བུའི་བདེན་གཉིས་དབྱེར་མེད་ཀྱི་བྱང་ཆུབ་ཀྱི་སེམས་དེ་ཤེས་འཇུག་གི་སྦྱོར་བས་རང་རྒྱུད་ལ་བཟུང་ཞིང་མི་སྤང་བར་དམ་བཅའ་བ་སྟེ། ཇི་ལྟར་བཟུང་ཚུལ་ཡང་། སྨོས་མ་ཐག་པའི་བདེན་གཉིས་དབྱེར་མེད་ཀྱི་དོན་ལྟ་བས་གཏན་ལ་ཕབས་ནས་རང་བཞིན་ཡོངས་ཤེས་ཀྱི་རྫོགས་རིམ་གྱི་ངང་དེ་ལས་མ་གཡོས་པར་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བསྒོམ་ཞིང་། སྣང་སྤྱོད་ཐམས་ཅད་ཡེ་ཤེས་ཆེན་པོའི་རོལ་པར་ལམ་དུ་ཁྱེར་བ་སྟེ། དེ་ལྟར་ཤེས་ཤིང་ནུས་ན། གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་ས་མ་ཡ་འབུམ་སྡེའང་དེའི་ནང་དུ་འདུ་སྟེ། པཎ་ཆེན་པདྨ་དབང་གི་རྒྱལ་པོས། མདོར་ན་རང་ལུས་རྡོ་རྗེ་གསུམ་ཤེས་ན། །སྔགས་ཀྱི་དམ་ཚིག་ས་ཡ་འབུམ་སྡེ་ཚང་། །ཞེས་གསུངས། རྒྱུ་དེས་དོན་དམ་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་གཉིས་ཀྱང་བཟུང་བར་འགྱུར་ཏེ། དོན་དམ་མཐར་ཐུག་གནས་ལུགས་དག་མཉམ་བདེན་པར་དབྱེར་མེད་བཟུང་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་རྒུད་པ་ལས་སྐྱོབ་པའི་དོན་དུ་བདག་ཉིད་སངས་རྒྱས་སུ་འགྲུབ་པའི་བསམ་སྦྱོར་མི་གཏོང་བ་ནི་ཀུན་རྫོབ་སེམས་བསྐྱེད་ཡིན་པས། འདིར་མཐའ་ཡས་པའི་སེམས་ཅན་གྱི་དོན་རྟག་ཁྱབ་ཏུ་མཛད་པའི་སངས་རྒྱས་ཉིད་འགྲུབ་ངེས་པར་མཐོང་བས། དེ་ལས་ཕྱིར་ཕྱོགས་པ་དང་སེམས་ཞུམ་པ་དང་འཁོར་བར་སྐྱོ་བ་སོགས་དམན་ལམ་ཡིད་བྱེད་ཀྱི་དྲི་མ་གཏན་ཁེགས་སུ་འགྱུར་བས་རྒྱུ་མཚན་ཉིད་ཀྱི་ཐེག་པའི་སེམས་བསྐྱེད་ལས་ཁྱད་པར་དུ་འཕགས་སོ། །དེའི་ཕྱིར་ལྟ་བ་དེ་ལྟ་བུ་དང་ལྡན་པ་ལ་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སྔགས་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་ལྟ་བུ་རང་རྒྱུད་ལ་བཟུང་ན་སྲིད་ཞིའི་རྒུད་པ་ཀུན་གྱི་ཕྱོགས་འཇོམས་པའི་ནུས་པ་དང་ལྡན་པའི་ཕྱིར། སྔགས་ཀྱི་དེ་ཁོ་ན་ཉིད་ལ་ཞུགས་པའི་གང་ཟག་ལས་དང་པོ་པའང་ཕྱིར་མི་ལྡོག་པའི་བྱང་སེམས་དང་སྐལ་བ་མཉམ་པར་གསུངས་ཏེ། རྡོ་རྗེ་རྩེ་མོ་ལས། ཇི་སྲིད་ས་བརྒྱད་མ་ཐོབ་བར། །དེ་སྲིད་ཐེག་པ་དམན་པས་འཇིགས། །གསང་ཆེན་ཐེག་པ་འདི་རུ་ནི། །གཞུག་པ་གང་དང་གང་ཡིན་པ། །དེ་ནི་རྒྱལ་སྲས་ས་པའོ། །ཞེས་སོ། །འདི་ལྟ་བུའི་རང་བཞིན་ཡོངས་ཤེས་ཀྱི་ལྟ་བའི་དམ་ཚིག་གི་རྩིས་ཟིན་ན་ཉོན་མོངས་པ་དང་། ལས་སོགས་གང་གིས་ཀྱང་གོས་པར་མི་འགྱུར་ཏེ། རྒྱུད་ལས། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་ལས་རྣམས་ཀུན་སྤྱད་ཀྱང་། །བྱས་ལ་མི་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་གསུང་། འདིར་འོག་མའི་འདུལ་སྡོམ་སོགས་ཀུན་ཀྱང་ཚང་ཞིང་རྣམ་པར་དག་པའང་། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་སོ། །ཐབས་ཤེས་ཁྱད་པར་ཅན་འདི་ལྟ་བུས་ཟིན་པའི་ལམ་ཀུན་ནི་བླ་མེད་རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོ་ཡིན་གྱི། དེ་ལས་གཞན་དུ་གྱུར་པ་རྣམས་ནི་ལམ་གྱི་གཟུགས་བརྙན་དུ་འགྱུར་བས། རྒྱུད་དོན་གྱི་དངོས་པོ་བཅུ་སོགས་ཐམས་ཅད་འདིའི་སྟེང་དུ་གནད་དྲིལ་ནས་ཉམས་སུ་ལེན་ཤེས་པ་གལ་ཆེའོ། །མདོར་ན་དམ་ཚིག་གསལ་བཀྲ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང་། །སྣང་སྟོང་དབྱེར་མེད་རྡོ་རྗེའི་སྐུ། །བྱས་མཐོང་ཟོས་པ་ཐམས་ཅད་ཀྱང་། །སེམས་ཕྱིར་གང་ཡང་བྱས་སྣང་མེད། །དུས་གསུམ་རྒྱུན་དུ་མ་དྲན་ན། །ཐེག་ཆེན་སྔགས་པར་ཅི་ཡིས་ཚུད། །ཅེས་དང་། རྒྱུད་ལས། མཉམ་ལ་མཉམ་པར་སྦྱོར་བ་ཡི། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །འདས་ན་སངས་རྒྱས་མ་ཡིན་ནོ། །ཞེས་གསུངས། འདི་གལ་ཆེ་བས་ཅུང་ཟད་བཀྲོལ་ནས་བཤད་པ་ཡིན་ལ། གཉིས་པ་བླ་མ་བཀུར་བ་ནི། ཡུལ་ཀུན་གྱིས་དམ་པར་བཀུར་ཞིང་བཀའ་དྲིན་ཅུང་ཟད་ཐོབ་པ་སྤྱི་དང་། རབ་བྱུང་གི་མཁན་པོ་ལྟ་བུ་འདྲེན་པའི་དང་། དམ་ཚིག་འབོག་ཅིང་དབང་བསྐུར་བ་པོ་དམ་ཚིག་དབང་གི་དང་། བཤགས་ཡུལ་དུ་གྱུར་པ་ཉམས་ཆག་སྐོང་བའི་དང་། ཆོས་འཆད་པའི་སློབ་དཔོན་ལྟ་བུ་ཤེས་རྒྱུད་འགྲོལ་བའི་དང་། ཟབ་ཁྲིད་སོགས་མན་ངག་སྟོན་ཅིང་ལུས་འབོག་པ་པོ་མན་ངག་ལུང་གི་སློབ་དཔོན་ཏེ། གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་བསྐང་དང་ཤེས་རྒྱུད་འགྲོལ། །མན་ངག་ལུང་གི་སློབ་དཔོན་དྲུག །ཅེས་སོ། །དེ་རྣམས་བཀུར་ཚུལ་ཡང་རིམ་པ་བཞིན་དུ། ཡུལ་ལ་དབང་བའི་རྒྱལ་པོ་དང་། །ཁུ་བོ་ཕ་དང་མ་དང་མིག །སྙིང་བས་ལྷག་པའི་ཚུལ་གྱིས་སོ། །ཞེས་གསུངས། ཁྱད་པར་དུ་དབང་བསྐུར། རྒྱུད་བཤད། མན་ངག་ནོད་པ་གསུམ་ནི་བཀའ་དྲིན་གསུམ་ལྡན་གྱི་བླ་མ་ཡིན་པས། སངས་རྒྱས་ལས་ཀྱང་ལྷག་པའི་མོས་གུས་ཀྱིས་རབ་བསྒྲུབ་པ། འབྲིང་ཞབས་ཏོག ཐ་མ་ཟང་ཟིང་གི་སྒོ་ནས་ཅི་མཉེས་དང་ཐུགས་ཅི་ཟིན་བྱ། གསུང་གི་ཟུར་ཡང་མི་བཅག་བསྐྱེད་རྫོགས་སོགས་གང་སྒོམ་ཡང་བླ་མའི་སྐུ་གསུམ་ཐུགས་རྡོ་རྗེའི་རང་བཞིན་དུ་ཤེས་པར་བྱ་དགོས་ཏེ། རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་གཅིག་པུར་མ་ཟད། ཁེ་ཉན་ཤིན་ཏུ་ཆེ་བས་དམ་ཚིག་གི་གཞུང་ཆེན་པོ་གཞན་རྣམས་ནས་ཀྱང་རྩ་བའི་ལྟུང་བ་དང་པོ་དེར་འཇོག་པར་མཛད་པ་ཡིན་ནོ། །གསུམ་པ་སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་ལ། གཉིས་ཀྱི་སྔགས་ལ། ངོ་བོ་ནི་ཐབས་ཤེས་ཀྱི་ཡི་གེ་ཨཱ་ལི་ཀཱ་ལིར་འདུས་ཤིང་གྲུབ་པ་བཞིའི་བྱིན་གྱིས་བརླབ་པའི་ནུས་མཐུ་ཅན་དུ་གྱུར་པ་སྟེ། གྲུབ་པ་བཞི་ནི། ཆོས་ཉིད་ངོ་བོས་གྲུབ་པ་ཡི་གེ་ཐམས་ཅད་སྟོང་ཆེན་མཉམ་པ་ཉིད་ཀྱི་ངོ་བོ་ཅན་དུ་ཡེ་ནས་གྲུབ་པ། ཆོས་ཅན་རང་བཞིན་གྱིས་གྲུབ་པ་རང་རང་ངོ་བོ་ཐུན་མོང་མིན་པར་སྣང་བའི་རང་བཞིན་བསླུ་མེད་དུ་གྲུབ་པ། བྱིན་གྱིས་བརླབས་ཀྱིས་གྲུབ་པ་སངས་རྒྱས་རྣམས་ཀྱི་ཡི་གེ་གཅིག་ནས་མང་པོའི་རབ་གྱི་སྔགས་རྣམས་སུ་ཡེ་ཤེས་ཉིད་རྣམ་པར་འཕྲུལ་བ་ལས་གྲུབ་པ། ནུས་པའི་མཐུས་གྲུབ་པ་སྨན་དང་ནོར་བུ་བཞིན་དུ་སྔགས་དེ་དག་ལ་དངོས་གྲུབ་སྒྲུབ་པའི་ནུས་པ་ཐོགས་མེད་མི་བསླུ་བར་ཡོད་པའོ། །ངེས་ཚིག་ནི་མཎྟྲའི་སྒྲ་ལས་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པའི་དོན་གྱིས་སྔགས་སོ། །དབྱེ་ན་གསང་སྔགས་རིགས་སྔགས་གཟུང་སྔགས་གསུམ་དུ་དབྱེ་བ་སོགས་ཡོད་ཀྱང་། འདིར་རྩ་བ་བསྐྱེད་དང་ལས་སྔགས་དང་། ཞེས་པ་ལྟར་གསུམ་ལས། རྒྱུ་མ་ནོར་བ་རྩ་བའི་སྔགས། གཞལ་ཡས་ཁང་བསྐྱེད་པའི་ས་བོན་བྷྲཱུྃ་ཡིག་དང་། ལྷ་བསྐྱེད་པ་ལ་ཞི་བར། ཨ་ཀ་ཁ་ག་གྷ་ང་སོགས་ཡི་གེ་འཁོར་ལོའི་ས་བོན་དང་། ཧཱུྃ་མཱུྃ་སོགས་རིགས་ཀྱི་ས་བོན་གཉིས། ཁྲོ་བོ་ལ། ཧཱུྃ་ཧ་ཧེ་ཕཊ་བྷྱོ་ཞེས་པའོ། །བསྐྱེད་པ་རྐྱེན་གྱི་སྔགས། ས་བོན་བོར་བའི་བསྐྱེད་སྔགས་རྐྱང་པ་སྟེ། བཛྲ་དྷྲཱིཀ྄་སོགས་དང་། བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ་སོགས་སོ། །བཟླས་པ་ལས་ཀྱི་སྔགས་རྩ་སྔགས་བསྐྱེད་སྔགས་སྦྲེལ་ནས་ཛབ྄་ཏུ་བཟླ་བའོ། །དེ་ཉིད་རྫོགས་རིམ་དང་སྦྱར་ན། ཆོས་སྐུ་བདེ་ཆེན་གྱི་ཐིག་ལེ་གདོད་ནས་རང་ཆས་སུ་བཞུགས་པ་རྒྱུ་མ་ནོར་བ་རྩ་བའི་སྔགས། དེ་ལ་གནད་དུ་བསྣུན་པའི་ཐབས་ཀྱི་བྱེད་རྩོལ་ནི་བསྐྱེད་པ་རྐྱེན་གྱི་སྔགས། དེ་བཟླ་ཞིང་སྒོམ་པ་ལས་ཀྱི་སྔགས་སོ། །ཕྱག་རྒྱ་ལ། ངོ་བོ་རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ལྷའི་སྐུར་གསལ་བ་ལས་མི་འདའ་བ། ངེས་ཚིག་མུ་དྲའི་སྒྲ་ལས་འདེབས་ཤིང་མཚོན་པར་བྱེད་པའམ། ཕྱག་རྒྱ་བཞིས་རྒྱས་བཏབ་པ་ལས་འདའ་བར་དཀའ་བའི་ཕྱིར་ཕྱག་རྒྱའོ། །དབྱེ་ན་སྤྱིར་རྟོག་ཚོགས་ཡེ་ནས་ལྷའི་དཀྱིལ་འཁོར་དུ་གནས་པ་རང་བཞིན་གྱི་ཕྱག་རྒྱ། དེའི་དོན་ལ་ཤེས་རབ་ཀྱི་མིག་གིས་བལྟ་ཞིང་སྒྲོ་འདོགས་གཅོད་པ་ལྟ་བའི་ཕྱག་རྒྱ། རང་འབྲས་མངོན་དུ་གྱུར་པ་འབྲས་བུའི་ཕྱག་རྒྱ་སྟེ་གསུམ་དང་། བྱེ་བྲག་ལྷག་པ་ཏིང་ངེ་འཛིན་གྱི་དབང་དུ་བྱས་ན། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་གསུངས་པས། རང་ལུས་ལྷའི་སྐུར་གསལ་བ་སྐུ་ཕྱག་ཆེན། ཐུགས་ཀ་སོགས་རང་རང་གི་ས་བོན་བསམ་ཞིང་ཚིག་ངག་ཏུ་བརྗོད་པ་གསུང་ཆོས་རྒྱ། ཕྱག་མཚན་འཛིན་པའི་ཕྱག་རྒྱ་བཅའ་ཞིང་དེ་ལྟར་བསམ་པ་ཐུགས་དམ་རྒྱ། ཕྱག་རྒྱ་བཅས་ནས་མདུན་དུ་བསྒྱུར་ཞིང་དགྲོལ་བ་དང་དོན་དམིགས་པ་ཕྲིན་ལས་ལས་རྒྱ་སྟེ། ཕྱི་མ་གསུམ་ལ་བཅའ་བསམ་སོགས་གཉིས་རེར་ཕྱེས་པས་ཕྱག་རྒྱ་བདུན་རྫོགས་སུའང་འགྱུར་རོ། །དེ་ཉིད་རྫོགས་རིམ་དང་སྦྱོར་ན། སྟེང་སྒོ་གཏུམ་མོའི་ཙཎྜ་ལི་ནི་དམ་ཚིག་གི་ཕྱག་རྒྱ། འོག་སྒོ་ཕྱག་རྒྱ་གསུམ་ནི་ལས་ཀྱི་ཕྱག་རྒྱ། སྒྱུ་ལུས་སྙིང་རྗེ་ཆེན་པོ་ཆོས་ཀྱི་ཕྱག་རྒྱ། རྣམ་པར་མི་རྟོག་པ་རང་བཞིན་གྱི་ཡེ་ཤེས་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་གཉིས་རྒྱུན་མི་བཅད་པར་ཇི་ལྟར་བཟུང་བའི་ཚུལ་ནི། རབ་ཀྱིས་ཆུ་བོའི་རྒྱུན་བཞིན་ནམ། །ཉིན་གསུམ་མཚན་གསུམ་གཉིས་གཅིག་ཏུ། །མ་ཡེངས་ཙམ་དུ་ངང་གིས་བཟླ། །འབྲིང་གི་ཟླ་གཅིག་དུས་དྲུག་དང་། །དུས་བཞིའི་བར་དུ་མི་བཅད་ཅིང་། །ཐ་མ་བྱ་བའི་རྣལ་འབྱོར་པས། །ཟླ་རེའམ་ར་བའི་དུས་དག་ཏུ། །བརྩོན་པས་འབད་དེ་མི་བྱེད་ན། །བྱང་ཆུབ་ས་བོན་བརླག་པ་ཡིན། །ཚོགས་དང་གཏོར་མའང་དེ་བཞིན་ཏེ། །ཐ་ན་ལོ་ཟླར་མི་འདའ་འོ། །ཞེས་གསུངས་པ་བཞིན་ནོ། །བཞི་པ་མཆེད་ལ་བྱམས་པ་ནི། །མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་ཡང་བདག་ལས་གཞན་མིན་དང་། བདེ་གཤེགས་སྙིང་པོའི་སྤུན་ཡིན་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ནི། །སྤྱི་ཡི་མཆེད་དེ་ཕ་ཚན་བཞིན། །སངས་རྒྱས་ཆོས་ཞུགས་རིང་བ་དང་། །ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་པ། །ཞེས་པས་སྤྱིའི་མཆེད་སེམས་ཅན་ཐམས་ཅད། རིང་བའི་མཆེད་བསྟན་པ་ལ་ཞུགས་སོ་ཅོག ཉེ་བའི་མཆེད་སྔགས་ཀྱི་ཐེག་པར་ཞུགས་པ། འདྲེས་པའི་མཆེད་བླ་མ་གཅིག་གིས་བསྡུས་པ་ཕ་གཅིག་པའི་སྤུན་དང་། དེའི་ཤུགས་ཀྱིས་དཀྱིལ་འཁོར་གཅིག་གིས་བསྡུས་པ་མ་གཅིག་གི་སྤུན་ལྟ་བུ་སྟེ། དེ་ལས་ཕྱི་མ་གསུམ་ནི་ཡང་དག་ལམ་དུ་ཞུགས་པའི་མཆེད་ཐུན་མིན་ཏེ། འདི་ནས་བྱང་ཆུབ་ཀྱི་བར་དུ་མེ་མར་དང་སྡོང་བུ་བཞིན་དུ་འགྲོགས་དགོས་པས། ཐ་ན་རྩེད་མོ་ཙམ་དུའང་ངན་སེམས་དང་དཔྱ་སེམས་སོགས་མི་བྱ་ཞིང་། རྟག་ཏུ་ཕན་འདོགས་པའི་ལྷག་བས མ་གྱིས་བརྩེ་གདུང་རྒྱུན་མི་ཆད་པར་བྱའོ། །ལྔ་པ་གསང་བ་མི་སྨྲ་བ་ནི། གང་ལ་གསང་བའི་ཡུལ། དམ་ཉམས་དམ་ལས་ལོག་པ་དང་། །དམ་མེད་དཀྱིལ་འཁོར་མ་མཐོང་དང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། ཞེས་སོ། །ཇི་ལྟར་གསང་བའི་ཚུལ། སྤྱིར་གསང་སྔགས་ཀྱི་ཚིག་དོན་སོགས་སྣོད་མ་ཡིན་པ་ལ་གསང་བར་བྱ་བ་སྟེ། གང་གསང་བའི་དངོས་པོ། སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། །ཞེས་སོ། །དེ་ལས་སྤྱི་གསང་བཞི་ནི། ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷའི་མིང་གཟུངས་དང་གྲུབ་རྟགས་གསང་། །ཞེས་པས། ལྟ་ཟབ་ནི་ཐེག་དམན་སོགས་བློ་དམན་པ་དང་། སྤྱོད་པ་ནི་འདྲེས་པ་རྣམས་དང་། ཡི་དམ་གྱི་ལྷ་སྔགས་གྲུབ་རྟགས་ནི་མ་འདྲེས་པ་ལ་བསྟན་ན་དམ་ཚིག་ཉམས། འདྲེས་པར་བསྟན་ནའང་དངོས་གྲུབ་ཉམས་པའི་རྒྱུར་གསུངས་པས་ཐམས་ཅད་དུ་གསང་བར་བྱའོ། །བར་གསང་བཞི་ནི། བསྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་སྒྲུབ་པ་བྱ། །ཞེས་གསུངས་པས་དེ་བཞི་པོ་སྒྲུབ་པ་ཐོན་པའི་བར་དེ་སྲིད་དུ་གསང་དགོས་ཏེ་མ་གསང་ན་དངོས་གྲུབ་འཕྲལ་དུ་ཐོབ་པ་ལ་གེགས་བྱེད། གསང་བར་འོས་པ་ནི། གཞན་མ་དད་པ་སྐྱེ་བར་འགྱུར་བའི་རྫས་དང་སྤྱོད་པ་ཐམས་ཅད་དང་། གསང་བར་གཉེར་གཏད་པ་ནི། སློབ་དཔོན་དང་མཆེད་ཀྱིས་གསང་བར་གདམས་པ་སྟེ། ཞི་རྒྱུད་ལས། གཞན་ཡང་སློབ་དཔོན་མཆེད་ལྕམ་གྱིས། །གསང་བར་བསྒྲགས་དང་གནས་སྐབས་སུ། །དེ་ལྟར་འོས་པ་ཤིན་ཏུ་གསང་། །ཞེས་སོ། །དེ་དག་གཞན་ལ་སྟོན་པ་དང་སྨྲ་བར་བྱ་བ་མ་ཡིན་ནོ། །འདི་ལྔ་ནི་ལྗོན་ཤིང་གི་རྩ་བ་ལྟར་ཡོན་ཏན་གྱི་རྟེན་གཞི་ཡིན་པས་རྩ་བ་ལྔ་ཞེས་བྱ་སྟེ། དེ་ལས་བྱང་སེམས་དང་སྔགས་རྒྱ་གཉིས་སྒྲུབ་པའི་དམ་ཚིག གཞན་གསུམ་བསྲུང་བའི་དམ་ཚིག་དང་། ཡང་རྩ་བ་གསུམ་དུ་བསྡུ་ན། བླ་མ་དང་མཆེད་ལ་སྲུང་བ་སྐུ། སྔགས་རྒྱ་གསུང། གསང་བ་དང་བྱང་སེམས་གཉིས་ཐུགས་གྱི་དམ་ཚིག་ཏུ་འདུ་བ་ཡིན་ནོ། །གཉིས་པ་ཡན་ལག་གི་དམ་ཚིག་ལ། མི་སྤང་པ་ལྔ་དང་། མི་དོར་བ་ལྔ་ལས། དང་པོ་ནི། རྩ་རྒྱུད་ལས། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ། །ཞེས་གསུངས་ཏེ། འདི་ལ་དབྱེ་ན། གསལ་བཀྲ་ལས། ཡང་དག་དུག་ལྔ་ལོག་དུག་ལྔ། །ཞེས་པས་ཡང་ལོག་གཉིས་ཀྱི། ཡང་དག་པའི་དུག་ལྔ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་ལྟ་བ་ལ་ཕྱོགས་རིས་དང་སྤྱོད་པ་ལ་བླང་དོར་གྱིས་འབྱེད་པ་མེད་པའི་གཏི་མུག དམིགས་མེད་ཀྱི་སྙིང་རྗེས་འགྲོ་ལ་ཆགས་པའི་འདོད་ཆགས། རིག་པ་ཡེ་ཤེས་ཀྱིས་ལོག་རྟོག་འཇོམས་པའི་ཞེ་སྡང་། མཉམ་ཉིད་ཀྱི་ལྟ་བ་གཤོངས་སུ་མི་འབེབས་པའི་ང་རྒྱལ། མཉམ་ཉིད་ཀྱི་ཀློང་དུ་གཉིས་འཛིན་མི་ཤོང་བའི་ཕྲག་དོག་སྟེ། རྟོགས་གོམས་ཀྱི་སྦྱོར་བས་མི་སྤང་བའོ། །ལོག་པའི་དུག་ལྔ་མི་སྤང་བ་ནི། ཉོན་མོངས་པའི་རང་བཞིན་ཤེས་ན། སྤང་བྱའི་རྫས་མ་གྲུབ་པའི་ཕྱིར་སྨིག་རྒྱུ་ལ་ཆུ་རགས་མི་དགོས་པ་བཞིན་དང་། སྐྱེད་རྫོགས་ཟབ་མོའི་ཐབས་ཀྱིས་ཟིན་ན་མི་འཆིང་བར་རྣམ་པར་གྲོལ་བའི་ལམ་ཡིན་པའི་ཕྱིར། དཔེ་རྨ་བྱ་དུག་གིས་མི་གནོད་པ་བཞིན་དང་། ཡེ་ནས་རྣམ་སྣང་སོགས་རིགས་ལྔའི་རང་བཞིན་ཡིན་པས་མི་སྤང་སྟེ། དཔེ་སྣུམ་འདོད་པས་ཏིལ་ལ་དོ་གལ་བྱེད་པ་བཞིན་ནོ། །དེས་ཐབས་ཀྱི་ལམ་ཟབ་མོ་ལ་ངེས་ཤེས་སྐྱེ་ཞིང་ཆོས་ཉིད་ཟབ་མོ་རྟོགས་པ་ལ་བློ་མྱུར་བའི་དགོས་པ་ཡོད་དེ་ཐ་མལ་རང་མཚན་དུ་ཞེན་པས་ནི་མ་ཡིན་ནོ། །གཉིས་པ་མི་དོར་བ་ལྔ་ནི། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་པས། བྱང་སེམས་དཀར་དམར་དྲིན་ཆེན་དྲི་ཆུ་ཤ་ཆེན་གྱི་དྭངས་མ་སྟེ་ལྔ་པོ། ཅིའི་ཕྱིར་མི་དོར་ན། སྒེག་པའི་གཞུང་ལས། གྲུབ་པ་བཞི་དང་ནད་ལྔ་བསལ། །ཐུན་མོང་དགོངས་པ་ལྔ་དོན་གཉེར། །གཙང་རྨེའི་རྟོག་པ་གཞོམ་ཕྱིར་བླང་། །ཞེས་གསུངས་ཏེ། གྲུབ་པ་བཞི་ནི། ཆོས་ཉིད་ངོ་བོར་གྲུབ་པ་བདུད་རྩི་ལྔ་སོགས་གཙང་རྨེ་མེད་པར་རང་བཞིན་མཉམ་པ་ཉིད་དུ་གནས་པ་སྟེ། ཐལ་རྒྱུད་ལས། དངོས་པོ་མ་ལུས་སེམས་ཉིད་ཕྱིར། །མཚན་ཉིད་བྲལ་བ་ཆོས་ཀྱི་དབྱིངས། །ཞེས་སོ། །ཆོས་ཅན་རང་བཞིན་གྱིས་གྲུབ་པ་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་རིགས་ལྔ་ཡེ་ཤེས་ལྔ་སོགས་སུ་གནས་པ་སྟེ། རང་བཞིན་མེད་པ་ཡེ་ཤེས་ལྔ། །བྱེད་པ་མེད་པར་སྣང་བའོ། །ཞེས་སོ། །ནུས་པའི་མཐུས་གྲུབ་པ་དེ་དག་ལ་བརྟེན་ནས་མཆོག་ཐུན་གྱི་གྲུབ་གཉིས་སྒྲུབ་ནུས་པ་སྟེ། ཤེས་རབ་ཏིང་འཛིན་ཐབས་དག་གིས། །ནུས་མཐུ་ངེས་པར་འབྱིན་པར་འགྱུར། །ཞེས་སོ། །བྱིན་གྱིས་བརླབས་ཀྱིས་གྲུབ་པ་དམ་རྫས་རྣམས་སྔོན་དཔལ་ཆེན་པོས་བྱིན་གྱིས་བརླབས་པའི་དབང་གིས། དེ་ཉིད་བརྟེན་པའི་དམ་ལྡན་གྱི་སྒྲུབ་པ་པོ་རྣམས་ལ་མ་མོ་མཁའ་འགྲོ་རྣམས་དགྱེས་ཤིང་འདུ་བས་བྱིན་གྱིས་རློབ་ཅིང་སྒྲུབ་པའི་གྲོགས་མཛད་པས་དངོས་གྲུབ་མྱུར་དུ་འགྲུབ་པའི་དགོས་པ་ཡོད་དེ། འདི་ལྟའི་ལམ་ལ་གང་གནས་པ། །ཕྱོགས་དུས་ཀུན་ནས་བྱིན་གྱིས་རློབ། །ཅེས་གསུངས་པའི་ཕྱིར་རོ། །ནད་ལྔ་ཇི་ལྟར་སེལ་ན། དྲི་ཆེན་གྱིས་དུག་ནད། དྲི་ཆུས་གག་པ། རཀྟས་གྲང་བ། ཤ་ཆེན་གྱིས་མཛེ་ནད། བྱང་སེམས་ཀྱིས་ཚ་བའི་ནད་རྣམས་སེལ་ལོ། །ཐུན་མོང་གི་དགོས་པ་ནི་རང་བཞིན་གྱིས་ནུས་པ་ལྔ་ཡོད་དེ། དྲི་ཆེན་གྱིས་ཚེ་རིང་། དྲི་ཆུས་སྐད་སྙན། ཤ་ཆེན་གྱིས་མཐུ་ཆེ། རཀྟས་མདངས་གསལ། བྱང་སེམས་ཀྱིས་མི་བརྗེད་པའི་གཟུངས་ཐོབ་པའོ། །མཆོག་གི་དགོས་པ་ཡང་རིགས་དང་ཡེ་ཤེས་དང་སྐུ་ལ་སོགས་པ་ལྔ་ལྔ་འགྲུབ་སྟེ། དྲི་ཆེན་གྱིས་བུདྡྷའི་རིགས་ཆོས་དབྱིངས་ཡེ་ཤེས་ཆོས་ཀྱི་སྐུ། དྲི་ཆུས་ལས་ཀྱི་རིགས་བྱ་གྲུབ་ཡེ་ཤེས་སྤྲུལ་པའི་སྐུ། ཤ་ཆེན་གྱིས་རིན་པོ་ཆེའི་རིགས་མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། རཀྟས་པདྨའི་རིགས་སོར་རྟོག་ཡེ་ཤེས་མངོན་བྱང་། བྱང་སེམས་ཀྱིས་རྡོ་རྗེའི་རིགས་དང་མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་བོ། །དེ་ལྟར་མཆོག་ཐུན་གཉིས་སྒྲུབ་བྱེད་ཀྱི་རྫས་ཡིན་པ་དང་གཙང་རྨེའི་རྟོག་པ་གཞོམ་པའི་ཕྱིར་དང་དུ་བླང་བར་བྱ་བ་སྟེ། དེ་ལྟར་ཡན་ལག་གི་དམ་ཚིག་བཅུ་པོ་དག་པ་གསུམ་དང་མཉམ་པ་བཞིའི་དགོངས་སྤྱོད་ལས་མ་གཡོས་པའི་ངང་ནས་མི་སྤང་བ་དང་དུ་བླང་བར་བྱའོ། །གཉིས་པ་དེ་ལས་དབྱེ་བའི་རྣམ་གྲངས་ལ་གཉིས། སུམ་བརྒྱ་དྲུག་ཅུར་དབྱེ་བ་དང་། མཐའ་ཡས་པར་བསྟན་པའོ། །དང་པོ་ནི། རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཡན་ལག་དམ་ཚིག་ལྔ་ཉིད་ལས། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །ཞེས་གསུངས་ཏེ། འདི་ལ་སློབ་དཔོན་ཧཱུྃ་ཀ་ར། རྡོ་རྗེ་བཞད་པ། པད་འབྱུང་། བི་མ། ཛྙ་ན་ཀུ་མ་ར་སྟེ་བཞེད་པ་མི་འདྲ་བ་ལྔ་ཡོད་པར་བཤད་ལ། ད་ལྟའི་དུས་སུ་མཐོང་བ་སློབ་དཔོན་སྒེག་པ་རྡོ་རྗེའི་གཞུང་དམ་ཚིག་ཕྲ་རྒྱས་དང་གསལ་བཀྲ་གཉིས་ལས། སྔ་མའི་བཞེད་པ་རྩ་བ་ལ་བརྒྱ་དྲུག་ཅུ་དང་། ཡན་ལག་ཉིས་བརྒྱའི་གྲངས་སུ་དབྱེ་ཚུལ་ནི་སྤྱི་དོན་ཞལ་ལུང་དང་ཁྱད་པར་གཡུང་ཊཱིཀ་དུ་གསལ་བ་བཞིན་ལ། འདིར་གསལ་བཀྲ་ལྟར་དབྱེ་ན། རྩ་བ། ཡན་ལག ཉམས་རྒྱུ། སྤྱི་སྡོམ་བཞི་ལས། དང་པོ་རྩ་བ་ལ། བྱང་སེམས་གཉིས། སློབ་དཔོན་དྲུག མཆེད་བཞི། སྔགས་གསུམ། ཕྱག་རྒྱ་བཞི། གསང་བ་བཅུ་སྟེ། གོང་དུ་བསྟན་པ་ལྟར་ཉི་ཤུ་རྩ་དགུའོ། །ཡན་ལག་ལ་ཐུན་མིན། ཐུན་མོང་གཉིས་ལས། དང་པོ་ནི། གསལ་བཀྲ་ལས། སྤྱད་པ་ལྔ་དང་མི་སྤང་ལྔ། །དང་དུ་བླང་དང་སྒྲུབ་དེ་བཞིན། །ཤེས་བྱ་ལྔ་རྣམས་ཐུན་མིན་བཤད། །ཅེས་པས་ལྔ་ཚན་ལྔའི་དང་པོ་སྤྱད་བྱ་ལྔ་ལས། སྦྱོར་བ་ལ་ཉི་ཤུ་སྟེ་པད་ཅན། དུང་ཅན། རི་མོ་ཅན། བན་གླང་ཅན། ལྕུག་ཕྲན། སྡོང་གཅིག མེ་རེག ཕྱལ་བ་སྟེ་གཟུངས་{གཟུགས}མའི་རིས་བརྟགས་པ་བརྒྱད། མཉེན་ཅིང་དྲང་བ། སྟོད་སྨད་ཕྱེད་པ། ཡན་ལག་ཕྲ་བ། དཔྲལ་དབྱེ་ཆེ་བ། མིག་དཀྱུས་རིང་བ། སྨིན་མ་ནག་པ། ཆུ་ཞིང་རན་པ། ལུས་དག་ཅིང་ག་བུར་གྱི་དྲི་བྲོ་བ་སྟེ་མཚན་བརྟགས་པ་བརྒྱད། གསང་ཐུབ། ཤེས་རབ་ཆེ། སྤྱོད་ལམ་དལ། དད་པ་དང་ལྡན་པ་སྟེ་སྤྱོད་ལམ་བརྟགས་པ་བཞི་རྣམས་སོ། །སྒྲོལ་བ་ལ་བཅུ་བཞི་སྟེ། དཀོན་མཆོག་དང་སློབ་དཔོན་གྱི་སྐུ་དགྲ་གཉིས། དམ་ལས་ལོག་པ། མཆེད་ལ་འཁུ་བ། འདུ་བར་འོང་བ་ལ་གནོད་པ། སེམས་ཅན་ཡོངས་ལ་གནོད་པ། དམ་དགྲ་ངན་པའི་ངང་ཚུལ་ཅན་ཏེ་རྒྱུ་བདུན་དང་། འབྲས་བུ་ངན་སོང་གསུམ་བཅས་བསྒྲལ་ཞིང་བཅུ་དང་། སྒྲལ་མཁན། བསྒྲལ་ཐབས། དགོས་ཆེད། ཐེག་འོག་གི་རྩོད་སྤང་དང་བཞི་བཅས་སམ། ཡང་ན་བསྒྲལ་ཞིང་ལ། དཀོན་མཆོག་གསུམ་སློབ་དཔོན་མཆེད་བཅས་ཀྱི་སྐུ་དགྲ་ལྔ་དང་། དམ་དགྲ་དང་ངན་པའི་ངང་ཚུལ་སོ་སོར་དབྱེ་བའི་མི་བཅུ་གཅིག ངན་སོང་གསུམ་དང་བཅུ་བཞིའོ། །མ་བྱིན་ལེན་པ་ལ་བཅུ་བདུན་ཏེ། ཞིང་བཅུའི་ནོར་བཅུ། གཟུངས་མ། བཀྲ་ཤིས་པའི་རྫས། སྦས་ཆོས། བྱིན་ཆེན་རྫས། བསྲུང་བ་ཡོད་པ། བསྲུང་བ་མེད་པ། ཕྱུག་པོ་སེར་སྣ་ཅན་གྱི་ནོར་རྣམས་ལེན་པའོ། །བརྫུན་ལ་བཅུ་བདུན་ཏེ། ཀུན་རྫོབ་ཀྱི་ཆོས་མཚན་ཉིད། རྣམ་གྲངས། ལྟོས་བཏགས་ཏེ་གསུམ་རང་བཞིན་མེད་པར་སྨྲ་བ་ལྟ་བའི་རྫུན་གསུམ། དཀོན་མཆོག་སློབ་དཔོན་མཆེད། སེམས་ཅན་ཡོངས་ལ་གནོད་པ་བསྲུང་བའི་ཕྱིར་སྨྲ་བ་སྤྱོད་པའི་རྫུན་བཞི། གསང་བཅུ་སྲུང་བའི་རྫུན་བཅུ་རྣམས་སོ། །ངག་བརླང་ལ་བཅོ་ལྔ་ཏེ། ཞིང་བཅུ་ལ་བརླང་ཚིག་བཅུ། དྲག་ཤུལ་གྱི་སྔགས། གཟུངས་མ་ལ་བརླང་པོར་སྦྱོར་བ། སློབ་བུའི་ཞེ་གཅོད་པ། འབྱུང་པོའི་ཞེ་གཅོད་པ། སྣོད་ལྡན་བུ་ལ་བརླང་ཆོས་བཤད་པ་རྣམས་ཏེ་སྤྱད་བྱ་ལྔ་ལ་བརྒྱད་ཅུ་རྩ་གསུམ། གཉིས་པ་མི་སྤང་བ་ལྔ་ལ། ཡང་དག་པའི་དུག་ལྔ་ལ་ལྟ་སྤྱོད་གཉིས་སུ་ཕྱེ་བས་བཅུ། ལོག་པའི་དུག་ལྔ་མི་སྤང་བ་སྟེ་བཅོ་ལྔའོ། །གསུམ་པ་དང་བླང་ལ། རྩ་བའི་བདུད་རྩི་ལྔ། མཐུས་གྲུབ་པ་ལྔ། བྱིན་གྱིས་བརླབས་ཀྱིས་གྲུབ་པ་ལྔ། ངོ་བོས་གྲུབ་པ་ལྔ། རང་བཞིན་གྱིས་གྲུབ་པ་ལ་ཡེ་ཤེས་ལྔ་དང་། རིགས་ལྔ་སྟེ་སུམ་ཅུའོ། །བསྒྲུབ་པ་བྱ་བ་ལ། རིགས་ལྔ། ཡེ་ཤེས་ལྔ། ཡབ་ལྔ། ཡུམ་ལྔ། སྐུ་ལྔ། གསུང་ལྔ། ཐུགས་ལྔ། ཡོན་ཏན་ལྔ། ཕྲིན་ལས་ལྔ་སྟེ་ཞེ་ལྔའོ། །ཤེས་པར་བྱ་བ་ལ། ཕུང་ལྔ་རིགས་ལྔ། འབྱུང་ལྔ་ཡུམ་ལྔ། དབང་པོ་ལྔ་རིགས་ལྔ། ཡུལ་ལྔ་ཡུམ་ལྔ་ཡན་ལག་ལྔ་རིགས་ལྔ། ཉིང་ལག་གཡས་ཀྱི་སོར་མོ་ལྔ་ཡབ་ལྔ། གཡོན་གྱི་ལྔ་ཡུམ་ལྔ། ཉོན་མོངས་ལྔ་ཡེ་ཤེས་ལྔ། དམ་རྫས་ལྔ་རིགས་ལྔ། ཤ་ལྔ་ཡུམ་ལྔ། ཕྱོགས་ལྔ་རིགས་ལྔ། ཁ་དོག་ལྔ་ཡེ་ཤེས་ལྔ། དུས་སོགས་སྙིགས་མ་ལྔ་སྐུ་ལྔ། ཉོན་ཡིད་འཁོར་བཞི་དང་བཅས་བདག་ཆགས་ལྔ་ཡེ་ཤེས་ལྔ་སྟེ་བདུན་བཅུ། དེ་ལྟར་ཐུན་མིན་གྱི་ཡན་ལག་ཉེར་ལྔ་ལ་ཉིས་བརྒྱ་ཞེ་གསུམ་མོ། །གཉིས་པ་ཡན་ལག་ཐུན་མོང་བ་ལ་བདག་གཞན་གཉིས་ཀྱི། བདག་དོན་དུ་བསྲུང་བ་ལ་ཉེར་གཅིག་སྟེ། རྒྱན་པོ་འགྱེད་དང་སྒེག་ཆོས་སྤོང་བ། དེ་བཞིན་དུ་དམག་སོགས་འདུས་སར་འགྲོ་བ། ཆང་དད་ཆེ་བ། ང་རྒྱལ་གྱིས་ལུས་ངག་གི་སྤྱོད་པ་མ་ཞི་བ། ཁེངས་སེམས་ཀྱིས་མ་གུས་ཤིང་སྙིང་རྗེ་མེད་པ། སྒོ་གསུམ་ལྷར་གསལ་ནས་ཡུལ་དམན་པ་ལ་ཕྱག་བྱེད་པ། རང་ལ་ཡོན་ཏན་མེད་ཀྱང་གོང་མར་བཅོས་པ། གཞན་གྱི་དགེ་བ་ལ་སྨད་པ། སྡིག་པ་ལ་བསྟོད་པ། བརྩོན་མེད་ལེ་ལོ་ཆེ་བ། སེར་སྣ་ཆེ་བ། གཉིད་ལ་དགའ་བ། འཇིག་རྟེན་གྱི་བྱ་བས་གཡེང་བ། ཁྲོ་གཏུམ་ཞེ་སྡང་ཆེ་བ། སྐྱོན་ཡོན་མི་ཤེས་ཤིང་གཞན་གྱིས་བཅོས་ཀྱང་མི་ཉན་པ། བླ་མ་དང་མཆེད་ཀྱི་བཀའ་གཅོག་པ། སྡིག་གྲོགས་ལ་བརྟེན་པ། གོང་མའི་ཐུགས་དཀྲུགས་པ་སོགས་བག་མེད་ཀྱི་སྤྱོད་པ། དགེ་བའི་དམ་བཅའ་འདོར་བ། ཡོ་བྱད་ལ་ཆོག་མི་ཤེས་པ། ཁེ་དྲག་གིས་རང་གི་ཕུན་ཚོགས་གཞན་ལ་ངོམ་པ་སྟེ་དེ་རྣམས་སྤང་ན་གཞན་གྱིས་བདག་ཉིད་གཙུག་ཏུ་བཀུར་བར་འགྱུར་རོ། །གཞན་དོན་དུ་བསྲུང་བྱ་གདུལ་བྱ་མི་སྤང་བ་ལ་ཞེ་བཞི་སྟེ། ཕར་ཕྱིན་དྲུག ཆོས་སྤྱོད་བཅུ། བསྡུ་དངོས་གཞི། ནང་པའི་ཐེག་པ་རིམ་དགུ། མུ་སྟེགས་ཀྱི་མགོ་སྙོམས་དགུ། འགྲོ་བ་དྲུག་གང་ལ་གང་འདུལ་གྱིས་སེམས་ཅན་གྱི་དོན་བྱེད་པ་སྟེ། དེ་ལྟར་ཐུན་མོང་བ་གཉིས་ལ་དྲུག་ཅུ་རེ་ལྔའོ། །གསུམ་པ་ཉམས་རྒྱུ་ལ་ཉི་ཤུ་སྟེ། བདག་རྒྱལ་གཞན་ཕམ་གྱི་ཐབས་ལ་བརྩོན་པ། བདག་གི་སྐྱོན་སྦ་ཞིང་ཡོན་ཏན་སྒྲོགས་པ། གཞན་གྱི་སྐྱོན་བརྗོད་ཅིང་ཡོན་ཏན་རྣམས་གསང་བ། གཞན་ལ་ཕྲག་དོག་གིས་ཐབས་ཀྱིས་སྨད་པ། རང་ཁེ་གྲགས་སོགས་འདོད་ཕྱིར་འབུལ་འགྱེད་སོགས་བྱེད་པ། ནོར་རྫས་རྣམས་ལ་ཆགས་སེམས་ཀྱིས་སྦར་མོ་བསྡམས་པ། ཅི་བྱེད་རང་འདོད་ཆེ་བས་གཞན་ཕྱོགས་འདོར་བ། ཆུང་དད་ཆེ་བ། རང་མཐོང་ཕོ་སྒོ་ཆེ་བ། ལྟ་སྒོམ་སྤྱོད་གསུམ་སྙོམས་ལས་སུ་བཏང་བ། ཆོས་ལ་ཕྱོགས་རིས་ཆེ་བ། ཡོན་ཏན་གཞན་ལ་ངོམ་སྐྱེན་པ། གསང་བར་གདམས་པ་སོགས་གལ་ཆུང་ངུ་འཇོག་པ། བརྩོན་འགྲུས་ཆུང་ཞིང་ལེ་ལོ་ཆེ་བ། གཙང་རྨེ་གཉིས་རྟོག་ཆེ་བ། བླ་མ་དང་མཆེད་ཀྱི་སྐྱོན་ཡོན་ལ་སྒྲོ་སྐུར་འདེབས་པ། གྲོགས་ཀྱི་ཚོད་ཉུལ་ཞིང་སྐྱོན་གང་ཡོད་གཞན་ལ་སྒྲོགས་པ། རིགས་བརྒྱུད་དང་བུ་ཚ་སོགས་སྤེལ་བའི་དོན་དུ་བརྩོན་པ། གཅིག་པུར་དབེན་པ་མི་བསྟེན་པ། འདུ་ཚོགས་གར་ཆེ་ལ་དགའ་བ་སྟེ། དེ་རྣམས་དམ་ཚིག་ཉམས་པའི་རྒྱུར་འགྱུར་རོ། །བཞི་པ་སྤྱི་སྡོམ་ལ་གསུམ་སྟེ། སྣོད་བཅུད་དག་མཉམ་ཆེན་པོར་རྟོགས་པ་ཤེས་བྱ་ལྟ་བའི་མདོ། དེའི་ངང་ལས་མི་འདའ་ཞིང་མ་ཡེངས་པ་གོམས་བྱེད་ཏིང་ངེ་འཛིན་གྱི་མདོ། དེ་ལྟར་རྟོགས་པའི་བློ་ངོར་དམ་ཚིག་བསྲུང་མཚམས་ལས་འདས་པ་བླང་དོར་མེད་པ་སྤྱོད་པའི་མདོ་སྡེ། དམ་ཚིག་དམ་ཚིག་ཞེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་སེམས་ཉིད་དམ་ཚིག་ཡིན། །ཞེས་གསུང་། དེ་ལྟར་དམ་ཚིག་རྩ་བའི་ཉེར་དགུ། ཡན་ལག་ཐུན་མིན་གྱི་ཉིས་བརྒྱ་ཞེ་གསུམ། ཐུན་མོང་བདག་གཞན་གཉིས་ཀྱི་རེ་ལྔ། ཉམས་རྒྱུ་ཉི་ཤུ། མདོ་གསུམ་བཅས་སུམ་བརྒྱ་དྲུག་ཅུར་བཞེད་པ་ནི་སློབ་དཔོན་སྒེག་པའི་རྡོ་རྗེའམ་གསང་མཚན་རྡོ་རྗེ་བཞད་པས་མཛད་པའི་དམ་ཚིག་གསལ་བཀྲའི་དགོངས་པ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གྱིས་བཀྲལ་བ་བཞིན་ཡིན་ལ། གཞན་ཀུན་མཁྱེན་རོང་ཀློང་གི་དགོངས་པའི་དབྱེ་ཚུལ་སོགས་ནི་རང་རང་གི་གཞུང་བཞིན་ཤེས་པར་བྱའོ། །གཉིས་པ་མཐའ་ཡས་པར་དབྱེ་བ་ནི། རྒྱུད་ལས། དམ་ཚིག་འདི་ནི་རྨད་པོ་ཆེ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །སྲིད་གསུམ་འགྲོ་བ་ཇི་སྙེད་པའི། །རྟོག་འདུལ་དམ་ཚིག་དེ་སྙེད་སྤྲོ། །ཞེས་གསུངས་པས། སེམས་ཅན་གྱི་རྟོག་ཚོགས་ཇི་སྙེད་པའི་གཉེར་པོར་དམ་ཚིག་ཀྱང་དེ་སྙེད་དུ་སྤྲོ་བས་ཚད་དང་བརྗོད་པའི་ཡུལ་ལས་འདས་པས་མཐའ་ཡས་པའོ། །བཞི་པ་ཇི་ལྟར་བསྲུང་བའི་ཚུལ་ལ། ཉམས་པའི་ཉེས་དམིགས། མ་ཉམས་པའི་ཡོན་ཏན། བསྲུང་ཐབས་དངོས་དང་གསུམ་ལས། དང་པོ་ནི། རྒྱུད་ལས། རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཡན་ལག་དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་སོང་ལྟུང། །ཞེས་སོ། །གཉིས་པ་ནི། དམ་ཚིག་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཞེས་དང་། རྡོ་རྗེ་ལས། དམ་པའི་ཚུལ་བཞིན་ངེས་སྤྱད་ན། །མི་མཐུན་ཚོགས་རྣམས་ཚིག་པར་འགྱུར། །ཞེས་སོ། །གསུམ་པ་ནི། ལུང་རྡོ་རྗེ་བཀོད་པ་ལས། མདོར་ན་བདག་གི་སྒོ་གསུམ་པོ། །དག་པ་གསུམ་གྱི་མཐའ་བཟུང་ནས། །ལྷ་དང་གྲོགས་དང་སློབ་དཔོན་དང། །བདག་ཉིད་བདག་ལ་མ་ཁྲེལ་བའི། །ཚུལ་གསུམ་མི་གཏོང་དང་བཅས་གསུམ། །མཐར་ཕྱིན་རྒྱ་རྟགས་རྣམ་བཞི་བཅས། །མདོ་དོན་དྲན་པས་བསྔོ་བགྲང་བྱ། །ཞེས་གསུངས་པ་བཞིན། རྒྱུན་དུ་རང་རྒྱུད་ལ་བརྟགས་ཏེ། སྒོ་གསུམ་གྱི་བྱ་བ་མ་ཡིན་པ་ལས་ལྡོག་ཅིང་། བྱ་བར་འོས་པ་རྣམས་ལ་འཇུག་པ་སྟེ་ཉེས་པའི་སྐྱོན་མེད་པར། སྒོ་གསུམ་རྡོ་རྗེ་གསུམ་དུ་ཤེས་པས་ལྷ་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་དང་མཆོད་པ་སོགས་ལ་བརྩོན་པས་དངོས་གྲུབ་སྒྲུབ་པ་སྟེ། དེ་ཡང་བསྒོམ་སྒྲུབ་ལྷས་མ་ཁྲེལ། དད་མོས་སློབ་དཔོན་གྱིས་མ་ཁྲེལ། བརྩེ་གདུང་མཆེད་ལྕམ་གྱིས་མ་ཁྲེལ། བསྲུང་མཚམས་གཡོ་སྒྱུ་རང་སེམས་ཀྱིས་མ་ཁྲེལ་བ་སྟེ་བཞིའི་སྒོ་ནས། ལྟ་སྤྱོད་ཏིང་ངེ་འཛིན་གསུམ་ལ་རང་དབང་འབྱོར་པས། མངོན་རྟགས་ལམ་མཐར་ཕྱིན་གྱི་རྒྱ་རྟགས། དམ་ཅན་མགུ་ཞིང་མཐུ་རྩལ་ཆེ་བ། བྱིན་རླབས་ཆེ་ཞིང་རྟོགས་པ་འཆར་བ། ཡིད་འོང་འབྱུང་ཞིང་འདོད་པ་འགྲུབ་པ། མང་པོས་བཀུར་ཞིང་སྙན་གྲགས་འབྱུང་བ་སྟེ། དེ་ལྟ་བུའི་ཚུལ་གྱིས། དམ་ཚིག་གི་ངོ་བོ་དང་། རྣམ་གྲངས། ཁེ་ཉན་སོགས་མ་བརྗེད་པར་དྲན་པའི་གཟུངས་སུ་བཟུང་ནས། ཉིན་མཚན་དུས་དྲུག་སོགས་སུ་བསྔོ་བགྲང་བྱ་ཞིང་དྲན་ཤེས་བག་ཡོད་ཀྱི་སྒོ་ནས་བསྲུང་བ་ལ་འབད་དགོས་ཏེ། སྡོམ་འབྱུང་ལས། ཅི་ནས་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་བའི་དུས་ལ་བབ་ཀྱང་སླའི། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་སོ། །ལྔ་པ་ཆེ་ཡོན་བཤད་པ་ནི། གསང་སྔགས་བླ་མེད་ཀྱི་དམ་ཚིག་འདི་ནི་འོག་མའི་འདུལ་སྡོམ་སོགས་ལས་ཁྱད་ཆོས་དུ་མའི་སྒོ་ནས་ཁྱད་པར་དུ་འཕགས་ཏེ། ཐམས་ཅད་སངས་རྒྱས་པར་རྟོགས་པས་ཀུན་ཏུ་བཟང་པོའི་ཕྱག་རྒྱས་ཐེབས་པའི་ཆེ་བ་དང་། འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱིས་བཀུར་གནས་སུ་མཐོང་བས་མཐུ་དང་བྱིན་རླབས་ཀྱི་ཆེ་བ་དང་། རྒྱལ་བ་སྲས་དང་བཅས་པས་རྒྱུད་དག་པ་ལ་དགོངས་ཤིང་བྱིན་གྱིས་རློབ་པས་དངོས་གྲུབ་མྱུར་བའི་ཆེ་བ་དང། བདེ་བར་གཤེགས་པ་རྣམས་དང་སྤྱོད་ཡུལ་མཐུན་པས་འཁོར་བ་དང་ངན་སོང་གིས་མི་འཇིགས་ཤིང་དབུགས་ཕྱིན་པའི་ཆེ་བ་དང་། འོག་མའི་སྡོམ་པ་ཇི་སྙེད་པ་ཐམས་ཅད་འདུས་ཤིང་རྣམ་པར་དག་པའི་ཆེ་བ་དང་། གལ་ཏེ་ཉམས་ཀྱང་གཞན་ལ་ལྟོས་པ་མེད་པར་རང་སྟོབས་ཀྱིས་སྐོང་ནུས་པའི་ཆེ་བ་སོགས་འཕགས་ཆོས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ཏེ་། རྒྱུད་ལས། གཞན་ཡང་རྒྱལ་མཆོག་ཀུན་བཟང་གི། །ཐམས་ཅད་མ་ལུས་ཕྱག་རྒྱ་ཡིས། །སྒྲུབ་མེད་མ་ལུས་ཐམས་ཅད་འགྲུབ ། །དེ་ལ་སོགས་ཏེ་མཐའ་ཡས་མཆོག །རྒྱལ་བའི་རིགས་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པའི་མཆོག་དང་དམ་པ་ཡི། །སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །བདེ་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་སོགས་གསུངས་པ་བཞིན་ནོ། །འདིས་ཀྱང་གཞི་རྒྱུད་སྙིང་པོའི་ཁམས། །ལམ་རྒྱུད་དབང་དང་དམ་ཚིག་དང་། །རིིམ་གཉིས་ཟབ་མོའི་ཐབས་བརྟེན་ནས། །འབྲས་རྒྱུད་སྐུ་བཞི་མངོན་བྱེད་ཤོག །ཅེས་པའང་སྐྱབས་རྗེ་རབ་འབྱམས་དྲུག་པའི་གཟིགས་དཔེ་དང་སྔ་འགྱུར་བསྟན་པའི་ཆུ་མགོ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནས་བྱོན་པའི་དགེ་སྔགས་འགྱུར་མེད་དཀོན་མཆོག་འོད་ཟེར་དང་འགྱུར་མེད་ཐུབ་བསྟན་ཡོན་ཏན་ཟུང་དང་བློ་གསལ་འགྱུར་མེད་ཚུལ་ཁྲིམས་བཅས་ཀྱི་བཞེད་ངོར་སྔགས་བཙུན་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་ཤིང་གླང་ཟླ་ཚེས་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་བྲིས་པ་མངྒལཾ། དགེའོ། །དགེའོ། །དགེའོ།། །།


previousརྒྱུད་བཤད་སྐབས་ཉེར་མཁོའི་དམ་ཚིག་གི་རྣམ་གྲངས་འཛིན་བདེ།next